རྒྱ་ནག་ཧྭ་ཤང་དང་ཁོང་གི་ལྟ་གྲུབ་སྐོར་གྱི་བསྐྱར་ཞིབ།

0
293

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ཧྭ་ཤང་མ་ཧ་ཡན་ངོས་འཛིན་གྱི་སྐོར་དང་སྔོན་གྱི་མཁས་པ་མང་པོའི་ཧྭ་ཤང་གི་ལུགས་ཡང་དག་ཏུ་འདོད་ཚུལ་སོགས་ཡན་ལག་གི་དོན་འགའ་དང་། ཏུན་ཧོང་ཡིག་རྙིང་དང་བསམ་གཏན་མིག་སྒྲོན་ཁུངས་གཏུག་ས་གཙོ་བོར་བྱས་ནས་ཧྭ་ཤང་གིས་བཞེད་པའི་ཅི་ཡང་མི་བསམ་པའི་ལྟ་བའི་དོན་དང་། དགེ་བའི་ཕྱོགས་བཀག་མིན། རྩོད་ཕམ་བྱུང་ཚུལ་སྐོར་ལ་དཔྱད་པ་བྱས་ཡོད།

གནད་ཚིག ། ཅིག་ཅར་པའི་ལུགས། ཧྭ་ཤང་མ་ཧ་ཡན། ཧྭ་ཤང་གི་ལུགས། ཅི་ཡང་མི་བསམ་པ།

དང་པོ། གླེང་སློང་བ་དང་རྒྱབ་རྟེན་ཡིག་ཆའི་ཁུངས་གཙོ་བོ་གང་ཡིན་སྐོར་བཤད་པ།

བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲིད་མཇུག་སྟེ་དུས་རབས་བརྒྱད་པའི་དུས་སྨད་དུ། བོད་ཀྱི་རབ་བྱུང་གི་སྡེ་རྣམས་རིམ་དང་ཅིག་ཅར་པའི་ལུགས་གཉིས་སུ་གྱེས་ནས་ཕན་ཚུན་རྩོད་ཅིང་འཁྲུགས་པ་ན། མཁན་ཆེན་ཞི་འཚོའི་ཞལ་ཆེམས་ལྟར་བལ་ཡུལ་ན་བཞུགས་པའི་སློབ་དཔོན་ཀ་མ་ལ་ཤཱི་ལ་གདན་དྲངས་ཏེ་ཅིག་ཅར་པའི་ཕྱོགས་རྣམས་རྩོད་པ་ལས་ཕམ་པར་བྱས་པ་དབའ་བཞེད་སོགས་སུ་གསལ། དེ་ལྟར་ན་ཡང་ཅིག་ཅར་པའི་ལྟ་བ་ཡང་དག་ཡིན་མིན་དེ་ད་ལྟའི་བར་ཡོངས་ཀྱིས་ཁས་ལེན་ཐུབ་པའི་འདོད་ཚུལ་ཞིག་བྱུང་མེད་པས་ལུགས་འདི་འཐད་མིན་ལ་བརྟག་པ་གལ་ཆེ་བའི་གནས་སུ་མཐོང་།

དེ་ཡང་ཕྱི་ལོ་༡༩༠༠ལོར་ཏུན་ཧོང་གི་ཕུག་པར་གཟིམས་ནས་ཡུན་རིང་འགོར་བའི་ཡིག་རྙིང་རྣམས་ཕྱིར་ཐོན་པ་ནས། རང་ཅག་གི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་གི་རྒྱུ་ཆ་མང་པོ་རྙེད་པ་དང་མཉམ་དུ་ཅིག་ཅར་པའམ་ཧྭ་ཤང་གི་ལྟ་བའི་སྐོར་གྱི་ཡིག་ཆ་ཡང་མང་པོ་བྱུང་འདུག་མོད། ད་ལྟར་ཞལ་བཞུགས་པའི་མཁས་པ་མང་པོས་ཧྭ་ཤང་གི་ལུགས་ནི་འདི་དང་འདི་འདྲ་འོ་ཞེས་དབའ་བཞེད་དང་སྒོམ་རིམ་བར་ཐ་སོགས་ཁུངས་སུ་བྱས་ནས་ཐ་ཆད་དུ་སྨྲ་བ་ཙམ་ལས། ཏུན་ཧོང་ཡིག་རྙིང་ཁྲོད་བཞུགས་པའི་ཧྭ་ཤང་དང་འབྲེལ་བའི་ཡིག་ཆ་དང་བསམ་གཏན་མིག་སྒྲོན་ལྟ་བུའི་ཡིག་རྙིང་ཁུངས་སུ་བྱས་ནས་དཔྱད་པ་གནང་མཁན་དཀོན་པར་འདུག །

དེ་བས་འདིར་ཁོ་བོས་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཧྭ་ཤང་དང་འབྲེལ་ཡོད་ཀྱི་ཡིག་ཆ་འགའ་དང་། བསམ་གཏན་མིག་སྒྲོན་ལས་བྱུང་བའི་ཅིག་ཅར་ལུགས་ཀྱི་ལྟ་བའི་སྐོར་རྣམས་ཁུངས་གཙོ་བོར་བྱས་ཏེ། ཧྭ་ཤང་གི་སྐོར་ལ་དཔྱད་པ་འདི་ཉིད། གྲུབ་མཐའི་ཁ་འཛིན་དང་། རང་ལ་ཐོག་མར་བཞག་པའི་བག་ཆགས་སྲུང་ཐབས་སུ་བྲིས་པ་ལ་སྙིང་པོ་གང་ཡང་མ་མཆིས་པས། ཐོག་མཐའ་བར་གསུམ་ཀུན་ཏུ་གཟུར་གནས་ཀྱི་བློ་འབྲལ་མེད་ཅི་ནུས་བྱས་པ་དང་། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཅིག་ཅར་ལུགས་ཀྱི་ཡིག་ཆ་རྣམས་ལས་འགའ་ཞིག་ནི་མ་ཧ་ཡན་རང་གིས་བརྩམས་པ་དང་། འགའ་ཞིག་མཛད་པ་པོ་མི་གསལ་ཡང་མ་ཧ་ཡན་དང་དུས་མཉམ་གྱི་ཡིག་ཆ་ཡིན་པས། སློབ་དཔོན་ཀ་མ་ལ་ཤཱི་ལའི་སྒོམ་རིམ་བར་ཐ་རུ་ཤིན་ཏུ་བསྡུས་པར་བཀོད་པ་རྣམས་ལས་ཁུངས་ཆེ་བ་དང་། གནུབས་ཀྱི་བསམ་གཏན་མིག་སྒྲོན་དུ་ཅིག་ཅར་ལུགས་ཀྱི་ལྟ་བའི་རྣམ་གཞག་རྒྱས་པར་འབྱུང་བས་དབའ་བཞེད་ལས་མདོར་བསྡུས་སུ་བྲིས་པ་རྣམས་དང་བསྡུར་ན་གསལ་ཆ་ཆེ་བར་མ་ཟད། ཡིག་རྙིང་དང་མིག་སྒྲོན་ལས་བྱུང་བ་རྣམས་སྐབས་དེའི་ཅིག་ཅར་པའི་ལུགས་ཀྱི་ཞེ་འདོད་དངོས་ཡིན་པས་ཁུངས་སུ་བྱས་པ་ཡིན་ལ། ཅིག་ཅར་པའི་སློབ་དཔོན་རྣམས་ཀྱིས་རང་གི་འདོད་པ་གསུངས་པ་དང་གཞན་གྱིས་སྔ་རྒོལ་དུ་བཀོད་པ་གཉིས་ལས་ཕྱི་མ་ཁུངས་སུ་ཆེ་བར་བྱེད་པ་འདི་ཡང་ཡ་མཚན།

གཉིས་པ། མ་ཧ་ཡན་གྱི་མིང་གི་འབྲི་ཚུལ་དང་མ་ཧ་ཡན་ངོས་འཛིན་ཚུལ་སྐོར་བཤད་པ།

དེ་ལ་ཧྭ་ཤང་བྱ་བ་རྒྱའི་སྐད་ཀྱི་(和尚)ཞེས་པའི་སྒྲ་ཟུར་ཆགས་པར་སྣང་ལ། དེའི་དོན་བཙུན་པ་ཡིན་པས་རྒྱའི་བཙུན་པ་སྤྱིའི་མིང་ཡིན་ཡང་རིམ་བཞིན་ཧྭ་ཤང་མ་ཧ་ཡན་གྱི་མིང་དུ་བཀོལ་བ་མང་སྟེ། ཡིག་ཆ་རྣམས་སུ་ཧྭ་ཤང་གི་ལྟ་བ་ཞེས་གང་བརྗོད་པ་རྣམས་ལས་མང་ཆེ་བ་མ་ཧ་ཡན་གྱི་ལྟ་བ་ལ་གོ་བར་བྱས་ཡོད། མ་ཧ་ཡན་དང་། མ་ཧཱ་ཡ་ན་ཞེས་པ་སོགས་ཀྱང་། འབྲི་སྟངས་སོ་སོ་ཙམ་ལས་དོན་ལ་ཁྱད་པར་མེད་ཅིང་། དཀར་ཆག་འཕང་ཐང་མ་དང་རྦ་བཞེད། ཉང་གི་ཆོས་འབྱུང་དང་མཁས་པའི་དགའ་སྟོན་སོགས་ལས་མ་ཧཱ་ཡ་ན་ཞེས་དང་། ཐང་ཡིག་[1]ལས་དེ་དང་སྒྲ་འདྲ་བར་བྲིས། ཏུན་ཧོང་ཡིག་རྙིང་ལས་མ་ཧ་ཡན་ཞེས་བྱུང་བ་དང་། བསམ་གཏན་མིག་སྒྲོན་[2] དང་དབའ་བཞེད་[3]དུ་དེ་དང་སྒྲ་འདྲ་བར་བྲིས་པ་ལས་རྒྱུགས་ཆེ་བའི་དབང་དུ་བྱས་ན་མ་ཧཱ་ཡ་ན་དང་། ཁུངས་དག་པའི་དབང་དུ་བྱས་ན་ཏུན་ཧོང་ཡིག་རྙིང་དང་བསམ་གཏན་མིག་སྒྲོན་ལས་བྱུང་བ་ལྟར་མ་ཧ་ཡན་ཡིན་པས་འདིར་ཡང་དེ་ལྟར་བྱས་ལ། མ་ཧ་ཡན་ཞུ་བའི་སློབ་དཔོན་འདིས་ཅི་ཡང་མི་བསམ་པའི་ལུགས་སྤེལ་བ་ཆོས་འབྱུང་མང་ཆེ་བ་ཞལ་མཐུན་ཡང་།

ཁ་ཅིག་གིས་ལུས་ངག་གི་ཆོས་སྤྱོད་མི་དགོས་པ་དང་། ཅི་ཡང་མི་བསམ་པའི་ལུགས་སྤེལ་མཁན་གྱི་སློབ་དཔོན་དེ་མ་ཧ་ཡན་གྱི་སློབ་མ་ཞིག་ཡིན་པར་སྨྲས་[4]ཀྱང་། སློབ་མས་ལོག་ཆོས་སྤེལ་བ་ཡིན་ན་དེ་བཀག་རིགས་པ་ལས་ཧྭ་ཤང་གི་ལུགས་རིལ་གྱིས་བཀག་པ་མི་འཐད་ཅིང་། དགེ་སློབ་ཀྱི་ཁྱད་པར་རགས་པ་འདི་ལྟ་བུ་ཞིག་ལོ་རྒྱུས་རྙིང་མ་དག་གིས་ནོར་མི་སྲིད་པས་དོན་དང་མི་མཐུན་པར་སྣང་ལ། སྦ་གསལ་སྣང་གི་བཞེད་པ་ལས་མ་ཧ་ཡན་བོད་ནས་འགྲོ་ཁར་ཤུལ་དུ་ལྷམ་ལྷག་པ་དང་། དེའི་རྟེན་འབྲེལ་གྱིས་བོད་དུ་ཧྭ་ཤང་གི་ལུགས་ལྷམ་ཙམ་ཞིག་ལྷག་པར་བཤད་པ་ཡང་། སྦ་བཞེད་ཀྱི་འདོད་པ་ཕྱིས་བཅོས་བསླད་བྱས་པ་ཡིན་ཚུལ་དཔའ་བོ་གཙུག་ལག་ཕྲེང་བས་གསུངས་པ་ལྟར་ཏེ། སྦ་གསལ་སྣང་གི་བཞེད་པ་ལས། དེར་རྒྱ་ནག་མཁན་པོ་ཡི་མུག་སྟེ་རང་གི་གནས་སུ་སོང་ངོ་། །ཆོས་གྲྭ་དེར་ལྷམ་ལུས་པས་ལྟས་དེ་ལས་སྤགས་(དཔགས)ན་[5]སངས་རྒྱས་ཀྱི་བསྟན་པ་འཇིགས་ཁར་ངའི་བསྟན་པ་ཡང་ལྷམ་ཙམ་གཅིག་ལུས་པར་འགྱུར་རོ། །ཞེས་འཁོར་རྣམས་ལ་ལུང་བསྟན་ཏོ་ཞེས་གྲག་གོ། །ཕྱིས་དགེ་བའི་བཤེས་བསྙེན་མཁས་པ་རྣམས་ན་རེ། རྒྱ་ནག་མཁན་པོས་ཆོས་མི་ཤེས་ཀྱང་བལྟས་ཅུང་ཟད་ཤེས་པ་ཞིག་སྟེ། དེང་སང་ཆོས་ཁུངས་མ་རྣམས་བོར་ནས་སེམས་ངོ་འཕྲོད་པ་སངས་རྒྱས་བར་འདོད་པ་དཀར་པོ་ཆིག་ཐུབ་དུ་འགྲོ་བའི་རྒྱུ་མཚན་དེ་ཡིན་གསུངས།[5] ཞེས་བྲིས་འདུག་པ། མཁས་པའི་དགའ་སྟོན་ལས། རྦ་བཞེད་ཁུངས་མ་ན་དེ་མེད་ཅིང་གསར་དུ་བཅུག་པ་ཡིན་མིན་ཕྱིས་ཀྱི་མཁས་པ་དག་ཅེས་སོགས་ཀྱིས་གསལ་བར་ཤེས་ལ།[6] ཞེས་གསུངས་པ་བདེན་པར་མཐོང་ཞིང་། ཁྱེད་ཀྱི་ལུགས་ནི་ལྷམ་ལུས་པའི་བགོ་སྐལ་དུ་ཐོབ་པའོ་ཞེས་ཕ་རོལ་པོར་ཟུར་ཟ་བ་དང་སུན་འབྱིན་བྱེད་པའི་ཁུངས་ནི་དེ་ག་ཙམ་དུ་འདུག ། སྦ་བཞེད་ཀྱི་སྐབས་འདིར་ཡང་ལུགས་གཅིག་ལ་ཞེས་པ་ནས་སྔར་བཤད་པ་དང་མཐུན་ནོ་ཞེས་པའི་བར་གྱི་དོན་ཚན་གཅིག་[7]དབའ་བཞེད་སོགས་པར་གཞི་གཞན་དང་མི་འདྲ་བར་བྱུང་ཞིང་། དེ་ལས་ཧྭ་ཤང་མ་ཧ་ཡན་གྱིས་བསམ་གཏན་ཉལ་ཆོག་དང་བསམ་གཏན་གྱི་ལོན་སོགས་མཛད་པར་གསུངས་པ་རྦ་བཞེད་[8]དང་མཐུན་མོད། ལྷམ་ལུས་པའི་རྟེན་འབྲེལ་ལ་བརྟགས་ཚུལ་སོགས་ཕྱོགས་ཞེན་ཐལ་ཆེ་བའི་གཏམ་མང་དུ་གསལ་བ་རྦ་བཞེད་དང་དབའ་བཞེད་སོགས་ན་མི་སྣང་བས་བསྲེས་བསླད་བྱས་པ་ཤིན་ཏུ་གསལ། དེ་མིན་སྦ་བཞེད་ཕྱོགས་བསྒྲིགས་ཀྱི་པར་གཞི་ཁག་དང་རྦ་བཞེད་ལས་རིམ་དང་ཅིག་ཅར་པའི་སྐོར་སྤྱིའི་ཆ་ནས་བརྗོད་ཚུལ་གཅིག་མཚུངས་སུ་ཡོད་ལ། ཐམས་ཅད་ལས་ཅིག་ཅར་པའི་ལུགས་ཀྱི་འདོད་པ་ཡང་དག་མིན་པར་བསྟན།

གསུམ་པ། སྔོན་གྱི་མཁས་པ་མང་པོས་ཧྭ་ཤང་གི་ལུགས་ཡང་དག་ཏུ་བཞེད་ཚུལ་བཤད་པ།

དེ་བཞིན་ཅིག་ཅར་པའི་ལུགས་ཀྱི་ལྟ་བ་འདི་ས་སྐྱ་པ་དང་རི་བོ་དགེ་ལྡན་པའི་མཁས་པ་མང་པོས་ཡང་དག་མིན་པར་སྨྲས་ཀྱང་། དེ་དག་ལས་འགའ་ཞིག་རང་གི་ལྟ་བའི་དབང་གིས་གྲུབ་མཐའ་གཞན་རྣམས་ཧྭ་ཤང་གི་ཕྱོགས་སུ་གླན་པར་བྱས་པ་དོན་དུ་སྐེ་ལྦ་ཅན་གྱི་ཡུལ་ནས་སྐེ་ལྦ་མེད་པ་དག་གཟུགས་ངན་དུ་མཐོང་བ་ལྟ་བུ་ལས་སྙིང་པོ་མེད་ཅིང་། མཁས་པ་གཞན་རྣམས་ནི་དབའ་བཞེད་དང་སྒོམ་རིམ་སོགས་ཀྱིས་འཁྲུལ་གཞི་བྱས་ནས་དབུ་འཁོར་བར་སྣང་། ཧྭ་ཤང་གི་ལུགས་ཡང་དག་ཏུ་འདོད་པ་ནི། ཉང་གི་ཆོས་འབྱུང་དང་ཀུན་མཁྱེན་ཀློང་ཆེན་པའི་གནས་ལུགས་མཛོད་འགྲེལ་ལས་ལྟ་བ་རྣམ་དག་ཏུ་གསུངས་པ་དང་། ཀཿ  ཐོག་རིག་འཛིན་ཆེན་པོས་རྒྱ་ནག་ཧྭ་ཤང་གི་བྱུང་ཚུལ་[9]ལས་ཅིག་ཅར་པའི་ལུགས་སངས་རྒྱས་ཀྱི་ཆོས་ཁུངས་མ་ཡིན་ཚུལ་ཆེད་དུ་བསྒྲུབས་པར་མཛད། དགེ་རྩེ་པཎ་ཆེན་གྱི་འདུས་མ་བྱས་གན་མཛོད་[10]ལས་ཀྱང་དེ་བཞིན་ཡང་དག་ཡིན་ཚུལ་རྒྱས་པར་གསུངས། པོ་ཏོ་བས་བེའུ་བུམ་སྔོན་པོ་ལས་དབུ་མའི་ལུགས་རྣམ་དག་ཏུ་གསུངས་པ་ཀརྨ་མི་བསྐྱོད་རྡོ་རྗེས་མཛད་པའི་དམ་ཆོས་དགོངས་པ་གཅིག་པའི་འགྲེལ་པར་བཀོད་པ་[11]དང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ཧྭ་ཤང་ལུགས་ཀྱི་གོ་ཡུལ་གྱི་ལྟ་བ་ཐལ་འགྱུར་བ་རྙིང་པ་རྣམས་དང་མཐུན་པར་གསུངས།[12] གཞན་ཡང་ཐང་ཡིག་ལས་ཅིག་ཅར་པའི་ལུགས་ཀྱི་ལྟ་བའི་སྐོར་རྒྱས་ཙམ་དང་བསམ་གཏན་མིག་སྒྲོན་ལས་རྒྱས་པར་འབྱུང་བས་ཏུན་ཧོང་ཡིག་རྙིང་མ་རྙེད་སྔོན་ནས་ཡོད་པའི་ཧྭ་ཤང་སྐོར་གྱི་ཡིག་ཆ་གལ་ཆེན་གཉིས་ཡིན་པར་མཐོང་། ཐང་ཡིག་ལས། དེ་ནས་བོད་ཀྱི་བཙན་པོའི་བཀའ་ལུང་ལ༔ ང་ཡི་བནྡེ་ཐམས་ཅད་སེམས་ལྟ་ཐབས༔ རྣལ་འབྱོར་དབུ་མའི་གཞུང་དུ་བལྟ་བར་བྱ༔ ལུས་ངག་སྡོམ་པ་སོ་སོར་ཐར་པ་སྟེ༔ རིགས་ནི་རྣམ་པ་བདུན་ནམ་བརྒྱད་བརྟེན་ནས༔ ཐམས་ཅད་ཡོད་པར་སྨྲ་བའི་སྡེ་གཞུང་སྤྱོད༔ སྟོན་མུན་ཅིག་ཅར་འཇུག་པ་དབུ་མ་ཡིན༔ ས་ནི་དང་པོ་དང་ནི་གཉིས་པ་འཐོབ༔[13] ཅེས་སྟོན་མུན་ཅིག་ཅར་འཇུག་པ་དབུ་མ་ཡིན་ཚུལ་དང་། དེ་ས་དང་པོ་དང་གཉིས་པ་འཐོབ་བྱེད་དམ་དེའི་སྤྱོད་ཡུལ་དུ་གསུངས་པས། ཧྭ་ཤང་ཕྱོགས་ཀྱི་ལྟ་བ་མཐད་ལྡན་དུ་ཁས་བླངས་པར་མ་ཟད། མངའ་བདག་ཉང་གིས་སྟོན་མུན་པའི་ལུགས་དབང་པོ་ཡང་རབ་སྦྱངས་པ་ཅན་གྱི་ལམ་དུ་གསུངས་པ་[14]དང་ཡང་མཐུན་ཤས་ཆེ་བ་ཞིག་བྱུང་ཡོད།

བཞི་པ། རྒྱུ་མཚན་ལྟར་སྣང་གིས་ཧྭ་ཤང་གི་ལུགས་དགག་མི་ནུས་པར་བསྟན་པ།

དེ་ལ་ཁ་ཅིག །བསམ་གཏན་མིག་སྒྲོན་དང་ཐང་ཡིག་སོགས་ལས་བྱུང་བའི་ཅིག་ཅར་པའི་ལུགས་དང་ཧྭ་ཤང་གི་ལུགས་གཉིས་ལ་ཁྱད་པར་ཡོད་པས། ཅིག་ཅར་པའི་ལུགས་ཡང་དག་ཡིན་དུ་ཟིན་ཀྱང་ཧྭ་ཤང་གི་ལུགས་ནི་ཐ་ཆད་འབའ་ཞིག་གོ་སྙམ་པའང་སྲིད་མོད་ཤིན་ཏུ་མ་བརྟགས་པ་སྟེ། དེ་ལྟར་ན་ཧྭ་ཤང་རྩོད་ཕམ་བྱུང་རྗེས་ཧྭ་ཤང་གི་ལུགས་བཀག་རིགས་པ་ལས་ཅིག་ཅར་པའི་ལུགས་རིལ་གྱིས་བཀག་པ་མི་འཐད་ཅིང་། སྐབས་དེའི་ཅིག་ཅར་པའི་ལུགས་ཀྱི་སློབ་དཔོན་གཙོ་བོ་མ་ཧ་ཡན་དང་། མ་ཧ་ཡན་གྱིས་སྤེལ་བའི་ཆོས་ཅིག་ཅར་པའི་ལུགས་ཡིན་པ་ཆོས་འབྱུང་ཁག་ཞལ་མཐུན་པ་ལྟར་ཡིན། དེ་བས་རྒྱ་ནག་གི་བསམ་གཏན་ཆོས་ལུགས་དང་ཧྭ་ཤང་གིས་སྤེལ་བའི་ཅིག་ཅར་ལུགས་གཉིས་ལ་ཁྱད་པར་ཡོད་ཅེས་སྨྲ་བའང་མི་མཐད་པར་སྣང་[15]ལ། བོད་དུ་དར་བའི་ཧྭ་ཤང་གི་ལུགས་དང་ཅིག་ཅར་ལུགས་ལ་ནི་དེ་བས་ཀྱང་ཁྱད་པར་མེད་པས། སོ་སོའི་ཨུ་ཚུགས་ལ་ཕོག་ཐུག་ཤོར་ཚེ་མགོ་བོ་ཌ་མ་རུ་བཞིན་སྒྱུར་མཁས་པ་རྣམས་ལ་ཐོག་མའི་གཏམ་དུ་བྱས་པ་ཡིན།

བསམ་གཏན་མིག་སྒྲོན་དུ་ཅིག་ཅར་པའི་ལུགས་ལྷུན་རྫོགས་ཀྱི་ཐེག་པའི་གོལ་སར་གསུངས་པས་ཡང་དག་མིན་ཟེར་བ་ཡང་ཕྱོགས་ལྷུང་གི་གཏམ་སྟེ། མིག་སྒྲོན་ལས་ལྷུན་རྫོགས་ཀྱི་གོལ་སར་ཅིག་ཅར་པའི་ལུགས་གསུངས་པར་མ་ཟད། རིམ་གྱིས་པ་དང་མ་ཧཱ་དང་ཨ་ནུ་ཡང་གསུངས་པས། གོལ་སར་གསུངས་པ་ཙམ་རྒྱུ་མཚན་དུ་ཆེ་ན་དེ་དག་ཀྱང་ཧྭ་ཤང་གི་ལུགས་ལྟར་ཡང་དག་མིན་པར་འགྱུར་ཞིང། རིམ་དང་ཅིག་ཅར་པའི་ལུགས་སོགས་གཙོ་བོ་རྩོལ་བཅས་ཀྱི་ཐེག་པ་ཡིན་པས་གོལ་སར་གསུངས་པ་ཙམ་ཡིན། །བསམ་གཏན་མིག་སྒྲོན་གྱི་བཞེད་པ་དངོས་ནི། མཚན་ཉིད་རྒྱུའི་ཐེག་པའི་དབང་དུ་ན་རིམ་གྱིས་པ་དང་ཅིག་ཅར་པའི་ལུགས་གཉིས་ལས་ངེས་དོན་གྱི་གཞུང་ཕྱི་མར་འདོད་དེ།  དབང་པོ་རྣོ་རྟུལ་གྱི་བྱེ་བྲག་གིས་མཚན་ཉིད་རྒྱུའི་ཐེག་པ་ལ་རིམ་དང་ཅིག་ཅར་པའི་ལུགས་གཉིས་སུ་གསུངས་ཤིང་། དེ་ལ་རིམ་གྱིས་པའི་ལུགས་ནི་སློབ་དཔོན་ཀ་མ་ལ་ཤཱི་ལའི་འདོད་གཞུང་དང་། དེ་ཉིད་དྲང་དོན་གྱི་མདོ་སྡེ་ཡོངས་སུ་མ་རྫོགས་པའི་གཞུང་ལ་ངོས་བཟུང་། དབང་པོ་རྣོ་བའི་དབང་དུ་བྱས་ཏེ་ཅིག་ཅར་པ་འོད་སྲུང་དང་དྷར་མོ་ར་ལས་བརྒྱུད་པ།  ཐ་མར་ཧ་ཤང་མ་ཧཱ་ཡན་ལ་ཐུག་པ་ནི་ཡོངས་སུ་རྫོགས་པའི་གཞུང་ལ་གསུངས་པའི་ཕྱིར་རོ། །

ལྔ་པ། ཧྭ་ཤང་གིས་བཞེད་པའི་ཅི་ཡང་མི་བསམ་པའི་དོན་བཤད་པ།

ཡན་ལག་གི་དཔྱད་པ་མདོར་བསྡུས་པ་ཙམ་སོང་ནས་ད་ནི་ཧྭ་ཤང་གི་ལུགས་དངོས་ལ་དཔྱད་ན། སྤྱིར་ཧྭ་ཤང་གི་ལུགས་འདིར་སྐྱོན་མང་དུ་བརྗོད་ཀྱང་གནད་བསྡུས་ན་གཉིས་སུ་འདུ་བར་སྣང་སྟེ། མཉམ་གཞག་ཅི་ཡང་མི་བསམ་པ་བྱ་བ་མི་འཐད་པ་དང་། དགེ་བའི་ཕྱོགས་བཀག་པ་མི་འཐད་པའོ། །ཅི་ཡང་མི་བསམ་པ་བྱ་བ་ནི་སོ་སོར་རྟོགས་པ་སྤངས་པས་མི་འཐད་ཅེས་སྒོམ་རིམ་[16]དང་དབའ་བཞེད་[17]སོགས་ལས་བྱུང་ལ། དེའི་གོ་བ་ཡང་ཧྭ་ཤང་གི་ལྟ་བ་དང་པོ་ནས་ཅི་ཡང་མི་བསམ་པ་རྣམ་རྟོག་མེད་པ་གཉིད་འཐུག་པོ་ལྟ་བུ་ལས་ཆོས་ཐམས་ཅད་སྤྲོས་བྲལ་དུ་ངེས་པ་རྙེད་མེད་པའི་དོན་ཡིན་མོད།

ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་པོད་གསུམ་པར་བཀོད་པའི་ཅིག་ཅར་འཇུག་པའི་ལོན་མདོ་བསྡུས་པ་ཞེས་པ་ལས། དབུ་མ་ཞེས་བྱ་བ་ཎི། རྟག་ཆེད་དང་ཡོད་མྱེད་ཀྱི་མཐའ་གང་ལ་ཡང་མྱི་གནས་ཤིང་། ཚྀག་དང་ཡྀ་གེ་འྀ་བརྗོད་པའི་ཡུལ་མ་ཡིན་བའོ། །ཡོད་པ་ཡང་མ་ཡིན་ཏེ་ནམ་ཀ་དང་མྱི་འདྲ། མྱེད་པ་ཡང་མ་ཡིན་ཏེ། །རི་བོང་གྱི་རྭ་དང་མྱི་འདྲ་བས། དང་མོ་ཡང་ཡོད་པ་མ་ཡིན་ལ། དང་ཡང་མྱེད་པར་མི་བཤད་དོ། །[18]ཞེས་ཆོས་ཐམས་ཆད་གང་ལས་ཀྱང་མ་སྐྱེས་པ་དང་ཡོད་མེད་དང་རྟག་ཆད་ཀྱི་མཐའ་གང་དུ་ཡང་མ་གྲུབ་པར་བསྟན་པ་དང་།  པོད་གསུམ་པར་བཀོད་པའི་གསམ་བརྟན་གྱྀ་ལོན་ཞེས་བྱ་བ་ལས། བསམ་བརྟན་བྱེད་ན་གང་སེམས་ལ་འཁྲུག་མྱེད་ཆིང་། །རྣམ་པར་ཤེས་པ་ཐམས་ཅད་ཞྀ་ནས། །ཡོད་པ་དང་མྱེད་པའི་མཐའ་སྤངས་པ་སྟེ། །སེམས་བྱུང་ཞིང་ཚོར་བའི་རྗེས་སུ་མྱྀ་འབྲང་། །ཚོར་བ་ཟིལ་གྱྀས་མནན་ནས། །བསམ་བ་ཡང་མྱྀ་བསམ། །མྱྀ་བསམ་བར་མྱྀ་བསམ། །རྟག་ཆད་གཉིས་གྱྀ་མཐའ་སྤང་། །ཉན་ཐོས་ཀྱི་འགོག་པ་ལ་མྱྀ་འཇུག། །སེམས་བྱྀང་ཞིང་རྨུས་པར་མྱི་བཏང། །གསམ་བརྟན་གྱྀ་རོ་དགའ་བ་ལ་མྱི་ཆགས། །[19] ཞེས་བསམ་གཏན་བྱེད་པའི་ཚེ་ན་མཐའ་བྲལ་ལམ་མི་རྟོགས་པའི་ངང་དུ་གནས་དགོས་པ་ལས། ཡོད་མེད་དང་འགོག་པ་དང་བྱིང་རྨུགས་སོགས་ཀྱི་ཕྱོགས་སུ་ལྷུང་མི་རུང་བར་བསྟན། གསམ་བརྟན་གྱི་ལོན་ཞེས་པ་འདི་མ་ཧ་ཡན་གྱིས་མཛད་པ་རྦ་བཞེད་དུ་གསལ་བས་ཤིན་ཏུ་ཁུངས་ཆེ་བར་མཐོང་།

ལྷག་པར་དབྱིན་ཇིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་དེབ་གསུམ་པར་བཀོད་པའི་མཁན་པོ་མ་ཧ་ཡན་གྀ་བསམ་གཏན་ཅིག་ཅར་འཇུག་པའྀ་སྒོ་ཞེས་བྱ་བ་ལས། ཐེག་པ་ཆེན་པོ་དབུ་མའྀ་དོན་བསྒོམ་བའྀ་ཐབས་ནྀ་། མདོར་བསྟན་པ་ཀུན་རྫོབ་དུ་ཕྱྀ་ནང་གྀ་ཆོས་ཐམས་ཅད་ཎྀ། ཐོག་མ་ནས་རང་གྀ་རྣམ་པར་རྟོག་པས་འཁྲུལ་པར་མཐོང་བའམ། རྟེན་ཅྀང་འབྲེལ་ཏེ་བྱུང་བ་སྒྱུ་མའྀ་མཚན་ཉྀད་ཙམ་ཡྀན་བས། དོན་དམ་པར་དངོས་པོ་མྱེད་དོ། །དངོས་པོ་མྱེད་པས་སྐྱེ་བ་མྱེད། སྐྱེ་བ་མྱེད་པས་འགག་པ་མྱེད། མྱྀ་སྐྱེ་མྱྀ་འགག་པ་ནྀ་ཆོས་ཀྱི་དབྱྀངས་ཀྱི་ཆོས་ཀྱྀ་དབྱྀངས་ནི་ཆོས་ཀྱྀ་སྐུ་འོ། དེ་བས་ན་ཆོས་ཐམས་ཅད་ཀྱྀ་རང་བཞྀན་འདྀ་ལྟ་བུ་ཡྀན་པས། ཇྀ་ལ་ཡང་མྱྀ་རྟོགས་པར་སྒོམས་ཤིག །[20]ཅེས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་སེམས་ཉིད་འཁྲུལ་བའི་དབང་གིས་སྣང་བ་འམ་རྟེན་འབྲེལ་སྒྱུ་མ་ལྟ་བུ་ཙམ་ལས་དོན་དམ་པར་སྐྱེ་འགག་ལ་སོགས་པའི་མཐའ་གང་དུ་ཡང་མ་གྲུབ་པ་ནི་ཆོས་ཀྱི་དབྱིངས་དང་། དེའི་དོན་སྒོམ་པའི་ཚེ་ནའང་འདི་ཡིན་འདི་མིན་གྱི་དམིགས་གཏད་དང་བྲལ་བའི་སྒོ་ནས་ཅི་ལ་ཡང་མི་རྟོགས་པར་སྒོམས་ཤིག་ཅེས་གདམས་པ་ཡིན་ལ། །ལུང་འདི་དག་གིས་ཅི་ཡང་མི་བསམ་པའི་ལྟ་བ་དེ་རྒྱུ་མཚན་མེད་པར་དང་པོ་ནས་རང་གར་ཅི་ཡང་མི་བསམ་པ་ཙམ་ཞིག་མ་ཡིན་པར། ཆོས་ཐམས་ཅད་སྤྲོས་བྲལ་དུ་ངེས་པ་རྙེད་པར་བྱས་ནས་དེའི་ངང་དུ་གནས་དགོས་པར་བསྟན་པ་ཤེས་ཐུབ།

གོང་དུ་དྲངས་པའི་ལུང་དེ་དག་དང་མཐུན་པར་གསམ་གཏན་མིག་སྒྲོན་ལས། སློབ་དཔོན་མྱང་བྲན་དཔལ་གྱི་སྒོམ་ལུང་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྣང་ལ་ཡང་དག་པར་རང་བཞིན་མེད་པར་ཐག་བཅད་དེ་དབང་པོའི་སྒོ་བསྡམས་ནས་ངེས་པའི་དོན་ཡིད་ལ་མཉམ་པར་བཞག །ངེས་པའི་དོན་ཡིད་ལ་མི་ཡེངས་ཏེ། སྣང་བ་དང་མི་སྣང་བ་ཅི་བྱུང་ནའང་མཚན་མར་མི་འཛིན། རེ་དོགས་དང་བླང་དོར་མེད་པར་བསམ་གཏན་གྱི་རོ་ལ་མ་ཆགས་པས་གཉེན་པོ་གུད་དུ་བཙལ་མི་འཚལ་གསུངས།[21]ཞེས་ཆོས་ཐམས་ཅད་སྒྱུ་མ་ལྟར་སྣང་ཞིང་དོན་ལ་རང་བཞིན་མ་གྲུབ་པར་ཐག་བཅད་ནས་སྒོམ་དགོས་པར་བསྟན་པ་དང་། ཡང་མིག་སྒྲོན་ལས། འོན་ཡང་བླ་མ་དང་ངེས་པའི་མདོ་སྡེ་ལ་མི་བརྟེན་པ་མ་ཡིན་ཏེ།  དེ་ཉིད་ཀྱིས་རིགས་པ་དང་ལུང་གིས་དེ་ལྟར་སྟོན་ཏེ།[22]ཞེས་དང་། དེ་ལྟར་བསྒོམས་(མ་ཡིག་ཆད)ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བ་སྟེ་སྣང་བ་ཉིད་རིག་པ་མ་སྐྱེས་པ་རང་གསལ་བ་ཡང་བསྒོམ་པའི་ངོ་བོར་བསྟན་པ་ནི། སྟོང་པ་མ་སྐྱེས་པའི་དོན་འཛིན་པ་མེད་པར་གསལ་བ་ནི་ལྷག་མཐོང་། གང་དུ་ཡང་མི་གཡོ་མི་ལྡང་བ་ཞི་གནས་ཏེ། དོན་འདི་གཉིས་དུས་གཅིག་ཏུ་གསལ་ལ་མི་གཡོ་བས་བསྒོམ་པའི་ངོ་བོ་སེམས་རྩེ་གཅིག་པ་ཞེས་ཀྱང་བྱ་བ་སྟེ།[23]ཞེས་གསུངས་པས་ཧྭ་ཤང་གི་ལྟ་བ་དཔྱད་པས་མ་དྲངས་པ་དང་ངེས་ཤེས་མེད་པར་རང་གར་རྣམ་རྟོག་གི་རྒྱུ་བ་བཀག་པ་ཙམ་ཞིག་མ་ཡིན་པར་སྒོམ་པའི་ངོ་བོ་ཞི་ལྷག་ཟུང་འཇུག་ཏུ་བསྟན་པའོ། །

དེ་ལྟར་གོང་དུ་དྲངས་པའི་ལུང་རྣམས་ཀྱི་དོན་གནད་གཅིག་ཏུ་དྲིལ་ཏེ་བཤད་ན། ཅིག་ཅར་པའམ་ཧྭ་ཤང་གི་ལུགས་ཀྱིས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་སེམས་ཉིད་འཁྲུལ་བའི་དབང་ལས་བྱུང་བ་སྒྱུ་མ་རྨི་ལམ་ལྟ་བུའི་ཚུལ་དུ་སྣང་བ་ཁས་ལེན་ཞིང་། དོན་དམ་པར་ཕྱི་ནང་གི་ཆོས་ཐམས་ཅད་སྤྲོས་པ་ཀུན་དང་བྲལ་བར་འདོད་པས་དེའི་ཆ་ནས་དབུ་མ་ཐལ་འགྱུར་པའི་བཞེད་པ་དང་འདྲ་བའམ། རྣམ་གྲངས་མ་ཡིན་པའི་དོན་དམ་ཐད་སོར་ངོ་སྤྲད་ནས་ཉམས་ལེན་བྱེད་མཁན་གྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན་པ་རྟོགས་ཐུབ། བཤད་པ་དེ་ལྟར་བཤད་འདུག་ཀྱང་ཧྭ་ཤང་གིས་སེམས་ནས་རྟོགས་མེད་ཟེར་ན་ནི་མངོན་ཤེས་མངའ་བ་ཁྱེད་རྣམས་ལ་ལགས་སོ་ཞུ་བ་ལས་འོས་མེད་ཀྱང་། རིགས་པ་སྨྲ་བ་རྣམས་མགུ་བར་མི་འགྱུར་རོ། །ཡང་ཁ་ཅིག་གོང་སྨྲས་ཏུན་ཧོང་ཡིག་རྙིང་དེ་དག་ཧྭ་ཤང་རྩོད་ཕམ་བྱུང་རྗེས་ཤིག་ལ་གཟོད་ངེས་ཤེས་ཁྱད་པར་ཅན་ཞིག་གིས་བྲིས་ཞེས་དགོད་བྲོ་བའི་ཚོད་དཔག་དང་ཁ་འགོག་ཐབས་བྱེད་སྲིད་མོད། ཚོད་དཔག་ནི་ཚོད་དཔག་ཙམ་དུ་ཟད་ལ། ཏུན་ཧོང་ཡིག་རྙིང་དང་བསམ་གཏན་མིག་སྒྲོན་གྱི་གསུངས་ཚུལ་གཅིག་མཚུངས་སུ་འདུག་པ་དང་། བསམ་གཏན་གྱི་ལོན་ནི་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་རྩོད་པ་མ་བྱས་པའི་སྔོན་དུ་བརྩམས་པ་རྦ་བཞེད་དུ་གསལ་བ་དང་། དབའ་བཞེད་ལས་སང་ཤིས་ཅིག་ཅར་པའི་འདོད་པ་གསུངས་སྐབས་འཛིན་པ་མ་མཆིས་པ་ལ་ཕར་ཕྱིན་གཞན་ཚང་ཚུལ་བསྟན་པ་ལྟར་ཏུན་ཧོང་ཡིག་རྙིང་ལས་ཀྱང་དེ་བཞིན་བྱུང་བ་གཤམ་གསལ་ལྟར་ཡིན་པས། ཁྲི་སྲོང་སྐབས་ཀྱི་གསུངས་ཚུལ་དེ་ག་ཡིན་པ་ཤེས་ཐུབ། ལྟ་བ་ཡས་བབ་བྱ་བ་དང་། ཅིག་ཅར་བྱ་བའི་གོ་བ་ཡང་ཐོས་བསམ་གང་ཡང་མེད་པར་རང་གར་ཅི་ཡང་མི་བསམ་པར་གོ་བ་མ་ཡིན་པར། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་ཐོས་བསམ་གྱིས་ངེས་པ་རྙེད་པར་བྱས། དེ་ནས་ཐད་ཀར་དེ་དོན་སྒོམ་པ་གལ་ཆེ་བའི་དོན་ཡིན།[24]

དྲུག་པ། ཧྭ་ཤང་གིས་དགེ་བའི་ཕྱོགས་བཀག་པ་འཐད་མིན་བཤད་པ།

དེ་ལྟར་ན་ཡང་ཧྭ་ཤང་གིས་དགེ་བའི་ཕྱོགས་བཀག་པས་མི་འཐད་དོ་སྙམ་དུ་དོགས་ན། མཁན་པོ་མ་ཧ་ཡན་གྀ་བསམ་གཏན་ཅིག་ཅར་འཇུག་པའྀ་སྒོ་ལས། (མ་ཡིག་ཆད)ཀྱྀ་རྒྱུར་མྱྀ་སྩོགས་པ་མ་ཡྀན་ཀིས། ཕ་རོལ་དུ་ཕྱིན་པ་དྲུག་ཀྱང་ཅྀ་ནུས་སུ་གྱིས་ཤིག་། །བསམ་གཏན་དུ་འདུག་པའྀ་ཚེ་ན་སེར་སྣ་དང་སྦྱྀན་བའྀ་སེམས་གཉྀས་ཀྱང་རྟོག་པའྀ་བག་ཆགས་སུ་འདྲ་བས་ནའ། །ཕ་རོལ་དུ་ཕྱྀན་པ་དྲུག་སྤྱད་པ་དང་། བསམ་གཏན་གཉྀ་ག་ཡང་ཡྀད་ལ་མྱྀ་བྱ་བར་སྤང་ངོ་། །དཔེར་ན་ཉི་མ་ལ་སྤྲྀན་དཀར་གནག་གཉྀས་ཀ་ཡང་སྒྲྀབ་པར་མཚུངས་པ་དང་འདྲ་འོ། །ཡེ་ནྀ་ཕ་རོལ་དུ་ཕྱིན་པ་ལ་རྣམ་པ་གསུམ་སྟེ། འཇྀག་རྟེན་འདྀ་དང་། འཇྀག་རྟེན་ལས་འདས་པ་དང་། འཇྀག་རྟེན་ལས་འདས་པའྀ་མཆོག་གོ། མཆོག་གི་ཕ་རོལ་དུ་ཕྱིན་པ་ནྀ་མྱི་དམྱིགས་པཱ་རྟོག་པ་མྱེད་པ་སྟེ། མྱྀ་རྟོག་པའྀ་སེམས་སྐད་ཅྀག་ལ། ཕ་རོལ་དུ་ཕྱིན་པ་དྲུག་ཆར་རྫོགས་སོ། །[25]ཞེས་རྗེས་ཐོབ་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཅི་ནུས་སུ་གྱིས་ཤིག་ཅེས་གསུངས་ལ། མཉམ་གཞག་གི་ཚེ་ན་དགེ་སྡིག་གི་མཚན་འཛིན་འདོར་དགོས་པ་དང་ཤེར་ཕྱིན་ལ་ཕར་ཕྱིན་གཞན་རྫོགས་པར་གསུངས་པ་ལྟར། གནས་ལུགས་མཛོད་དུ། སློབ་དཔོན་ཆེན་པོ་ཧ་ཤང་གིས་གསུངས་པས་དེ་དེ་དུས་བློ་དམན་པའི་བློར་མ་ཤོང་ཡང་དོན་ལ་དེ་ལྟར་གནས་སོ། །[26]ཞེས་གསུངས་པ་ལྟར་ཡིན་པས། ཁ་ཅིག་ཧྭ་ཤང་གིས་དགེ་བའི་ཕྱོགས་བཀག་ཅེས་མཐའ་གཅིག་ཏུ་མི་འཐད་པར་བྱེད་མོད། མཉམ་རྗེས་དང་ཞེ་འདོད་དངོས་ལ་ཞིབ་ཆ་མ་བྱས་པ་སྟེ། མཉམ་གཞག་གི་སྐབས་སུ་དགེ་སྡིག་གི་མཚན་འཛིན་འདོར་དགོས་པ་དོན་ལ་གནས་པ་ཡིན་ནོ། །

རྗེས་ཐོབ་ཏུ་ལུས་ངག་གི་དགེ་བ་མཐའ་གཅིག་ཏུ་བཀག་མེད་ཀྱང་བརྟག་པར་བྱ་བ་ཡོད་དེ། ཧྭ་ཤང་གིས་རྗེས་ཐོབ་ཀྱི་ཚེ་ན་དགེ་བ་གཞན་ལ་མ་འབད་ཀྱང་ཆོག་པའི་ཚུལ་དུ་ཤེར་ཕྱིན་གཅིག་པུ་ལ་ཕར་ཕྱིན་གཞན་འདུས་པར་བསྟན་ཏེ། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་པོད་གསུམ་པར་བཀོད་པའི་ཧ་ཡན་གྱྀས་བསམ་གཏན་མྱྀ་རྟོག་པའྀ་ནང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བཅུ་འདུས་པ་བཤད་པའི་མདོ་ལས།  མྱི་རྟོག་པ་ལ་ཞུགས་པའྀ་ཚེ། །ཁམས་གསུམ་ཡོངས་སུ་བཏང་བས་ན། །སྦྱིན་པ་ཆེན་པོ་ཡང་རྫོགས་སོ། །མྱི་རྟོག་པ་ལ་ཞུགས་པའྀ་ཚེ་སྒོ་གསུམ་གྱི་ཉེས་པ་མྱྀ་འབྱུང་བས་ན། །ཚུལ་ཁྲིམས་ཆེན་པོ་ཡང་རྫོགས་སོ། །མྱི་རྟོགས་པ་ལ་ཞུགས་པའི་ཚེ་སེམས་ཀྱི་འདུ་ཤེས་མྱི་འབྱུང་བར་བཟོད་པས་ན། །བཟོད་པ་ཆེན་པོ་ཡང་རྫོགས་སོ། །མྱི་རྟོག་པ་ཆུ་བོ་རྒྱུན་བཞིན་བར་མ་བཅད་པས་ན།  བརྩོན་འགྲུས་ཆེན་པོ་ཡང་རྫོགས་སོ། །[27]ཞེས་དང་། བསམ་གཏན་མིག་སྒྲོན་ལས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་གསུང་གོང་སྨོས་དང་ཆ་འདྲ་བར་དྲངས་པ་[28]སོགས་ཀྱིས། ཕར་ཕྱིན་གཞན་རྣམས་དགོས་ཀྱང་དེ་ཤེར་ཕྱིན་ཉམས་སུ་ལེན་པར་རང་ཆས་སུ་རྫོགས་པར་བསྟན་ཅིང་། བསམ་གཏན་མིག་སྒྲོན་ལས། འདི་ལྟ་བུ་ལས་མཉམ་པ་ལས་ལངས་པའི་ཚེ་སྤྱོད་ལམ་ཇི་ལྟ་བུ་ཞེ་ན།  ཙེན་མེན་ལྟར་སྤྱོད་པའང་རེ་ཞིག་དགག་ཏུའང་མེད་ན། འདི་ལྟར་སྟོང་པར་སྒོམ་པའི་རིག་པ་ཉིད་ལ་ཚོགས་གཉི་ག་རྫོགས་ཤིང་། ཅི་ལ་སྤྱད་ཀྱང་མི་དགོས་ཏེ། འཛིན་ཆགས་མེད་པའི་ཕྱིར་རོ། །[29]ཞེས་གསུངས་པ་ལྟར། རྗེས་ཐོབ་ཀྱི་ཚེ་ན་ལུས་ངག་གི་དགེ་བར་ནུས་ན་བརྩོན་དགོས་ཀྱང་མ་ནུས་ནའང་ཆོག་པ་ལྟ་བུ་དང་། ཤེས་རབ་ལ་བསླབས་པས་ཕར་ཕྱིན་གཞན་རྫོགས་པར་བསྟན་ཅིང་དེ་ཉིད་རྩལ་འདོན་མཛད་པས། བན་དེ་རྣམས་དམིགས་མེད་མཉམ་གཞག་ཁོ་ནར་བརྩོན་པ་ཐལ་ཆེས་(འགའ་ཞིག་སྒྱིད་ལུག་ཏུ་གྱུར་པའང་སྲིད)ཏེ་མཐར་བསམ་ཡས་ལྷ་ཁང་གི་མཆོད་རྒྱུན་ཡང་ཆད་པར་གྲགས། དོན་འདིས་ཤེས་ཐུབ་པ་ནི། ཧྭ་ཤང་ཕྱོགས་ཀྱི་གནད་དོན་དེ་རྗེས་ཐོབ་ཀྱི་ཚེ་ན་ལུས་ངག་གི་དགེ་བ་བཀག་པ་མེད་མོད་དབང་པོ་ལ་མ་ལྟོས་པར་རྩལ་འདོན་ནམ་གཙིགས་ཆེན་དེ་ཙམ་བྱས་མེད་པ་འདི་རང་ཡིན་ལ། རྗེས་འབྲངས་པ་རྣམས་ཀྱིས་ཀྱང་དེ་བཞིན་བྱས་པ་རྩོད་པ་འབྱུང་རྐྱེན་གཙོ་བོར་གྱུར།

བདུན་པ། ཧྭ་ཤང་རྩོད་པ་ལས་ཕམ་པའི་རྒྱུ་རྐྱེན་བཤད་པ།

རྩོད་པའི་རྒྱལ་ཕམ་གང་བྱུང་དེ། རྒྱ་ནག་གི་ཡིག་ཐོག་ན་ཡོད་པའི་རིགས་པ་ཡང་དག་པར་ངེས་པ་ཟེར་བའི་གཞུང་ན་སྐབས་དེར་ཧྭ་ཤང་རྩོད་པ་ལས་ཕམ་མེད་པར་སྨྲས་པ་ཡོད་[30]ཀྱང་། ཕྱོགས་ལྷུང་གི་གཏམ་འབའ་ཞིག་ཏུ་ངེས་ཏེ། རྩོད་རིགས་ཀྱི་མཁས་པ་ཆེན་པོ་སློབ་དཔོན་ཀ་མ་ལ་ཤཱི་ལའི་མདུན་ནས་རྩོད་རིགས་ཀྱི་ཤགས་ལ་མི་མཁས་པའི་ཧྭ་ཤང་ཕམ་ངེས་པ་སྨོས་མེད་ཡིན་པས། དབའ་བཞེད་ལས་བྱུང་བ་ལྟར་ཧྭ་ཤང་རྩོད་ཕམ་བྱུང་བ་བདེན་པའི་གཏམ་ཡིན། ཧྭ་ཤང་རྩོད་རིགས་ལ་མི་མཁས་པ་རྒྱུ་མཚན་གཉིས་ཀྱིས་ཤེས་ཐུབ་སྟེ། ཁོང་གིས་ཐོས་བསམ་བྱེད་ཡུལ་ནི་རྒྱ་ནག་གི་དགོན་པ་ཁག་ཡིན་དགོས་ལ། རྒྱ་ནག་བསམ་གཏན་པའི་ལྷོ་བྱང་གི་དགོན་པ་གང་ཡིན་ཡང་། རིགས་པའི་ཤགས་ལ་ཆེད་སྦྱོང་བྱེད་སྲོལ་མེད་པས་འཁོར་ཡུག་གི་དབང་གིས་ཧྭ་ཤང་རྩོད་རིགས་ལ་མཁས་མི་ཐུབ། དེ་བཞིན་དུ། ཀ་མ་ལ་ཤཱི་ལ་དང་རྩོད་པ་མ་བྱས་གོང་གི་ཟླ་བ་འགའི་རིང་ཧྭ་ཤང་གིས་གཟོད་རིགས་པའི་ཤགས་ལ་བསླབས་པས་ཀྱང་ཤེས་ཐུབ།[31] སློབ་དཔོན་ཆེན་མོ་ཀ་མ་ལ་ཤཱི་ལ་ནི་མཚན་ཉིད་རིགས་པའི་པཎྜི་ཏ་ཆེན་པོ་མཁན་ཆེན་ཞི་བ་འཚོའི་དངོས་སློབ་ཡིན་པས།  ཧྭ་ཤང་དང་ཀ་མ་ལ་ཤཱི་ལ་གཉིས་རྩོད་པ་བྱས་ཚེ་ཀ་མ་ལ་ཤཱི་ལ་རྒྱལ་བར་ཁ་ཚོན་གཅོད་ཐུབ། དེས་ན་ཀ་ཤཱི་རྒྱལ་བ་དང་ཧྭ་ཤང་ཕམ་པའི་རྒྱུ་རྐྱེན་གཙོ་བོ་ལྟ་བ་ཡང་དག་ཡིན་མིན་གྱིས་མ་ཡིན་པར་རྩོད་རིགས་ལ་མཁས་མིན་གྱིས་ཡིན་པ་ཤེས་ཐུབ་ཅིང་། རྩོད་ཕམ་བྱུང་རྗེས་ཅིག་ཅར་པའི་ལུགས་བོད་ནས་བཀག་སྡོམ་བྱས། དེ་ལྟར་བྱེད་པའི་རྒྱུ་མཚན་གཙོ་བོ་སྐབས་དེའི་རྩོད་པ་ཞི་སླད་ཡིན་པ་སོར་བཞག །མ་འོངས་པ་ན་སླར་ཡང་བན་དེ་རྣམས་ནང་ཕན་ཚུན་བར་ལ་རིས་གཅོད་དང་རྩོད་པ་མི་འབྱུང་བའི་ཆེད་དུ་ཡིན་པ་དཔོག་ཐུབ་བོ། །

མཇུག་བསྡུ་བ།

དེ་ལྟར་མ་ཧ་ཡན་གྱིས་དར་སྤེལ་བྱས་པའི་གསམ་གཏན་གྲུབ་མཐའ་རང་རེའི་ཡུལ་དུ་མུ་མཐུད་དེ་དར་རྒྱས་བྱུང་མ་ཐུབ་ཀྱང་། ལུགས་འདིའི་ལྟ་བའི་སྐོར་ལ་དཔྱད་པ་གཏོང་བ་ད་ལྟའི་བར་མཚམས་ཆད་མེད་པར་མ་ཟད། གཅིག་གྱུར་གྱི་ལྟ་ཚུལ་གང་ཡང་བྱུང་མེད། ཁོ་བོས་འདིར་ཧྭ་ཤང་གི་ལྟ་བ་ཡང་དག་ཡིན་ཟེར་དོན། ཧྭ་ཤང་གི་འདོད་པ་དངོས་བརྗོད་པའི་ཡིག་ཆ་རྣམས་ལས། རྒྱུ་མཚན་ཡང་དག་ལ་བརྟེན་ནས་ཅི་ཡང་མི་བསམ་པའི་དོན་གཏན་ལ་ཕབ་ཡོད་པས་ཡིན།  སྔོན་བྱོན་དམ་པ་རྣམས་ཀྱི་ནང་ནས་རྗེ་བཙུན་ཏཱ་ར་ནཱ་ཐ་དང་།  ཀ་ཐོགཿ  རིག་འཛིན་ཆེན་པོ་སོགས་ཀྱིས་བསམ་གཏན་མིག་སྒྲོན་ཁུངས་སུ་བྱས་ནས་ཧྭ་ཤང་ལྟ་བ་ཡང་དག་ཏུ་གསུངས་ཡོད་པ་ལྟར། འདིར་ཡང་ཁུངས་ལྡན་གྱི་ཡིག་ཆ་དཔང་པོར་བྱས་ཏེ་ཧྭ་ཤང་གི་ལྟ་བ་དོན་ལ་གནས་ཚུལ་དང་། ལྡོག་ཕྱོགས་ཀྱི་ནུས་པས་རྩོད་པ་བྱུང་ཚུལ་སོགས་གནད་བསྡུས་ཏེ་སྤྱན་སྔར་ཕུལ་བ་ཡིན་ལ། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ཅིག་ཅར་པའི་འདོད་གཞུང་ཁ་གསལ་ཤོས་འགའ་ཞིག་འདིར་སྒྲུབ་བྱེད་དུ་བཀོད་པ་ཡིས།  བློ་སྐྱེད་གསར་པ་དང་དཔྱད་སྒོ་གསར་པ་སྟེར་བའི་རེ་བའང་བཅངས་ཡོད་དོ། །བཀྲ་ཤིས་པར་གྱུར་ཅིག

དཔྱད་ཡིག་དང་ཞབས་མཆན། 

[1] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་༣༥༢པར། ཐ་མ་ཧཱ་ཤང་མ་ཧཱ་ཡཱ་ནའི་གཞུང་། །ཞེས་གསལ།

[2] བསམ་གཏན་མིག་སྒྲོན། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད།2003ལོའི་དཔར་མ། ཤོག་ངོས་༩༡པར། མཧཱ་ཡན་གྱི་སྒོམ་ལུང་ལས། ཞེས་གསལ།

[3] སྦ་བཞེད་ཕྱོགས་བསྒྲིགས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།2009ལོ། ཤོག་ངོས་༢༦༤པ། དབའ་བཞེད་ལས། མ་ཧཱ་ཡན་གྱི་སློབ་མ་ཞེས་གསལ།

[4] ཉི་མའི་རིགས་ཀྱི་རྒྱལ་རབས་དང་ཟླ་བའི་རིགས་ཀྱི་རྒྱལ་རབས། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་གྱིས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།2018ལོ། ཤོག་ངོས་༡༢༠པར། དུས་སྐབས་དེར་རྒྱའི་ཧ་ཡང་(ཤང)མཧཱ་ཡ་ནའི་སློབ་མ་ཞིག་བྱུང་སྟེ། ལུས་ངག་གི་ཆོས་སྤྱོད་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་ཅི་སྤྱད་ཀྱང་འཚང་མི་རྒྱ་ཞིང་། སྤྲིན་དཀར་ནག་གིས་ཉི་མ་ལ་སྒྲིབས་པ་བཞིན། ཞེས་སོགས་གསལ། ཀ་ཐོག་རིག་འཛིན་ཆེན་པོ་ཡང་ཧྭ་ཤང་གི་སློབ་མའི་ཕྱོགས་འཐད་ཕྱོགས་སུ་བྱེད་པར་སྣང་།

[5] བཤད་ཚུལ་འདི་སྦ་བཞེད་ལས་མ་ཞང་ཁྲོན་པ་སྐྱེས་ཀྱི་སྐབས་ཇོ་བོའི་ལྷ་གཉེར་ཧྭ་ཤང་རྒན་པ་ཞིག་གིས་ལྷམ་ལུས་པར་བཤད་པ་དེར་དཔེ་བལྟས་པ་འདྲ།

[6] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས།༢༣༦

[7] སྦ་བཞེད་ཕྱོགས་བསྒྲིགས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།2009ལོ། ཤོག་ངོས་༡༤༨-༡༥༡བར།

[8] རྦ་བཞེད། འཕྲུལ་དེབ། ཆོས་བྱ་མི་དགོས་ཉལ་བས་ཆོག་ཅེས་སྟོན་པ་བསམ་གཏན་ཉལ་ཆོག་གི་འཁོར་ལོ། དེ་ལ་རྩོད་པ་སྤོང་བ་བསམ་གཏན་གྱི་ལོན་དང་ཡང་ལོན་གཉིས། རིགས་པས་སྒྲུབ་པ་ལྟ་བའི་རྒྱབ་ཤ་དང་། ལུང་གིས་སྒྲུབ་པ་མདོ་སྡེ་བརྒྱད་ཅུ་ཁུངས་ལ་སོགས་པ་བྱས། ཞེས་གསལ།

[9] ཀཿ ཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་འབུམ། པོད་དྲུག་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2020ལོ། ཤོག་ངོས།༢༧༣

[10] ཀཿ ཐོག་དགེ་རྩེ་མ་ཧཱ་པཎྜི་ཏའི་གསུང་འབུམ། པོད་དྲུག་པ། སི་ཁྲོན་ཏང་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2014ལོ། ཤོག་ངོས། ༡༠༢

[11] དམ་ཆོས་དགོངས་པ་གཅིག་པའི་འགྲེལ་པ། ཀརྨ་མི་བསྐྱོད་རྡོ་རྗེའི་མཛད། ཀུན་གསལ་མེ་ལོང་། དེང་སང་བོད་ན་རྒྱ་ནག་ཧྭ་ཤང་ལྟ་བ་རྣམ་པར་མ་དག་ཅེས་གྲགས་ཀྱང་། པོ་ཏོ་བའི་བེའུ་བུམ་སྔོན་པོ་རྩ་འགྲེལ་ལས། ཧྭ་ཤང་གི་ལུགས་འདི་བཅོམ་ལྡན་འདས་ནས་གནས་བརྟན་བ་ཀུ་ལའི་བརྒྱུད་ནས་རྒྱ་མཚོ་མཐར་བརྒྱུད་དེ་རྒྱ་ནག་མཁན་པོའི་བར་བླ་རབས་བདུན་པ་ལས་མ་སོང་བའི་དབུ་མའི་ལུགས་རྣམ་དག་ཅིག་ཡིན་པས་གུས་པ་བསྐྱེད་དགོས་པར་གསུངས་པ་ལྟར་འདིར་ཡང་དེ་བཞིན་དུ་ཤེས་པར་བྱ་དགོས་ཏེ། ཆོས་རྣམས་ཀྱི་བདེན་པ་གཉིས་ཀྱི་ཆོས་ཉིད་ཇི་ལྟ་བ་དེ་ལྟ་བའི་ཚུལ་ནི་སྒྲིབ་བྲལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ནའི་མཁྱེན་པའི་ཡུལ་ཡིན་པའི་ཕྱིར་ཏེ། རང་ཅག་ཚུར་མཐོང་དག་གིས་ལུང་ཙམ་གྱི་རྗེས་སུ་འབྲངས་ནས་ཁ་ཚོན་གཅོད་པར་མི་རིགས་པའི་ཕྱིར་རོ། །ཞེས་གསུངས།

[12] རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། པོད་བཅོ་བརྒྱད་པ།༼ཚ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2023 ལོ། ཤོག་ངོས་༣༨༢པ། དགེ་བཤེས་དཔལ་ལྡན་ཤཱཀྱ་བསྟན་འཛིན་གྱི་དྲི་ལན་གནད་ཀྱི་གསལ་བྱེད་ཅེས་པའི་དྲི་བཅོ་ལྔ་པའི་ལན་དུ་གསུངས་ཡོད།

[13] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2015ལོ། ཤོག་ངོས། ༣༦༢

[14] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། གཏེར་ཆེན་ཉང་རལ་ཉི་མ་འོད་ཟེར་གྱིས་བརྩམས། འཇམ་དབྱངས་ཤེས་རིག་དཔེ་ཚོགས། ཤོག་ངོས། ༣༧༣།

[15] ཐུའུ་བཀྭན་གྲུབ་མཐའ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ཤོག་ངོས་༣༤༣པ། བསམ་གཏན་གྲུབ་མཐའ་དང་ཧྭ་ཤང་གི་ལུགས་སོ་སོར་བྱས་ཀྱང་། ཧྭ་ཤང་གི་འདོད་པ་ངོས་ཟིན་མེད། གཞན་བསམ་གཏན་མིག་སྒྲོན་ལས་ཅིག་ཅར་པའི་ལུགས་ལ་ཆོས་ཐམས་ཅད་སེམས་ཡིན་པ་དང་སེམས་མཐའ་གང་དུ་ཡང་མི་གནས་པའི་ངང་དུ་གནས་དགོས་པར་བསྟན་པ་ལྟར་དྷར་མའི་རྒྱ་ལུང་ལས་ཀྱང་མཐུན་པར་གསུངས།

[16] རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལས་མཛད་པའི་བསྒོམ་རིམ་དང་། རྣལ་འབྱོར་བསྒོམ་པ་ལ་འཇུག་པ་བཅས་ཕྱོགས་སྡེབས། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ཤོག་ངོས་༦༩པར། གང་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་སོ་སོར་བརྟགས་ནས་མི་བསྒོམ་གྱི། ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ཙམ་འབའ་ཞིག་སྒོམ་པར་བྱེད་པ་དེའི་རྣམ་པར་རྟོག་པ་ནམ་ཡང་མི་ལྡོག་ཅིང་ངོ་བོ་ཉིད་མེད་པ་ཉིད་རྟོགས་པར་ཡང་མི་འགྱུར་ཏེ། ཤེས་རབ་ཀྱི་སྣང་བ་མེད་པའི་ཕྱིར་རོ། །འདི་ལྟར་ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མེ་བྱུང་ན་གཙུབ་ཤིང་གཙུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་སྲེག་གོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་གསལ།

[17] སྦ་བཞེད་ཕྱོགས་བསྒྲིགས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།2009ལོ། ཤོག་ངོས་༢༦༧པ་དབའ་བཞེད་ལས། ཨ་ཙརྱ་ཀ་མ་ལ་ཤི་ལས་སྨས་པ། དེ་ལྟར་ཅི་ཡང་མི་བསམ་ཞེས་ཟེར་བ་ནི་སོ་སོར་རྟོག་པའི་ཤེས་རབ་སྤངས་པ་ཡིན་ནོ། །ཞེས་གསལ།

[18] ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། པོད་གསུམ་པ། སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་སོགས་ཀྱིས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2016ལོ། ཤོག་ངོས། ༤༤༢

[19] ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། པོད་གསུམ་པ། སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་སོགས་ཀྱིས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས། ༤༢༠

[20] དབྱིན་ཇིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། དེབ་གསུམ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས། ༡༣༤

[21] བསམ་གཏན་མིག་སྒྲོན། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད། 2003ལོའི་དཔར་མ། ཤོག་ངོས། ༩༣

[22] བསམ་གཏན་མིག་སྒྲོན། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད། 2003ལོའི་དཔར་མ། ཤོག་ངོས། ༧༥

[23] བསམ་གཏན་མིག་སྒྲོན། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད། 2003ལོའི་དཔར་མ། ཤོག་ངོས། ༩༩

[24] ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། པོད་གསུམ་པ། སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་སོགས་ཀྱིས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2016ལོ། ཤོང་ངོས་༣༧༩པར་དམྱིགས་སུ་མེད་པ་ཚུལ་གཅིག་པའྀ་གཞུང་རྣལ་འབྱོར་ཆེན་པོ་རྣམས་ལ་དགོས་པའྀ་དོན་ལས། ཁ་ཅིག་ན་རེ། །ཐོས་པ་མང་པོ་མྱི་བྱར་མྱྀ་རུང་ངོ་ཞེ་ན། །དེ་ལ་བཤད་པ། །ལང་ཀར་གཤེགས་པའྀ་མདོ་ལས། །མང་དུ་ཐོས་པ་ཞེས་བྱ་བ་ནི། །དོན་ལ་མཁས་པའྀ་ཡིན་གྱི་ཚྀག་ལ་མཁས་པ་མི་ཡིན་ནོ་ཞེས་དང་། དབྱིན་ཇིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་དེབ་གསུམ་པའི་ཤོག་ངོས་༡༣༣སྟེང་གསལ་བའི་མཁན་པོ་མ་ཧ་ཡན་གྀ་བསམ་གཏན་ཅིག་ཅར་འཇུག་པའྀ་སྒོ་ལས། མང་དུ་ཐོས་པ་ཞེས་བྱ་བ་ནྀ་ཆོས་ཐམས་ཅད་མ་སྐྱེས་པར་ཁོང་དུ་ཆུད་ནའ། མང་དུ་ཐོས་པ་ཞེས་བྱ་བ་ཡྀན་གྱྀ། འབྲུ་དང་ཚྀག་ལ་ཞུགས་པ་ནྀ་མང་དུ་ཐོས་པ་མ་ཡྀན་ནོ། །ཞེས་གསུངས།

[25] དབྱིན་ཇིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། དེབ་གསུམ་པ། སྟོབས་ལྡན་དང་མཐའ་བ་བཀྲ་ཤིས་དོན་འགྲུབ་སོགས་ཀྱིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2022ལོ། ཤོག་ངོས། ༢༣༢

[26] ཀློང་ཆེན་མཛོད་བདུན་ལས་མན་ངག་མཛོད་དང་གནས་ལུགས་མཛོད། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས།2016ལོ། ཤོག་ངོས། ༢༢༥

[27] ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། པོད་གསུམ་པ། སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་སོགས་ཀྱིས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2016ལོ། ཤོག་ངོས། ༣༩༥

[28] བསམ་གཏན་མིག་སྒྲོན། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད། 2003ལོའི་དཔར་མ། ཤོག་ངོས་༨༣པར། ལོ་ཙ་བ་སྐ་བ་དཔལ་བརྩེགས་ཀྱིས་མཛད་པའི། འཇིག་རྟེན་ཐམས་ཅད་ཡོངས་བཏང་སྟེ། རྡུལ་ཙམ་འཛིན་པའི་སེམས་མེད་པས། སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས། །ཉེས་པ་རྡུལ་ཙམ་མི་འབྱུང་བས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས། །ཆོས་ཀྱི་དབྱིངས་ལ་བཟོད་པས་ན། །བཟོད་པའི་ཕ་རོལ་ཕྱིན་པ་རྫོགས། །དེ་ཉིད་དོན་ལ་མི་གཡོ་བས། །བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས། །མཉམ་ཉིད་མི་གཡོ་བདག་མེད་པས། །བསམ་གཏན་ཕ་རོལ་ཕྱིན་པ་རྫོགས། །དམིགས་མེད་དོན་ལ་རངརིག་པས། །ཤེས་རབ་ཕ་རོལ་ཕྱིན་པ་རྫོགས། །ཞེས་གསལ།

[29] བསམ་གཏན་མིག་སྒྲོན། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད། 2003ལོའི་དཔར་མ། ཤོག་ངོས་༡༠༧པར། སློབ་དཔོན་ཉང་བྲན་དཔལ་གྱིས་སྙ་ཡེ་ཤེས་རྒྱལ་མཚན་གྱི་སྤྱོད་ལམ་བཤད་པ། ལང་པའི་ཚེ་ཡང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཤིང་སྡིག་སྤངས་སྙིང་རྗེ་དང་ལྡན། སེམས་ཅན་གྱི་དོན་ལ་སྤྱད། ཅེས་འབྱུང་། སེམས་ལོན་ལས། མཚན་མ་ལ་ཡང་མི་གནས་བསོད་ནམས་ཀྱི་ཚོགས་ཀྱང་མི་གཏོང་། དགེ་བའི་ཕྱོགས་ཐམས་ཅད་མ་བཅད་པ། བསམ་གཏན་ལས་ལངས་ནས་དགེ་བའི་ཕྱོགས་ཀྱང་མི་འདོར་བ་སྤྱོད་པ་ཡིན་ཏེ། མི་རྟོག་པ་སྒོམ་པ་འདི་དང་མཐུན་ནོ། །ཞེས་གསལ།

[30] དུང་དཀར་ཚིག་མཛོད། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།2012ལོ། ཤོག་ངོས་༡༡པར། རྒྱ་ཡིག་གི་ཐོག་བྲིས་པའི་རིགས་པ་ཡང་དག་པར་ངེས་པ་ཞེས་པའི་ནང་རྩོད་པ་བསམ་གཏན་མཁན་པོའི་ཕྱོགས་ལ་རྒྱལ་ཁ་ཐོབ་པར་བཤད་ཡོད་པས་བོད་ཡིག་ཐོག་བྲིས་པའི་ལོ་རྒྱུས་དེ་ཁུངས་དག་མིན་ཞེས་ཧཱ་ཤང་མ་ཧཱ་ཡ་ནའི་དོན་དུ་དག་སེལ་གནང་མཁན་བྱུང་ཡོད་པས་དོན་གནད་དེ་སྐོར་ལ་གཟུ་བོར་གནས་པའི་མཁས་དབང་རྣམ་པ་ཚོས་ཞིབ་དཔྱད་གནང་རོགས་ཞུ་རྒྱུ། ཞེས་གསལ།

[31] སྦ་བཞེད་ཕྱོགས་བསྒྲིགས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།2009ལོ། ཤོག་ངོས་༢༦༥པ་དབའ་བཞེད་ལས། ཏོན་མུན་པས་ཤེས་རབ་འབུམ་བླངས་ཏེ་བསམ་གཏན་གླིང་གི་སྒོ་བཅད་ནས་ཟླ་བ་གཉིས་སུ་ཤགས་བསླབས། ཞེས་གསལ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།