ནང་དོན་གནད་བསྡུས། རྩོམ་ཡིག་འདིར་ཚན་རིག་པའི་འདོད་པའི་ཀླད་པ་དང་སེམས་ཀྱི་སྐོར། ནང་པའི་གཞུང་ནས་བཤད་པའི་སེམས་ཞེས་པ་གང་འདྲ་ཞིག་ཏུ་འདོད་མིན། གནའ་བོའི་གྷི་རི་སིའི་མཁས་པ་དང་། ནུབ་ཕྱོགས་ཀྱི་སེམས་གཙོ་སྨྲ་བའི་འདོད་ཚུལ། གལ་སྲིད་ཀླད་པ་ལས་ལོགས་སུ་སེམས་མེད་ན་སྐྱོན་དང་ཡོན་ཏན་ཅི་ཡོད་བཅས་ཀྱི་སྐོར་ལ་དཔྱད་གཞིའི་རྒྱུ་ཆ་ཚད་ལྡན་དག་གཞི་རྩར་བཟུང་། རིགས་པ་དང་གཏན་ཚིགས་གཙོ་གནད་དུ་བཟུང་སྟེ་ཞིབ་འཇུག་བྱས་ཤིང་། དེང་རབས་ཞིབ་འཇུག་རྩོམ་ཡིག་འབྲི་སྟངས་དང་མཐུན་པར་བྲིས་ཡོད།
གནད་ཚིག སེམས། ཀླད་པ།
སྔོན་གླེང་།
སྤྱི་ཚོགས་ཀྱི་གནས་བབ། འགྲོ་བ་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་དུ་སེམས་དང་ཀླད་པ་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་། དཔྱད་ཞིབ་བྱེད་མིན་ལ་མ་བལྟོས་པར། གནས་ཚུལ་གང་ཞིག་ཐག་གཅོད་བྱེད་པ་དང་། སློབ་སྦྱོང་བྱེད་པ། དམིགས་ཡུལ་འཛིན་པ། ཡར་རྒྱས་གཏོང་བ་སོགས་ཀྱི་བྱ་སྤྱོད་རེ་རེའི་རྒྱབ་ལྗོངས་ན་སེམས་སམ་ཀླད་པའི་སྟངས་འཛིན་རེ་རེ་ཡོད་པ་མ་ཟད། དེ་དག་རེ་རེས་ཚོད་འཛིན་བྱེད་བཞིན་ཡོད་པ་མངོན་གསལ་ཡིན། ཀླད་སེམས་གང་རུང་མ་ཡིན་པའི་ནུས་པ་གཞན་ཞིག་ཡོད་ཀྱང་སྲིད། ཐ་ན་དེ་རིང་ཞོགས་ཟས་ཅི་ཞིག་ཟ་དགོས་མིན་དང་། དགོང་མོ་ཆུ་ཚོད་ག་དུས་ཉལ་དགོས་མིན་སོགས་ཀྱང་སེམས་སམ་ཀླད་པའི་སྟངས་འཛིན་གྱི་གནས་སྟངས་ལ་རག་ལུས་ཡོད།
རྒྱུ་མཚན་འདི་དག་ལ་བརྟེན་ནས་སེམས་དང་ཀླད་པར་ཞིབ་འཇུག་བྱེད་དགོས་པ་ནི་སྤྱི་ཚོགས་ཀྱི་གནས་བབ་ཀྱི་ངོས་ནས་བལྟས་ན་ཧ་ཅང་གལ་ཆེན་ཞིག་ཡིན། གནའ་བོའི་མི་རྣམས་ཀྱིས་སེམས་ཞེས་པ་བསམ་གྱི་མི་ཁྱབ་པའི་ནུས་པ་ཞིག་ཡོད་ཅིང་། དེ་ཉིད་ལུས་ཀྱི་སྙིང་ཁར་གནས་པར་ཡིད་ཆེས་བྱེད། ཡིད་ཆེས་དེ་ལ་བརྟེན་ནས་བརྩེ་སེམས་ཀྱི་མཚོན་དོན་དུ་སྙིང་གི་དབྱིབས་གཟུགས་འབྲི་བར་བྱེད། ནང་པའི་སྔགས་ཀྱི་གཞུང་དང་། བོད་ཀྱི་གསོ་རིག་གི་གཞུང་ནས་ཀྱང་སེམས་གནས་ས་གལ་ཆེན་ཞིག་ནི་སྙིང་ཡིན་པར་བཤད་ཡོད། བརྩེ་སེམས་ཀྱི་མཚོན་དོན་དུ་སྙིང་དབྱིབས་འབྲི་བའི་རྒྱུན་སྲོལ་དེ་ནི་ཚན་རིག་པས་སེམས་ཞེས་པ་ཀླད་པའི་རྫས་ཤིག་ལས་ལོགས་སུ་མེད་པར་ཡིད་ཆེས་བྱེད་པའི་དེང་གི་སྐབས་སུ་ཡང་རྒྱུན་འཛིན་བྱེད་བཞིན་ཡོད།
ཞིབ་འཇུག་གི་གནས་བབ། སེམས་ཞེས་པ་ཅི་ཞིག་ཡིན་ནམ། ཀླད་པ་ཞེས་པ་ཅི་ཞིག་ཡིན་ནམ། དེ་དག་གི་ཁྱད་པར་དང་བྱེད་ལས་ཅི་འདྲ་ཞིག་ཡོད་དམ། ཞེས་པ་ལ་སོགས་པའི་དྲི་བ་འདི་དག་ནི། སྔོན་གྱི[1]གྷི་རི་སིའི་Greece ཤེས་རིག་གི་དུས་སྐབས་ཏེ། ཕྱི་ལོའི་སྔོན་གྱི་ལོ(400bc) བཞི་བརྒྱ་ཡས་མས་ནས་བྱུང་བར་གྲགས།
དེ་བཞིན་ཕྱི་ལོའི་སྔོན་གྱི་ལོ་བདུན་བརྒྱ་ཡས་མས་སུ་བྱུང་བར་གྲགས་པའི་སེར་སྐྱ་བའམ་གྲངས་ཅན་གྱི་གཞུང་ལུགས་དང་། ཕྱི་ལོའི་སྔོན་གྱི་ལོ་623bc ནས 543bc བར་བྱོན་པའི[2]སྟོན་པ་སངས་རྒྱས་ཀྱི་སྐབས་སོགས་ནས་ཀྱང་བྱུང་ཡོད། སྐབས་དུས་དེ་དང་དེར་མཁས་པ་སོ་སོའི་རིགས་པ་དང་རྣམ་དཔྱོད་ཀྱིས་དྲི་བ་འདི་དག་གི་ལན་ལ་ངོས་འཛིན་མི་འདྲ་བ་དང་། འགྲེལ་བཤད་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་པ་མ་ཟད། དུས་རབས་ཉེར་གཅིག་པའི་དུས་སྐབས་འདིར་ཡང་། དྲི་བ་འདི་དག་ལ་གཅིག་མཐུན་གྱི་ལན་ཞིག་མེད།
དེང་གི་ཚན་རིག་པས་སེམས་ཞེས་པ་ཀླད་རྩའི་ཆ་ཤས་ཙམ་ཞིག་ལ་ངོས་འཛིན་བྱེད། ནང་བའི་གཞུང་ལུགས་ལས་སེམས་ཞེས་པ་ཀླད་པ་ལས་ཟུར་དུ་ཡོད་པ་མ་ཟད་གཟུགས་ཅན་ལས་འདས་པའི་དངོས་པོ་གསལ་རིག་ཞིག་ལ་ངོས་འཛིན་བྱེད། དེ་ལྟར་གནའ་བོའི་གྷི་རི་སི་དང་། གྲངས་ཅན་པ། སྟོན་པ་སངས་རྒྱས། ནུབ་ཕྱོགས་སེམས་གཙོ་སྨྲ་བ། གནའ་དེང་གི་ཚན་རིག་པ་སོགས་ཀྱི་སྐབས་ནས་ད་ལྟའི་བར། རྩོད་གླེང་དང་། དགག་སྒྲུབ་སྣ་ཚོགས་ཤིག་གིས་དྲི་བ་འདི་དག་གི་ལན་འཚོལ་ཞིབ་བྱས་ཤིང་། རང་རང་གི་སྒྲུབ་བྱེད་དང་། གཞུང་ལུགས་གཞིར་བཞག་གིས་གྲུབ་དོན་གཏན་འབེབས་བྱས་ཡོད།
དེ་དག་མདོར་བསྡུས་ན། གྲུབ་དོན་གཙོ་བོ་གསུམ་ཡོད་དེ། གཅིག སེམས་ཞེས་པ་སྙིང་གི་དབུས་སུ་ཡོད་པ་དང་། དེ་ལ་བསམ་གྱི་མི་ཁྱབ་པའི་ནུས་པ་ཡོད་པ། གཉིས། སེམས་ཞེས་པ་གཟུགས་ཅན་ལས་འདས་པའི་གསལ་རིག་གི་ངོ་བོ་ཞིག་ཡིན་པ་དང་། དེས་ཡུལ་རྟོགས་པ། འགྲོ་བ་མི་གཙོ་བོར་བྱས་པའི་སེམས་ལྡན་ཡོད་དོ་ལྕོགས་དེས་དབང་སྒྱུར་བྱེད་པ། གསུམ། སེམས་ཞེས་པ་ནི་ཀླད་པའི་ཆ་ཤས་ཤིག་གམ་ཀླད་པའི་མངོན་ཐོན་གྱི་ཁྱད་ཆོས་ཤིག་ཡིན་པ་ལས་གཟུགས་མེད་ཀྱི་ངོ་བོ་ཞིག་མ་ཡིན་པ་བཅས་ཀྱི་ནང་དུ་འདུས་ཡོད་སྙམ། འདི་ནི་ད་ལྟའི་བར་དུ་བྱུང་བའི་སེམས་དང་ཀླད་པའི་སྐོར་གྱི་ཞིབ་འཇུག་གི་གནས་བབ་མདོར་བསྡུས་པ་ཙམ་ཞིག་ཡིན།
རྒྱུ་ཆའི་གནས་བབ། རྩོམ་ཡིག་འདིའི་རྒྱུ་ཆ་ལ་མཚོན་ན། ནང་པ་སངས་རྒྱས་པའི་རིག་པའི་གཞུང་ལུགས་ཁག་ལས་སེམས་ཀྱི་སྐོར་གཙོར་བོར་བརྗོད་བྱར་བྱས་པའི། མངོན་པ་དང་། ཚད་མའི་གཞུང་གི[3]གྲུབ་མཐའ་རིས་མེད་ཀྱི་དཔེ་དེབ་ཁག་ཅིག་དང་། སློབ་དཔོན་ཆེན་མོ་ཇེ་གྷར་ཕིལ་ཌ་ནི་ Jay L Garfield ལགས་ཀྱིས་བརྩམས་པའི་ནུབ་ཕྱོགས་པའི་སེམས་གཙོ་སྨྲ་བའི་གྲུབ་མཐའ་བརྗོད་གཞིར་བྱས་པའི་དཔེ་དེབ(ནུབ་ཕྱོགས་པའི་སེམས་གཙོའི་གྲུབ་མཐའ་དང་དེར་རྒོལ་བ་རྣམས་ཀྱི་ལུགས།) ཞེས་པ་དང་། དེ་བཞིན་དུ༧གོང་ས་མཆོག་དང་ཚན་རིག་པ་ལྷན་དུ་བགྲོ་གླེང་བྱས་པའི་དཔེ་དེབ་ཁག ༧གོང་ས་མཆོག་གི་གསུང་རྩོམ་གྲགས་ཅན(རྡུལ་རྙེད་འཇིག་རྟེན།) རྩོམ་པ་པོ་ཝིག་ཊར་མན་སི་ཕིལ་ལགས་ཀྱི་ནང་ཆོས་དང་ཚན་རིག་སྐོར་བརྗོད་གཞིར་བྱས་པའི་དཔེ་དེབ་འགའ། རྩོམ་པོ་སྦི་ཨེ་ལེན་ཝེ་ལེ་སི་ལགས་ཀྱིས་བརྩམས་པའི་ནང་ཆོས་དང་ཚན་རིག་སྐོར་གྱི་དཔེ་དེབ་གཉིས། དེ་བཞིན་དུ་ཚན་རིག་གི་དུས་དེབ་ཁག་དང་། ༧གོང་ས་མཆོག་དང་ཧ་ཝར་ཌིས་བརྩམས་པའི(བདེ་སྐྱིད་ཀྱི་བསྟན་བཅོས། དཀའ་རྙོག་གི་འཇིག་རྟེན་ཞིག་ཏུ།) ཞེས་པ་དང་། ཚན་རིག་དང་འབྲེལ་བའི་གནས་ཚུལ་བཀོད་པའི་དུས་དེབ་སོགས་ཡིན། རྒྱུ་ཆ་འདི་དག་གིས་ད་གཟོད་རྩོམ་ཡིག་འདི་འབྲི་བའི་རྨང་གཞི་འདང་ངེས་ཤིག་བསྐྲུན་ཡོད།
ཚན་རིག་པའི་འདོད་པའི་ཀླད་པ།
ང་ཚོས་ཀླད་པའི་བྱ་སྤྱོད་ལས་ལོགས་སུ་སེམས་ཟེར་བ་ཞིག་མེད་ན་དགེ་སྐྱོན་གང་ཡོད་དམ་ཞེས་པའི་དྲི་བ་འདིའི་ལན་འདེབས་པ་ལ། ཐོག་མར་ཀླད་པ་ཞེས་པ་དང་། སེམས་ཞེས་པ་ཅི་ཞིག་ཡིན་ཤེས་དགོས། དེ་ཡང་ཀླད་པའམ་ཀླད་པའི་བྱ་སྤྱོད་ཀྱིས་ཡུལ་ཤེས་པ་དང་། གནད་དོན་ཐག་གཅོད་བྱེད་པ་སོགས་ཀྱི་རྣམ་བཞག་བྱེད་མཁན་ནི་ཚན་རིག་པ་དག་ཡིན་པས་ཚན་རིག་པས་ངོས་འཛིན་བྱས་པའི་ཀླད་པའི་སྐོར་ཅུང་ཙམ་ཞིག་འདིར་གླེང་ན་འོས་ཤིང་འཚམས། འོན་ཀྱང་ཚན་རིག་པ་སྒེར་བ་ལྟ་ཚུལ་འདི་ཁས་མི་ལེན་མཁན་ཡང་ཡོད།
ཚན་རིག་པ་དག་གིས་བཤད་སྟངས་ལྟར་བྱས་ན། ཀླད་པ་ནི་རྩ་ཕྲན་སྣ་ཚོགས་ཀྱིས་གྲུབ་པའི་གོང་བུ་ཞིག་ཡིན། ཀླད་པའི་རྩ་ཕྲན་རེ་རེ་ལ་ནུས་པ་རེ་རེ་ཡོད། བརྡ་ལེན་དབང་རྩ་དག་གིས་བརྡའམ་གནས་ཚུལ་གང་ཞིག་བླངས་རྗེས་དབང་རྩ་ཕྲ་མོ་དག་བརྒྱུད་ནས་ཀླད་པའི་གནས་སུ་བསྐྱལ་རྗེས། ཀླད་པའི་རྩ་ཕྲན་དག་གམ་ཀླད་པའི་ནུས་པ་ཁྱད་པར་ཅན་ཞིག་གིས་གནས་ཚུལ་སོ་སོར་ཤེས་པར་བྱེད།
དེ་བས་གང་ཞིག་ཤེས་པར་བྱེད་མཁན་ནི་ཀླད་པའམ་ཀླད་པའི་མངོན་ཐོན་གྱི་ཁྱད་ཆོས་གཟུགས་དག་ཡིན། ཀླད་པའི་གནས་སོ་སོ་ལ་གནས་ཚུལ་མ་འདྲ་བ་ཤེས་པར་བྱེད་པའི་བྱེད་ནུས་ཡོད། དཔེར་ན། ཁམ་འབྲས་ཀྱི་དབྱིབས་དང་འདྲ་བའི་ཁམ་ཙིག་ཀླད་ཞོ Amygdala ནི་ཆགས་སྡང་གི་ཚོར་བ་སྐྱེ་བའི་གནས་གཙོ་བོ་དེ་ཡིན། འགྲོ་བ་མིའི་ཐུན་མོང་མ་མིན་པའི་ཀླད་པའི་ཁྱད་ཆོས་གཙོ་བོ་གཞན་ཞིག་ནི་ཀླད་ཆེན་ཀླད་ཤུན Cerebral cortex འདི་ཡིན། འདིས་གཏན་ཚིགས་དང་དཔྱད་པ་བྱེད་པ། རྒྱུ་མཚན་འདྲེན་པ་སོགས་ཀྱི་ལས་བྱེད་ཀྱི་ཡོད། དེ་བཞིན་དུ་སྔར་མྱོང་བ་དྲན་པའི་ཀླད་རྩ་དང་། སྔོན་པོ་མཐོང་བའི་ཀླད་རྩ། ཟས་ཀྱི་དྲོ་བ་ཚོར་བའི་དབང་རྩ་སོགས་ཀླད་པའི་གནས་སོ་སོར་ཡོད།
མདོར་ན། ཚན་རིག་གིས་རྡུལ་ཕྲན་ལས་མ་གྲུབ་པའི་ཤེས་པ་ཟེར་བའི་དངོས་པོ་ཞིག་ཡོད་པར་མི་འདོད། ཤེས་པའང་ཀླད་པའི་ཆ་ཤས་ཆུང་ཆུང་ཞིག་ཡིན། ནུབ་ཕྱོགས་ཀྱི་རྩོམ་པོ་གྲགས་ཅན་ཧ་ཝར་ཌི Howard C.Cutler ལགས་ཀྱིས[4]“མིག་གིས་རང་གིས་ཅི་ཞིག་མཐོང་བཞིན་པ་མི་ཤེས་ཤིང་། དེའི་བྱེད་ལས་ནི་ང་ཚོའི་ཉེ་འཁོར་ནས་སྣང་བའི་ཆོས་ཐམས་ཅད། དབྱིབས་དང་། ཁ་དོག་ད་དུང་བཀྲག་མདངས་ཏེ་འོད་དང་མུན་པ་སོགས་ཀྱི་རྣམ་པ་རུ་འཛིན་རྒྱུ་ཙམ་ཡིན་ཞིང་། ཅི་ཞིག་སྣང་བཞིན་པ་རང་ཉིད་ལ་བཤད་མཁན་ཀླད་པ་ཡིན་པར་མ་ཟད། སྣང་བའི་ཆོས་ཐམས་ཅད་ལ་མིང་དང་དོན་སྦྱོར་མཁན་ཡང་ཀླད་པ་ཡིན། ཀླད་པས་ད་དུང་ང་ཚོར་ཅི་ཞིག་སྣང་བཞིན་པ་དེ་གོ་བདེ་རུ་གཏོང་བ་སྟེ། མིག་ཤེས་ལ་སྣང་བའི་ཡུལ་ཞིག་གི་ཆ་ཤས་མང་པོ་འདོར་ལེན་གྱིས་དེའི་ཐོག་མའི་མཐོང་སྣང་ཁག་ཅིག་འགྲུབ་པར་བྱེད་ཅིང་། མཐོང་སྣང་དེ་དག་སྤྱིར་བཏང་གི་སྡེ་ཚན་ཁག་ཅིག་ཏུ་དྲིལ་ཏེ། ང་ཚོས་ཤེས་དགོས་པ་གང་དག་ཡིན་པ་ཐག་གཅོད་པ་རེད།” ཅེས་བཤད། འདིས་ནི་ཚན་རིག་གིས་སེམས་ཞེས་པ་ཀླད་པ་རང་ལ་ངོས་འཛིན་བྱེད་པ་དང་། ཀླད་པས་ཡུལ་ཇི་ལྟར་རྟོགས་ཚུལ་གྱི་རྣམ་གཞག་ཅིག་གསལ་སྟོན་བྱེད་ཀྱི་ཡོད།
ནང་པའི་འདོད་པའི་ཀླད་པ།
ནང་པའི་གཞུང་ལུགས་ལས་ཀླད་པའི་སྐོར་བཤད་པ་ནི། མདོ་རྒྱུད་མང་པོ་ལས་འབྱུང་མོད། དེ་དག་ལ་གཞི་བྱས་ནས་གསལ་བོར་བཤད་པ་ནི། སྨན་གཞུང་ཁག་ཡིན། དེ་དག་ལས་ཀྱང་གསལ་ཤོས་ཤིག་ནི། དུས་རབས་བརྒྱད་པའི་ནང་དུ་བྱོན་པའི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཕྱི་ལོ་ 768-840 ཡས་མས་སུ་མཛད་པའི་བཤད་རྒྱུད་ལེའུ་བཞི་པའི་སྐབས་སུ་ཀླད་པའི་གནས་ལུགས་སྐོར་དང་། ཀླད་པའི་རྩ་དག་གི་བྱེད་ལས་གཏན་འབེབས་སོགས་བྱས་ཡོད།
དེ་ཡང་དཔེ་མཚོན་ཙམ་བཀོད་ན། དེ་ཉིད་ལས། [5]“དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ།།ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར།། ཞེས་དང་། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ།། སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར།།” ཞེས་གསལ། དེར་དབང་ཤེས་དག་གི་རྟེན་དབང་རྩ་དང་ཀླད་གནས་རྣམས་ངོས་འཛིན་བྱས་ཡོད་མོད། ཡིད་ཤེས་དག་ནི་ཀླད་རྩ་དང་འབྲེལ་བ་ཡོད་མེད་སྐོར་ཁ་གསལ་བྱུང་མེད་པར་སྣང་།
དེར་མ་ཟད་དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ཡ་གྱལ་བདུད་རྩི་ཡོན་ཏན་གྱི་ཕྱོགས་སུ་གཏོགས་པ་ལེའུ་ཉེར་བདུན་གྱི་བདག་ཉིད་ཅན་བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བའི་རྒྱུད་ལས། “སེམས་ཀྱི་བཅུད་ཀླད་པ་སྟེ།” ཞེས་གསུང་ཡོད་ཅེས [6](ཀླད་ཆེན་དང་སེམས་ཀྱི་འབྲེལ་བར་དཔྱད་པ།) ཞེས་པའི་དཔེ་དེབ་ཏུ་དྲངས་ཡོད། འདིས་ནང་པའི་གཞུང་ནས་སེམས་ཀླད་པ་དང་། ཀླད་པ་སེམས་ལས་ལོགས་སུ་མེད་པར་མི་བཞེད་མོད། འོན་ཀྱང་སེམས་དང་ཀླད་པའི་བར་ལ་འབྲེལ་བ་ཞིག་ཡོད་པར་སྟོན་ཀྱི་ཡོད། དེ་བཞིན་དུ་བོད་ཀྱི་གསོ་རིག་གི་གཞུང་དུ། གཟུགས། སྒྲ། དྲི། རོ། རེག་སོགས་འཛིན་པའི་དབང་རྩ་ཀླད་པའི་གནས་གང་དུ་ཡོད་ངོས་འཛིན་བྱས་ཡོད། འདིའི་གནད་དོན་དངོས་ནི་དབང་ཤེས་ཀླད་པ་ཡིན་པ་དེ་མ་ཡིན་པར་གཟུགས་ཅན་གྱི་ཆོས་ལ་བརྟེན་ཚབ་ཆེ་བའི་དབང་ཤེས་རྣམས་ཀླད་པའི་རྩ་སོགས་ལ་བརྟེན་ནས་ལས་བྱེད་པ་ལ་འཇུག་པར་གསལ་སྟོན་བྱེད་ཀྱི་ཡོད།
མདོར་ན། ནང་པས་ཀླད་པ་ལས་ལོགས་སུ་སེམས་སམ་ཤེས་པ་ཞིག་ཡོད་པ་དང་། དེས་ཡུལ་རྟོགས་པ་སོགས་ཀྱི་ལས་བྱེད་པར་རྒྱུ་མཚན་དང་བཅས་བརྗོད་པར་བྱེད་མོད། ཡིད་ཤེས་ལས་གཞན་གཟུགས་ཅན་ལ་ཤུགས་ཆེར་བརྟེན་པའི་དབང་པོའི་ཤེས་པ་རྣམས་དབང་པོ་གཟུགས་ཅན་པ་གང་རུང་ཞིག་ལ་གཙོ་བོར་བརྟེན་ནས་ཡུལ་རིག་པ་ལ་འཇུག་པར་སྨྲ། དབང་ཤེས་གང་ལ་རྟེན་པའི་གཟུགས་ཅན་གྱི་ཆོས་རྣམས་ཀྱི་ཁོངས་སུ་ཀླད་པ་དང་། དབང་རྩ་དག་ཀྱང་འདུས་པར་མ་ཟད། སྐབས་རེར་ཀླད་རྩ་དག་དབང་ཤེས་ཀྱི་རྟེན་གཙོ་བོ་ཡིན་སྲིད་ཅེས་གསལ་སྟོན་བྱེད་ཀྱི་ཡོད། དབང་ཤེས་ལས་གཞན་ཡིད་ཤེས་ནི་གཟུགས་ཀྱི་ཆོས་གཞན་ལ་མི་བརྟེན་པར་རང་སྟོབས་ཀྱིས་འཇུག་པ་ཞིག་ལ་འདོད་པས་གཟུགས་ཅན་ལ་བརྟེན་མི་དགོས་པར་འདོད་པས་ནང་པའི་ཤེས་པའི་ཁྱད་ཆོས་གཙོ་བོ་འདི་ནས་ཐོན་གྱི་ཡོད།
གནའ་བོའི་གྷི་རི་སིའི་ Greece མཁས་པས་འདོད་པའི་སེམས།
སེམས་སམ་རྣམ་ཤེས་ཞེས་པ་དེ་ཇི་ལྟར་འདོད་པའི་སྐོར་ལ་སྤྱིའི་ཆ་ནས་བཤད་སྟངས་ཁ་ཤས་ཤིག་ཡོད། དེ་དག་ཕྱོགས་གཅིག་ཏུ་དྲིལ་ནས་བསྡོམས་སུ་བྱས་ན། གནའ་བོའི་གྷི་རི་སིའི་མཁས་པ་དང་། ནུབ་ཕྱོགས་ཀྱི་སེམས་གཙོ་སྨྲ་བ། ནང་པའི་ལྟ་གྲུབ་སྨྲ་བ་བཅས་ཀྱི་འདོད་ཚུལ་རྣམས་སུ་ཕལ་ཆེར་འདུས་པ་ཡིན།
གནའ་བོའི་གྷི་རི་སིའི་ལྟ་གྲུབ་སྨྲ་བ་ཕེ་ཌོ (Phaedo) ཡིས་ཕྱི་ལོའི་གོང་གི་ལོ (400bc ནས་ 300bc) བཞི་བརྒྱ་ནས་སུམ་བརྒྱའི་བར་གྱི་རང་གི་ལྟ་གྲུབ་སྙིང་དོན་བྲིས་པའི་རྩོམ་ཡིག (སེམས་ཀྱི་རང་བཞིན་ལ་དཔྱད་པ།) ཞེས་པ་ལས་གསལ་བ་ལྟར་ན། སེམས་ལ་དབང་ཤེས་དང་། རྣམ་ཤེས་གཉིས་སུ་ཕྱེ་ཞིང་། དབང་ཤེས་རྣམས་ནི་དངོས་པོའི་བདེན་པ་དངོས་མཐོང་བ་ལ་གེགས་བྱེད་མཁན་དང་། ཕྱི་རོལ་གྱི་འཇིག་རྟེན་ལ་གཡེང་བར་བྱེད་མཁན་ཞིག་ཡིན།
བདེན་དོན་དངོས་མཐོང་མཁན་ནི་རྣམ་ཤེས་སམ་ཡིད་ཤེས་ཡིན་པས་མཁས་པ་དང་ལྟ་གྲུབ་སྨྲ་བ་རྣམས་ཀྱིས་རྣམ་ཤེས་སམ་ཡིད་ཤེས་ལ་གཙོ་བོར་བརྟེན་ནས་བདེན་དོནཤེས་པར་བྱེད་དགོས་པར་བཤད། [7]ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་རྣམ་བཤད་ལས་སེམས་ཀྱི་རང་བཞིན་ལ་དཔྱད་པ། ཞེས་པ་ལས། “སྐྱེ་བོ་གང་ཞིག་དབང་ཤེས་ལ་དགའ་ཞིང་། ཡིད་ཤེས་ལ་སྡང་བ་ཞིག་ཡིན་ཚེ། བདེན་པའི་ཡོན་ཏན་རྟོགས་པའི་ལམ་ནས་ཐག་རིང་དུ་འགྲོ་བ་རེད་ལ། དབང་ཤེས་ལ་གཅེས་འཛིན་བྱེད་པ་དེས་ང་ཚོར་གནད་དོན་མང་པོའི་ནང་བྲེལ་བ་སྣ་ཚོགས་པ་ཞིག་བཟོས་པ་མ་ཟད། དབང་ཤེས་ལ་ན་ཚ་ལྟ་བུ་སྐྱོན་གང་རུང་བྱུང་ཚེ། དེས་ཀྱང་དངོས་པོ་རྣམས་ཀྱི་བདེན་པ་མཐོང་བར་བར་ཆད་བྱེད་པ་དང་། དེས་ང་ཚོར་འདོད་པ་དང་། དགོས་མཁོ། འཇིགས་སྣང་དང༌། འཁྲུལ་སྣང་སོགས་སྣང་བ་སྣ་ཚོགས་པ་ཞིག་སྐྱེ་འཇུག་གི་ཡོད་པས། བསམ་བློའི་འབྱུང་ཁུངས་དེ་དབང་ཤེས་ཙམ་མིན་ཟེར་བའི་བཤད་སྲོལ་དེ་ཡང་ཐོག་མར་བྱུང་བ་ཞིག་རེད།
དབང་ཤེས་དང་དེའི་འདོད་པ་ཁོ་ནའི་དབང་གིས་ང་ཚོ་དམག་དང་། ནང་ཁུལ་འཁོན་འཛིན། འཐབ་འཁྲུག་བཅས་ཀྱི་ལས་ལ་གཞོལ་ཞིང་། དེའི་རྒྱུ་མཚན་ཡང་ནོར་སྲིད་ལ་འདོད་རྔམ་ཆེ་བའི་དབང་ལས་བྱུང་ཞིང་། དེའི་རྐྱེན་རྩ་ཡང་དབང་ཤེས་དང་དེའི་མཐོང་ཐོས་སོགས་ཀྱི་དངོས་པོ་རྣམས་རག་ཐབས་བྱ་རྒྱུར་བྲན་གཡོག་ནང་བཞིན་ཧུར་བརྩོན་བྱས་པས། ལྟ་གྲུབ་ཉམས་ལེན་བྱེད་པར་དུས་ཚོད་མེད་པ་ལྟར་གྱུར་སོང་བ་དེ་ལྟར་རེད།” ཅེས་གསལ།
གསུང་བབ་འདི་ལ་བརྟགས་ན་ཁོང་གིས་ངོས་འཛིན་བྱས་པའི་དབང་ཤེས་ཟེར་བ་དེ་ནང་པའི་གཞུང་ནས་འབྱུང་བའི་དབང་པོ་གཟུགས་ཅན་ལ་བརྟེན་པའི་ཤེས་པ་ཙམ་མ་ཡིན་པར། ཕྱི་རོལ་ལ་གཡེང་བར་བྱེད་པ་དང་། དེའི་རྐྱེན་གྱི་འདོད་རྔམ་དང་། ཧམ་སེམས། འཁྲུག་རྩོད་སོགས་འབྱུང་བའི་བློ་རྣམས་ལ་དབང་ཤེས་ཞེས་ངོས་འཛིན་གནང་བར་སྣང་། ᨮᨕང་᩶ᩏ་ᨮᨕང་ལྟ་བུའི་གནའ་བོའི་གྷི་རི་སིའི་མཁས་པ་རྣམས་ཀྱིས་ལུས་དང་སེམས་སོ་སོར་ཡོད་པ་དང་། རྣམ་པར་ཤེས་པ་ལ་མུ་དང་མཐའ་མེད་པས་སྐྱེ་བ་སྔ་ཕྱི་ཡོད་པ་སོགས་ཀྱི་རྣམ་བཞག་ཁས་ལེན་བྱེད་ཀྱི་ཡོད།
ནུབ་ཕྱོགས་ཀྱི་སེམས་གཙོ་སྨྲ་བའི་འདོད་པའི་སེམས།
ནུབ་ཕྱོགས་པའི་སེམས་གཙོ་སྨྲ་བའི་ལྟ་གྲུབ་ནི་ཐོག་མར་དུས་རབས་བཅུ་བདུན་པའི་ནང་དུ་དར་ཁྱབ་བྱུང་། སེམས་གཙོ་སྨྲ་བའི་ལྟ་གྲུབ་དེ་ལ་དབྱིན་སྐད་དུ Idealism ཞེས་བརྗོད། Idealism ཞེས་པའི་གོ་དོན་ནི་རིག་པ་ལ་གོ་ཞིང་། ཐ་སྙད་དེ་གཙོ་བོ་ནང་སེམས་ཀྱི་གནས་སྐབས་གང་ཞིག་ལ་འཇུག་པའི་སྤྱི་མིང་ཞིག་ཡིན།
རྣམ་ཤེས་དང་། ཚོར་བ། འདུ་ཤེས། སེམས་པ། ལྟ་བ། དྲན་ཚོར། མྱོང་ཤེས་སོགས་ནང་ཤེས་པའི་རིགས་ཐམས་ཅད་ཐ་སྙད་དེའི་ཁྱབ་ཁོངས་སུ་འདུ། ནུབ་ཕྱོགས་ཀྱི་སེམས་གཙོ་སྨྲ་བ་ཚོས། སྤྱིའི་ཆ་ནས་སེམས་ཞེས་པ་ངོས་འཛིན་བྱེད་སྐབས། གཟུགས་ཅན་མ་ཡིན་པའི་དངོས་པོ་སྤྱི་ལྡོག་རྫས་ལྟ་བུ་ཞིག་ལ་སེམས་ཞེས་པ་དང་། སེམས་དེ་ལ་བརྟེན་པའི་ཡོན་ཏན་ཞིག་ལ་རིག་པ་ཞེས་གོ་བ་ཡིན། སེམས་དང་རིག་པ་གཉིས་རྫས་དང་ཡོན་ཏན་གྱི་འབྲེལ་བ་ཞིག་ལ་ངོས་འཛིན་བྱེད་པ་ནི་གྷི་རི་སིའི་དུས་སྐབས་ནས་ནུབ་ཕྱོགས་ཀྱི་སེམས་གཙོའི་ལྟ་གྲུབ་བར་དུ་ཁྱབ་ཡོད།
སེམས་གཙོ་སྨྲ་བ་ཞེས་པ་ནི་ཆོས་གང་འདྲ་ཞིག་ཡིན་ཡང་ནང་སེམས་དང་འབྲེལ་བའམ་ནང་སེམས་ཀྱི་སྣང་ཆ་ཞིག་ལས་མ་བརྒལ་བ་ཞིག་ལ་འདོད། གོ་བདེ་བར་བཤད་ན་ཡོད་ཚད་སེམས་དང་འབྲེལ་བ་ཡོད་པ་ཞིག་ལས་སེམས་དང་མ་འབྲེལ་བར་ཆོས་གང་ཡང་གྲུབ་མི་ཐུབ་པ་ཞིག་ལ་ཟེར། མདོར་བསྡུས་ན། ནུབ་ཕྱོགས་སེམས་གཙོ་སྨྲ་བ་ཚོས་སེམས་ཞེས་པ་ནི་གཟུགས་ཅན་ལས་འདས་པའི་རྫས་ཤིག་ལ་འདོད་ཅིང་། དེ་ལ་དབྱེ་ཚུལ་གྱི་སྒོ་ནས་མྱོང་བ་དང་། དྲན་ཤེས། ཚོར་བ་སོགས་སྣ་ཚོགས་པ་ཞིག་ཡོད་པར་འདོད།
ནང་པའི་གྲུབ་མཐའ་སྨྲ་བའི་འདོད་པའི་སེམས།
ནང་པའི་གྲུབ་མཐའ་སྨྲ་བ་ཚོས། སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་སེམས་ཞེས་པ་ནི་གཟུགས་ཅན་ལས་འདས་པའི་དངོས་པོ་གསལ་རིག་གི་ངོ་བོ་ཞིག་ལ་འདོད། སྒྲ་དོག་འཇུག་གི་དབང་དུ་བྱས་ན་སེམས་ཞེས་བརྗོད་སྐབས་གཙོ་སེམས་ཞིག་ལ་གོ་བ་ཡིན། གཙོ་སེམས་དང་སེམས་བྱུང་གཉིས་སུ་དབྱེ་བའི་སེམས་ཞེས་བརྗོད་སྐབས་དམིགས་བསལ་གྱི་ཁྱད་ཆོས་འགའ་ཞིག་གི་ཐོག་ནས་ཁྱད་པར་དབྱེ་དགོས། གཙོ་སེམས་ཞེས་པ་ནི་ཤེས་པ་གང་ཞིག་ལ་གཙོ་བོ་རང་གི་ཡུལ་དེའི་ངོ་བོ་ཙམ་རིག་པའི་མྱོང་བ་གསལ་རིག་ཙམ་ཞིག་དང་། རང་སྟོབས་ཀྱིས་ཡུལ་དེའི་ཁྱད་པར་རིག་པའི་མྱོང་བ་གསལ་རིག་ཙམ་ཞིག་ལ་སེམས་བྱུང་དུ་འདོད།
གོ་ནོར་མི་ཐེབས་པའི་ཆེད་དུ་ཐ་སྙད་གཞན་ཞིག་གི་ཐོག་ནས་བརྗོད་ན། བློ་དང་། རིག་པ། ཤེས་པ་གསུམ་དོན་གཅིག་ཡིན། གསལ་ཤིང་རིག་པ་ཤེས་པའི་ངོ་བོ་ལ་འཇོག གསལ་བ་དང་རིག་པ་ལ་ནུབ་ཕྱོགས་སེམས་གཙོ་སྨྲ་བ་ཚོས་རྫས་དང་ཡོན་ཏན་གྱི་འགྲེལ་བཤད་དང་མི་འདྲ་ཞིང། གསལ་རིག་གི་ཤེས་པ་གང་འདྲ་ཞིག་ཡིན་ཡང་གཟུགས་ཅན་ལས་འདས་པའི་དངོས་པོ་ཞིག་ལ་ངོས་འཛིན་བྱེད།
ནང་པའི་གཞུང་ལུགས་སུ་གསལ་བའི་ཡོངས་གྲགས་ཀྱི་ངོས་འཛིན་བྱེད་སྟངས་ལྟར་ན། སྐབས་འདིའི་གསལ་ཞིང་རིག་པ་ཞེས་པའི་གསལ་བའི་གོ་དོན་ནི། ཐོགས་རེག་ཅན་གྱི་གཟུགས་ཀྱི་ངོ་བོ་ལས་འདས་པའམ་ཕྱི་ནང་གི་ཆོས་རྣམས་རང་གི་ཡུལ་དུ་གསལ་བ་དང་། རིག་པའི་གོ་དོན་ནི་ཕྱི་ནང་གི་ཆོས་ཅི་ཡང་ཡུལ་དུ་འཆར་བར་བྱེད་པའི་བྱེད་ལས་དང་ལྡན་པ་ལ་ཟེར།
འོན་ཀྱང༸གོང་ས་བཅུ་བཞི་བ་ཆེན་པོ་མཆོག་གི་གསུང་རྩོམ་གྲགས་ཅན། (རྡུལ་སྙེད་འཇིག་རྟེན།) ལས།[8]“སྐབས་འདིར་གསལ་བ་ཞེས་པ་ནི། སེམས་ཀྱིས་བསམ་ཞིབ་དང་གསལ་སྟོན་བྱ་རྒྱུའི་ནུས་པ་དེར་གོ་བ་དང་། ཅིག་ཤོས་རིག་པ་ནི་གང་མངོན་པ་དེ་ཉིད་ཡིད་ལ་བྱེད་པའམ་འཛིན་པར་བྱེད་པའི་སེམས་ཀྱི་ཁྱད་ཆོས་དེར་ཟེར།” ཞེས་གོ་དོན་ཅུང་མ་འདྲ་བ་ཞིག་གི་ཐོག་ནས་འགྲེལ་གནང་ཡོད།
མདོར་བསྡུས་ན། ནང་པའི་གཞུང་ནས་སེམས་ཞེས་པ་ནི། ཐོགས་མེད་ཡིན་པ། ཕྱི་ནང་གི་ཡུལ་རྣམ་རང་ལ་འཆར་བར་བྱེད་པའི་ནུས་པ་དང་ལྡན་པ། རང་གི་ཡུལ་གང་ཞིག་རིག་པའམ་འཛིན་པ། ཡང་ན་སྣང་བའི་ཁྱད་པར་དང་ལྡན་པ། མྱོང་ཙམ་གྱི་བདག་ཉིད་ཡིན་པ་བཅས་ཀྱི་ཚོགས་སྤྱི་ཞིག་ལ་ཤེས་པའམ་བློ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
ཀླད་པའི་བྱ་སྤྱོད་ལས་ལོགས་སུ་སེམས་མེད་ན་སྐྱོན་ཅི་ཡོད།
འདིར་ཀླད་པ་ལས་ལོགས་སུ་སེམས་མེད་ན་དགེ་སྐྱོན་ཅི་ཡོད་གླེང་སྐབས། སེམས་དང་ཀླད་པའི་ངོས་འཛིན་ནི་གོང་དུ་བཤད་ཟིན་པ་ལྟར། ཚན་རིག་པའི་འདོད་པའི་ཀླད་པ་དང་། ནང་པའི་འདོད་པའི་སེམས་གཞི་རྩར་བཟུང་ཡོད།
༡) གལ་ཏེ་རྩ་ཡི་རྒྱ་མཚོར་འབོད་པའི་ཀླད་པ་ལས་ལོགས་སུ་སེམས་གསལ་རིག་ཅིག་མེད་ན། ད་ལྟ་ང་ཚོའི་མཐོང་ཡུལ་དུ་གྱུར་བའི་འགྲོ་བ་མི་རྣམས་ཕ་མའི་ཁུ་ཁྲག་གི་རྒྱུ་འབའ་ཞིག་ལས་གྲུབ་ཅིང་། ཚེ་འདིའི་ལུས་ཀྱི་ཕུང་པོ་དེ་ཉིད་མེར་བསྲེག་པའམ་དུར་སྦས་བྱས་རྗེས། མི་དེ་ཉིད་མཇུག་ཡོངས་སུ་རྫོགས་པར་ཁས་ལེན་དགོས། དེ་ལྟར་ན་ཚེ་འདི་ནས་ཚེ་ཕྱི་མར་འགྲོ་བ་དང། ཕྱི་མ་ནས་འདིར་འོང་བ་སོགས་ཀྱང་བཤད་དུ་མེད། གལ་ཏེ་དེ་དག་མེད་པར་ཁས་བླངས་ན་གནོད་བྱེད་དམ་སྐྱོན་ཆེ་ཤོས་ཤིག་ནི། [9]ཚེ་སྔ་མ་དྲན་པའི་མི་དངོས་མཐོང་མངོན་སུམ་དུ་ཡོད་པ་འདི་ཡིན། [10]ཚེ་སྔ་མ་དྲན་མཁན་དངོས་མཐོང་དཔེ་མཚོན་བཅས་འོག་མཆན་དུ་བཀོད་ཡོད། འོན་ཏེ་ཚེ་སྔ་མ་དེའི་གཟུགས་ཕུང་ཐལ་བར་གྱུར་པའི་ཆ་ཞིག་ཚེ་འདིིའི་གཟུགས་ཕུང་གི་ངོ་བོར་གྲུབ་པ་ཡིན་ཟེར་ན། དེ་ནི་ཡོངས་ཐབས་གཏན་ནས་མེད་དེ། ཚེ་སྔ་མའི་ཕུང་པོ་ནི་ཚེ་སྔ་མ་དེའི་ཕ་མའི་ཁུ་ཁྲག་ལས་གྲུབ་ལ། ཚེ་འདིའི་ཕུང་པོ་ནི་ཚེ་འདིའི་ཕ་མའི་ཁུ་ཁྲག་ལས་གྲུབ། ཚེ་འདིའི་ཕ་མ་དང་ཚེ་སྔ་མའི་ཕ་མ་གཉིས་ནི་འབྲེལ་བ་ཅི་ཡང་མེད་པ་མངོན་གསལ་ཡིན་པ་འདིའོ།།
༢༽ གལ་ཏེ་གཟུགས་ཅན་གྱི་ཀླད་པ་འདི་ལས་ལོགས་སུ་གསལ་རིག་ཙམ་དང་མྱོང་ཙམ་གྱི་སེམས་ཤིག་མེད་ན། ཀླད་པ་ཐོགས་བཅས་ཡིན་པས། མི་གང་ཞིག་ཤེས་ཡོན་ཆེན་པོ་ཇི་ཙམ་ཆགས་པ་དེའི་ཚོད་ཀྱིས་མི་དེའི་ཀླད་པ་ཆེ་རུ་འགྲོ་དགོས་ཏེ། བདེན་པའི་གནས་ཚུལ་དང་། སྐད་ཡིག རྒྱ་རབས་ལོ་རྒྱུས། ཆབ་སྲིད། ཚན་རིག ནང་དོན་རིག་པ་སོགས་ཧ་ཅང་མང་པོ་ཞིིག་ཤེས་པ་དེ་གཟུགས་ཅན་ཡིན་ཞིང་། དེ་ཉིད་ཀླད་པས་ཤེས་པར་ཁས་ལེན་པས། ཤེས་བྱ་རེ་རེ་ཤེས་དུས་ཀླད་པའི་སྟེང་དུ་ཤེས་བྱ་གང་ཞིག་ཤེས་པ་རེ་གྲུབ་ཅིང་། ཤེས་པ་དེ་ཉིད་་གཟུགས་ཅན་ཡིན་པས་རང་གི་གོ་ས་ལ་གཟུགས་ཅན་གཞན་འབྱུང་བར་འགོག་པས་སོ།། དེ་ལྟར་ཡིན་ན་མཁས་པ་ཡིན་ན་ཀླད་པ་ཆེན་པོ་ཡོད་དགོས་ཀྱང་དེ་ལྟར་མེད་པ་ང་ཚོས་མངོན་སུམ་དུ་གྲུབ་པ་འདི་སེམས་མེད་པ་ལ་སྐྱོན་ནམ་གནོད་བྱེད་གཞན་ཞིག་གོ།། གཟུགས་ཅན་གང་ཡིན་པ་དེ་ཉིད་གཞི་གཅིག་ཏུ་ཚོགས་ན་གཞི་རྩའི་དངོས་པ་དེ་ཉིད་ཆེ་རུ་འགྲོ་བ་ནི་ཚན་རིག་པས་ཀྱང་ཁས་ལེན་བྱེད།
༣༽ ཚན་རིག་པས། རྟོག་དཔྱོད་དང་། རྣམ་དཔྱོད་ཀྱི་ནུས་པ་གཙོ་བོ་ཀླད་ཆེན་ལས་འབྱུང་བར་བཤད་བཞིན་ཡོད་མོད། [11]དབྱིན་ཇི་རྒྱལ་ཁབ་ཀྱི་བྱང་ཕྱོགས་སློབ་གྲྭ་ཞིག་ཏུ་སློབ་མ་ཞིག་ལ་བརྟག་དཔྱད་བྱས་འབྲས་སུ་མི་དེར་ཀླད་ཆེན་ཧ་ལམ་མེད་མོད། སློབ་མ་དེར་ཆེས་མགོ་རྙོག་ཆེ་བའི་རྩིས་རིག་གི་སྦྱང་འབྲས་ཡག་པོ་ཡོད་པར་རྟོགས། གྲུབ་དོན་འདིས་རྣམ་དཔྱོད་ཀྱི་ནུས་པ་ནི་ཀླད་ཆེན་དང་དེ་ཙམ་འབྲེལ་བ་མེད་པར་གྲུབ་ལ། ཀླད་ཆེན་ལས་གཞན་དུ་རྣམ་དཔྱོད་ཀྱི་ནུས་པ་ཁྱད་པར་བ་ཞིག་ཡོད་ན་དེ་ནི་ཐོགས་མེད་དང་། གསལ་རིག་གི་སེམས་ཞེས་པ་དེ་ཡིན་སྲིད། གྲུབ་དོན་འདིས་ཀྱང་ཀླད་པ་ལས་ལོགས་སུ་སེམས་མེད་པ་ལ་གནོད་དོ།།
༤༽ ཀླད་པས་ཡུལ་ཤེས་པར་འདོད་པ་རྣམས་ཀྱིས། ཀླད་པའི་ཡུལ་གང་ཞིག་ཤེས་པ་དེ་བརྡ་ལེན་དབང་རྩ་བརྒྱུད་ནས་བརྡ་ཡར་བླངས་ཤིང་། ཀླད་པས་གནས་ཚུལ་དེ་དག་ཤེས་པ་ཡིན་པར་འདོད། དེ་ལྟར་ན། སྔར་མཐོང་ཐོས་མྱོང་བའི་ཡུལ་དུ་མ་གྱུར་བའི་ཡུལ་གང་ཡང་ཀླད་པས་མི་ཤེས་དགོས་ཏེ། དེ་དག་ལ་བརྡ་ལེན་དབང་རྩས་བརྡ་བླངས་ནས་ཀླད་པར་སྐྱེལ་བའི་བརྒྱུད་རིམ་མེད་པའི་ཕྱིར། དེ་མེད་ན། རྨི་ལམ་གྱི་གནས་སྐབས་ལ་སྔར་མཐོང་ཐོས་མ་བྱུང་བའི་དངོས་པོ་ཁྱད་མཚར་དང་། འཇིགས་སུ་རུང་བ། ཉམས་དགའ་བ་སོགས་ཡིད་ཡུལ་དུ་སྣང་ཞིང་། གཉིད་སད་པའི་གནས་སྐབས་ནའང་གསལ་གསལ་ཐིང་ཐིང་དྲན་འོང་བ་རང་ཅག་ལ་མངོན་སུམ་དུ་གྲུབ་པ་འདི་དང་། དེ་སྔོན་མྱོང་བ་སྔོན་དུ་མ་སོང་པའི་མ་འོངས་པའི་འཆར་སྣང་གི་སྣང་ཚུལ་འདི་དག་ཀླད་པ་ལས་ལོགས་སུ་སེམས་མེད་པར་འདོད་པ་རྣམས་ལ་གནོད་བྱེད་ལྡོག་དཀའ་བ་ཞིག་ཡིན་ནོ།།
༥༽ གལ་ཏེ་གཟུགས་ཅན་གྱི་ཀླད་པ་འདི་ལས་ལོགས་སུ་སེམས་གསལ་རིག་ཅིག་མེད་ན། དེང་གི་ཚན་རིག་པ་དང་། སྨན་པ་སོགས་ཀྱིས་བརྟག་དཔྱད་བརྒྱུད་མི་གང་ཞིག་གི་ཀླད་པའི་བྱེད་ལས་ཡོངས་རྫོགས་མཚམས་བཞག་ཟིན་པར་བརྗོད་ཅིང་། མི་དེ་ཤི་ཟིན་པར་ཐག་བཅད་རྗེས་ད་དུང་གཟུགས་པོའི་མདོག་མི་ཤོར་ཞིང་། རུལ་དྲི་མི་ཁ་བ་སོགས་དེ་མུར་དུས་ཡུན་རིང་པོར་གནས་ཐུབ་པའི[12]གནས་སྟངས་མང་པོ་མངོན་སུམ་དུ་མཐོང་ཐོས་སུ་ཡོད་པ་དེ་དག་གི་སྐོར་ལ་འགྲེལ་བཤད་རྒྱག་མི་ཐུབ། བོད་པའི་སྐད་དུ་འདི་ལ་ཐུགས་དམ་བཞུགས་ཟེར།
གཟུགས་ཅན་གྱི་ཀླད་པའི་བྱེད་ལས་ཡོངས་རྫོགས་འགགས་ཟིན་དུས་གཟུགས་ཅན་ལས་འདས་པའི་ཤེས་པ་ཞིག་མེད་ན་གནས་སྟངས་འདི་ཇི་ལྟར་འབྱུང་ངམ། འདི་ལྟར་འབྱུང་ཞེས་པའི་གནས་ལུགས་ཡང་དག་པ་ཤིག་བཤད་མི་ཐུབ། འདི་ཡང་ཀླད་པ་ལས་ལོགས་སུ་སེམས་མེད་པ་ལ་གནོད་བྱེད་ཅིག་ཡིན།
མདོར་བསྡུས་ན། སེམས་གསལ་རིག་གི་དངོས་པོ་ཞིག་མེད་པར། ཚན་རིག་པས་བཤད་པ་ལྟར་ཤེས་རྟོག་དང་། ཚོར་བ། དྲན་པ་སོགས་ཐམས་ཅད་ཀླད་པའི་རྫས་ཙམ་ཡིན་ན་གོང་དུ་བཤད་ཟིན་པའམ་མ་བཤད་པའི་འགལ་འདུ་ཧ་ཅང་གི་མང་པོ་ཞིག་འབྱུང་ཞིང་། ཤེས་བྱའི་གནས་ལུགས་ཧ་ཅང་གི་མང་པོ་ཞིག་ལ་འགྲེལ་བཤད་བྱེད་མི་ཐུབ། སྤྱིར་བཏང་བྱས་ན་ཚན་རིག་པས་ནང་པའི་གཞུང་ནས་བཤད་པའི་སེམས་གསལ་ཞིག་དེ་འདྲ་ཞིག་མེད་ཅེས་ཐག་གཅོད་དང་གཏན་འབེབས་ནམ་ཡང་བྱས་མེད། གལ་ཏེ་ཚན་རིག་པ་རེ་ཟུང་གིས་དེ་ལྟར་བཤད་ཡོད་པའི་དབང་དུ་བཏང་ན་དེ་ནི་ཚན་རིག་པ་རང་གི་ལྟ་གྲུབ[13]“འཁྲུལ་བ་བསྒྲུབ་རུང”ཞེས་པ་དང་དངོས་འགལ་དུ་འགྲོ་བ་ཡིན།
ཀླད་པ་ལས་ལོགས་སུ་སེམས་མེད་ན་ཡོན་ཏན་ཅི་ཡོད།
གལ་ཏེ་སེམས་སམ་ཤེས་པ་ཞེས་པ་དེ་ཀླད་པའི་རྫས་ཙམ་དང་། གཟུགས་ཅན་གྱི་དངོས་པོ་ཞིག་ཡིན་ན་ཡོན་ཏན་འགའ་ཞིག་ཡོད་སྲིད།
༡༽ གལ་ཏེ་སེམས་ཞེས་པ་ཀླད་པའི་རྫས་སམ། ཀླད་པའི་མངོན་ཐོན་གྱི་ཁྱད་ཆོས་གཟུགས་ཅན་ཞིག་ཡིན་ན། ཚན་རིག་པས[14]MRI འཕྲུལ་ཆས་བེད་སྤྱོད་བྱས་ནས་ཀླད་རྫས་མཐོང་ཐུབ་པའི་སྐབས་ཤིག་ཡོང་ལ། སྐབས་དེར་ཚན་རིག་པས་མི་ཚང་མའི་སེམས་ཀྱི་གནས་ཚུལ་དཔེར་ན། སེམས་ལ་ཅི་དྲན་སོགས་དང་། ཡང་དཔེར་ན། གང་ཟག་གཞན་གྱི་སེམས་ཀྱི་གནས་ཚུལ་ཏེ་གཞན་གྱི་སེམས་ཀྱི་ཤེས་ཡོན་ཏེ། སྐད་ཡིག་དང་། རིག་གནས་གཞན་སོགས་ཤེས་ཐུབ་པ་དང་། དེ་དག་ཤེས་པའི་རྫས་དེ་ཉིད་བླངས་ནས་རང་གི་ཀླད་པའི་ནང་དུ་བླུགས་ནས་རང་ཉིད་མཁས་དབང་ཆགས་པར་བྱེད་ཐུབ་སྲིད།
༢༽ གལ་ཏེ་སེམས་ཀླད་པ་ལས་ལོགས་སུ་མེད་ན། ཚན་རིག་པའི་ལམ་སྟོན་འོག་དེང་གི་སྤྱི་ཚོགས་སྤྱི་དང་། ཁྱད་པར་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ཁྱབ་ཆེ་ཞིང་། མི་ཧ་ཅང་མང་པོ་ཞིག་ལ་དཀའ་ངལ་ཆེན་པོ་སྤྲོད་བཞིན་པའི་ཡིད་མུག་གི་ན་ཚ་སྟེ་ [15]Depression ཞེས་པ་འདི་ཀླད་རྫས་གང་ཡིན་བརྟག་དཔྱད་ཀྱིས་ངོས་ཟིན་བྱས་ཏེ་རྫས་དེ་ཉིད་བཅད་དེ་མེད་པར་བྱས་ནས་ཡིད་མུག་གི་ནད་འཇིག་རྟེན་ཐོག་ནས་མེད་པར་གཏོང་ཐུབ་སྲིད། དེ་བཞིན་དུ་སེམས་སམ་ཀླད་པ་དང་འབྲེལ་བའི་དཀའ་ངལ་ཡོངས་བཅད་བཏུབ་ཐུབ་སྲིད། གལ་ཏེ་སེམས་གཟུགས་ཅན་ཡིན་ན་འདི་དག་ཡོང་སྲིད་པ་ཞིག་རེད། དེ་ནི་མདོར་མཚོན་པ་ཙམ་ཞིག་ཡིན་ལ། གལ་ཏེ་ཀླད་པའམ་ཀླད་པའི་རྫས་ཤིག་སེམས་ཡིན་ན། གོང་གི་དེ་དག་ལ་རིགས་འགྲོས་ཀྱིས་དཔྱད་ན་དེ་འདྲ་བའི་ཡོན་ཏན་མང་པོ་ཞིག་ཡོང་སྲིད་པ་ཤེས་ཐུབ།
མཇུག་བསྡུ་བ།
རྩོམ་ཡིག་འདི་འབྲི་སྐབས་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་བཀླགས་ཤིང་། ཟིན་ཐོ་བཀོད་དེ་གྲ་སྒྲིག་གང་འཚམས་ཡག་པོ་ཞིག་བྱས་མོད། འོན་ཀྱང་། རྩོམ་ཡིག་དངོས་གཞི་འབྲི་སྐབས་དུས་ཚོད་མང་པོ་ཞིག་མ་རག་པས། དེ་ཙམ་གྱིས་ཞིབ་ཚགས་མ་བྱུང། རྗེས་སུ་དུས་ཚོད་ཡོད་སྐབས་ཤིག་ལ་སླར་ཡང་བསྐྱར་ཞིབ་དགོས་གལ་མཐོང་ཚེ་བྱེད་རྒྱུ་ཡིན།
རྩོམ་ཡིག་འདིའི་བརྗོད་གཞི་གཙོ་བོ་ནི་“སེམས་ལས་ལོགས་སུ་ཀླད་པ་ཡོད་མེད་དང་། དེའི་སྐྱོན་ཡོན”གྱི་སྐོར་ཡིན་མོད། སེམས་ཞེས་པ་འདི་ཅི་ཞིག་ཡིན་ནམ་ཞེས་པའི་དྲི་བ་དང་འབྲེལ། ནུབ་ཕྱོགས་སེམས་གཙོ་སྨྲ་བ་དང་། གྷི་རི་སིའི་མཁས་པ། ནང་པའི་གཞུང་ལུགས་སོགས་ལས་འབྱུང་བའི་སེམས་ཀྱི་སྐོར་དང་། ཀླད་པ་ཞེས་པ་ཅི་ཞིག་ཡིན་ནམ་ཞེས་པའི་དྲི་བ་དང་འབྲེལ། ཚན་རིག་པས་འདོད་པའི་ཀླད་པ་དང་། ནང་པའི་གཞུང་དང་། བོད་ཀྱི་སྨན་གཞུང་སོགས་ལས་འབྱུང་པའི་ཀླད་པའི་སྐོར་གླེང་ཡོད།
དགག་ཕྱོགས་ནས་ཚན་རིག་པས་ཀླད་པའི་རྫས་ལས་གཞན་དུ་ཤེས་པ་མེད་པར་འདོད་པ་ལ་ཚན་རིག་པ་ཁོ་རང་ལ་གྲགས་པའི་ལུང་དང་། ཡང་དག་པའི་རིགས་པ། དངོས་མཐོང་གི་དཔེ་མཚོན་བཅས་ཀྱི་སྒོ་ནས་གནོད་བྱེད་བསྟན་ཡོད།
འོན་ཀྱང་། རྩོམ་ཡིག་འདིས་ཚན་རིག་པ་སྤྱིའི་གྲུབ་དོན་ཡང་དག་པ་མིན་པར་བསྒྲུབ་ཀྱི་མེད་ལ། ནང་པའི་གཞུང་ནས་བཤད་ཚད་ཡང་དག་པ་ཡིན་པར་སྒྲུབ་པའི་འབད་བརྩོན་ཀྱང་བྱེད་ཀྱི་མེད། རྩོམ་ཡིག་འདིའི་བསྒྲུབ་བྱ་ངོ་མ་ནི། གསལ་རིག་གི་སེམས་མེད་པར་དྲན་ཤེས་ཡོད་ཚད་ཀླད་པའི་རྫས་ཙམ་ཡིན་པ་ལ་ལྟ་གྲུབ་རིགས་པའི་ཐོག་ནས་དགག་སྒྲུབ་བྱས་ཡོད། བརྗོད་གཞི་འདི་དང་འབྲེལ་ནས། འདིར་གསལ་བོ་དང་རྒྱས་བཤད་མ་ཐུབ་པ་ཞིག་ནི། ནང་པའི་གཞུང་ཆོས་མངོན་པ་དང་། ཚད་མ་སོགས་ལས་འབྱུང་བའི་སེམས་སེམས་བྱུང་གི་ངོ་བོ་དང་། བྱེད་ལས་སྐོར། དེ་དག་གི་དབྱེ་བ། དེ་བཞིན་ཚན་རིག་པའི་གཞུང་ལས་འབྱུང་པའི་ཀླད་པའི་གནས་ཚུལ་རེ་རེའི་ཞིབ་ཕྲའི་སྐོར་ཡིན། འདི་དག་ཆ་ཚང་རྒྱས་པར་བཀོད་ན་འདིར་མང་པར་འགྱུར་བས་རེ་ཞིག་སྐྱུང་བ་ཡིན།
དེང་གི་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་བསྟུན། ནང་དོན་རིག་པ་དང་ཚན་རིག་གི་བརྗོད་གཞི་བྱེ་བྲག་པ་རེ་རེ་ཡིན་ཡང་གཤིབས་བསྡུར་དང་། ཞིབ་དཔྱོད་སོགས་བྱས་ནས་སྐད་ཡིག་སྣ་ཚོགས་ཀྱི་ལམ་ནས་འབྲི་སྤེལ་བྱེད་དགོས་པ་ནི། ༧གོང་ས་ཆེན་པོའི་བཀའ་དགོངས་དང་། བོད་མི་རིགས་ཀྱི་རིག་པའི་གཞུང་ལུགས་དར་སྤེལ་གྱི་ལས་གཞི། ད་ལྟའི་བོད་ཀྱི་ཡི་གེ་བ་རྣམས་ཀྱི་ཕྲག་སྟེང་གི་འགན་ཞིག་ཀྱང་ཡིན་པས་འདིའི་ཕྱོགས་ལ་འབད་པར་ཡང་སྐུལ་ལོ།།
རྩོམ་ཡིག་འདི་འབྲི་སྟངས་ཀྱི་ཆ་ནས་དེང་རབས་རྩོམ་ཡིག་འབྲི་སྟངས་དང་མཐུན་པར་བྲིས་ཡོད། དེ་ཡང་། སྔོན་གླེང་དང་། དངོས་གཞི། མཆན་འདེབས་ཚུལ། མཇུག་གཏམ། དཔྱད་གཞིའི་ཡིག་ཆའི་གནས་ཚུལ་སོགས་ཀྱི་ཆ་ནས་དེང་རབས་ཞིབ་འཇུག་འབྲི་ཚུལ་ལྟར་བྲིས་ཡོད། ང་ཚོའི་སྐད་ཡིག་རིག་གཞུང་དང་། རིན་བྲལ་ལེགས་སྐྱེས་འདི་ཚོ་དེང་གི་སྤྱི་ཚོགས་དང་མཐུན་པར་འགྲེམས་སྤེལ་བྱེད་དགོས་པ་ནི་དུས་ཀྱི་དགོས་མཁོ་ཡང་ཡིན་པས་སོ།། །།
དཔྱད་གཞིའི་ཡིག་ཆ།
༡༽ བདེ་སྐྱིད་ཀྱི་བསྟན་བཅོས། དཀའ་རྙོག་གི་འཇིག་རྟེན་ཞིག་ཏུ། རྩོམ་པ་པོ། ༧གོང་ས་མཆོག་དང་ཧ་ཝར་ཌི། སྒྱུར་བ་པོ། བསྟན་འཛིན་རིག་བཟང་། པར་ལོ། 2017 པར་སྐྲུན་མཁན། སྒོ་མང་ཕར་ཕྱིན་འཛིན་གྲྭ།
༢༽ རྡུལ་སྙེད་འཇིག་རྟེན། རྩོམ་པ་པོ། ༧གོང་ས་བཅུ་བཞི་བ་ཆེན་པོ་མཆོག སྒྱུར་མཁན། དགེ་བཤེས་ལྷག་རྡོར། པར་ལོ། 2012 པར་སྐྲུན་མཁན། བོད་ཀྱི་དཔེ་མཛོད་ཁང་།
༣༽ ཀླད་ཆེན་དང་སེམས་ཀྱི་འབྲེལ་བར་དཔྱད་པ། རྩོམ་པ་པོ། གསེར་རྟ་བླ་རུང་བསྟན་འཛིན་རྒྱ་མཚོ། པར་ལོ། 2011 པར་སྐྲུན་མཁན། བོད་ཀྱི་དཔེ་མཛོད་ཁང་།
༤༽ ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་རྣམ་བཤད་ལས་སེམས་ཀྱི་རང་བཞིན་ལ་དཔྱད་པ། རྩོམ་པ་པོ། གྷི་རི་སིའི་ལྟ་གྲུབ་སྨྲ་བ་གྲགས་ཅན། ཕེ་ཌོ། སྒྱུར་པ་པོ། འབའ་བ་དགེ་བཤེས་ཡེ་ཤེས་དགའ་བ། པར་ལོ། 2013 པར་སྐྲུན་མཁན། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་།
༥༽ ནུབ་ཕྱོགས་པའི་སེམས་གཙོ་སྨྲ་བའི་གྲུབ་མཐའ་དང་དེར་རྒོལ་བ་རྣམས་ཀྱི་ལུགས། རྩོམ་པ་པོ། ཇེ་གྷར་ཕིལཌ། སྒྱུར་པ་པོ། དགེ་བཤེས་དགྲ་འདུལ་རྣམ་རྒྱལ། པར་ལོ། 2011 པར་སྐྲུན་མཁན། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།
༦༽ ཀླད་པ་ལས་འདས་པ་དང་ཤི་བའི་རྗེས་ཀྱི་གནད་དོན། རྩོམ་པ་པོ། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་། པར་ལོ། 2010 པར་སྐྲུན་མཁན། ཀིརྟི་དགོན་པ།
༧༽ ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད་གཉིས་པ། རྩོམ་སྒྲིག་པ། ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་། པར་ལོ། 2014 པར་སྐྲུན་མཁན། དགའ་ལྡན་ཕོ་བྲང་ཡིག་ཚང་།
༨༽ དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ། པོད་དང་པོ། རྩོམ་པ་པོ། མཁན་པོ་ཚུལ་ཁྲིམས་བློ་གྲོས། པར་ལོ། མི་གསལ། པར་སྐྲུན་མཁན། ཐཱའི་ཝན་ནང་པའི་ཤེས་ཡོན་བདེ་རྩ་ལྷན་ཚོགས།
ཞབས་མཆན།
[1]ཕྱི་ལོའི་གོང་གི་ལོ800bcནས་ཕྱི་ལོའི་གོང་གི་ལོ350bcབར་དེང་གི་ནུབ་ཕྱོགས་ཀྱི་ཤེས་རིག་ཕལ་མོ་ཆེའི་རྨང་གཞིར་གྱུར་པའི་གནའ་བོའི་གྷི་རི་སིའི་ཤེས་རིག་དར་བར་བཤད།
[2] འཕགས་པ་གནས་བརྟན་སྡེ་བའི་མཁས་པའི་བཞེད་སྲོལ་དེང་ཡོངས་གྲགས་སུ་འདོད་པའི་སངས་རྒྱས་བྱོན་པའི་དུས་ཚོད་ཡིན།
[3] ས་དགེ་བཀའ་རྙིང་བོན་དང་བཅས་པའི་ཚད་མ་དང་མངོན་པའི་གཞུང་ལུགས་ཁག་ཅིག་ལ་དཔེ་ཀློག་བྱས་ནས་དཔྱད་གཞིར་བཟུང་ཡོད།
[4] དེབ་མིང་། བདེ་སྐྱིད་ཀྱི་བསྟན་བཅོས། དཀའ་རྙོག་གི་འཇིག་རྟེན་ཞིག་ཏུ། རྩོམ་པ་པོ། ༧གོང་ས་མཆོག་དང་ཧ་ཝར་ཌི། སྒྱུར་བ་པོ། བསྟན་འཛིན་རིག་བཟང་། པར་ལོ། 2017 པར་སྐྲུན་མཁན། སྒོ་མང་ཕར་ཕྱིན་འཛིན་གྲྭ། ཤོག་ངོས། 67
[5] དེབ་མིང་། ཀླད་པ་ལས་འདས་པ་དང་ཤི་བའི་རྗེས་ཀྱི་གནད་དོན། རྩོམ་པ་པོ། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་། པར་ལོ། 2010 པར་སྐྲུན་མཁན། ཀིར་རྟི་དགོན་པ། ཤོག་ངོས་65-69 བར་ལུང་འདྲེན་བྱས་པ་ལས་གསལ།
[6] དེབ་མིང་། ཀླད་ཆེན་དང་སེམས་ཀྱི་འབྲེལ་བར་དཔྱད་པ། རྩོམ་པ་པོ། གསེར་རྟ་བླ་རུང་བསྟན་འཛིན་རྒྱ་མཚོ། པར་ལོ། 2011 པར་སྐྲུན་མཁན། བོད་ཀྱི་དཔེ་མཛོད་ཁང་། ཤོག་ངོས། 79-80 བར་གསལ།
[7] དེབ་མིང་། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་རྣམ་བཤད་ལས་སེམས་ཀྱི་རང་བཞིན་ལ་དཔྱད་པ། རྩོམ་པ་པོ། གྷི་རི་སིའི་ལྟ་གྲུབ་སྨྲ་བ་གྲགས་ཅན། ཕེ་ཌོ། (Phaedo)
སྒྱུར་པ་པོ། འབའ་བ་དགེ་བཤེས་ཡེ་ཤེས་དགའ་བ། པར་ལོ། 2013 པར་སྐྲུན་མཁན། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། ཤོག་ངོས། 72
[8] རྡུལ་སྙེད་འཇིག་རྟེན། རྩོམ་པ་པོ། ༧གོང་ས་བཅུ་བཞི་བ་ཆེན་པོ་མཆོག སྒྱུར་མཁན། དགེ་བཤེས་ལྷག་རྡོར། པར་ལོ། 2012 པར་སྐྲུན་མཁན། བོད་ཀྱི་དཔེ་མཛོད་ཁང་། ཤོག་ངོས། 121
[9] དཔལ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་འབུམ། པོད་དང་པོ། ཤོག་ངོས་149-157བར་གསལ།“ སྐྱེ་སྔ་མ་དྲན་མཁན་ཤེས་རབ་ཐབས་མཁས། སྐྱེ་ཡུལ་མགོ་ལོག་རྟ་བོར། བུ་ཤེས་རབ་ཐབས་མཁས་ཀྱི་སྐྱེ་བ་སྔོན་མའི་མིང་ལ་དུང་མོ་མཚོ་ཟེར། བུ་ཤེས་རབ་ཐབས་མཁས་ཀྱི་ད་ལྟའི་ཕ་མ་གཉིས་དང་། ཤེས་རབ་ཐབས་མཁས་རང་ཉིད། ཚེ་སྔ་མའི་ནུ་མོ་ལྷ་རིས། ཚེ་སྔ་མའི་ཨ་ཅེ་གཞན་ཞིག་བཅས་ཀྱིས་བདེན་དཔང་བྱས་པ་བརྒྱུད། ཁོང་ཚོར་བཅར་འདྲི་དང་བརྟག་ཐབས་སྣ་ཚོགས་ཀྱིས་ཚེ་འདིའི་བུ་ཤེས་རབ་ཐབས་མཁས་བུ་མོ་དུང་མཚོའི་སྐྱེ་བ་ཕྱི་མ་ཡིན་པར་ངེས་པ་རྙེད།”
[10] ཕྱི་ལོ 1926/12/11/ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐྱེས་ཤིང་། 1987/12/27 ᩡᨑ᪄་འདས་པའི་བུ་མོ་ཤན་ཏི་དེ་ཝ Shanti Devi ལོ་བཞིའི་གནས་སྐབས་སུ་རང་གི་སྐྱེ་བ་སྔ་མ་གསལ་བོར་དྲན་ཞིང་། དཔང་རྟགས་དང་བཅས་པ་གསལ་སྟོན་བྱས། བུ་མོ་དེའི་སྐྱེ་བ་སྔ་མ་དྲན་པའི་སྐོར་འབུམ་རམས་པ་སྐུ་ཞབས Dr.K.S Rawat ལགས་ཀྱིས་རྩོམ་ཡིག་བྲིས་ཤིང་སྐབས་དེར་འཛམ་གླིང་འདིར་གསར་འགྱུར་ཆེན་པོ་ཆགས། ཡོངས་ཁུངས་ RFA བོད་སྐད་སྡེ་ཚན་གྱི་དྲ་ངོས། 2016/4/14 ᩡᨑ᪄་སྤེལ་བ་ལས་གསལ།
[11] ཀླད་ཆེན་དང་སེམས་ཀྱི་འབྲེལ་བ་ལ་དཔྱད་པ། དེབ་དེའི་ཤོག་ངོས་ 91-92 བར་དུ་དགེ་རྒན་རྗོན་གྱི་བརྟགས་དཔྱད་བྱས་ཚུལ་དང་གྲུབ་འབྲས་ཅི་བྱུང་བཅས་གསལ།
[12] ༧གོང་ས་བཅུ་བཞི་བ་ཆེན་པོ་མཆོག་གི་སྐུའི་ཡོངས་འཛིན༧སྐྱབས་རྗེ་གླིང་རིན་པོ་མཆོག་དགོངས་པ་རྫོགས་རྗེས་ཉིན་བཅུ་བཞིའི་རིང་སྐུའི་མདངས་སོགས་མ་ཡལ་བར་བཞུགས། དེ་བཞིན་དགའ་ལྡན་ཁྲི་རིན་པོ་ཆེ་ཚ་བ་བློ་བཟང་ཉི་མ་མཆོག་ཀྱང་ཚ་བ་ཧ་ཅང་ཆེ་བའི་རྒྱ་གར་ལྷོ་ཕྱོགས་ནས་ཉིན་བཅོ་བརྒྱད་རིང་ཐུགས་དམ་ལ་བཞུགས་ཡོད། ཡོངས་ཁུངས། ཀླད་པ་ལས་འདས་པ་དང་ཤི་བའི་རྗེས་ཀྱི་གནད་དོན། ཞེས་པའི་དཔེ་དེབ་ཀྱི་ཤོག་ངོས། 98 བར་གསལ།
[13] འཁྲུལ་བ་བསྒྲུབ་རུང་ཞེས་པ་ནི། ཚན་རིག་གིས་ཆོས་གང་ཞིག་གཏན་འབེབས་བྱེད་སྐབས་ཚན་རིག་རང་གི་དཔྱད་ཐབས་ཀྱིས་དེ་ཉིད་ནོར་བ་ཡིན་ན་ནོར་བར་བསྒྲུབ་ཏུ་རུང་བ་ཞིག་དགོས། ནང་པའི་གཞུང་ནས་བཤད་པའི་ཤེས་པ་ནི་ཚན་རིག་གི་དཔྱད་ཐབས་ཡག་ཤོས་ཕྲ་མཐོང་ཆེ་ཤེལ་ལ་ཡང་སྣང་དུ་མི་རུང་པས་ནོར་བར་ཤེས་ཐབས་གཏན་ནས་མེད་པས་སོ།།
[14] རྡུལ་ཆེས་ཕྲ་མོ་དག་ཀྱང་ཆེས་གསལ་བར་མཐོང་ཐུབ་པའི་འཕྲུལ་ཆས་རིགས་ཤིག་
[15] ཡིད་ཞུམ་མམ་སེམས་ཁོང་དུ་ཆུད་པའི་ནད་ཅིག།
– – – – –