བོད་ཀྱི་འབྲི་གཡག་ལས་འཕྲོས་པའི་གཏམ་གླེང་།

0
862

སྔོན་གླེང་།

དེ་རིང་སྐབས་སུ་བབ་པའི་གླེང་གཞི་ནི་བོད་མཐོ་སྒང་གི་འབྲི་གཡག་གི་སྐོར་ཡིན་ཞིང་། དེ་ཡང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུ་ནུབ་ཕྱོགས་ཨ་རིའི་ཡུལ་དུ་བོད་མཐོ་སྒང་གི་འབྲི་གཡག་ཇི་ལྟར་ཇེ་མང་དུ་ཕྱིན་པ་དང་། བོད་མི་ཚོས་མི་རིགས་ཀྱི་གཅེས་ནོར་འདི་དག་ལ་བདག་གཅེས་བྱེད་དགོས་པའི་སྐོར་ལ་མཁྱེན་ཡངས་ཡེ་རྡོར་ལགས་ནས་བརྙན་ཐུང་འགའ་བཟོ་སྐྲུན་གནང་འདུག་ཅིང་། བརྙན་ཐུང་དེ་དག་མཐོང་འཕྲལ་རང་བཞིན་མེད་པར་བོད་མདོ་དབུས་མཐོ་སྒང་གི་ནོར་གནག་སྐོར་ལ་བསམ་གཞིག་མི་བྱེད་ཀ་མེད་བྱུང་ལ། བརྙན་ཐུང་དེ་དག་གིས་རང་ཉིད་ལ་སེམས་ཚོར་ཟབ་མོ་ཞིག་ཀྱང་རང་དབང་མེད་པར་བྱིན། དེ་བས། བདག་གིས་གནའ་བོའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་དེང་རབས་ཀྱི་དཔྱད་རྩོམ་ཁག་གཞི་རྩར་བཟུང་སྟེ་བོད་ཀྱི་འབྲི་གཡག་ལས་འཕྲོས་པའི་གཏམ་གླེང་ཞེས་པའི་རྩོམ་ཡིག་བྲིས་པ་ཡིན། འདིས་ང་ཚོའི་མི་རབས་གསར་པ་ཚོས་བོད་གངས་ཅན་ལྗོངས་ཀྱི་ཁྱད་ནོར་འབྲི་གཡག་སྐོར་ལ་དོ་སྣང་ཡོང་བའི་རེ་བ་ཡོད།  འོན་ཀྱང་། བདག་གི་ཤེས་ཚད་དམན་པའི་དབང་གིས་སྐྱོན་དང་ནོར་འཁྲུལ་ཡོད་སྲིད་པས། མཁྱེན་ལྡན་དག་གི་མདུན་སར་བཟོད་གསོལ་ཞུ་རྒྱུས་ལས་མ་འདས།

 ༡ བོད་ཡུལ་དང་བོད་མིའི་འཚོ་རྟེན།

 དེ་ཡང་བོད་ནི་རི་མཐོ་ས་གཙང་ཞིང་། ཚ་བ་མེད་ཅིང་བསིལ་བ་དང་། སྦྲུལ་གདུག་པ་ཅན་ལ་སོགས་མེད་པ། འཛམ་བུ་གླིང་གི་ཆུ་བོ་འབྱུང་སའི་གནས་མཆོག་ཡིན་པ། འབྲུ་རིགས་སྣ་ལྔ་དང་། རིན་ཆེན་ལྕགས་སོགས་ཀྱི་འབྱུང་ཁུངས་སོགས་ཡིན་པར་མ་ཟད། དུས་བཞི་འགྱུར་བ་མེད་ཅིང་མཐའ་བཞི་གངས་རིས་ཡོངས་སུ་བསྐོར་བའི་ཆེས་མཛེས་སྡུག་ལྡན་པའི་གནས་མཆོག་ཁྱད་འཕགས་ཅན་ཡིན་ཚུལ་སོགས་སྔོན་གྱི་ལོ་རྒྱུས་ཁུངས་ལྡན་ཁག་ཏུ་གསལ་ཞིང་། དེ་ཡང་”ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི། བྱེ་བྲག་བརྗིད་ལྡན་གནང་རིའི་བྱང་། །ལོ་ཧི་ཏ་འགྲམ་རིན་ཆེན་ཁུངས། །ཁ་བ་ཅན་ཞེས་མིང་གྲངས་ན། བློ་ཆེན་སྟོབས་ལྡན་མི་བསུན་པ། །བོད་ཅེས་བྱ་བ་ནགས་པའི་ཕྱིར།།[1]ཞེས་དང་། ཡང་། “མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ།། ཀོང་གི་ཆུ་བརླག་ཞེས་བྱའི་ཟོམས་བྱེ་བས།། རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ།། ཆུ་གཟན་དག་ཀྱང་དེ་ལྟར་ཐིམ་པ་ཡིན།། བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད།།”[2] ཅེས་དང་། བལ་ཡུལ་རྒྱལ་པོའི་གསུང་ལས། “ཀྱཻ་མིག་དང་འདྲ་བའི་བུ་མོ་ཚུར་གསོན་དང་།། བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ།། རི་མཐོ་ས་གཙང་གངས་རི་གཉན་གྱི་མགུལ།། བསིལ་ཞིང་དྲོ་བ་ལྷ་གནས་གཞལ་ཡས་ཁང་།། ཆུ་བོ་བཞི་འབབ་རྒྱ་མཚོ་བཞི་ཡིས་མདེས།། འབྲུ་སྣ་སྣ་ཚོགས་རིན་ཆེན་སྣ་ཚོགས་འབྱུང་།།”[3] ཞེས་དང་། ཡང་རྒྱ་ནག་རྒྱལ་པོས་སྲས་མོ་བོད་ལ་མནའ་མ་འགྲོ་དགོས་ཚུལ་གསུངས་པར་སྲས་མོས་བོད་ལ་སངས་རྒྱས་ཀྱི་ཆོས་མ་དར་སའི་ཡུལ་མཐའ་འཁོབ་ལ་འགྲོ་འདོད་མེད་པའི་རྣམ་པ་བསྟན་པས། དེར་ཡབ་རྒྱལ་པོས་སྲས་མོ་ལ་གསུངས་དོན། “ཀྱེ་མ་བུ་མོ་ཡབ་ཀྱི་བཀའ་ལ་ཉོན།། བོད་ཅེས་བྱ་བ་ཁ་བ་ཅན་གྱི་ཡུལ།། ཡུལ་ལ་ཁྱད་དུ་འཕགས་པ་དེ་ཡིན་ཏེ།། གངས་རི་རང་བྱུངཤེལ་གྱི་མཆོད་རྟེན་ལ།། མ་བཅོས་ལྷུན་གྱིས་གྲུབ་པའི་གནས་དེ་ཡིན།། མཚོ་བཞི་གཡུ་ཡི་མཎྜལ་མཀྲམ་པ་འདྲ།། ཐང་བཞི་རང་བཞིན་མཆོད་པ་གཤམས་པ་འདྲ།། ཆུ་བོ་བཞི་ནི་ཡུལ་བཞིའི་རང་བཞིན་ཅན།། རི་མཐོ་ས་གཙང་གངས་རི་གཉན་གྱི་ལྗོངས།། བཀྲ་ཤིས་ཉམས་དགའ་གཡུང་དྲུང་བྲིས་པ་འདྲ།། རྒྱལ་ཁམས་གཞན་ན་མི་རྗེ་མིས་བྱས་ངོ་མཚར་མེད།། བོད་ཡུལ་མི་རྗེ་ལྷ་ཡིས་བྱས་ཏེ་ངོ་མཚར་ཆེ།།” [4]ཞེས་སོགས་ཆེས་ངོ་མཚར་ཆེ་བའི་ཡུལ་ལྗོངས་ལ་བསྟོད་བསྔགས་གནང་བ་སོགས་ལས་བོད་ཆོས་ལྡན་གྱི་ཡུལ་ལྗོངས་འདིའི་རྣམ་པ་ང་ཚོའི་སེམས་ངོས་སུ་རོབ་ཙམ་འཆར་ཐུབ།

དེང་སྐབས་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ཀྱང་བོད་ཡུལ་གྱི་ཞིང་ཁམས་མིག་གིས་མཐོང་བ་ཙམ་གྱིས་རང་དབང་མེད་པར་ཡིད་སྨོན་བྱེད་ལ། རང་བྱུང་གི་ཁོར་ཡུག་མཛེས་སྡུག་ལྡན་པ་དེ་དག་ལ་གནས་པའི་ནང་བཅུད་ཀྱི་སེམས་ཅན་རྣམས་རང་དབང་དང་ཞི་བདེའི་ངང་འཚོ་གནས་བྱེད་ཀྱིན་ཡོད། གནས་དེར་འཚོ་སྡོད་བྱེད་མཁན་འབྲོག་པ་རྣམས་ཀྱིས་འབྲི་གཡག་དང་། ར་ལུག  རྟ་སོགས་ལ་བརྟེན་ནས་མི་ཚེའི་འཚོ་བ་སྐྱེལ་གྱིན་ཡོད། «བོད་ཀྱི་སྲིད་དོན་རྒྱལ་རབས»ལས། སྟོན་འབྲས་རྩ་བ་མ་སྨིན་པའི་ས་མཐོ་ས་རྣམས་སུ་སྡོད་པ་རྣམས་ནི་འབྲོག་པ་སྟེ། འབྲོ་བ་འབྲི་གཡག་དང་། ར་ལུག རྟ་ལ་སོགས་པ་བསྟེན་རི་དྭགས་རྐྱང་འབྲོང་། རྒོ་བ་དང་། རྣ་བ་ལ་སོགས་བསད་དེ་འཚོ་བ་སྐྱེལ་ཞིང་།[5] ཞེས་གསལ་བ་འདིས། སྔ་དུས་བོད་ཀྱི་འབྲོག་པ་རྣམས་ཀྱི་འཚོ་བ་ག་འདྲ་ཞིག་བྱས་ཏེ་བསྐྱལ་ཡོད་པ་ང་ཚོ་རྟོགས་ཐུབ།

༢ བོད་ཀྱི་ཕྱུག་ལས་དང་ཞིང་ལས།

«བཀའ་ཆེམས་ཀ་ཁོལ་མ»ཡི་ནང་དུ། འཛམ་གླིང་མཐོ་སྒང་བོད་ཅེས་པའི་གནས་འདིར་ཕ་སྤྲེའུ་དང་མ་བྲག་སྲིན་གཉིས་འདུས་པ་ལས། བོད་མི་རིགས་ཐོག་མར་བྱུང་བ་དང་། གོས་སུ་ཤིང་ལོ་གྱོན། ནགས་གསེབ་ཏུ་རི་དྭགས་ལྟར་འཚོ་སྡོད་བྱེད་ཀྱི་ཡོད། དེ་ནས་རིམ་བཞིན་རིག་པ་འཕེལ་རྒྱས་སུ་ཕྱིན་ཏེ། རྡོ་ཆས་ཀྱི་མཚོན་ཆ་དང་། ཤིང་གི་མདའ་དང་གཞུ་སོགས་ལ་བརྟེན་ནས་རི་དྭགས་རྣམས་གསོད་བཟུང་བྱས་ཏེ། ལྤགས་རིགས་ཀྱི་གོས་གྱོན། ཟས་སུ་ཤ་རིགས་ཟ་ཞིང་། སྡོད་གུར་ཡང་པགས་རིགས་བྱས་ཤིང་། བྱང་ཐང་གི་འབྲོང་ཕོ་མོ་རྣམས་བརྟུལ་ཏེ་བདག་ཏུ་བཟུང་བས་འབྲི་གཡག་དང་། ཤ་བ་ཕོ་མོ་བརྟུལ་བས་གླང་དང་བ་ཕྱུགས། དེ་གཉིས་འདུས་པ་ལས་མཛོ་དང་། མཛོ་མོ། རྒོ་བ་དང་། རྣ་བ་ཕོ་མོ་བཏུས་བས་ལུག་དང་། གླ་བ་ཕོ་མོ་བཏུས་བས་ར་སོགས་སྒོ་ཕྱུགས་སྐོར་སྤྱོད་བྱས་པ་དང་། རྐྱང་ཕོ་མོ་བཏུལ་ཏེ་གཞོན་རྟ་བྱས། སྤྱང་ཀི་ཕོ་མོ་བཟུང་སྟེ་སྒོ་ཁྱི་བྱས་ཚུལ་སོགས་རྒྱལ་པོའི་བཀའ་ཆེམས་ཀ་ཁོམ་མའི་ནང་དུ་གསལ་”[6]ཞེས་གསལ་ཞིང་། དུས་རབས་བཅུ་བཞིའི་སྐབས་སུ་བྱུང་བའི་ལོ་རྒྱུས་ཀྱི་དཔེ་དེབ་གྲགས་ཅན«རྒྱལ་རབས་གསལ་བའི་མེ་ལོང»ཞེས་པ་དེའི་ནང་དུའང་། ཤིང་ལ་བུག་པ་ཕུག་ནས་གཤོལ་དང་གཉའ་ཤིང་བཅོས། མཐུན་གཉིས་གཉའ་རུ་བསྡེབས་པས་ཐང་རྣམས་ཞིང་དུ་རྨོས། རྒྱ་མཚོ་ཡུར་ལ་དྲངས་ནས་ཞིང་ལ་ས་བོན་བཏབ། པུར་རྒྱལ་གྱི་གདུང་རབས་བརྒྱད་པ་བཙན་པོ་པུ་དེ་གུང་རྒྱལ་སྐབས་ནས་ཞིང་ལ་དོར་ཁ་རྩིས་སྲོལ་དང་། འབྲོག་ལ་ཐུལ་རྩིས་སྲོལ། ཕུ་ཆུ་ཡུར་དུ་དྲངས་ཏེ་མདའ་རུ་ཆུ་མ་རྨོ་བ་ཞེས་འཁོད་ཡོད། དེ་ནི་སྔར་ལོ་རྒྱུས་ཐོག་ཏུ་བོད་ཀྱིས་འབྲི་དང་གླང་འདྲེས་སྦྱོར་བྱས་པ་ལས་བྱུང་བའི་མཛོ་དེ་རྨོན་མཛོར་བཀོལ་སྤྱོད་བྱེད་པ་འཁོད་པའི་ཡིག་རིགས་སྔ་ཤོས་ཡིན།”[7]ཞེས་བཀོད་ཡོད་པ་དང་། དེ་བཞིན་ཤིང་མེར་བསྲེགས་ནས་སོལ་བས་རྡོ་བཞུས་ཏེ་གསེར་ཟངས་ལྕགས་སོགས་ཕྱུང་བ་དང་། ཤིང་ལ་མིག་ཕུག་སྟེ་ཐོང་གཤོལ་དང་གཉའ་ཤིང་བྱས་ཏེ་ཞིང་ཁ་རྨོས་ནས་ཕུ་ཆུ་ཡུར་བ་དྲངས་པ་སོགས་བྱས་ཏེ་རིམ་བཞིན་ཞིང་ཁ་རྨོ་ལས་བྱེད་མགོ་དེ་ནས་བཙུགས།

དེ་ཡང«ཆོས་འབྱུང་མཁས་པའི་དགའ་སྟོན»ལས། མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང་།། དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང་།། ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས།། ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས།། རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས།། བརྒལ་བའི་ལོ་ཏོག་ཐོག་མར་འདི་ནས་བྱུང་[8]ཞེས་དང་། ཡང་། རི་རབ་ཟོམ་ནས་འབྲུ་སྣ་ལྔ་ནས་གྲོ་སྲན་བྲ་སོ་བླངས་ཏེ། བོད་དུ་གཏོར་བས་མ་རྨོས་ལོ་ཏོག་བྱས།[9] ཞེས་དང་། ཡང་། «ཆོས་འབྱུང་མཁས་པའི་དགའ་སྟོན»ལས “མངའ་རིས་སྐོར་གསུམ་ཤ་རྐྱང་རི་དགས་གླིང། བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང་། །སྨད་ཀྱི་མདོ་ཁམས་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་།”[10]ཞེས་གསལ། ཡང«དེབ་ཐེར་དམར་པོ་གསར་མ»ལས།  ཕུ་བོ་གསུམ་འབོད་དུ་ཕྱིན་པས་སྤོ་བོའི་ཡུལ་ནས་སྲས་བྱ་ཁྲི་གཅིག་པུ་གདན་དྲངས་ཏེ། རྒྱལ་སར་བཏོན་པས་པུ་དེ་གུང་རྒྱལ་དུ་གྲགས། སྐུ་མཁར་འཕྱིང་ང་སྟག་རྩེ་བརྩིགས་ཤིང་། བློན་པོ་ནི་ནུའོ་རུ་ལས་སྐྱེས་ཀྱིས་བྱས་སོ། རྒྱལ་བློན་འདི་དག་གི་དུས་སུ་འཇིག་རྟེན་པ་རྣམས་ཞིང་ལ་སོ་ནམ་བྱེད་པའི་སྲོལ་དར་ཞིང་། བསོད་ནམས་ཀྱི་མཐུ་ལས་དངུལ་ཟངས་ལྕགས་གསུམ་ཡང་ཐོན་ཟེར།[11]ཞེས་གསལ་བ་ལྟར་རོ། །

 ༣ བོད་ཀྱི་འབྲི་གཡག

འབྲི་གཡག་ནི་ས་མཐོའི་གྲང་ངར་འགོག་ཆེད་ལུས་ཀྱི་རྩིབ་ལོགས་དང་། སུག་ལག་དང་། རྔ་མ་བཅས་སུ་རྩིད་པ་རིང་པོ་སྐྱེས་ཤིང་། ལུས་བྱིངས་ལ་ཁུ་ལུ་ཞེས་པའི་སྤུ་འཇམ་པོ་སྐྱེ། ཁུ་ལུ་ནི་དེང་སྐབས་རིན་གོང་ཆེན་པོའི་ཐོག་ནས་ཉོ་ཚོང་བྱེད་ཀྱི་ཡོད་པ་རེད། ཕོ་ལ་གཡག་དང་། མོ་ལ་འབྲི་ཞེས་ཟེར་ཞིང་། བོད་ཀྱི་ལོ་རྒྱུས་འགའ་ཤས་ནང་གཡག་མོ་ལ་འབྲི་ཞེས་བྲིས་པ་མཐོང་རྒྱུ་འདུག་ཅིང་། དེའི་དབང་གིས་རང་རིགས་ན་གཞོན་འབྲི་གཡག་མཐོང་མ་མྱོང་བ་ཚོས་མགོ་བོ་འཁྲུགས་ནས་གཡག་བཞོས་པའི་གཏམ་རྒྱུད་ཀྱང་ཡོད་པ་རེད། མང་ཆེ་བ་སྤུ་མདོག་ནག་པོ་དང་། ཁམ་པ་ཡང་ཡོད་ལ། དཀར་པོའི་རིགས་ཀྱང་ཡོད་པ་རེད། ར་ཅོ་མེད་པར་ཨ་ཡུ་དང་། གདོང་དཀར་པོ་ལ་གྭ་པ་ཟེར། སྤྱིར་བཏང་ནས་ཨ་ཡུ་དང་དཀར་པོ་དུད་འགྲོ་གཞན་ལའང་ཡོད་པས། མིང་དེ་ག་རང་བེད་སྤྱོད་བྱེད་ཀྱིན་ཡོད།

གཡག་ནི་འབྲོག་པར་ཕན་ཐོགས་ཧ་ཅང་ཆེ་བའི་བོད་མདོ་དབུས་མཐོ་སྒང་གི་དུད་འགྲོ་ཞིག་ཡིན་པས་དངོས་ཟོག་དབོར་འདྲེན་གྱི་འགེལ་ཁལ་ཡག་ཤོས་ཤིག་ཀྱང་ཡིན་པར་མ་ཟད། ཤ་དང་རྩིད་པའང་ཐོན་སྐྱེད་བྱེད་ཐུབ། འབྲི་ལས་འོ་མ་ཐོན་སྐྱེད་བྱེད་ཅིང་། འོ་མ་ཤིན་ཏུ་ཉུང་ངུ་ལས་མེད་ཀྱང་གར་ལ་འོ་མ་རོ་བཅུད་ཕུན་སུམ་ཚོགས་པས། འོ་མ་ཉུང་ངུ་ལས་མར་ཆེན་པོ་ཐོན་སྐྱེད་བྱེད་ཐུབ། འབྲི་མར་གྱི་མདོག་ཀྱང་མར་གཞན་དང་མི་འདྲ་བར་གསེར་ཐིང་ཐིང་ཡོད། འབྲི་གཡག་གི་ལོ་ཚད་རིང་ཤོས་བཅོ་ལྔ་ནས་ཉི་ཤུ་བར་འཚོ་ཐུབ་པར་བཤད་ལ། འབྲི་གཡག་གི་ལོ་བརྩི་སྟངས་ནི། དང་པོ་བེའུ། ལོ་གཉིས་པ་ཡ་རུ། ལོ་གསུམ་པར་ཤད་དམ་སོ་གཉིས་ཀྱང་ཟེར། མོ་ལ་གྲུས་གཅིག་མ་ཞེས་ཟེར་སྲོལ་ཡོད་པ་རེད། འོན་ཀྱང་ལུང་པ་ཕན་ཚུན་ལོ་རྩིས་མི་འདྲ་བ་ཡང་ཡོད་པ་ཡང་ཤེས་དགོས། འབྲོག་པ་ཕོ་མོའི་ལས་འགན་སོ་སོར་ཡོད་ཅིང་། ཁྱིམ་ལས་དང་དུད་འགྲོ་འོ་མ་བཞོ་བ་དང་། མར་འདོན་པ་སོགས་དཀར་ལས་རྣམས་བུད་མེད་ཀྱིས་བྱེད་ཅིང་། དུད་འགྲོ་བཤས་གཏོང་བ་དང་། དམར་ལས་རིགས་དང་། ཚོང་མཁོ་དགྲ་འཐབ་སོགས་ཕྱིའི་ལས་རིགས་དག་སྐྱེས་པ་རྣམས་ཀྱིས་བྱེད་ཀྱིན་ཡོད།

འབྲི་གཡག་གི་ཁྱད་ཆོས་ནི་གངས་དང་འཁྱག་རོམ་གྱི་ས་མཐོའི་གྲང་ངར་བཟོད་ཐུབ་པ་དང་། གཞན་བརྟེན་མི་དགོས་པར་རང་ཁ་རང་གསོ་བྱེད་པ་མ་ཟད། འཕེལ་སྟོབས་ཀྱང་ཆེན་པོ་ཡོད་པའི་ས་མཐོ་གངས་ལྗོངས་ཀྱི་ཁྱད་ནོར་ཞིག་ཀྱང་ཡིན་པར་གྲགས། «བོད་ཀྱི་སྲོག་ཆགས»ཞེས་པའི་དེབ་ལས། འབྲི་གཡག་དེ་དག་ལོ་ཉི་ཤུ་ཙམ་བར་དུ་འཚོ་ཐུབ། གཡག་གི་ལུས་ཀྱི་བརྗིད་ཚད་ལ་ཀི་ལོ་གྷ་རམ་ ༣༥༠ ནས་ ༥༨༠ བར་དང་། འབྲི་ལ་ཀི་ལོ་གྷ་རམ་ ༢༢༥ ནས་ ༢༥༥ ཙམ་ཡོད། མངལ་གྱི་གནས་སྐབས་ཟླ་བ་དགུ་ཙམ་དང་། ཕོ་མོའི་འབྲེལ་བ་སྟོན་དུས་སུ་ཡོང་གི་ཡོད།[12] ཅེས་དང་། གཡག་ནི་དུད་འགྲོ་བཟང་པོ་ཞིག་ཡིན་ཞིང་། རུ་བ་སྤོ་དུས་ཅ་དངོས་འགེལ་བ་དང་། ཞིང་ལས་བྱེད་དུས་ལུད་འགེལ་བ་དང་། རྨོ་རྒྱག་པ་སོགས་བྱེད་ཆོག་ལ། དེ་བཞིན་རྩིད་པས་སྦྲ་གུར་བཟོ་བ་དང་། སྒྱེ་མོ། རྩིད་པོ། ཐག་པ་བཅས་བེད་སྤྱོད་བྱེད་ཆོག་ཚུལ་བཤད། གཡག་བཤས་ནས་ཀོ་བས་བྲེ་པ་དང་། སྒྲོ་བ། ལྷམ། རྒྱུན་བུ། ཀོ་རྟ་བཅས་བཟོ་བདེ་བྱེད་ཆོག་ཅིང་། ལྕི་བ་མེར་བུས་ནས་ཁ་ལག་གཡོ་སྐོལ་ཡང་བྱེད་ཆོག་པས། ཞིང་འབྲོག་རྒྱ་ཆེ་མི་མང་ལ་ཧ་ཅང་གི་ཕན་ཐོགས་ཡོད་པ་ཞིག་རེད། ཐ་ན་སྦྲ་གུར་གྱི་ཆོན་ཐག་ཀྱང་འབྲི་གཡག་གི་རྩིད་པའམ་ཁུ་ལུས་གྲུབ་པ་ཞིག་ཡིན་ནོ།།

‘‘གཞན་ཡང་དེ་སྔ་འགྲིམ་འགྲུལ་སྟབས་བདེ་མེད་པའི་དུས་སུ་མི་ཟོག་དབོར་འདྲེན་བྱ་རྒྱུ་ཡང་སྔར་བཞིན་འབྲི་གཡག་གི་འོས་འགན་ཡིན་པས་ལྗིད་ཚད་སྤྱི་རྒྱ་ ༥༠ ནས་ ༢༠༠ བར་གྱི་དོ་པོ་འཁུར་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༥༠༠༠ ནས་ ༦༠༠༠ མཚམས་སུ་ཡང་བདེ་བར་རྒྱུ་ཐུབ་ཀྱི་ཡོད་པ་དང་། ཁ་བ་བུ་ཡུག་འགོག་པའི་ནུས་པ་དེ་བས་ཆེན་པོ་ཡོད་པ་རེད། འབྲི་གཡག་ནི་བྱང་རྩྭ་ཐང་ཐོག་གི་སྐྱེལ་འདྲེན་པ་ཞིག་ཡིན་པ་མ་ཟད། དེ་སྔ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གལ་ཆེའི་ཆུ་སྒྲོལ་ཡོ་བྱད་ཀོ་གྲུ་ཡང་འབྲི་གཡག་གི་ཀོ་བ་ལས་གྲུབ་པས་འབྲི་གཡག་ལ་ས་མཐོའི་གྲུ་གཟིངས་ཞེས་པ་ཡང་དོན་གྱིས་མ་སྟོངས་བའི་འབོད་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད། འབྲི་གཡག་གིས་མིའི་རིགས་ལ་ཕུལ་བའི་ལེགས་སྐྱེས་དེ་ཙམ་གྱིས་ག་ལ་ཚད། བུད་ཤིང་གིས་ཕོངས་པའི་བོད་བྱང་ཐང་གི་དྲོད་ལེན་དང་བཟའ་བཏུང་གཡོས་སྐོལ་ཚང་མ་འབྲི་གཡག་གི་ལྕི་བ་ཡིན་པ་དང་འབྲི་གཡག་གི་པགས་པས་བཟོས་པའི་རྟ་སྒྲོ་དང་། ཀོ་སྒམ། ཀོ་ལྷམ། ཀོ་ཁུག་སྣ་ཚོགས་དང་ཐག་པ་སོགས་ཡོད་ལ། འབྲི་གཡག་གི་རྩིད་པ་དང་ཁུ་ལུས་བཟོས་པའི་སླེའུ་དང་། སྒྱེ་མོ། གྱོན་གོས་སྣ་ཚོགས་ཀྱང་ཡོད་པ་རེད།”[13] ཅེས་པ་འདིས། བོད་མི་རིགས་ཀྱི་གཅེས་ནོར་འབྲི་གཡག་རིན་ཐང་གང་འདྲ་ཞིག་ཡོད་པ་ང་ཚོ་རོབ་ཙམ་ཞིག་རྟོགས་ཐུབ་པ་ཞིག་ཀྱང་རེད་སྙམ།

དེ་བཞིན་འབྲི་གཡག་ནི་གསོ་སྐྱོང་བྱེད་བདེ་བས་གཞན་དུད་འགྲོ་ལྟར་གསོ་སྐྱོང་བྱེད་དགོས་ཀྱི་མེད། འབྲི་མོའི་འོ་མ་ཉུང་ཉུང་ལས་མེད་ཀྱང་ཧ་ཅང་གི་བྲོ་བཅུད་ཆེ་ཞིང་། མིའི་ལུས་གཟུགས་ལ་ཧ་ཅང་ཕན་ཐོགས་ཆེ་བའི་དཀར་བཅུད་ཞིག་ཀྱང་ཡིན། མར་ཡང་བཅུད་དེ་ལས་ཆེ་ཞིང་། དབྱར་དུས་འབྲོག་སར་འགྲུལ་པ་ཡོང་གི་ཡོད་ཅིང་། ཁོ་ཚོར་འབྲི་ཞོ་སྤྲོད་དུས་དུས་རྒྱུན་འབྲི་ཞོ་གར་པོ་དེ་འདྲའི་དུས་རྒྱུན་འཐུང་རྒྱུ་མེད་པའི་དབང་གིས་དེ་མ་ཐག་མགོ་ཡུ་འཁོར་བ་དང་། ཞེན་ཁ་ལོག་པ། སྐྱུག་པ་ལ་སོགས་ཆང་གིས་བཟི་བ་ལྟར་ཡོང་གི་ཡོད་ཚུལ་རྒན་རབས་པ་རྣམས་ཀྱིས་ངག་ནས་ཐོས་བྱུང་ལ། མཐོང་ཡང་མྱོང་།

 ༤ འབྲི་གཡག་གི་ཁྱད་ཆོས།

 གོང་དུ་བརྗོད་ཟིན་པ་ལྟར། བོད་ནི་རི་མཐོ་ཞིང་ས་གཙང་བ་དང་། དུག་རྫས་ཀྱི་གནོད་འཚེ་མེད་པའི་ཁོར་ཡུག་ཅིག་ཡིན་པས། དེར་གནས་པའི་དུད་འགྲོ་རྣམས་ལས་བྱུང་བའི་ཤ་མར་དང་། ཕྱུ་ར་དང་། ཞོ་དང་། འོ་མ་བཅས་ཀྱིས་ཀྱང་མིའི་ལུས་ཁམས་ལ་ཧ་ཅང་ཕན་ཐོགས་ཡོད། བོད་མཐོ་སྒང་གི་འབྲི་གཡག་ནི་གདོད་མའི་སྲོག་ཆགས་ཤིག་ཡིན།

‘‘འབྲི་གཡག་དང་། ལྷོ་སྣེའི་ངང་པ་ཆི་ཨེ། བྱང་སྣེའི་དོམ་དཀར་བཅས་ལ་འཛམ་གླིང་ཐོག་གི་གདོད་མའི་སྲོག་ཆགས་རིགས་གསུམ་ཞེས་འབོད་པ་ལྟར། འབྲི་གཡག་གི་གཞི་ལ་མིའི་རིགས་ཀྱིས་ལེགས་བཅོས་བྱེད་མྱོང་མེད་སྟབས་འབྲི་གཡག་གི་ཤ་ནི་ལྷད་མེད་ཀྱི་བཟའ་བཅའི་གྲས་ཤིག་ཡིན་པ་དང་བཟའ་ཤ་རྩེ་གྲར་བརྩི་ཞིང་། ཚན་རིག་པ་ཚོས་སྤྲི་དཀར་དང་ཨན་ཅི་སོན་སོགས་མིའི་ལུས་པོར་མཁོ་བའི་འཚོ་བཅུད་སྣ་མང་ལྡན་པ་དང་། ཞག་ཚི་ཉུང་བ་དང་དྲོད་ཚད་རན་པས་ནད་འགོག་ནུས་པ་ཆེ་རུ་འགྲོ་བ་དང་། ཕྲ་ཕུང་གི་གསོན་ཤུགས་རྒྱས་པ། དོན་སྣོད་ཀྱི་ནུས་པ་ལེགས་སུ་འགྲོ་བ་སོགས་ཀྱི་ཕན་འབྲས་ཆེན་པོ་ཐོན་པའི་ར་སྤྲོད་བྱས་ཡོད། འབྲིའི་འོ་མ་ནི་དེ་བས་ཀྱང་བདེ་འཇགས་ལྡན་ལ་འཚོ་བཅུད་ཕུན་སུམ་ཚོགས་པའི་བཏུང་བ་ཞིག་ཡིན་པ་དང་། ཉིན་རེར་འོ་མ་སྤྱི་རྒྱ་ ༤ ཙམ་ཐོན་གྱི་ཡོད་པ་དེ་བ་ཕྱུགས་ཀྱི་འོ་མའི་ཐོན་ཚད་ཀྱི་ལྡབ་ ༣ ཙམ་ཡིན། སྤྲི་དཀར་འདུས་ཚད་མཐོ་བས་མཚོ་བོད་ས་མཐོའི་མི་རྣམས་མཐོ་གྲང་གི་ས་ཁུལ་དུ་ཐང་ཤ་དོད་ལ། གཟི་མདངས་རྒྱས་པ། བློ་རིག་བཀྲ་བ་ཞིག་ཏུ་གསོ་སྐྱོང་བྱས་ཡོད་པ་མ་ཟད། ཞོ་དང་། མར། ཕྱུར་བ་བཅས་འཚོ་བཅུད་ཕུན་སུམ་ཚོགས་པའི་ཟས་རིགས་སྣ་ཚོགས་མཁོ་འདོན་བྱས་ཡོད།”[14] ཅེས་གསལ་དོན་ལྟར། དེང་སྐབས་མི་ཚོས་གདེང་འཇོག་ཆེན་པོ་བྱེད་སའི་གདོད་མའི་སྲོག་ཆགས་ཡིན་ཚུལ་བརྗོད་ཡོད་པ་རེད། རྒྱུ་མཚན་དེ་དག་གིས་ལེ་དབར་སྟོང་ཕྲག་མང་པོ་བརྒལ་སའི་ནུབ་ཕྱོགས་ཨ་རི་བ་ཚོས་བོད་མཐོ་སྒང་འབྲི་གཡག་གི་རིན་ཐང་དེ་དག་ཧ་གོ་ནས་གསོ་སྐྱོང་དང་ཚོང་གཉེར་བྱེད་ཀྱི་ཡོད་པ་ཞིག་ལས་གཞན་གནད་དོན་གང་ཡང་མ་རེད། ད་ནི་ང་ཚོས་སོ་སོའི་མི་རིགས་ཀྱི་གཅེས་ནོར་ཧ་གོ་ཞིང་དོན་རྟོགས་པའི་སྒོ་ནས་བོད་མཐོ་སྒང་གི་གདོད་མའི་སྲོག་ཆགས་འབྲི་གཡག་སྔར་ལྷག་གསོ་སྐྱོང་གནང་རྒྱུ་དེ་ནི་གལ་ཆེན་རང་བཞིན་ཞིག་ཏུ་འགྱུར་འདུག་སྙམ།

བོད་ཀྱི་འབྲོག་པ་རྣམས་ནམ་དུས་སོ་སོ་དང་བསྟུན་ནས་རྩྭ་ཆུ་ཡག་ཉེས་ལ་བལྟས་ནས་འབྲོག་ས་རུ་བ་སྤོར་དགོས་ཀྱི་ཡོད་ཅིང་། རུ་བ་སྡོད་ས་དེར་མཚེར་ས་ཞེས་བརྗོད། འབྲོག་པ་རྣམས་དབྱར་དུས་ས་ཁ་མཐོ་ས་དང་། རྩྭ་ཆུ་བཟང་སར་རུ་བ་སྤོར་བ་དེར་དབྱར་མཚེར་དང་། སྟོན་དུས་འོ་མ་དང་མར་སོགས་ཐོན་སྐྱེད་བཟང་སར་རུ་བ་སྤོར་བ་དེར་སྟོན་མཚེར་ཞེས་བརྗོད། དགུན་དུས་ས་ཁ་དམའ་ས་དང་། གྲང་རླུང་ཉུང་སའི་རི་བོ་འདབས་ལ་རུ་བ་སྤོར་བ་དེར་དགུན་མཚེར་ཞེས་བརྗོད་པ་དང་། དཔྱིད་མཚེར་སྐབས་ནི་འབྲོག་པ་དཀའ་ངལ་ཆེ་ཤོས་ནམ་དུས་ཤིག་ཀྱང་ཡིན་པས། སྐབས་དེར་རྩྭ་ཁ་རྙིང་པ་རྣམས་རྫོགས་ནས་རྩྭ་ཁ་གསར་པ་མི་སྐྱེ་བའི་བར་དེར་དུད་འགྲོ་ཤི་ཆད་ཡོང་གི་ཡོད་པ་རེད།

དེ་བཞིན་ཞིང་འབྲོག་ཁུལ་དུ་ཟོག་གསོད་མཁན་ལ་བཤན་པ་རེད་བཤད་དེ་ངན་པ་ལས་བཟང་པོ་ཞིག་ཏུ་མི་བརྩི་ཞིང་། དུད་འགྲོ་གསོད་དགོས་ཚེ་བཤན་པ་སྐད་གཏོང་དགོས་ཀྱི་ཡོད་པ་རེད་ལ། དུད་འགྲོ་བསད་གླ་སྤྲོད་དགོས་ཀྱི་ཡོད། འབྲི་གཡག་བཤས་ནས་སྦྲ་གུར་ནང་གི་ཐབ་ལ་ཧ་ཡང་བཙུགས་ནས་ཆུ་འཁོལ་མཚམས་སུ་ཕྱི་རུ་ཟོག་བཤས་ཟིན་མཚམས་སུ་ཕོ་གསར་ཚོས་གྲི་ཆུང་ཁྱེར་ནས་ཤ་གནག་རྣམས་བཏོགས་ཏེ་གཏུབ། འབྲི་གཡག་གི་ཤ་སོས་པ་འཁྲུ་མི་དགོས་པར་ཐད་ཀར་ཧ་ཡང་དུ་བླུགས་ཏེ་བཙོ་ཆོག་གི་ཡོད། དེར་ཚྭ་མ་གཏོགས་གཞན་ཤ་སྨན་སོགས་གང་ཡང་འདེབས་མི་དགོས། ཤ་རྡོག་ཆེ་བས་ལག་ཏུ་བཟུང་ནས་འབྲད་བརྒྱབ་ཆོག་ལ་གྲི་ཆུང་གིས་འཐོག་གིན་ཟོས་ཀྱང་ཆོག་པ་རེད། ཤ་བཙོས་མ་ཐག་ཤ་རྡོག་བཙོ་གཞོང་ནང་བླུགས་ནས་སར་ཕབ་ཅིང་། དེ་ལྟར་ཤ་ཟོས་ན་བྲོ་བཅུད་ཞིམ་པར་བཤད། སྦྲ་གུར་ཕྱི་ནང་ཡོངས་སུ་ཤའི་དྲི་མ་ཞིམ་པོ་ཁྱབ་ཀྱི་ཡོད། འབྲོག་ཁུལ་གྱི་ཤ་རྡོག་བཙོས་མ་དེའི་བྲོ་བཅུད་ཞིམ་པ་དེ་ད་སྐབས་དྲན་དུས་ཁ་ནང་ལ་མཆིལ་མ་དབང་མེད་དུ་འཁོར་ཡོང་།

༥ བོད་ཀྱི་བསྟན་བཅོས་ཁྲོད་དུ་གསལ་བའི་གཡག་མིང་།

 རྒྱལ་བའི་བཀའ་བསྟན་གཙོས་པའི་གསུང་རབ་ཁག་ལས་མཐོ་སྒང་བོད་ཀྱི་གཡག་མིང་གསལ་བ་དཔེ་མཚོན་ཙམ་ཞུས་ན།  དེ་ཡང་འཇང་བཀའ་འགྱུར་ནང་གཡག་མིང་ཞེ་དྲུག་ཙམ་འབྱུང་ཞིང་། དཔེ་མཚོན་ཙམ་ཞུས་ན། བསེ་དང་དོམ་དང་སེང་གེ་གཡག་ནི་ཁྱི་གདོང་མ་ལ་སོགས་པ་ཡི་སྟེ་ཕྱོགས་སུ་རབ་ཏུ་འགྱུར་རོ། །རྡོ་རྗེ་མིག་གི་རྐང་པ་བརྒྱད་པ་ས་ཡི་ཤིང་རྟ་ལ་གནས་མཁའ་ལ་སྔོན་མོའི་ཤིང་རྟ་ཡི། །མཁར་བགྲོད་ཁྲོ་བ་དང་བཅས་ཁ་དོག་ལྔ་པ་ལུས་རྒྱས་མིག་གསུམ་ལྡན་པ་ཨ་ནི་ལ་ཞེས་པ།[15]ཞེས་དང་། ཡང་སྡེ་དགེ་བཀའ་འགྱུར་ནང་གཡག་མིང་ཞེ་བདུན་ཙམ་འབྱུང་། དཔེར་ན། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བ་བསྟན་པ།  དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བདག་གི་ཉོན་མོངས་འཆིང་བ་ལྷོད་འགྱུར་ཞིང་། །བདག་ནི་ངན་འགྲོའི་སྒོ་བཅད་འགྱུར་རོ་ཞེས། །མཁས་པས་ཕན་ཡོན་ཡོངས་སུ་བསམ་བྱས་ལ། །ཚུལ་ཁྲིམས་གཡག་རྔ་བཞིན་དུ་བསྲུང་བར་བྱ། །[16]ཞེས་དང་། སྡེ་དགེ་བསྟན་འགྱུར་ནང་གཡག་མིང་གྱ་བཞི་ཙམ་གསལ། དཔེར་ན། སྡེ་དགེའི་བསྟན་འགྱུར། སྤྲིང་ཡིག ངེ་པ། [17] ༡༧༣ – ༡༦༤ B (༢) དེའི་ཚེ་རྣམ་ཐོས་ཀྱི་བུ་སྙིང་རྗེ་སྐྱེས་ནས་གཡག་དཀར་པོ་སྒལ་པ་དང་། སྣལ་ཆུ་ཅན་ཅིག་ཏུ་སྤྲུལ་ནས་དགེ་སློང་དེ་དག་གི་དྲུང་དུ་འོངས་པ་དང་དགེ་སློང་རྣམས་ཀྱིས་དེ་མཐོང་ནས་གཡག་འདི་ནི་མིའི་ཁལ་གཡག་ཅིག་ཡིན་ཏེ། འདིའི་ཕྱི་བཞིན་སོང་ན་གདོན་མི་ཟ་བར་མི་རྣམས་དང་ཕྲད་པར་འགྱུར་བས་ད་ནི་མི་འཆིའོ་སྙམ་དུ་ཡིད་སོས་ཏེ། གཡག་དེས་ཀྱང་ལམ་དྲངས་ནས་གསེབ་ལམ་དུ་བྱུང་སྟེ། ཚལ་བྱིར་བསྐྱལ་ནས་གཡག་ཉིད་མི་སྣང་བར་གྱུར་ཏོ། ། དེའི་ཚེ་དགེ་སློང་རྒན་རྒོན་མང་པོ་ཞིག་ནི་ལམ་ཀར་འཆི་བར་འགྱུར་རོ། ཞེས་དང་། ལྷག་པར་གཡག་ཤའི་འཕྲོད་བསྟེན་ལའང་ཕན་གྱི་ཡོད་ཚུལ་འདི་ལྟ་སྟེ། ཏཱ་ན་ནཱ་ཐའི་གསུང་འབུམ་དུ། གཡག་ཤ་སྣུམ་དྲོ་གྲང་སེལ་ཁྲག་མཁྲིས་སྐྱེད། །ཁྱིམ་བྱ་བྱེའུ་ཁུ་འཕེལ་རྨ་ལ་ཕན། །རྨ་བྱ་མིག་ནད་སྐད་འགགས་རྒས་སྲ་ཕན། །གཡག་རྒོད་ཕོ་མཆིན་གྲང་སེལ་མེ་དྲོད་སྐྱེད། །རི་དྭགས་བསིལ་ཡང་ལྡན་ཚད་སེལ་བར་བྱེད། །[17]ཅེས་གསལ།

འཇུ་མི་ཕམ་གྱི་གསུང་འབུམ་དུའང་། གཡག་མིང་ཉིས་བརྒྱ་བཅུ་དགུ་ཙམ་གསལ། དཔེར་ན།  ནག་པོ་ཟར་མོ་འབྲི་བརྒྱར་འབུལ། །ཁྲ་བོ་མདོ་ཕྲུག་རྟ་བརྒྱར་འབུལ། །ཁམ་པ་འགྱིང་བ་གཡག་བརྒྱར་འབུལ། །དཀར་དམར་གཏོར་མའི་ཚོགས་ནི་སྤུངས་སེ་སྤུང་། །འབྲང་རྒྱས་ཞལ་དཀར་རི་ལྟར་ཟངས་སེ་ཟང་། །འགྱིང་གཡག་རྣམས་ཀྱང་ངུར་སྒྲ་ཆེམས་སེ་ཆེམ། །ར་ལུག་རྣམས་ཀྱང་འབའ་སྐད་དི་རི་རི།[18] ཞེས་དང་། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་ལས།  རྟེན་རྫས་ཚང་མས་ཐུགས་དམ་བསྐང་། །ལྷ་གཡག་དཀར་པོས་ཐུགས་དམ་བསྐང་། ཞེས་དང་། སྭཱཽ། ལྷ་རྒྱལ་ལོ། །གཡག་ལུག་ཕུལ་བའི་ཡོན་ཏན་གྱིས། །ནོར་ལ་གོད་ཁ་མེད་པ་དང་། །གླིང་སྟོད་རྟ་རའི་བདག་པོ་མཛོད། །གླིང་སྨད་ལུག་རའི་བདག་པོ་མཛོད། །གཡག་དང་མཛོ་ཡི་བདག་པོ་མཛོད། །ནོར་ལ་འཕེལ་བ་ཁྱེད་ཀྱིས་མཐོང་། །[19]ཞེས་སོགས་རྒྱལ་བའི་གསུང་རབ་ཁག་ཏུ་གཡག་མིང་གྲངས་ལས་འདས་པ་ཞིག་མཆིས་པས། ཚང་མ་བཀོད་ན་ནི་ཡིག་ཚོགས་མང་བས་འདི་ཙམ་གྱིས་ཆོག་པར་བྱས་པ་ཡིན།

༦ འབྲི་གཡག་གི་ཤུགས་རྐྱེན།

དེ་བཞིན་གཡག་དང་འབྲེལ་བའི་ས་མིང་དུ་མ་ཡོད་ཅིང་། གཙང་གི་གཡག་སྡེ། འབྲི་གུང་གཡག་རུ། གཡག་རབ། གཡག་ཆུ། གཡག་མཚོ། གཡག་ལུང་སོགས་དང་། དེ་བཞིན་མི་ལ་གཡག་གི་མཚན་སྦྱར་པ། དཔེར་ན། གཡག་སྡེ་པཎ་ཆེན་དང་གཡག་ཕྲུག་སངས་རྒྱས་དཔལ་སོགས་དང་། འབྲི་ལའང་ཡུལ་ཤུལ་ཁུལ་གྱི་འབྲི་སྟོད་རྫོང་དང་། དེ་ནས་ཐོན་པའི་འབྲི་ཆུ། ནག་ཆུའི་འབྲི་ལུང་དང་འབྲི་རུ་རྫོང་། དབུས་ཀྱི་འབྲི་གུང་། འདན་གྱི་འབྲི་ཁོག་སོགས་འབྲོང་གཡག་འབྲི་གསུམ་མཚན་ནས་ཚུར་འཕྲོས་ཏེ་ས་མིང་། མཚོ་མིང་། རི་མིང་། མི་མིང་སོགས་ཐོགས་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཆགས་ཡོད་པ་རེད་”[20]ཅེས་གསལ་དོན་ལྟར། བོད་མཐོ་སྒང་གི་འབྲི་གཡག་ལ་རིན་ཐང་ག་ཚོད་ཅིག་ཡོད་པ་གནའ་མི་ཚོས་གདེང་འཇོག་བཞག་པ་འདི་དག་ལས་ང་ཚོས་ཤེས་ཐུབ།

རྒྱ་གར་བ་ཚོ་ལ་མཚོན་ན་གཡག་མཐོང་མ་མྱོང་དུས་གཡག་མཐོང་མ་ཐག་ཧ་ཅང་ཡ་མཚན་ཆེན་བྱེད། དེ་བཞིན་བོད་པས་ཆུ་སྲིན་མཐོང་མ་མྱོང་དུས་ཆུ་སྲིན་མཐོང་བ་དང་སྲོག་ཆགས་ཡ་མཚན་ཅན་ཞིག་མཐོང་གི་ཡོད་པ་ལྟར་རེད།  རི་བོ་ཧི་མ་ལའི་བསྟན་བཅོས་ལས། “གངས་ཅན་གྱི་ཁྱད་ཆོས་སུ་ཐང་ཤིང་སྐྱེས་ཤིང་། གཡག་གི་རྨིག་པས་རྡོ་བཅག་པ་སོགས་བྱུང་ལ། གཞན་ཡང་རི་བོ་གངས་ཅན་ལ་སྦྱར་བའི་རྒྱ་གར་གྱི་སྙན་དངགས་རྣམས་ལ་ལྟོས་དང་། གངས་ཅན་རི་ལ་ནགས་ཚལ་དང་། མེ་ཏོག་ཐང་ག་དང་། གཡག་ལ་སོགས་པ་དེར་ཡོད་ཚུལ་ཤ་སྟག་འབྱུང་”[21]ཞེས་གསུངས་པ་ལྟར། བོད་ཀྱི་ལོ་རྒྱུས་མཚོན་པའི་ལྡེབས་རིས་ཁག་ལ་འབྲི་གཡག་བྲིས་པ་དང་། དེ་བཞིན་བོད་ཀྱི་མཛད་སྒོ་ཆེ་ཁག་སྐབས་རྟེན་འབྲེལ་མཚོན་པའི་འབྲི་གཡག་གི་གར་འཆམ་བྱེད་སྲོལ་ཡོད་ཅིང་། དུས་ད་ལྟ་བར་དུ་མ་ཉམས་གསོན་པོར་གནས་ཡོད།

“བོད་ཀྱི་ལོ་རྒྱུས་མཚོན་པའི་ལྡེབས་བྲིས་ཐོག་བཙན་པོ་སྲོང་བཙན་སྒམ་པོས་ལྷ་ལྡན་གཙུག་ལག་ཁང་བཞེངས་པ་སོགས་ཀྱི་མཛད་སྒོ་ཆེ་གྲས་ཚང་མར་གར་པ་དང་མཉམ་དུ་འབྲི་གཡག་གི་གཟུགས་བརྙན་གྱིས་རྟེན་འབྲེལ་གར་འཆམ་རྒྱག་པ་མཐོང་རྒྱུ་ཡོད། ཕྱིས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་དཔལ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་རྟེན་འབྲེལ་མཛད་སྒོའི་ལོ་རྒྱུས་སྐོར་གྱི་ལྡེབས་རིས་ལས་ཀྱང་འབྲི་གཡག་གཉིས་དང་འབག་དཀར་པོ་གྱོན་པའི་འབྲོག་པའི་གཟུགས་ཤིག་གིས་གར་འཆམ་རྒྱག་པ་མ་ཟད། འཁྲིས་སུ་མི་གཅིག་ལངས་ནས་རྔ་རྡུང་པའི་རྣམ་པ་འཁོད་ཡོད་པ་སོགས་བོད་བཙན་པོའི་དུས་སུ་གཡག་འཆམ་རྒྱག་པའི་སྣང་ཚུལ་གང་སར་མངོན་རྒྱུ་ཡོད་པས་གཡག་ནི་གནའ་བོའི་དུས་ནས་མཚོ་བོད་ས་མཐོར་འཚོ་སྡོད་བྱེད་པ་མ་ཟད། བཀྲ་ཤིས་པ་དང་རྟེན་འབྲེལ་གྱི་མཚོན་རྟགས་ཤིག་ཏུ་བརྩི་བའང་མཐོང་ཐུབ་པ་ཞིག་ཡིན།”[22]ཞེས་གསལ་བ་ལྟར། དེང་གི་སྐབས་ཀྱང་སྔར་སྲོལ་མ་ཉམས་པར་བོད་མི་རྣམས་ཀྱི་བཀྲིས་ཉིན་མོར་རྟེན་འབྲེལ་མཚོན་སླད་དུ་གཡག་ངེས་པར་འཆམ་སྲོལ་ཡོད།

མདོར་བསྡུས་ན་འབྲི་གཡག་ནི་བོད་མཐོ་སྒང་གི་ཁྱད་ནོར་ཁྱད་དུ་འཕགས་པ་ཞིག་ཡིན་ཞིང་། དེང་སྐབས་རྒྱ་དམར་གྱི་སྲིད་ཇུས་འོག་བོད་མཐོ་སྒང་གི་འབྲོག་པ་དག་གི་འཚོ་བའང་ཧ་ཅང་གི་འཕོ་འགྱུར་འགྲོ་བཞིན་ཡོད་པས། སོ་སོའི་མི་རིགས་ཀྱི་གཅེས་ནོར་དེ་དག་ལ་ང་ཚོ་བོད་རིགས་རྒན་གཞོན་དར་གསུམ་ཀུན་གྱིས་དོ་སྣང་དང་། བོད་ཀྱི་མི་རིགས་ཀྱི་ཁྱད་ནོར་དེ་དག་གཅེས་སྐྱོང་གནང་དགོས་པ་ཞིག་ཏུ་སེམས།

དཔྱད་གཞིའི་ཡིག་ཆ། 

[1]  བོད་ཀྱི་སྲིད་དོན་རྒྱལ་རབས་སྟོད་ཆ། ཤོག་གྲངས་ ༡༧ མཐའ་ཤོག །པར་ཐེངས་གསུམ་པ། ཕྱི་ལོ་ ༡༩༨༦ ལོར་བོད་གཞུང་ཤེས་རིག་དཔར་ཁང་ནས་པར་སྐྲུན་ཞུས།

[2] ཆོས་འབྱུང་མཁས་པའི་དགའ་སྟོན། མཛད་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ། ཕྱོགས་བསྒྲིགས་པ། རྡོ་རྗེ་རྒྱལ་པོ། དེབ་སྟོད་ཆའི་ཤོག་གྲངས་ ༡༥༠ དང་ཡིག་ཕྲེང་ ༡༠ ནང་ལ་གསལ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༦ ལོའི་ཟླ་ ༦ པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ་པ།

[3] བཀའ་ཆེམས་ཀ་ཁོམ་མ། ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན་པ། སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༩ པར་ཐེངས་དང་པོར་བཏབ། ཤོག་གྲངས་ ༡༣༨ དང་ཡིག་ཕྲེང་འོག་ནས་ཡར་རྩིས་པའི་དང་པོ་ནང་དུ་གསལ།

[4] བཀའ་ཆེན་་ཀ་ཁོལ་མ། ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན་པ། སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། སྤྱི་ལོ༡༩༨༩ ལོའི་ཟླ ༩ པར་དཔར་ཐེངས་དང་པོར་བཏབ།  ཤོག་གྲངས་༡༧༣ ཡིག་ཕྲེང་ ༧ ནང་དུ་གསལ།

[5] བོད་ཀྱི་སྲིད་དོན་རྒྱལ་རབས་སྟོད་ཆ། མཛད་པ་པོ།་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། ཤོག་གྲངས་ ༢༨ ཡིག་ཕྲེང་ ༡ པོ། པར་ཐེངས་གསུམ་པ། ཕྱི་ལོ་ ༡༩༨༦ ལོར་བོད་གཞུང་ཤེས་རིག་དཔར་ཁང་ནས་པར་སྐྲུན་ཞུས།

[6] གཡག་དང་གཡག་གི་རིག་གནས་ལས་འཕྲོས་ཏེ་འབྲོང་ནམ་ཞིག་ལ་གཡུང་དུ་ཕབ་པའི་སྐོར་མདོར་ཙམ་གླེང་བ། སྤེལ་དུས་ ༢༠༡༨-༠༥-༢༢ མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།་རྩོམ་པ་པོ། སྙིང་ལྕགས་རྒྱལ།

[7] རྒྱལ་རབས་གསལ་བའི་མེ་ལོང་་། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད། དཔལ་ས་སྐྱའི་རྩོམ་སྒྲིག་ཁང་གིས་བསྒྲིགས། ཤོག་གྲངས་ ༥༨ དང་ཡིག་ཕྲེང་ ༡༤ པ་ནང་ལ་གསལ།

[8] ཆོས་འབྱུང་མཁས་པའི་དགའ་སྟོན། མཛད་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ། ཕྱོགས་བསྒྲིགས་པ། རྡོ་རྗེ་རྒྱལ་པོ། དེབ་སྟོད་ཆའིཤོག་གྲངས་ ༡༦༤  དང་ཡིག་ཕྲེང་ ༢ ནང་ལ་གསལ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༦ ལོའི་ཟླ་ ༦ པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ་པ།

[9] གོང་གསལ་དེབ་ཀྱི་ཤོག་གྲངས་ ༡༥༤ ཡིག་ཕྲེང་ འོག་ནས་ཡར་རྩིས་པས། ༤ ནང་ལ་གསལ། ཕྱི་ལོ་ ༡༩༨༦ ལོར་མི་རིགས་དཔེ་སྐྲུན་ཁང་། མཛད་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ། ཕྱོགས་བསྒྲིགས་པ། རྡོ་རྗེ་རྒྱལ་པོ།

[10] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆའི་ཤོག་གྲངས་ ༡༥༠ ཡིག་ཕྲེང་ ༡༣ ནང་ལ་གསལ། ཕྱི་ལོ་ ༡༩༨༦ ལོར་མི་རིགས་དཔེ་སྐྲུན་ཁང་། མཛད་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ། ཕྱོགས་བསྒྲིགས་པ། རྡོ་རྗེ་རྒྱལ་པོ།

[11] དེབ་ཐེར་དམར་པོ་གསར་མ། པཎ་ཆེན་བསོད་ནམས་གྲགས་པས་བརྩམས། ཕྱི་ལོ་ ༡༩༨༩ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཤོག་གྲངས་ ༡༥ ཡིག་ཕྲེང་ ༡༥ པའི་ནང་དུ་གསལ།

[12] བོད་ཀྱི་སྲོག་ཆགས། ཕ་ཡུལ་ཕྱོགས་བསྒྲིགས་དེབ་ཕྲེང་ ༦༩ ཤེས་རིག་ལས་ཁུངས་ནང་ཕྱི་ལོ་ ༢༠༡༧ ལོར་དཔར་དུ་སྐྲུན་ཞུས། ཤོག་གྲངས་ ༥༥ ཡིག་ཕྲེང་ ༡༡ ནང་དུ་གསལ།

[13] གཡག་དང་གཡག་གི་རིག་གནས་ལས་འཕྲོས་ཏེ་འབྲོང་ནམ་ཞིག་ལ་གཡུང་དུ་ཕབ་པའི་སྐོར་མདོར་ཙམ་གླེང་བ། སྤེལ་དུས་ ༢༠༡༨ -༠༥-༢༢ ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིང་གཞུང་དྲ་བ། རྩོམ་པ་པོ། སྙིང་ལྕགས་རྒྱལ།

[14] གོང་མཚུངས།

[15] ཨ་དྷི་ཤིའམ་ཀུན་གསལ་མེ་ལོང་། འཇང་བཀའ་འགྱུར། མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔའ་དུས་ཀྱི་འཁོར་ལོ་ལེའུ་བཞི་པ་སྒྲུབ་ཐབས་ཀྱི་ལེའུ། ༨༤-༩༤a

[16] ཨ་དྷི་ཤིའམ་ཀུན་གསལ་མེ་ལོང་། སྡེ་དགེ་བཀའ་འགྱུར། མདོ་སྡེ་པ། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བ་བསྟན་པ།  ༥༧-༨༩B

[17] ཨ་དྷི་ཤིའམ་ཀུན་གསལ་མེ་ལོང་། སྡེ་དགེའི་བསྟན་འགྱུར། སྤྲིང་ཡིག་ ངི་པ། དྲ་ཚིགས་བདག་པོ་རྒྱལ་བ་ཀརྨ་པ་མཆོག།

[18] ཨ་དྷི་ཤིའམ་ཀུན་གསལ་མེ་ལོང་། ཏཱ་ན་ནཱ་ཐའི་གསུང་འབུམ། ར་པའི་དུས་འཁོར། ལེའུ་བཅུ་དྲུག་པ། ཟས་ཀྱི་ཚུལ་ཤེས་པར་བྱ་བའི་ལེའུ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བཤད་པའི་རྒྱུད་ཅེས་པའི་ནང་དུ་གསལ།

[19] ] ཨ་དྷི་ཤིའམ་ཀུན་གསལ་མེ་ལོང་། འཇུ་མི་ཕམ་པའི་གསུང་འབུམ། རྒྱུན་བསང་འདོད་དགུའི་ཆར་འདེབ། མགྲོན་བཞི་བརྔན་ཆོག་དཔག་བསམ་ལྗོན་ཤིང་། 7-1-7b

[20] ཨ་དྷི་ཤིའམ་ཀུན་གསལ་མེ་ལོང་། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ། ལྷ་མཆོག་འབར་བ་རྩལ་གྱི་འཕྲིན་ལས་བརྒྱ་ཕྲག་ཉིད་ཉིད་ངོས་འཛིན་ནང་གསལ་ཡོད།

[21] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་གཉིས་པའི་ཤོག་གྲངས་ ༣༧༩ དང་། ཡིག་ཕྲེང་ ༡༤ ནང་ལ་གསལ། ༡༩༩༤ ལོའི་ཟླ་བ་ ༧ པར་པར་ཐེངས་གཉིས་པ་བཏབ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན།

[22] གཡག་དང་གཡག་གི་རིག་གནས་ལས་འཕྲོས་ཏེ་འབྲོང་ནམ་ཞིག་ལ་གཡུང་དུ་ཕབ་པའི་སྐོར་མདོར་ཙམ་གླེང་བ། སྤེལ་དུས་ ༢༠༡༨ -༠༥-༢༢ ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིང་གཞུང་དྲ་བ། རྩོམ་པ་པོ། སྙིང་ལྕགས་རྒྱལ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།