མཆོད་པར་བརྗོད་པ།
ཐོས་དོན་གདམས་པ་སྒྲུབ་ལ་རྩེ་གཅིག་གཞོལ། །
སྒོམ་དོན་རིམ་གཉིས་རྣལ་འབྱོར་ལེགས་འཁྲུངས་ཤིང་། །
འཇམ་དཔལ་གཞོན་ནུའི་སྤྲུལ་བ་བློ་བཟང་གྲགས། །
སྲིད་མཐའི་བར་དུ་སྤྱི་བོའི་རྒྱན་དུ་མཆོད། །
ཞེས་མཆོད་པར་བརྗོད་པའི་ཤིས་ཚིག་གིས་མདུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི་བརྗོད་གཞི་གཉིས་པ་ཐ་སྙད་ཚད་གྲུབ་དང་ཐ་སྙད་པའི་ཚད་མའི་དོན་ཡིན་ལ། འདི་འཆད་པ་ལ་གཉིས། ཐ་སྙད་ཚད་གྲུབ་བཞེད་མིན་གྱི་མཁས་པའི་འདོད་ཚུལ་འགོད་པ་དང་། ཐ་སྙད་པའི་ཚད་མ་ཡུལ་དང་བཅས་པ་ངོས་བཟུང་བའོ། ། དང་པོ་ལ་གཉིས།
ས་བཅད་དང་པོ།
ཐ་སྙད་ཚད་གྲུབ་མི་བཞེད་པའི་འདོད་པ་འགོད་པ།
རྩོད་བཟློག་(སེར་བྱེས་པར་མ་༣༡)ལས། འོན་ཏེ་ཁྱོད་ཀྱིས་ཚད་གྲུབ་པས། གཞལ་བར་བྱ་བ་འགྲུབ་འགྱུར་ལ། །གཞལ་བྱ་གྲུབ་པས་ཚད་གྲུབ་ན། །ཁྱོད་ཀྱིས་གཉི་གའང་འགྲུབ་མི་འགྱུར། །འོན་ཏེ་ཚད་མ་གྲུབ་པས་གཞལ་བར་བྱ་བ་འགྲུབ་པར་འགྱུར་ཏེ། ཚད་མ་ལ་ལྟོས་པའི་ཕྱིར་རོ། །གཞལ་བར་བྱ་བ་འགྲུབ་པས་ཀྱང་ཚད་མ་གྲུབ་པ་འགྱུར་ཏེ། གཞལ་བར་བྱ་བ་ལ་ལྟོས་པའི་ཕྱིར་རོ་སྙམ་དུ་སེམས་ན། དེ་ལྟར་ན་ནི་ཁྱོད་ཀྱིས་གཉི་ག་ཡང་འགྲུབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཚད་མས་གཞལ་བྱ་འགྲུབ། ། གཞལ་བྱ་དེ་དག་རྣམས་ཀྱིས་ཀྱང་། ། དེ་དག་བསྒྲུབ་པར་བྱ་ཡིན་ན། དེ་དག་ཇི་ལྟར་བསྒྲུབ་པར་འགྱུར། ། གལ་ཏེ་ཡང་གཞལ་བར་བྱ་བ་རྣམས་འགྲུབ་པར་འགྱུར་ལ། ཚད་མ་དེ་རྣམས་ཀྱིས་ཀྱང་གཞལ་བར་བྱ་བ་དེ་དག་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། འོ་ན་ཚད་མ་མ་གྲུབ་པ་རྣམས་ཀྱི་རྒྱུ་ཡིན་ན་རྒྱུ་རབ་ཏུ་མ་གྲུབ་པའི་ཕྱིར་ཚད་མ་མ་གྲུབ་པ་དག་ཇི་ལྟར་བསྒྲུབ་པར་འགྱུར། གལ་ཏེ་ཕ་ཡིས་བུ་བསྐྱེད་བྱ། ། གལ་ཏེ་བུ་དེ་ཉིད་ཀྱིས་ཀྱང་། ཅི་སྟེ་ཕ་དེ་བུ་བསྐྱེད་ན། ། དེ་ནི་གང་གིས་གང་བསྐྱེད་སྨྲོས། ། ཞེས་གསུངས་པ་ལྟར་རང་འཇོག་བྱེད་ཀྱི་ཚད་མ་ཡོད་པ་ལ་ལྟོས་ནས་གཞལ་བྱ་ཡོད་པར་འཇོག་ན། རང་འཇལ་བྱེད་ཀྱི་ཚད་མ་ཇི་ལྟར་འཇོག རང་གི་གཞལ་བྱ་ཡོད་པ་ལ་ལྟོས་ནས་རང་འཇལ་བྱེད་ཀྱི་ཚད་མ་འཇོག་གོ་སྙམ་ན། དེ་གཉིས་ཡོད་པར་སུ་གང་གིས་ཀྱང་འཇོག་ཏེ་འཇོག་མི་ནུས་ཏེ། དཔེར་ན་བུ་ཡི་བདེན་པའི་རྒྱབ་རྟེན་དུ་ཕ་ཡིས་དཔང་པོ་བྱས། ཕ་བདེན་པའི་རྒྱབ་རྟེན་བུ་ཡིས་དཔང་པོ་བྱེད་ན། ཕ་བུ་གཉིས་ཀ་བདེན་པ་ཡིན་པའི་དབང་པོ་སུ་ཡང་མེད་པས་གཉིས་ཀ་བདེན་པ་ཡིན་པར་སྒྲུབ་མི་ནུས་པ་བཞིན་ནོ། །
མཁས་དབང་དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་(འཕྲུལ་དེབ་༡༢༣༡༢༤)ལས། ཡོད་མེད་བློ་ཡིས་བཞག་པའི་ཤེས་བྱ་དང་། །བདེན་རྫུན་ཡུལ་ལ་ལྟོས་པའི་ཚད་མ་གཉིས། །གཅིག་གི་རྫུན་ཁུངས་གཅིག་ལ་གཏད་མཐོང་ནས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །ཞེས་དང་། རྗེས་དཔག་ཚད་མ་མངོན་སུམ་བློ་ལས་སྐྱེས། །མངོན་སུམ་བདེན་རྫུན་རྗེས་སུ་དཔག་པས་དཔྱད། །ཕ་ཡི་དཔང་པོ་བུ་ཡིས་བྱས་པ་འདིས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །ཞེས་པ་ལྟར་རོ། །
རྩོད་བཟློག་རང་འགྲེལ་(སེར་བྱེས་པར་མ་༣༢)ལས། གལ་ཏེ་ཁྱོད་ཀྱིས་དོན་དེ་རྣམས། །ཚད་མ་ཉིད་ཀྱིས་རབ་གྲུབ་ན། །ཁྱོད་ཀྱིས་ཚད་མ་དེ་རྣམས་ཀྱང་། །ཇི་ལྟར་རབ་ཏུ་འགྲུབ་པར་འགྱུར། །གལ་ཏེ་ཚད་མ་གཞན་རྣམས་ཀྱིས། །ཚད་མ་འགྲུབ་ན་ཐུག་པ་མེད། །གལ་ཏེ་འདི་སྙམ་དུ་གཞལ་བར་བྱ་བ་ནི་ཚད་མ་རྣམས་ཀྱིས་འགྲུབ་ལ། ཚད་མ་དེ་རྣམས་ཀྱང་ཚད་མ་གཞན་རྣམས་ཀྱིས་འགྲུབ་པར་སེམས་ན། དེ་ལྟ་ན་ཡང་ཐུག་པ་མེད་པར་འགྱུར་རོ། ། དེ་ལ་ཐུག་པ་མེད་པར་གྱུར་ན་ཉེས་པ་ཅི་ཡོད་ཅེ་ན། དེ་ལ་འདི་ལྟར་བཤད་པར་བྱ་སྟེ། དེ་ལ་དང་པོ་འགྲུབ་མིན་ལ། །བར་པ་མིན་ཞིང་ཐ་མའང་མིན། ། ཐུག་པ་མེད་པར་གྱུར་པ་ན། ། དང་པོ་འགྲུབ་པར་མི་འགྱུར་རོ། ། ཅིའི་ཕྱིར་ཞེ་ན། ཚད་མ་དེ་རྣམས་ཀྱང་ཚད་མ་གཞན་རྣམས་ཀྱིས་རབ་ཏུ་འགྲུབ་པ་ཡིན་ལ། དེ་རྣམས་ཀྱང་གཞན་རྣམས་ཀྱི་ཡིན་པས་འདི་ལ་དང་པོ་མེད་དོ། དང་པོ་མེད་པའི་ཕྱིར་བར་མ་ཡང་ག་ལ་ཡོད། ཐ་མ་ཡང་ག་ལ་ཡོད་དེ་དེའི་ཕྱིར་ཚད་མ་དེ་རྣམས་ནི་ཚད་མ་གཞན་རྣམས་ཀྱིས་རབ་ཏུ་འགྲུབ་པའོ། ། ཞེས་སྨྲས་པ་གང་ཡིན་པ་དེ་མི་འཐད་དོ། །ཞེས་གཞལ་བྱ་རང་འཇོག་བྱེད་ཀྱི་ཚད་མའི་སྟོབས་ཀྱིས་འགྲུབ་ན་འཇོག་བྱེད་ཀྱི་ཚད་མ་ཡང་ཚད་མ་ཡིན་པ་གང་གིས་འཇོག ཚད་མ་གཞན་ཞིག་གིིས་ཚད་མར་འཇོག་གོ་ཞེ་ན། དེ་ཡང་ཚད་མ་གཞན་གྱིས་འགྲུབ་དགོས་པས་འཇོག་བྱེད་ཀྱི་ཚད་མ་ཐུག་མེད་དུ་ཐལ་བ་དང་། འཇོག་བྱེད་ཀྱི་ཚད་མ་ཐུག་མེད་དུ་འདོད་ན་ཡང་། ཚད་མ་སྔ་ཕྱི་དེ་རྣམས་ལས་ཚད་མ་དང་པོ་དེ་ཚད་མ་མ་ཡིན་པར་འགྱུར་ཏེ། འཇོག་བྱེད་ཀྱི་ཚད་མ་གཉིས་པ་དེས་ཚད་མ་དང་པོ་ཚད་མར་འཇོག་དགོས་ན་དེས་དང་པོ་དེ་ཚད་མར་འཇོག་མི་ནུས་པའི་ཕྱིར་ཏེ། ཁོ་རང་ཚད་མར་འཇོག་བྱེད་ཀྱི་ཚད་མ་གཞན་ཞིག་མེད་པའི་ཕྱིར། ཚད་མ་གསུམ་པ་དེའི་འཇོག་གོ་ཞེ་ན་ཡང་མི་འཐད་དེ། དེ་ལྟ་ན་བསྐལ་བ་དུ་མར་གནས་ཀྱང་ཚད་མ་སྔ་མ་དག་ཚད་མར་འགྲུབ་པར་མི་འགྱུར་བས་གཞལ་བྱ་ཚད་མས་འགྲུབ་ལ་ཚད་མ་ཚད་མ་གཞན་གྱིས་འགྲུབ་ཞེས་ཟེར་བ་ནི་མི་འཐད་པའི་བཤད་པའོ། །
ཀླུ་སྒྲུབ་དགོངས་རྒྱན་(འཕྲུལ་དེབ་༡༠༢)ལས་ཀྱང་། འོ་ན་ཚད་མ་བྱ་བ་ཅི་འདྲ་ཞིག་ཡོད། མིག་གིས་ཅེ་རེ་མཐོང་བའི་ཀ་བ་འདི་ཚད་མས་གྲུབ་པ་དང་དེ་ལྟར་མཐོང་བའི་བློ་དེ་ཚད་མ་ཨེ་ཡིན། ཡིན་ན་བློ་དེ་མི་བསླུ་བ་ཇི་ལྟར་ཐག་གཅོད་དགོས། ཀ་བ་ཡོད་མེད་ཐག་མ་ཆོད་བར་དུ་བློ་འདི་ཚད་མ་ཡིན་མིན་མི་ཤེས། བློ་འདི་ཚད་མ་ཡིན་མིན་ཐག་མ་ཆོད་བར་དུ་ཀ་བ་ཡོད་མེད་མི་ཤེས་པས། ནམ་ཞིག་ན་ཐག་ཆོད། ཀ་བ་ཡོད་པའི་རྒྱུ་མཚན་མིག་གིས་མཐོང་རྒྱུ་ཡོད། ལག་པས་རེག་རྒྱུ་ཡོད། གྲོགས་ཀྱིས་བལྟས་ན་ཡང་མཐོང་རྒྱུ་ཡོད་པའི་རྒྱུ་མཚན་འདི་ཡིན་སྙམ་ན། སྔར་སྨོས་པ་ལྟར་མིག་དང་ལག་པ་གཉིས་ཁ་མཐུན། དེའི་སྟེང་དུ་གྲོགས་པོ་ཡང་ཁ་མཐུན་པས་ཐག་བཅད་པར་འདུག་མོད། དེ་འདྲ་ལ་ཡིད་བརྟན་ཅི་ཞིག་ཡོད། ཞེས་དང་། དབུ་མ་ལ་འཇུག་པ་(འཕྲུལ་དེབ་༡༢)ལས། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །ཞེས་དང་། འདིའི་ཐད་ཀྱི་འཇུག་པ་རང་འགྲེལ་(འཕྲུལ་དེབ་༡༡༨)ལས། འཇིག་རྟེན་ཚད་མ་ཉིད་དུ་ཁས་བླངས་པ་ཡིན་པ་དང་། དེ་ཉིད་དེ་ཁོ་ན་ཉིད་མཐོང་བ་ཡིན་པའི་ཕྱིར་མ་རིག་པ་སྤངས་པ་ཡིན་པར་ཁས་བླང་བར་བྱ་དགོས་ན། གང་གི་ཕྱིར་བླུན་པོ་ནི་ཚད་མར་རིགས་པ་ཡང་མ་ཡིན་ནོ། །ཞེས་འཇིག་རྟེན་གྱི་བློ་དབང་ཤེས་ལ་སོགས་པ་ཚད་མར་ཁས་བླངས་ན་ནི་དེ་རྣམས་དེ་ཁོ་ན་ཉིད་ལ་ཚད་མར་ཁས་བླངས་དགོས་ལ། དེ་ལྟར་ན་སོ་སོ་སྐྱེ་བོས་དབང་ཤེས་ཀྱིས་གཟུགས་སོགས་མཐོང་བའི་ཚེ་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་སྤངས་པ་ཁས་བླང་དགོས་ཞེས་གསུངས་པ་དང་། དེ་ཡང་ཡིན་ཏེ། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་གསུངས་སོ། ། ལམ་རིམ་ཆེན་མོ་(འཕྲུལ་དེབ་༧༥༠)ལས་དྲངས།
ལོ་ཙཱ་བ་ཆེན་པོ་པ་ཚབ་ཀྱི་མཛད་པའི་དབུ་མ་རྩ་ཤེས་ཀྱི་ཊཱི་ཀ་སྒྲོན་མ་གསལ་བྱེད་(བླ་རུང་པར་མ་༣༨༣༩)ལས། ཁ་ཅིག་ཐ་སྙད་པའི་ཚད་མ་གྲགས་ཚོད་དུ་མཇལ་བ་དང་། དོན་དམ་འཇལ་བ་གཉིས་ཡོད་ཟེར་ན། མྱི་འཐད་དེ་ཐ་སྙད་པའི་ཚད་མར་འདོད་པ་དེས་རྟོགས་པའི་དོན་ལ་ཚད་མ་ཡིན་ཕན་ཆོད་ཚད་མ་གཞན་གྱིས་མི་གནོད་པས། དེ་ཡང་དག་ཏུ་འགྱུར་བས་ཐ་སྙད་པའི་ཚད་མ་ཞེས་པ་དང་གཉིས་མེད་ཀྱི། ཚད་མ་གཅིག་གྲུབ་ཕན་ཆད་དེའི་དོན་བདེན་པར་འགྱུར་བས་ན་ཚད་མ་གང་ཡང་མེད་དེ་ཁས་མི་ལེན་ཏོ། ཞེས་དང་ཁྱེད་གཞལ་བྱ་ཁས་མི་ལེན་ན་ཚད་མ་ཁས་ལེན་ནམ་མི་ལེན་ཞེ་ན། ངེད་ཚད་མ་ཁས་མི་ལེན་ཏེ། ཚད་མ་དང་གཞལ་བྱ་གཉིས་ཀ་རྩོད་བཟློག་ཏུ་བཀག་པས་ཏེ། ཚད་མ་ལ་གཞལ་བྱ་ཡོད་དགོས་པ་ལས་གཞལ་བྱ་མེད་པའི་ཕྱིར་རོ། ། ཞེས་པ་ནས། དོན་དམ་པའི་བདེན་པ་སྟོང་པ་ཉིད་ཅེས་པ་ཡང་དངོས་པོར་བདེན་པར་དགག་པའི་ཕྱིར་སྟོང་པར་བཤད་ཀྱི་ཚད་མས་གྲུབ་ནས་བཤད་པ་མ་ཡིན་ནོ། །ཞེས་གསུངས་སོ། །ཐ་སྙད་ཚད་གྲུབ་མི་འདོད་པ་དག་གི་དོན་གྱི་བསྙེགས་ས་ནི། ཐ་སྙད་པའི་དོན་གང་ཡང་གདགས་གཞིའི་ངོས་ནས་རིགས་པས་བཙལ་བ་ན་གདགས་གཞི་དེའི་གདགས་གཞི་ཡང་གང་ཡིན་སོགས་བརྒྱུད་མར་འཕུད་འདེད་བྱས་ཏེ་བཙལ་བའི་ཚེ་རི་བོང་གི་རྭ་ལྟར་ཡེ་མེད་འགྱུར་འགྲོ་བས་ཐ་སྙད་ཚད་གྲུབ་མི་འདོད་པ་ཡིན། དཔེར་ན་ཕུང་པོའི་སྟེང་ནས་གང་ཟག་བཙལ་བའི་ཚེ་གང་ཟག་དེའི་ཡན་ལག་དང་ཉིང་ལག་སོགས་གང་ཟག་གི་གདགས་གཞིའི་ཡིན་པའི་དབང་དུ་བྱས་ན་གདགས་གཞིའི་དེའི་གདགས་གཞི་སོགས་གང་ཡིན་དོན་དཔྱོད་ཀྱི་རིགས་པས་ཕུང་པོའི་གསེབ་ནས་བཙལ་ཚེ་ཡན་ལག་དང་ཉིང་ལག་སོགས་གང་ཡང་མི་རྙེད་པས་གདགས་གཞི་ཕུང་སོགས་ཀྱང་གཞི་མེད་རྩ་བྲལ་དུ་འགྲོ་བར་འདོད་པ་ཡིན། རྟོག་པས་སྣང་བ་ཙམ་དང་བཏགས་ཙམ་གྱིས་ཡོད་པར་འཇོག་པ་ནི་ཉེས་སྐྱོན་ཀུན་གྱི་འབྱུང་ཁུངས་མཐོང་བས་ཐ་སྙད་པའི་དོན་ལ་ཚད་མས་གྲུབ་པའི་ཡིད་རྟོན་ཅི་ཡང་མེད་ཅིང་། དོན་དཔྱོད་ཀྱི་རིགས་པས་ཆོས་དེའི་དེ་ཁོ་ན་ཉིད་ལ་དཔྱོད་པ་ན་ཆོས་དེའི་ངོ་བོ་ཁེགས་པའི་སྟེང་ནས་ཆོས་དེ་བདེན་མེད་དུ་རྙེད་དགོས་པས་ཐ་སྙད་ཚད་གྲུབ་འདོད་ན་ཆོས་རྣམས་བདེན་གྲུབ་ཏུ་མི་འདོད་བཞིན་དུ་ཁས་བླངས་དགོས་པའི་ཕྱིར་རོ། །
ས་བཅད་གཉིས་པ།
ཐ་སྙད་ཚད་གྲུབ་བཞེད་པའི་ཁུངས་འགོད་པ།
ཐ་སྙད་ཚད་གྲུབ་འདོད་པའི་ལུགས་འཆད་པ་ལ། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་(སྡེ་དགེ་བཀའ་འགྱུར་༡༩༩- ༡༢ ཤོག ༢༤༧) ལས། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ང་དང་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། ། གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། ། ཞེས་འཇིག་རྟེན་གྱི་ཐ་སྙད་ལ་གྲགས་པའི་དོན་ཡོད་པར་སྟོན་པས་ཞལ་གྱིས་བཞེས་པར་དང་། ཡབ་སྲས་མཇལ་བའི་མདོ་(སྡེ་དགེ་བཀའ་འགྱུར་༦༠-༡༦ཤོག་༦༠) ལས། འདི་ལྟར་དེ་བཞིན་བཤེགས་པའི་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དེ།ཞེས་བདེན་པ་གཉིས་ཀ་ཤེས་བར་བྱ་བའི་ཡུལ་ཡོད་པ་ཡིན་པར་གསུངས་པ་དང། རྩ་ཤེ་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། ། ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། ། ཆོས་འགའ་ཡོད་པ་མ་ཡན་ནོ། ། ཞེས་ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་ཡིན་པར་གསུངས་པ་དང་།བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་(ཝཱ་ཎ་པར་མ་༡༨༦)ལས། རྟོག་པ་མེད་པར་འདོད་ཆགས་ལ། །སོགས་པ་ཡོད་ཉིད་ཡོད་མིན་ན། །ཡང་དག་དོན་དེ་རྟོག་པ་ཞེས། །བློ་དང་ལྡན་པ་སུ་ཞིག་འཛིན། །ཞེས་བྱ་བ་སྨྲ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་ནི། །ཀུན་ཏུ་རྟོག་ལས་འབྱུང་བར་བཤད། །ཅེས་འབྱུང་བའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རྒྱུ་ནི་ཡུལ་རྣམས་ལ་ཚུལ་བཞིན་མ་ཡིན་པའི་རྟོག་པ་སྟེ། དེའི་ཕྱིར་གང་དག་རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དག་ནི་གོར་མ་ཆག་པར་ཐག་པ་བསྡོགས་པ་ལ་བརྟགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ། །གང་ཞིག་འདོད་ཆགས་ལ་སོགས་པ་རྣམས་ལ་རང་གི་ངོ་བོས་གྲུབ་པར་ཁས་ལེན་པ་དེ་ནི་ངེས་པར་རང་གི་ངོ་བོས་གྲུབ་པ་དང་འགལ་བར་རྟོག་པ་ལ་ལྟོས་ཏེ། སྐྱེ་བ་ཉིད་ཁས་བླང་བར་མི་བྱའོ། །ཞེས་ཆོས་རྣམས་རང་འཇོག་བྱེད་ཀྱི་རྟོག་པ་ལ་ལྟོས་ནས་ཡོད་པར་འཇོག་གི་ཐག་པ་སྦྲུལ་ལྟར་་རྟོག་པ་ལ་མ་ལྟོས་པར་རང་དབང་གིས་གྲུབ་པ་གང་ཡང་མེད་པར་གསུངས་པས་ཐ་སྙད་པའི་དོན་ཚད་མའི་གྲུབ་པའམ་ཡོད་པ་ཡིན་པར་ནི་བསྙོན་དུ་མེད་དོ།
ཐ་སྙད་ཚད་གྲུབ་ཀྱི་དོན་བཤད་པ།
འོ་ན་ཐ་སྙད་ཚད་གྲུབ་ཀྱི་དོན་འདོད་ཚུལ་ཇི་ལྟར་ཞེ་ན། ཐ་སྙད་ཀྱི་བདེན་པ་ལ་ཐ་སྙད་ཚད་གྲུབ་ཅེས་པ་དང་། ཐ་སྙད་པའི་དོན་ཡོད་པར་གྲུབ་པའམ་ཚད་མས་དམིགས་པ་ལ་ཐ་སྙད་ཚད་གྲུབ་ཅེས་པ་དང་། ཐ་སྙད་ཙམ་དུ་ཡོད་པའམ་ཀུན་རྫོབ་ཏུ་ཡོད་པ་ལ་ཐ་སྙད་ཚད་གྲུབ་ཏུ་འཇོག་པ་སོགས་ཆོས་གྲྭའི་བཤད་རྒྱུན་ན་མང་དུ་ཡོད་མོད། ཆོས་གང་ཡང་ཐ་སྙད་བཏགས་པའི་དོན་རིགས་པས་དཔྱད་པའི་ཚེ་གདགས་གཞི་ངོས་ནས་ཡུལ་སྟེང་དུ་གྲུབ་པ་ཅུང་ཟད་མེད་ནའང་དེ་ལྟར་མ་བརྟགས་མ་དཔྱད་པའི་ངང་ནས་ཐ་སྙད་པའི་བློ་སྐྱོན་མེད་ཀྱི་ངེས་ངོར་ཡོད་པར་གྲུབ་པ་ལ་ཐ་སྙད་ཚད་གྲུབ་ཏུ་འཇོག་པ་ཡིན་ནོ། །ཡང་ན་ཆོས་གང་ཡང་རྟོག་པས་བཏགས་པ་ལ་མ་ལྟོས་པར་གདགས་གཞིའི་རང་ངོས་ནས་ཅུང་ཟད་ཙམ་ཡང་གྲུབ་པ་མེད་ནའང་ཐ་སྙད་པའི་བྱ་བྱེད་ཀྱི་རྣམ་བཞག་སྐྱོན་མེད་འཇོག་ཏུ་རུང་བ་ཐམས་ཅད་ཐ་སྙད་ཚད་གྲུབ་ཏུ་འཇོག་གོ། དེས་ན་ཐ་སྙད་པའི་བདེན་པ་ཙམ་ལ་ཐ་སྙད་ཚད་གྲུབ་འཇོག་པ་ནི་ཁྱབ་ཆུང་བའི་སྐྱོན་ཡོད་ལ། ཐ་སྙད་པའི་དོན་ཡོད་པར་གྲུབ་པའམ་ཚད་མས་དམིགས་པ་ལ་ཐ་སྙད་ཚད་གྲུབ་ཏུ་འཇོག་པ་ཡང་གོ་བ་རགས་པའི་དབང་དུ་བྱས་པའོ། །
འོ་ན་ཐ་སྙད་ཚད་གྲུབ་ཅེས་པའི་ཐ་སྙད་དེ་གང་ལ་འཇོག་ཅེ་ན། རང་ཉིད་འཇོག་བྱེད་ཀྱི་བློ་རྟོག་བཅས་དང་རྟོག་མེད་འཛིན་སྟངས་ལ་གནོད་པ་མེད་པའི་ཡུལ་ཅན་ཐམས་ཅད་ལ་འདོད་པ་དང་། ཡང་ན་ཐ་སྙད་པའི་བྱ་བྱེད་ཀྱི་རྣམ་བཞག་སྐྱོན་མེད་དུ་རུང་བ་ལ་ཐ་སྙད་ཚད་གྲུབ་ཅེས་ཐ་སྙད་དུ་འཇོག་པ་གཉིས་ལས་སྔ་མ་ཡུལ་གྱི་དབང་དུ་བྱས་པ་དང་ཕྱི་མ་ཡུལ་ཅན་གྱི་དབང་དུ་བྱས་པ་གཉིས་ལས་གང་ལ་བཞག་ཀྱང་དོན་གྱི་ཁྱད་པར་ཅི་ཡང་མེད་དོ། །
སྐབས་འདིར་ཐ་སྙད་པའི་དོན་ཞེས་པ་ནི་དོན་དམ་བདེན་པ་དང་ཐ་སྙད་ཀྱི་བདེན་པ་གཉིས་སུ་ཕྱེ་བའི་ཐ་སྙད་ཀྱི་བདེན་པའམ་ཀུན་རྫོབ་བདེན་ཁོ་ན་ལ་མི་གོ་བར་རྟོག་པས་དབང་གིས་བཞག་པའི་དོན་ཐམས་ཅད་ལ་འཇོག་པས་ཀུན་རྫོབ་ཏུ་ཡོད་པ་དང་། ཐ་སྙད་དུ་ཡོད་པ་དང་། ཐ་སྙད་པའི་དོན་དང་། ཐ་སྙད་ཚད་གྲུབ་རྣམས་དོན་གཅིག་ཏུ་ཤེས་པར་བྱའོ། །གང་ཟག་དང་གང་ཟག་བདེན་པར་གྲུབ་པ། ཆོས་དང་བདེན་པར་གྲུབ་པ་གཉིས་ལྟ་བུ་མ་བརྟགས་མ་དཔྱད་པའི་ཐ་སྙད་པའི་བློའི་སྣང་ངོར་ཡོད་པར་མཚུངས་ཀྱང་དེ་ཙམ་གྱིས་ཐ་སྙད་དུ་ཡོད་པར་འཇོག་མི་ནུས་ཏེ། ཇི་ལྟར་སྣང་བཞིན་དུ་ཡོད་པ་ལ་ཚད་མ་གཞན་གྱིས་གནོད་མི་གནོད་ཀྱི་ཁྱད་པར་ཆེན་པོ་ཡོད་པས་གང་ཟག་དང་ཆོས་གཉིས་ཐ་སྙད་ཡོད་ཀྱང་དེ་གཉིས་བདེན་པར་གྲུབ་པ་ཐ་སྙད་དུ་ཡང་མེད་དོ། །དེ་ཡང་ཡིན་ཏེ། དྲང་ངེས་ལེགས་བཤད་སྙིང་པོ་(འཕྲུལ་དེབ་༢༥༡) ལས། དེས་ན་མྱུ་གུ་སྐྱེའོ་ཞེས་པ་དང་ངས་མཐོང་ངོ་ཞེས་པ་ལྟ་བུའི་ཆོས་དང་གང་ཟག་གི་ཐ་སྙད་དང༌། མྱུ་གུ་ས་བོན་རྫས་གཞན་ལས་སྐྱེའོ་ཞེས་པ་དང་རྫས་ཡོད་ཀྱི་བདག་གིས་མཐོང་ངོ་ཞེས་པའི་ཐ་སྙད་རྣམས་གང་ལ་ཐ་སྙད་བྱས་པའི་དོན་ཇི་ལྟར་ཡོད་པ་བཙལ་བ་ན་མི་རྙེད་པ་ལ་ཁྱད་པར་མེད་ཀྱང༌། ཇི་ལྟར་བཏགས་པ་བཞིན་གྱི་དོན་ཡོད་པ་ལ་ཚད་མ་གཞན་གྱིས་གནོད་མི་གནོད་ཤིན་ཏུ་ཁྱད་ཆེ་བས་སྔ་མ་གཉིས་ནི་ཐ་སྙད་དུ་ཡོད་ལ་ཕྱི་མ་གཉིས་ནི་ཐ་སྙད་དུ་ཡང་མེད་དོ། །ཞེས་གསུངས་སོ། །
ཐ་སྙད་ཚད་གྲུབ་ཏུ་འཇོག་པའི་ཁྱད་ཆོས་ཇི་ཡོད་ངོས་བཟུང་བ།
ཐ་སྙད་པའི་བློ་འཁྲུལ་ངོར་ཡོད་པ་ཙམ་ལ་ཐ་སྙད་དུ་ཡོད་པར་འཇོག་ན་སྒྲ་རྟག་པ་ལ་སོགས་པ་དག་ཀྱང་ཐ་སྙད་དུ་ཡོད་པར་འགྱུར་བས་ཐ་སྙད་ཚད་གྲུབ་ཏུ་འདོད་དགོས་ན་དེ་ཡང་མི་འཐད་པས་ཐ་སྙད་དུ་ཡོད་པ་ལ་ཁྱད་ཆོས་ཅི་ཙམ་ཞིག་ཚང་དགོས་ཤེ་ན། ལམ་རིམ་ཆེན་མོ་(ཝཱ་ཎའི་པར་མ་༦༢༧)ལས། དེ་ལ་ཐ་སྙད་དུ་ཡོད་པར་འདོད་པ་དང་མེད་པར་འདོད་ནི་ཇི་འདྲ་བ་ཞིག་གི་སྒོ་ནས་འཇོག་པ་ཡིན་ཞེ་ན། ཐ་སྙད་པའི་ཤེས་པ་གྲགས་པ་ཡིན་པ་དང་། ཇི་ལྟར་གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་མེད་པ་དང་། དེ་ཁོ་ཉིད་ལའང་རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པའི་གནོད་པ་མི་འབབ་པ་ཞིག་ནི་ཐ་སྙད་དུ་ཡོད་པར་འདོད་ལ། དེ་ལས་ལྡོག་པ་ནི་མེད་པར་འདོད་དོ། །ཞེས་ཐ་སྙད་ཚད་གྲུབ་བམ་ཐ་སྙད་དུ་ཡོད་པར་འདོད་པ་ལ་ཐ་སྙད་པའི་ཤེས་པ་ལ་གྲགས་པ་སྟེ་དེའི་སྣང་ངོར་གྲུབ་པ་དང་། ཇི་ལྟར་གྲགས་པའི་དོན་དེ་ལ་ཀུན་རྫོབ་ལ་དཔྱོད་པའི་ཚད་མ་གཞན་གྱིས་གནོད་པ་མེད་པ་དང་། དོན་དེ་ལ་ཡིན་ལུགས་ཇི་བཞིན་དཔྱོད་པའི་དོན་དམ་པའི་ཚད་མས་གནོད་པ་མེད་སྟེ་ཁྱད་ཆོས་གསུམ་མོ། །དེས་ན་སྒྲ་རྟག་པ་དང་། སྤྱི་གཙོ་བོ། སྤྱི་དོན་གཞན་སོགས་ནི་ཐ་སྙད་པའི་ཤེས་པ་ལ་གྲགས་པ་དང་། དོན་དམ་པའི་ཚད་མས་མི་གནོད་ཀྱང་། ཇི་ལྟར་གྲགས་པའི་དོན་ལ་ཐ་སྙད་པའི་ཚད་མ་གཞན་སྒྲ་མི་རྟག་པར་རྟོགས་པའི་ཚད་མ་ལ་སོགས་པས་གནོད་པས་དེ་རྣམས་ཐ་སྙད་དུ་ཡོད་པའམ་ཐ་སྙད་ཚད་གྲུབ་ཏུ་མི་འདོད་ལ། གང་ཟག་དང་ཆོས་བདེན་པར་གྲུབ་པ་ནི། ཇི་ལྟར་གྲགས་པའི་དོན་ལ་ཐ་སྙད་པའི་ཚད་མ་སྟེ་ཀུན་རྫོབ་ལ་དཔྱོད་པའི་ཚད་མ་གཞན་གྱིས་མི་གནོད་ཀྱང་དོན་དམ་པའི་ཚད་མ་གཞན་གྱིས་གནོད་པས་ཐ་སྙད་དུ་ཡོད་པའམ་ཐ་སྙད་ཚད་གྲུབ་ཏུ་མི་འདོད་དོ། །
རྩ་བའི་ས་བཅད་གཉིས་པ།
ཐ་སྙད་པའི་ཚད་མའི་ཡུལ་དང་བཅས་པ་ངོས་བཟུང་བ།
ཐ་སྙད་པའི་ཚད་མ་ཡུལ་དང་བཅས་པ་ངོས་བཟུང་བ་ནི། སྐབས་འདིར་ཐ་སྙད་པའི་ཚད་མ་ཞེས་པ་ནི། དོན་དམ་པའི་ཚད་མའི་ཟླས་དྲངས་པའི་ཐ་སྙད་པའི་ཚད་མ་ཙམ་ལ་མི་འདོད་པར་ཆོས་གང་ཡིན་ཡང་རང་འཇོག་བྱེད་ཀྱི་བློ་འཛིན་སྟངས་ཀྱི་ཡུལ་ལ་གནོད་པ་མེད་པའི་རྟོག་བཅས་དང་རྟོག་མེད་ཐམས་ལ་འདོད་པ་ཡིན་པས་ཚད་མ་ཡིན་ན་ཐ་སྙད་པའི་ཚད་མ་ཡིན་དགོས་ཤིང་། དེ་ལྟར་ན་དེའི་ཡུལ་གྱི་གཙོ་བོ་ལའང་བདེན་པ་གཉིས་ཀ་འོང་བས་དེའི་ཡུལ་ལ་ཐ་སྙད་ཀྱི་བདེན་པའམ་ཀུན་རྫོབ་བདེན་པ་ཡིན་པས་ངེས་པ་མེད་དོ། །དེས་ན་ཐ་སྙད་པའི་ཚད་མ་ནི་རྟོག་བཅས་རྟོག་མེད་ཀྱི་ཚད་མ་ཐམས་ཅད་ཡིན་ལ་དེའི་ཡུལ་ནི་རང་འདོགས་བྱེད་ཀྱི་བློའི་དབང་གིས་བཞག་པའི་ཀུན་རྫོབ་ཏུ་ཡོད་པའི་ཆོས་ཐམས་ཅད་ཡིན་ནོ། །བདེན་གཉིས་ཀྱི་ཆོས་གང་ཡིན་ཡང་རང་འཇོག་བྱེད་ཀྱི་ཚད་མ་ལ་ཐ་སྙད་པའི་ཚད་མ་ཞེས་པའི་མིང་བརྗོད་པ་ནི་འདི་བུམ་པའོ་ཞེས་དང་འདི་བུམ་པའི་ཆོས་ཉིད་དོ་ཞེས་ཐ་སྙད་འདོགས་པའམ་ཐ་སྙད་སྦྱར་སའི་གཞི་གྱུར་བས་དེ་དག་འཇོག་བྱེད་ཀྱི་བློ་ཚད་མ་ལ་ཐ་སྙད་པའི་ཚད་མ་ཞེས་བརྗོད་ཀྱི་གནས་ལུགས་ལ་མ་བརྟགས་མ་དཔྱད་པའི་བློ་ཙམ་ལ་ཐ་སྙད་པའི་ཚད་མར་མི་འདོད་དོ། །
དོན་དམ་པའི་ཚད་མའི་ཟླས་དྲངས་པའི་ཐ་སྙད་པའི་ཚད་མ་ནི་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་ཉིད་ལ་འཇོག་ཅིང་དེའི་ཡུལ་གྱི་གཙོ་བོ་ནི་རང་འཇོག་བྱེད་ཀྱི་ཚད་མ་རང་རྟོགས་པའི་ཆ་ནས་ཐ་སྙད་པའི་ཚད་མར་སོང་བ་ཞིག་ལ་འཇོག་པས་དེའི་རྙེད་དོན་གཙོ་བོ་ལ་ཐ་སྙད་བདེན་པའམ་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་བོ། །དབུ་མ་ལ་འཇུག་པ་(འཕྲུལ་དེབ༡༢)ལས། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་པ་གནད་གཅིག་གོ།
ཐ་སྙད་བདེན་པ་དང་ཀུན་རྫོབ་བདེན་པ་དོན་གཅིག་ཀྱང་ཐ་སྙད་བདེན་པ་ཞེས་པའི་ཐ་སྙད་དང་ཀུན་རྫོབ་བདེན་པ་ཞེས་ཀུན་རྫོབ་གཉིས་དོན་མི་གཅིག་སྟེ། དང་པོ་ནི་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་ལ་འཇོག་ཅིང་། གཉིས་པ་ནི་གནས་ལུགས་སྒྲིབ་བྱེད་ཀྱི་བློ་ཀུན་རྫོབ་པ་བདེན་འཛིན་ཉིད་ལ་འཇོག་དགོས་པའི་ཕྱིར་རོ། །དགེ་ལེགས་སུ་འཕེལ་བར་གྱུར་ཅིག།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
ཕྱག་ན་པད་མོ་བསྟན་འཛིན་རྒྱ་མཚོ་ཡི། །
སྐུ་ཚེ་སྐལ་བརྒྱར་བར་དུ་བརྟན་གྱུར་ཅིག།
ཅེས་པ་འདི་ནི་༢༠༢༠ ལོའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་བགྲེས་པ་རྣམས་ལ་ནང་ཆོས་གཙོས་པའི་བོད་རིག་པའི་གཞུང་ལུགས་ཐོག་ཟབ་སྦྱོང་འབུལ་སྐབས་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་ཕྱི་ཟླ་ ༡ ཚེས་ ༢༤ ཉིན་དགའ་བྱང་དགེ་བཤེས་ལྷ་རམས་པ་བསོད་ནམས་རྒྱ་མཚོས་བྲིས་པ་དགེའོ། །རེ་ཞིག་གྲུབ་པར་བྱས་སོ། །
– – – – –