གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ངོ་བོ་དང་ཡན་ལག་བཅུ་གཉིས་སུ་དབྱེ་ཚུལ་ལ་རགས་ཙམ་དཔྱད་པ།

0
22

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་མཉམ་མེད་ཐུབ་པའི་དབང་བོའི་ལུང་གི་ཆོས་འཁོར་གསུམ་ལ། གསུང་རབ་ཡན་ལག་བཅུ་གཉིས་སུ་དབྱེ་ཚུལ་དང་། དེ་ལྟར་དབྱེ་དགོས་པའི་རྒྱུ་མཚན་དང་ཕན་ཡོན།གསུང་རབ་ཡན་ལག་བཅུ་གཉིས་བཀའ་སྡེ་སྣོད་གསུམ་དུ་འདུ་ཚུལ། སྒོས་སུ་བོད་འགྲེལ་རྣམས་སུ་གསུང་རབ་ཡན་ལག་བཅུ་གཉིས་སུ་འདྲེན་པའི་ལུང་ཁུངས་གང་འཇོག་པ་དང་། ཁུངས་དེ་ན་གསལ་བའི་ཡན་ལག་བཅུ་གཉིས་འདྲེན་ཚུལ་དང་བོད་འགྲེལ་རྣམས་སུ་དྲངས་བའི་ཚིག་མཐུན་མི་མཐུན་ལ་རྒྱ་བོད་མཁས་པའི་གཞུང་གོང་འོག་བསྡུར་ནས་དཔྱད་པ་བཏང་ཡོད།

བརྡ་ཆད་གཙོ་བོ།   གསུང་རབ་ཡན་ལག་བཅུ་གཉིས།  འགྲེལ་ཆེན་སྙིང་བོ་མཆོག  སྡེ་སྣོད་གསུམ།

དང་པོ། གསུང་རབ་ཀྱི་གོ་དོན་དང་གསུང་རབ་ཡན་ལག་དུ་མར་དབྱེ་ཚུལ།

སྤྱིར་གསུང་རབ་ཞེས་པ་སྒྲ་ཡང་འཇུག་གི་དབང་དུ་བྱས་ན། རྒྱལ་བའི་བཀའ་དང་དགོངས་འགྲེལ་བསྟན་བཅོས་ཐམས་ཅད་ལ་འཇུག་ཆོག་ལ། སྒྲ་དོག་པའི་དབང་དུ་བྱས་ན་སངས་རྒྱས་ཀྱི་གསུང་བའི་མདོ་འམ་བཀའ་ལ་གསུང་རབ་ཞེས་བརྗོད། ཅིའི་ཕྱིར་གསུང་རབ་ཅེས་བརྗོད་ན། ཆོས་རྣམས་ཀྱི་ངོ་བོ་གནས་ལུགས་སམ་དེ་ཁོ་ན་ཉིད་ཀྱི་དོན་འགྲེལ་བའི་གསུང་རྣམས་ཀྱི་ནང་ནས་མཆོག་དང་རབ་དང་ཕུལ་དུ་བྱུང་བས་ན་གསུང་རབ་ཞེས་བརྗོད་པ་ཡིན་ཏེ། ཆོས་ལུགས་གྲུབ་མཐའ་སོ་སོའི་རང་རང་གི་སྟོན་པའི་གསུང་ལ་གསུང་རབ་ཞེས་བརྗོད་པའི་ཐ་སྙད་འདི་སྤྱི་མཐུན་གྱི་སྐད་ཆ་ཞིག་ཡིན་པར་སྣང་། དཔེར་ན་ཡེ་ཤུ་ཆོས་ལུགས་ཀྱི་སྟོན་པ་མ་ཤི་ཀའི་རྩ་བའི་ཁྲིམས་བཅུ་བརྗོད་བྱར་བྱས་པའི་གཞུང་རྣམས་ལ་དམ་པའི་གསུང་རབ་ཞེས་བརྗོད་པ་དང་། དེ་ལ་གསུང་རབ་གསར་མ་དང་གསུང་རབ་རྙིང་མ་གཉིས་སུ་དབྱེ་བ་ལྟ་བུ། ཡང་ཁ་ཆེའི་སྟོན་པ་མོ་ཧཱ་མ་ཏི་ཆོས་གཞུང་དང་ཁྲིམས་སོགས་ལའང་གསུང་རབ་ཞེས་བརྗོད་པ་ལྟར། རང་རང་གི་སྟོན་པའི་གསུང་ལ་ཆེ་བཀུར་དང་བརྩི་འཇོག་གི་ཕྱིར་དུ་གསུང་རབ་ཞེས་པའི་ཐ་སྙད་འདི་སྤྱོད་པར་འདོད། ཡང་གསུང་རབ་ལ་ཡན་ལག་སམ་གྲངས་ཀྱི་ཆ་ནས་དུ་མར་དབྱེ་ཚུལ་ཡོད་དེ།གསུང་རབ་ཡན་ལག་གཉིས་དང་།  གསུང་རབ་ཡན་ལག་གསུམ།    གསུང་རབ་ཡན་ལག་ལྔ།   གསུང་རབ་ཡན་ལག་དགུ  གསུང་རབ་ཡན་ལག་བཅུ་གཉིས།   གསུང་རབ་ཡན་ལག་དྲུག་ཅུ།  གསུང་རབ་ཡན་ལག་དྲུག་ཅུ་རྩ་བཞི་སོགས་གྲངས་ཀྱི་ཆ་ནས་དབྱེ་ཚུལ་སྣ་ཚོགས་ཡོད། ཡིན་ནའང་ཁོ་བོའི་སྐབས་འདིར་མདོ་དང་རྒྱ་བོད་པཎ་གྲུབ་ཀྱི་གཞུང་རྣམས་ལས་ཆེས་ཤུན་ཏུ་མང་བར་འདོམས་ཡོད་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་སུ་དབྱེ་ཚུལ་འདི་ཡིན་པར་མཐོང་བའི་རྒྱུ་མཚན་གྱིས་འདིར་གསུང་རབ་ཡན་ལག་བཅུ་གཉིས་སུ་དབྱེ་ཚུལ་དང་། གསུང་རབ་ཡན་ལག་བཅུ་གཉིས་སུ་འཇོག་པའི་དགོས་པ། ཇི་ལྟར་འཇོག་ཚུལ་སོགས་ལ། རྒྱ་གར་མཁས་པའི་གཞུང་དང་བོད་གངས་རིའི་ལྗོངས་ཀྱི་མཁས་པའི་དབང་བོ་རྣམས་ཀྱི་གཞུང་འགྲེལ་རྣམས་ལས་གསུང་རབ་ཡན་ལག་བཅུ་གཉིས་འདྲེན་ཚུལ་དང་། ཡན་ལག་བཅུ་གཉིས་སྟོན་པའི་ཁུངས་གང་ཡོད། ཡན་ལག་བཅུ་གཉིས་ཀྱི་ངོ་བོ་དང་དེ་སྡེ་སྣོད་གསུམ་དུ་འདུ་ཚུལ་གྱི་སྐོར་རགས་ཙམ་གླེང་ན། འཇམ་དཔལ་རྩ་རྒྱུད་དང་འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་སོགས་བཅོམ་ལྡན་འདས་ཀྱི་མདོ་ལས་བསྟན་ཚུལ། སློབ་དཔོན་རིན་ཆེན་འབྱུང་གནས་ཀྱིས་མཛད་པའི་བརྒྱད་སྟོང་འགྲེལ་ཆེན་སྙིང་པོ་མཆོག་དང་། སེང་གེ་བཟང་པོའི་འགྲེལ་ཆེན་རྒྱན་སྣང་། འཕགས་པ་ཐོགས་མེད་ཀྱི་ཉན་ས་དང་བྱང་ས་མངོན་པ་ཀུན་བཏུས། མདོ་སྡེ་རྒྱན་དང་དབུས་མཐའ། གཞི་བསྡུ་བ་སོགས་རྒྱ་གར་མཁས་པའི་གཞུང་མང་པོར་བསྟན་ཡོད་ལ། འཇམ་མགོན་བླ་མ་ཡབ་སྲས་སོགས་བོད་གངས་ཅན་གྱི་མཁས་པའི་དབང་པོ་རྣམས་ཀྱིས་དེ་དག་གི་དགོངས་པ་རྒྱས་པར་བཀྲལ་ཡོད།

དང་པོ། མདོ་ཁུངས་ནི། “འཇམ་དཔལ་རྩ་བརྒྱུད་ལས། ཐུབ་པ་མ་ལུས་འདུས་ནས་ནི། །གསུང་རབ་ཡན་ལག་བཅུ་གཉིས་དང༌། །འདུལ་བ་མ་ལུས་སྡུང་པར་བྱེད། །གང་ཞིག་ཆོས་ནི་ངས་བསྟན་དང༌། །དེ་བཞིན་སྔོན་གྱི་རྒྱལ་བ་མཆོག །དེ་ནི་སློབ་མའི་མཆོག་དེས་ཀྱང༌། །རྣམ་པ་གསུམ་དུ་ཡང་དག་བསྟན། །འདུལ་བ་དང་ནི་མངོན་པ་དང༌། །མདོ་སྡེའི་དབྱེ་བས་གཞུང་དུ་བྱས། །” ཞེས་གསུངས་པ་དང་། “འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས།  དེ་བཞིན་གཤེགས་པས་སེམས་ཅན་རྣམས་ལ་གསུང་རབ་ཡན་ལག་བཅུ་གཉིས་རྒྱས་པར་བསྟན་པས་ཕན་གདགས་སོ་སྙམ་དུ་མི་དགོངས་མོད་ཀྱི། སྔོན་གྱི་ཐུགས་རྗེ་དང༌། དགེ་བའི་རྩ་བའི་མཐུས་སེམས་ཅན་འདི་དག་ལ་ཕྱི་མའི་མཐར་ཐུག་པ་མེད་པར་ཆོས་རྒྱས་པར་སྟོན་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་པའོ། །” ཞེས་གསེར་འོད་དམ་པའི་མདོ་ལས་ཡང་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རྣམ་བཞག་གསུངས་ཡོད་ལ། གཙོ་བོ་གསུང་རབ་ཡན་ལག་བཅུ་གཉིས་རྒྱས་པར་ངོས་བཟུང་པའི་རྒྱ་གར་གྱི་པཎ་གྲུབ་ཀྱི་གཞུང་ལ་འཕགས་པ་ཐོགས་མེད་ཀྱི་གཞུང་རྣམས་ཆེས་རྒྱས་པར་སྣང་ལ། འཕགས་པ་ཐོགས་མེད་ཀྱི་ཉན་ས་དང་བྱང་ས་མངོན་པ་ཀུན་བཏུས།མདོ་སྡེ་རྒྱན་དང་དབུས་མཐའ།གཞི་བསྡུ་བ་སོགས་སུ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ངོ་བོ་དང་རྒྱུ་མཚན་ཅིའི་ཕྱིར་གསུང་རབ་ཡན་ལག་བཅུ་གཉིས་སུ་འཇོག་ཚུལ་རྒྱས་པར་གསུང་ཡོད། གསུང་རབ་ཡན་ལག་བཅུ་གཉིས་འཇོག་ཚུལ་ཡང་། བརྒྱད་སྟོང་འགྲེལ་ཆེན་སྙིང་པོ་མཆོག་ལས་མཚན་གཞི་ཞིག་ངོས་བཟུང་ཡོད་པ་དེའི་རྗེས་སུ་འབྲང་ནས་གསུང་རབ་ཡན་ལག་བཅུ་གཉིས་སུ་དབྱེ་ཚུལ་བོད་ཀྱི་མཁས་པ་ཕལ་ཆེ་བ་ཞལ་མཐུན།

བོད་འགྲེལ་དུ་མར་གསུང་རབ་ཡན་ལག་བཅུ་གཉིས་སྟོན་པའི་རྒྱ་གཞུང་ལ་འགྲེལ་ཆེན་སྙིང་བོ་མཆོག་ཁུངས་སུ་དྲངས་ཡོད་ལ། ཡང་གཞུང་འགར་བརྒྱད་སྟོང་འགྲེལ་ཆེན་ལས་ཞེས་པ་ཙམ་ལས་འགྲེལ་ཆེན་རྒྱན་སྣང་དང་སྙིང་བོ་མཆོག་གང་ཡིན་གསལ་ཁ་ཐོན་མེད་པ་ཡང་ཡོད། ནིའུ་ཛི་ལེན་ཌི་བྱམས་པ་ཤེར་རབ་ཀྱི་བརྩམས་པས་ལེགས་བཤད་གསེར་ཕྲེང་གི་འཆན་འགྲེལ་འོད་ཀྱི་ཕུང་པོ་ལས། ” ཇི་སྐད་དུ། འགྲེལ་ཆེན་རྒྱན་སྣང་དུ་དྲངས་པ་ལས” ཞེས་རྒྱན་སྣང་དུ་ལུང་དྲངས་བ་ཡིན་བཤད་པ་དང་། སེར་ཤུལ་ལྷ་རམས་བཀྲ་ཤིས་བསོད་ནམས་ཀྱི་ལེགས་བཤད་གསེར་གྱི་ཕྲེང་བའི་བརྗེད་བྱང་ཚིག་དོན་རབ་གསལ་ལས།རྒྱན་སྣང་ལས་ཞེས་འགྲེལ་ཆེན་རྒྱན་སྣང་དུ་ཡོད་པ་ལྟ་བུར་་གསུངས་ཡོད། འགྲེལ་ཆེན་རྒྱན་སྣང་རང་གི་གཞུང་དུ་ཁ་གསལ་བོ་བྱས་ནས་གསུངས་ཡོད་པ་མི་སྣང་ངོ་། །རྒྱན་སྣང་ལས།  “གང་ཅི་ཞེས་བྱ་བ་ནི། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་རྟོགས་པ་བརྗོད། །དེ་ལྟར་བྱུང་དང་གླེང་གཞི་དང་། །ཤིན་ཏུ་རྒྱས་པ་སྐྱེས་རབས་བཅས། །གཏན་ཕབ་རྨད་དུ་བྱུང་སྨོས་ཏེ། །དེ་ལྟར་ཡན་ལག་བཅུ་གཉིས་གསུང་། །ཞེས་བྱ་བའོ། །

རྒྱན་སྣང་དུ་ལུང་དྲངས་བ་ཡིན་པ་གསལ་བར་མི་སྣང་ལ།   རང་གཞུང་ཡིན་པའང་གསལ་བར་མི་སྣང་ངོ་། །  “ནིའུ་ཛི་ལེན་ཌི་བྱམས་པ་ཤེར་རབ་དང་“ལྷ་རམས་པ་བཀྲ་ཤིས་བསོད་ནམས་གཉིས་ཀྱི་ལེགས་བཤད་གསེར་གྱི་ཕྲེང་བའི་མཆན་འགྲེལ་དུ་དེ་ལྟར་གསུང་མོད།   ལེགས་བཤད་གསེར་ཕྲེང་རང་ན་དེ་ཡང་ཇི་སྐད་དུ་ཞེས་པ་ཙམ་ལས་རྒྱན་སྣང་དང་སྙིང་པོའི་མཆོག་གང་ཡིན་ཁ་མི་གསལ། བུ་སྟོན་རིན་པོ་ཆེ་དང་ཀུན་མཁྱེན་ཉི་མའི་གཉེན། རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོ་སོགས་ཀྱིས་བརྒྱད་སྟོང་འགྲེལ་ཆེན་སྙིང་པོའི་མཆོག་གི་གཞུང་ཡིན་པ་གསུངས་འདུག “རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་མཛད་པའི་དཀར་ཆག་ཚིག་ཕྲེང་དོན་ཟབ་ཡིད་བཞིན་ནོར་བུའི་རྒྱན་ཕྲེང་ལས། གསུམ་པ་རྗོད་བྱེད་ཀྱི་སྒོ་ནས་དབྱེ་ན། གསུང་རབ་ཡན་ལག་བཅུ་གཉིས་ཏེ། བརྒྱད་སྟོང་འགྲེལ་བ་སྙིང་པོ་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེ་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་ཕབ་པ་དག། གསུང་རབ་ཡན་ལག་བཅུ་གཉིས་ཡིན། །”ཞེས་གསུངས་པ་ཡོད་པ་དང་།  ཀུན་མཁྱེན་ཉི་མའི་གཉེན་གྱིས་འགྲེལ་ཆེན་སྙིང་པོ་མཆོག་གི་ལུང་དྲངས་བ་ནི། “གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་བ་ལས། གཉིས་པ་རྗོད་བྱེད་ཀྱི་སྒོ་ནས་དབྱེ་ན་གསུང་རབ་ཡན་ལག་བཅུ་གཉིས་ཏེ། བརྒྱད་སྟོང་འགྲེལ་བ་སྙིང་པོ་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། །” ཞེས་དེ་ལྟར་གསུངས་ཡོད་པ་རེད།

བུ་སྟོན་རིན་པོ་ཆེའི་བུ་སྟོན་ཆོས་འབྱུང་དུ་ཡང་གསལ་བར་གསུངས་ཡོད། མདོར་ན་རི་བོ་དགེ་ལྡན་པ་དང་ཇོ་ནང་སོགས་ཀྱི་མཁས་པ་མང་པོས་བརྒྱད་སྟོང་འགྲེལ་ཆེན་སྙིང་པོའི་མཆོག་གི་གཞུང་ཡིན་པ་གསུང་འདུག་ལ། གོང་དུ་འགྲེལ་ཆེན་རྒྱན་སྣང་གི་ལུང་དྲངས་བ་ལྟར་གང་ཅི་ཞེས་བྱ་བ་ནི་ཞེས་པའི་ཚིག་ལ་བལྟས་ན། རྒྱན་སྣང་རང་གཞུང་ཡིན་པ་ལས་གཞན་གྱི་ལུང་ཚིག་དྲངས་བ་གསལ་བར་མི་སྣང་། འགྲེལ་ཆེན་སྙིང་པོའི་མཆོག་གི་གཞུང་ཡིན་པར་བཞེད་པའི་བོད་སྔ་ཕྱིའི་མཁས་པ་རྣམས་ཀྱིས་འགྲེལ་ཆེན་སྙིང་པོའི་མཆོག་གསུང་རབ་ཡན་ལག་བཅུ་གཉིས་སྟོན་པའི་ཁུངས་སུ་འདྲེན་ཚུལ་མཚུངས་ཡང་། སྙིང་མཆོག་གི་ཚིག་དང་མི་མཐུན་པ་མ་ཟད་སྙིང་བོ་མཆོག་གི་ལུང་དྲངས་བའི་ཚིག་ལ་འདྲེན་ཚུལ་མི་མཐུན་པའི་ཁྱད་པར་ཡོད་པས་དཔྱད་གཞི་ཙམ་ཕུལ་ན། ལེགས་བཤད་གསེར་ཕྲེང་དང་བླ་མ་རྗེ་བཙུན་པའི་སྤྱི་དོན་སོགས་སུ་འགྲེལ་ཆེན་སྙིང་པོའི་མཆོག་དང་རྒྱན་སྣང་གང་ཡིན་ཁ་གསལ་མེད་པར་ཇི་སྐད་དུ་ཞེས་པ་དང་འགྲེལ་ཆེན་ལས་ཞེས་གསུང་རབ་ཡན་ལག་བཅུ་གཉིས་སྟོན་པའི་གཞུང་དྲངས་ཡོད་པ་ནི། ལེགས་བཤད་གསེར་ཕྲེང་ལས།  མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་རྟོགས་པ་བརྗོད། །དེ་ལྟར་བྱུང་དང་གླེང་གཞི་དང་། །ཤིན་ཏུ་རྒྱས་པ་སྐྱེས་རབས་བཅས། །གཏན་ཕབ་རྨད་དུ་བྱུང་ཆོས་ཏེ། །དེ་ལྟར་ཡན་ལག་བཅུ་གཉིས་གསུང་། ཞེས་དྲངས་ཡོད་པ་དང་། རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་མཛད་པའི་དཀར་ཆག་ཚིག་ཕྲེང་དོན་ཟབ་ཡིད་བཞིན་ནོར་བུའི་རྒྱན་ཕྲེང་ལས། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེ་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་ཕབ་པ་དག། གསུང་རབ་ཡན་ལག་བཅུ་གཉིས་ཡིན། །” ཞེས་དང་།  ཀུན་མཁྱེན་ཉི་མའི་གཉེན་གྱི་འགྲེལ་ཆེན་སྙིང་པོ་མཆོག་གིས་ལུང་དྲངས་ཡོད་པ་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། ། ཞེས་དང་། བུ་སྟོན་ཆོས་འབྱུང་དུ། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེ་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པ་དག། གསུང་རབ་ཡན་ལག་བཅུ་གཉིས་ཡིན། །”ཞེས་དྲངས་བ་སོགས་མི་འདྲ་བའི་ཁྱད་པར་ཡོད།

གསེར་ཕྲེང་ལས་ཚིགས་བཅད་ཆེད་བརྗོད་རྟོགས་པ་བརྗོད་ཞེས་དྲངས་ཡོད་པ་དང་གཞན་དག་ཏུ་ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་ཞེས་དྲངས་ཡོད་པ་རེད།  རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོ་དང་ཀུན་མཁྱེན་ཉི་མའི་གཉེན་གཉིས་ཀྱི་ཁུངས་སྙིང་པོ་མཆོག་གི་གཞུང་ཚིག་དྲངས་ཚུལ་ཚིག་རིས་ཀྱི་ཆ་ནས་ཁྱད་པར་མེད། ཡིན་ནའང་གསེར་ཕྲེང་དང་བུ་སྟོན་ཆོས་འབྱུང་དུ་དྲངས་བ་སོགས་ལ་བརྗོད་བྱེད་ཚིག་གི་ཆ་ནས་ཁྱད་པར་ཆེན་པོ་ཡོད།  ཡིན་ནའང་སློབ་དཔོན་རིན་ཆེན་འབྱུང་གནས་ཀྱི་འགྲེལ་ཆེན་སྙིང་པོ་མཆོག་རང་ལ་བལྟས་ན། ཚིག་ལྷུག་གི་རྣམ་པའི་གསུངས་ཡོད་པ་ལས་གོང་དུ་དྲངས་བའི་གཞུང་དེ་དག་ནང་ཡོད་པའི་ཚིགས་བཅད་ཀྱི་རྣམ་པ་དེ་ལྟ་བུ་ཞིག་རྙེད་མ་བྱུང་། འགྲེལ་ཆེན་སྙིང་པོ་མཆོག་ལས། ”བཅོམ་ལྡན་འདས་ཀྱི་གསུང་རབ་ཀྱི་ནང་ན། མདོ་སྡེ་རིན་པོ་ཆེ་ཉིད་ཡིན་པའི་ཕྱིར་ཏེ། དིའི་ཕྱིར་གསུང་རབ་ནི་བཅུ་གཉིས་ཏེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། རྟོག་པ་བརྗོད་པ་དང་། དེ་ལྟ་བུ་བྱུང་བ་དང་།  སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བའི་ཆོས་དང་། གཏན་ལ་དབབ་པ་དག་གོ། །” ཞེས་འབྱུང་ལ། གང་ལྟར་དཔར་གཞི་ལ་མི་འདྲ་བའི་ཁྱད་པར་ཡོད་པ་ཡིན་ནམ་ལོ་ཙྭ་བའི་འགྱུར་མི་འདྲ་བ་བྱུང་བ་གང་ཡིན་བཤད་དཀའ་ཡང་ཕལ་ཆེར་འགྱུར་གྱི་ཁྱད་པར་ཡིན་སྙམ་ཡང་དཔར་གཞི་མི་འདྲ་བ་གཞིབ་བསྡུར་བྱེད་མ་ཐུབ་པས་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་མཚལ།

གཉིས་པ། གསུང་རབ་ཡན་ལག་བཅུ་གཉིས་སུ་འཇོག་དགོས་པའི་དགོས་པ་དང་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ངོ་བོ།

སྤྱིར་རྒྱ་བོད་མཁས་གྲུབ་མང་པོས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་གཏན་ལ་ཕབ་པའི་དགོས་པ་གསུང་སྐབས། འཆད་པ་པོས་བཤད་བྱའི་དོན་ཚེགས་ཆུང་ངུས་སྟོན་པས་རྣམ་པར་གཞག་སླ་བ་དང་། ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་གོ་བར་བྱེད་པས་བཤད་སླ་བ་དང་། ཉན་པ་པོས་ཀྱང་གཞུང་ཉུང་ཞིང་དོན་གསལ་བས་བཟུང་སླ་བ་དང་། ཆོས་འདི་བསྒོམས་པས་ཤེས་པར་བྱ་བ་རྟོགས་ནས་དེ་ལ་གུས་པས་གཅེས་སུ་འཛིན་ཅིང་མྱུར་དུ་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱེད་པ་དང་། གུས་པའི་སྦྱོར་བས་ཤེས་རབ་རྣོན་པོར་གྱུར་ནས་མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང་། ཆོས་ཉིད་རྟོགས་ནས་བསྟན་པ་ལེགས་པར་གནས་པ་རྟོགས་ཏེ། སྟོན་པ་པོ་སངས་རྒྱས་ལ་ཡོན་ཏན་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་པ་དང་། བསྟན་བྱ་དམ་པའི་ཆོས་དང་དེ་སྒྲུབ་པ་ལ་འཕགས་པའི་དགེ་འདུན་ལའང་དེ་དག་གི་ཡོན་ཏན་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་པ་དང་། དགོངས་པའི་དོན་འབད་དེ་རྟོགས་པས་རབ་ཏུ་དགའ་བ་ཐོབ་པའི་ཕྱིར་མཐོང་བའི་ཆོས་ཚེ་འདི་ཉིད་ལའང་བདེ་བར་གནས་པའི་མཆོག་ལ་རེག་པ་དང་། བརྒལ་ལན་ལ་སོགས་པའི་འབེལ་བའི་གཏམ་གྱིས་དོན་ཟབ་མོ་གཏན་ལ་འབེབས་ཤིང་རྣམ་པར་འབྱེད་པས་དམ་པ་མཁས་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། དེ་ལ་བརྟེན་ནས་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་ཞིང་སྙན་པའི་གྲགས་པ་ཀུན་ཏུ་འབྱུང་བ་དང་། བཟང་སྦྱིན་གྱིས་འཁྲིག་པ་སྤྱད་པ་དང་ནོར་ཅན་གྱིས་ཤིང་བརྐུས་པ་ལ་སོགས་པ་བྱུང་བ་དང་ལྡན་པའི་དུས་སུ་ཕྱིན་ཆད་འདི་ལྟ་བུ་མི་བྱའོ་ཞེས་བསླབ་པ་བཅས་པ་གསུངས་པའི་དུས་ཕྱིན་ཆད་ནས་འཁྲིགས་སྤྱད་དང་མ་བྱིན་ལེན་སོགས་མི་བྱེད་པའི་བསླབ་པ་དང་བཅས་པ་དང་། ཀོ་ས་ལའི་རྒྱལ་པོ་རིང་ལེན་དང་ཀཱ་ཤིའི་རྒྱལ་པོ་ཚངས་བྱིན་གྱི་སྔོན་བྱུང་གསུངས་ནས། རྒྱལ་པོ་དེ་དག་ཀྱང་བཟོད་པ་དང་བཟོད་པའི་བསྔགས་པ་སྨྲ་ན།  དགེ་སློང་རྣམས་ཀྱིས་སྨྲ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་སོགས་གསུངས་བའི་བཟོད་པའི་མཉམ་ལེན་སོགས་ཕར་ཕྱིན་བཅུའི་མཉམ་ལེན་དང་ལྡན་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ཉམས་སུ་བླངས་པས་གནས་སྐབས་ཀྱི་འབྲས་བུ་ས་བཅུ་དང་མཐར་ཐུག་གི་འབྲས་བུ་སྟོབས་བཅུ་དང་ལྡན་པའི་སངས་རྒྱས་ཉིད་ཀྱི་གོ་འཕང་རིན་པོ་ཆེ་མཆོག་འགྲུབ་པ་དང་།སྟོབས་བཅུ་དང་ལྡན་པའི་གོ་འཕང་རིན་པོ་ཆེ་འདི་ཉིད་ལ་བརྟེན་ནས་སྙིང་རྗེས་སེམས་ཅན་ཐམས་ཅད་ལ་དམིགས་པ་རྒྱ་ཆེ་བའི་སྒོ་ནས་ཟབ་པའི་ཆོས་སྟོན་ནུས་པ་སོགས་དགོས་པ་མང་དུ་འབྱུང་བའི་སྒོ་ནས་གཏན་ལ་ཕབ་པའོ། །

གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ངོ་བོ་འཇོག་ཚུལ་ཡང་སློབ་དཔོན་རིན་ཆེན་འབྱུང་གནས་དང་འཕགས་པ་ཐོགས་མེད། མཆིམས་འཇམ་པའི་དབྱངས་སོགས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ངོ་བོ་གཏན་ལ་ཕབ་པའི་གཞུང་ཤིན་ཏུ་མང་མོད། ཁོ་བོས་སྐབས་འདིར་སྙིང་མཆོག་གི་ལུགས་གཞིར་བཟུང་ནས་ཡན་ལག་བཅུ་གཉིས་ཀྱི་ངོ་བོ་འཇོག་པར་འདོད། འོ་ན་ལུགས་དེའི་འཇོག་ཚུལ་གང་ཡིན་ཞེ་ན།   འགྲེལ་ཆེན་སྙིང་པོའི་མཆོག་ལས། “དེ་ལ་མདོའི་སྡེ་གང་ཞེ་ན། གང་ཚིག་རྐྱང་པས་ཟབ་པའི་དོན་སྟོན་པའོ། །དབྱངས་ཀྱིས་བསྙད་པ་གང་ཞེ་ན། མདོ་སྡེ་གང་ཡིན་པ་དེ་ལ་བར་དང་ཐ་མར་ཚིགས་སུ་བཅད་པ་བརྗོད་པའོ། །གང་ཡང་དྲང་བའི་དོན་གྱི་མདོ་སྡེ་དེ་ཡང་དབྱངས་ཀྱིས་བསྙད་པ་ཡིན་ཏེ། རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །ལུང་བསྟན་པ་གང་ཞེ་ན། གང་དུ་ཉན་ཐོས་འདས་ཤིང་དུས་བྱེད་པར་འགྱུར་བ་སྐྱེ་བའི་ལུང་བསྟན་པའོ། །གང་ཡང་ངེས་པའི་དོན་གྱི་མདོ་སྡེ་གསལ་བར་དགོངས་པས་བསྟན་པ་ཡང་ཡིན་ནོ། །ཚིགས་སུ་བཅད་པ་གང་ཞེ་ན། ཚིགས་སུ་བཅད་པ་བཤད་པ་གང་ཡིན་པ་སྟེ། ཚིག་རྐང་གཉིས་ དང་། ཚིག་རྐང་གསུམ་དང་། ཚིག་རྐང་བཞི་དང་། ཚིག་རྐང་ལྔ་དང་། ཚིག་རྐང་དྲུག་གོ། །ཆེད་དུ་བརྗོད་པ་གང་ཞེ་ན། གང་ཡི་རང་བ་ནས་བརྗོད་པའོ། །གླེང་གཞི་གང་ཞེ་ན། གང་བསྟན་པ་བརྗོད་པའམ། བྱུང་བ་དང་བཅས་པའི་བསླབ་པ་བཅས་པ་བརྗོད་པའོ། །རྟོག་པ་བརྗོད་པ་གང་ཞེ་ན། དཔེ་དང་བཅས་པ་བརྗོད་པའོ། །དེ་ལྟ་བུ་བྱུང་བ་གང་ཞེ་ན། སྔོན་གྱི་སྦྱོར་བ་དག་དང་ལྡན་པའོ། །སྐྱེས་པའི་རབས་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པའོ། །ཤིན་ཏུ་རྒྱས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་གནས་ཡིན་པའི་ཕྱིར་རོ། །རྨད་དུ་བྱུང་བའི་ཆོས་གང་ཞེ་ན། གང་དུ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པའོ། ། གཏན་ལ་དབབ་པ་གང་ཞེ་ན། གང་དུ་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་སྟེ། དེ་ལྟར་བསྟན་པ་དེ་དག་གི་ནང་ན་འདི་ནི་བཅོམ་ལྡན་འདས་ཀྱི་མདོ་སྡེ་རིན་པོ་ཆེ་སྟེ། སྐྱེས་བུ་དམ་པའི་དོན་སྒྲུབ་པ་དང་། ཟབ་པ་དམ་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་སྟོན་པའི་ཕྱིར་རོ།།”

གསུམ་པ། གསུང་རབ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་དུ་བསྡུ་ཚུལ།

གསུང་རབ་ཡན་ལག་བཅུ་གཉིས་པོ་དེ་ལ་མདོ་སྡེའི་སྡེ་སྣོད་དང་།   འདུལ་བའི་སྡེ་སྣོད།  མངོན་པའི་སྡེ་སྣོད་གསུམ་ཀ་ཡོད་དེ། འཇམ་དཔལ་རྩ་རྒྱུད་ལས། ཐུབ་པ་མ་ལུས་འདུས་ནས་ནི། ། ”གསུང་རབ་ཡན་ལག་བཅུ་གཉིས་དང༌། །འདུལ་བ་མ་ལུས་སྡུང་པར་བྱེད། །གང་ཞིག་ཆོས་ནི་ངས་བསྟན་དང༌། །དེ་བཞིན་སྔོན་གྱི་རྒྱལ་བ་མཆོག །དེ་ནི་སློབ་མའི་མཆོག་དེས་ཀྱང༌། །རྣམ་པ་གསུམ་དུ་ཡང་དག་བསྟན། །འདུལ་བ་དང་ནི་མངོན་པ་དང༌། །མདོ་སྡེའི་དབྱེ་བས་གཞུང་དུ་བྱས། ། “ཞེས་མཉམ་མེད་ཤཱཀྱའི་རྒྱལ་པོ་ཐུབ་པ་སངས་རྒྱས་བཅོལ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གསུང་རབ་ཡན་ལག་བཅུ་གཉིས་སུ་བསྡུ་ལ། དེ་ཡང་སྡེ་སྣོད་གསུམ་དུ་འདུ་བར་གསུང་ལ།   བསྡུ་ཚུལ་ལ་ཡང་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་མོད། ཁོ་བོའི་སྐབས་འདིར་སློབ་དཔོན་ཐོགས་མེད་ཀྱི་གཞུང་ལས་ཇི་ལྟར་བསྡུ་ཚུལ་རང་ལུགས་སུ་བཟུང་ནས་འཆད་པར་འདོད།

སློབ་དཔོན་ཐོགས་མེད་ཀྱི་མངོན་པ་ཀུན་བཏུས་དང་ཉན་ས་གཞི་བསྡུ་བ་སོགས་ཀྱི་སྡེ་སྣོད་གསུམ་དུ་བསྡུ་ཚུལ་ལ་ཡང་མི་འདྲ་བའི་ཁྱད་པར་ཡོད་དེ། དང་པོ་ཀུན་འདུས་དང་ཉན་ས་གཉིས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་དུ་བསྡུ་ཚུལ་མི་འདྲ་བ་ནི།   ཀུན་བཏུས་སུ་”མདོའི་སྡེ་དང་།  དབྱངས་ཀྱི་བསྙད་པ་དང་།  ལུང་དུ་བསྟན་པ་དང་།    ཚིགས་སུ་བཅད་པ་དང་།  ཆེད་དུ་བརྗོད་པའི་སྡེ་དང་ལྔ་ནི་ཉན་མདོ་སྡེའི་སྡེ་སྣོད་དང་། ། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་འཁོར་དང་བཅས་པ་འདི་ནི་འདུལ་བའི་སྡེ་སྣོད་དུ་བྱེད་པ་དང་།ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བ་ཆོས་ཀྱི་སྡེ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དོ། །གཏན་ལ་དབབ་པར་བསྟན་པའི་སྡེ་ནི་གཉིས་ཀའི་ཆོས་མངོན་པའི་སྡེ་སྣོད་དུ་བྱེད་པ་དང་།  མདོར་ན་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཀྱི་ཁྱད་པར་དུ་མ་བྱས་ན་མདོའི་སྡེ་དང་། དབྱངས་ཀྱི་བསྙད་པ་དང་།  ལུང་དུ་བསྟན་པ་དང་།    ཚིགས་སུ་་བཅད་པ་དང་།  ཆེད་དུ་བརྗོད་པ་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་རྣམས་ནི་མདོ་སྡེའི་སྡེ་སྣོད་དང་།  གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་འཁོར་དང་བཅས་པ་རྣམས་ནི་འདུལ་བའི་སྡེ་སྣོད་དང་།  གཏན་ལ་དབབ་པར་བསྟན་པའི་སྡེ་མངོན་པའི་སྡེ་སྣོད་དུ་འཇོག་ལ།   ཀུན་བཏུས་ལས་བཤད་པ་འདི་ཉན་ས་ལས་གསུང་ཚུལ་དང་མི་མཐུན་ཏེ།ཀུན་བཏུས་སུ་སྐྱེ་རབས་འཁོར་དང་བཅས་པ་འདུལ་བའི་སྡེ་སྣོད་དུ་འཇོག་པ་དང་།     ཉན་ས་ལས་གླེང་གཞི་གཅིག་པོ་ལས་གཞན་རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་རྣམས་མདོ་སྡེའི་སྡེ་སྣོད་དུ་འཇོག་པ་ལས་འདུལ་བའི་སྡེ་སྣོད་དུ་མི་འཇོག་པའི་གསུང་མཁན་མཁས་པ་གཅིག་ཡིན་ནའང་ནའང་གསུང་ཚུལ་ལ་མི་འདྲ་བའི་ཁྱད་པར་ཡོད།

ཀུན་བཏུས་དང་གཞི་བསྡུ་བར་སྡེ་སྣོད་གསུམ་ཏུ་བསྡུ་ཚུལ་ཚིག་རིས་མི་མཐུན་པ་ཡོད་ཡང་དོན་ལ་འགལ་བ་མེད་དེ། ཀུན་བཏུས་ལས་མདོའི་སྡེ་དང་།  དབྱངས་ཀྱི་བསྙད་པ་དང་།  ལུང་དུ་བསྟན་པ་དང་།    ཚིགས་སུ་བཅད་པ་དང་།  ཆེད་དུ་བརྗོད་པའི་སྡེ་རྣམས་མདོ་སྡེའི་སྡེ་སྣོད་དུ་འཇོག་པ་དང་། གླེང་གཞིའི་སྡེ་འདུལ་བའི་སྡེ་སྣོད་འཇོག་པ་དང་།   གཏན་ལ་དབབ་པའི་སྡེ་མངོན་པའི་སྡེ་སྣོད་དུ་འཇོག་པ་རྣམས་ནི་ཉན་ས་དང་འཇོག་ཚུལ་མཚུངས།  གཞི་བསྡུ་བ་ལས་གསུང་རབ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་ཏུ་བསྡུ་ཚུལ་དང་།    ཀུན་བཏུས་ལས་བསྡུ་ཚུལ་མཚུངས་ལ།  འོ་ན་“གསེར་ཕྲེང་ལས་འདི་དང་བཤད་གཞི་དང་བཤད་ཚུལ་མི་མཐུན་ནོ་ཞེ་ན།  སྐྱོན་མེད་དེ།  དེ་གཉིས་འགལ་བར་མི་བསམ་སྟེ།   ཀུན་བཏུས་ལས་བཤད་གཞི་སྡེ་སྣོད་གསུམ་ཀ་དང་།   བཤད་ཚུལ་བརྗོད་བྱའི་སྒོ་ནས་བཞག་པ་ཡིན་ལ།   གཞི་བསྡུ་བར་བཤད་གཞི་མདོ་སྡེའི་སྡེ་སྣོད་གཅིག་པུ་བཞག་ནས།   བཤད་ཚུལ་ཐེག་པ་མཆོག་དམན་གྱི་སྒོ་ནས་བཞག་པ་ཡིན་པའི་སྐྱོན་མེད་དོ། །

མཇུག་བསྡུ་བ།

འདིར་ཁོ་བོས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ངོ་བོ་དང་ཁྱད་ཆོས་སོགས་ལ་རྒྱ་བོད་མཁས་པའི་གཞུང་གོང་འོག་བསྡུར་ནས་རང་ནུས་ཅི་ལྕོག་གིས་དཔྱད་པའི་ཁུལ་ཙམ་བྱས་ཡང་འདིར་དཔྱད་གཞིའི་རྒྱུ་ཆ་མ་རྙེད་པ་དང་།  ཚད་ལྡན་གྱི་ཁུངས་ལུང་གི་མ་འདང་བ་སོགས་སྟོང་ཆ་ཤིན་ཏུ་མང་ལ། སྤྱིར་རང་ཉིད་ལ་སྐྱེས་སྟོབས་ཀྱི་ཤེས་རབ་ཆུང་བ་སྦྱང་སྟོབས་ཀྱི་ཡོནཏན་དམན་པ།སྒོས་སུ་དེང་རབས་ལུགས་ཀྱི་དཔྱད་རྩོམ་འབྲི་བའི་ཉམས་མྱོང་དང་ཆུ་ཚད་དབེན་པ་སོགས། རྒྱུ་རྐྱེན་དུ་མས་འདིར་བརྗོད་བྱ་ཆེན་པོ་འདི་ལྟ་བུའི་སྟེང་དཔྱད་རྩོམ་འབྲི་བ་ནི་ཤིན་ཏུ་མི་འོས་པའི་ལས་སུ་གྲུབ་མོད། ཡིན་ནའང་འདིར་རང་གི་ཤེས་ནུས་དང་འཚམས་པའི་དཔྱད་བསྡུར་ཕྲན་བུ་ཞིག་བྱས་པ་ལགས་ལ།ལྟ་རྒྱ་ཐོས་རྒྱ་ཆུང་བ་སོགས་མི་ཤེས་ཤིང་མ་རིག་པས་དབང་གིས། འབྲི་ནོར་བཤད་ནོར་བྱས་ཡོད་པ་དང་།གནས་ལུགས་ལ་དཔྱོད་པའི་རིགས་པ་དང་འགལ་བ་ཚད་མར་གྱུར་བའི་ལུང་དང་འགལ་བ་སོགས།མ་རྟོགས་པ་དང་ལོག་པར་རྟོག་པའི་དབང་གིས་རྒྱ་བོད་པཎ་གྲུབ་རྣམས་ཀྱི་དགོངས་པ་ཕྱིན་ཅི་ལོག་ཏུ་བཤད་པ་སོགས་ཤིན་ཏུ་མང་བས་དཔྱོད་ལྡན་མཁས་པའི་དབང་པོ་དག་ལ་སོར་བཅུའི་ཐལ་མོ་སྙིང་ཀར་སྦྱར་ཏེ་འཆགས་སོ།།།།

 དཔྱད་གཞིའི་ཡིག་ཆ།
  1.  ཐུབ་པ་སངས་རྒྱས་བཅོམ་ལྡན་འདས།   འཇམ་དཔལ་རྩ་བརྒྱུད།  ལྷ་སའི་བཀའ་འགྱུར། རྒྱུད་འབུམ།  ༼ན༽ཤོག  273
  2. ཐུབ་པ་སངས་རྒྱས་བཅོམ་ལྡན་འདས།  གསེར་འོད་དམ་པའི་མདོ།  ལྷ་སའི་བཀའ་འགྱུར།  རྒྱུད་འབུམ། ༼པ༽ ཤོག  233
  3.  སློབ་དཔོན་སེང་གེ་བཟང་པོ།  འགྲེལ་ཆེན་རྒྱན་སྣང་།  སྡེ་བསྟན།  ཤེར་ཕྱིན།  ༼ཆ༽ ཤོག 23
  4. ནིའུ་ཛི་ལེན་ཌི་བྱམས་པ་ཤེར་རབ།    ལེགས་བཤད་གསེར་ཕྲེང་གི་འཆན་འགྲེལ་འོད་ཀྱི་ཕུང་པོ།    ཤོག   182
  5. སེར་ཤུལ་ལྷ་རམས་བཀྲ་ཤིས་བསོད་ནམས།        ལེགས་བཤད་གསེར་གྱི་ཕྲེང་བའི་བརྗེད་བྱང་ཚིག་དོན་རབ་གསལ།   ཤོག   221
  6. རྗེ་བཙུན་ཡོན་ཏན་ངག་དབང་བཟང་པོ། དཀར་ཆག་ཚིག་ཕྲེང་དོན་ཟབ་ཡིད་བཞིན་ནོར་བུའི་རྒྱན་ཕྲེང་། མི་རིགས་དཔེ་བསྐྲུན། ༼ཅ༽ ཤོག59
  7.   ཀུན་མཁྱེན་ཉི་མའི་གཉེན།  གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་བ།  སྡེ་བསྟན།   ༼ཤྲཱིཿ༽ ཤོག104

8.རྗེ་ཙོང་ཁ་པ།  ལེགས་བཤད་གསེར་ཕྲེང་།  ཀིརྟིའི་དཔར་མ།  ཤོག 60

  1.   བུ་སྟོན་རིན་པོ་ཆེ།     བུ་སྟོན་ཆོས་འབྱུང་།    འཕྲུལ་དེབ།   ཤོག  86
  2.   སློབ་དཔོན་རིན་ཆེན་འབྱུང་གནས།  བརྒྱད་སྟོང་འགྲེལ་ཆེན་སྙིང་པོའི་མཆོག།   སྡེ་བསྟན།  ༼ཐ༽ ཤོག2
  3. སློབ་དཔོན་རིན་ཆེན་འབྱུང་གནས།  བརྒྱད་སྟོང་འགྲེལ་ཆེན་སྙིང་པོའི་མཆོག།   སྡེ་བསྟན།  ༼ཐ༽ ཤོག3 འཇོག་ཚུལ་གཞན་བཞི་ཡོད་པ་འདི་དག་ལས་གསལ།
  1. མཆིམས་འཇམ་པའི་དབྱངས།     མཆིམས་མཛོད།   ནང་བསྟན་རུས་མེད་དཔར་བསྐྲུན།   ཤོག  379
  2.  སློབ་དཔོན་ཐོགས་མེད།   མངོན་པ་ཀུན་འདུས།   སྡེ་བསྟན།  སེམས་ཙམ།   ༼ རི ༽  ཤོག 101
  3.   སློབ་དཔོན་ཐོགས་མེད།    ཉན་ས།   སྡེ་བསྟན།  སེམས་ཙམ།  ༼  ཛི ༽ ཤོག  56
  4. ས་བཟང་མ་ཏི་པན་ཆེན། དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བའི་དཀར་ཆག   ༼ཀ ༽ ཤོག   659
  5. རྗེ་ཙོང་ཁ་པ།   ལེགས་བཤད་གསེར་ཕྲེང་།   ཀིརྟི་དཔར་མ།  ཤོག   61

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།