ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་རྨ་ཆུའི་ཉིན་སྲིབ་ཏུ་ཆགས་པའི་མདོ་སྨད་ས་ཁུལ་དུ་གདོད་མའི་ལི་ཆས་རིག་གནས་སུ་གཏོགས་པའི་གནའ་ཤུལ་སྔོག་འདོན་བྱས་པ་ཅི་རིགས་གཙོ་བོར་བཟུང་སྟེ། གནའ་ཤུལ་དེ་དག་ལས་ལག་སོན་བྱུང་བའི་གདོད་མའི་རིག་དངོས་རྣམས་དང་འབྲེལ་བའི་རྒྱལ་སྤྱིའི་དུས་དེབ་ཁག་ཏུ་ཆེད་མཁས་པ་རྣམས་ཀྱིས་སྤེལ་བའི་གནའ་རྫས་རྟོག་ཞིབ་ཀྱི་ཞིབ་འཇུག་དཔྱད་རྩོམ་དག་དང་། དེ་བཞིན་སྙན་ཐོ་དང་གསར་འགྱུར་ལ་སོགས་པའི་གནའ་རྫས་རྟོག་ཞིབ་ཀྱི་རྒྱུ་ཆ་དག་ལ་དཔྱད་ཞིབ་བྱེད་པ་དང་། སྒོས་སུ་གདོད་མའི་རིག་དངོས་དག་གཤིབ་བསྡུར་གྱི་སྒོ་ནས་མདོ་སྨད་ས་ཁུལ་དུ་མི་ལོ་བཞི་སྟོང་ཙམ་ནས་བཟུང་རྫོང་རི་རིག་གནས་ཕྱི་མ། ཆི་ཀྱཱ་རིག་གནས། ཁ་ཡོག་རིག་གནས། ནོ་མུ་ཧོང་གི་རིག་གནས་ལ་སོགས་པའི་ལི་ཆས་ཀྱི་རིག་གནས་མི་འདྲ་བ་དུ་མ་ཆེས་ཆེར་དར་ཁྱབ་བྱུང་མྱོང་བའི་སྐོར་གནའ་རྫས་རྟོག་ཞིབ་ལ་བརྟེན་ནས་འགྲེལ་རྒྱུ་ཡིན། དེ་ཡང་ཡུ་རོབ་ཨེ་ཤེ་ཡའི་ལི་ཆས་རིག་གནས་ཀྱི་ལག་རྩལ་དག་ཨེ་ཤེ་ཡའི་ཡུལ་ཕྱོགས་དུ་མར་མཆེད་པའི་ཚེ་བོད་མཐོ་སྒང་གི་བྱང་ཤར་ས་ཁུལ་དུ་ཡང་འབྲོག་པ་དང་ཞིང་པའི་རིག་གནས་གཉིས་དར་ཁྱབ་བྱུང་ཡོད་དེ། མདོ་སྨད་ས་ཁུལ་གྱི་ལི་ཆས་རིག་གནས་མི་འདྲ་བ་དག་ཀྱང་ཨེ་ཤེ་ཡ་ནུབ་མའི་ལི་ཆས་རིག་གནས་ཀྱི་རྒྱུན་ལྟ་བུར་མཐོང་ལ། མདོ་སྨད་ས་ཁུལ་དུ་དུས་ནམ་ཞིག་ཏུ་ཚུལ་ཇི་ལྟར་དར་ཁྱབ་བྱུང་བའི་སྐོར་ཉེ་འཁོར་གྱི་ས་ཁུལ་དག་དང་མཚུངས་བསྡུར་གྱི་ལམ་ནས་ཆེ་ལོང་ཙམ་བརྗོད་པར་བྱའོ། །
གནད་ཚིག །བོད་ཀྱི་གནའ་རྫས་རྟོག་ཞིབ། གདོད་མའི་ལོ་རྒྱུས། ལི་ཆས་རིག་གནས། ལྕགས་རིགས་བཞུ་སྦྱོང་གི་ལག་རྩལ།
གླེང་གཞི།
རྨ་ཆུ་ལི་མའི་ཁུགས་སོ་རུ་ཆགས་པའི་ཨ་མདོའི་ཡུལ་གྲུ་འདི་ཉིད་བོད་མདོ་དབུས་མཐོ་སྒང་གི་ས་ཁུལ་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ཏེ། གདོད་མའི་དུས་ནས་རིག་གནས་ཕུན་སུམ་ཚོགས་པ་དར་མྱོང་བའི་ཡུལ་སྡེ་ཞིག་ཀྱང་ཡིན་པ་སྨོས་ག་ལ་དགོས། སྤྱིར་བོད་མདོ་དབུས་མཐོ་སྒང་གི་ས་ཁུལ་དག་ལས་མདོ་སྨད་ས་ཆ་ནི་ལྟོས་ས་ལྟོས་འཇོག་གི་སྒོ་ནས་ཅུང་ཟད་དམའ་བ་ཡིན། ཆ་སྙོམས་རྒྱ་མཚོའི་ངོས་ནས་རྨིད་ 4000-3000 ཙམ་ཡིན་པར་བརྗོད། ཨ་མདོའི་ས་ཁུལ་གྱི་ཤར་ཕྱོགས་ས་སེར་མཐོ་སྒང་དང་ཁ་ཐག་ཉེ་ཞིང་ལྷོ་རྒྱུད་ཁམས་ཀྱི་ཡུལ་སྡེ་དང་འབྲེལ་ནས་ཡོད། ནུབ་ཕྱོགས་དབུས་གཙང་ས་ཁུལ་དུ་གཏོགས་ཤིང་བྱང་ཕྱོགས་ཤིན་ཅང་དང་འདབས་འབྲེལ་ཡིན། ཡོངས་གྲགས་སུ་མདོ་སྨད་རྟའི་ཆོལ་ཁ་ཞེས་འབོད་ཅིང་བོད་བཙན་པོའི་དུས་སྐབས་སུ་འ་ཞ་རྒྱལ་ཕྲན་གྱི་མངའ་ཁོངས་སུ་སྣང་། རྡོ་ཆས་གསར་རྙིང་སྐབས་ནས་ཡུལ་གྲུ་འདིར་རིག་གནས་དར་བའི་ཤུལ་རྗེས་མང་པོ་རྙེད་ཡོད། ལྷག་པར་དུ་ལྕགས་རིགས་བཞུ་སྦྱོང་དང་ཞུན་བརྡར་གྱི་ལག་རྩལ་ཆེས་ཆེར་དར་བའི་སྐབས་སུ་མདོ་སྨད་ས་ཁུལ་དུའང་ལི་ཆས་དང་ཟངས་ཆས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་དར་མྱོང་ཡོད་ཅིང་། མདོ་སྨད་ནི་བོད་མདོ་དབུས་མཐོ་སྒང་གི་ལི་ཆས་རིག་གནས་དར་སྔ་ཞིང་རིག་དངོས་མང་དུ་རྙེད་སའི་ས་ཁུལ་ཞིག་ཏུ་སྣང་།[1] ཕལ་ཆེར། མི་ལོ་བརྒྱ་ཙམ་གྱི་ཡར་སྔོན་ནས་མདོ་སྨད་ས་ཁུལ་དུ་གནའ་རྫས་རྟོག་ཞིབ་ཀྱི་སྔོག་འདོན་ཕྲན་བུ་རེ་བྱས་ཡོད་པར་མ་ཟད། གདོད་མའི་ས་གནས་ཀྱི་རིག་གནས་མང་པོ་ཞིག་ཀྱང་རྙེད་ཡོད། རིག་གནས་དེ་དག་གི་སྐོར་ལ་རྒྱ་རིགས་མཁས་པ་རྣམས་ཀྱིས་མང་དུ་བཀོད་འདུག་མོད། བོད་ཀྱི་མཁས་པ་རྣམས་ཀྱིས་དེའི་སྐོར་ལ་ཞིབ་འཇུག་དང་དོ་སྣང་ཆེར་བྱས་མེད་པ་རེད། དེའི་ཕྱིར་ན། གནའ་རྫས་རྟོག་ཞིབ་ལ་བརྟེན་ནས་ལི་ཆས་དུས་སྐབས་སུ་གཏོགས་པའི་མདོ་སྨད་ཀྱི་གདོད་མའི་རིག་གནས་དག་གླེང་དགོས་རྒྱུ་ཤིན་ཏུ་གལ་ཆེན་དུ་མཐོང་ཞིང་། སྤྱིར་ཨེ་ཤེ་ཡའི་གདོད་མའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་བོད་ཀྱི་གདོད་མའི་འབྲོག་པའི་རིག་གནས་རིམ་པར་མཐོ་སྒང་དུ་བྱུང་བའི་ཚུལ་རྟོགས་ཐུབ་པ་ཡིན། དཔྱད་རྩོམ་འདིར་ཕྱི་ནང་གི་མཁས་པ་རྣམས་ཀྱིས་ཞིབ་འཇུག་བྱས་པའི་དཔྱད་རྩོམ་དང་སྙན་ཐོ་སོགས་གཞིར་བྱས་ཏེ། རྫོང་རི་རིག་གནས་ཕྱི་མ་དང་།(ས་ཁྲ། ༣) མདོ་སྨད་ཁ་ཡོག་རིག་གནས། ནོ་མུ་ཧོང་གི་རིག་གནས། ཆཱི་ཇ་རིག་གནས་སོགས་ཀྱི་ངོ་བོ་དང་ཁྱད་ཆོས་ལས་འཕྲོས་ཏེ། གདོད་མའི་ལི་ཆས་ཀྱི་རིག་གནས་དེ་དག་ཀྱང་ཨེ་ཤེ་ཡའི་རྩྭ་ཐང་ནས་མཆེད་པའི་འབྲོག་པའི་གདོད་མའི་རིག་གནས་ཀྱི་ཁྱད་ཆོས་མང་པོ་ཞིག་ཡོད་པའང་ཞོར་དུ་བརྗོད་པར་བྱའོ།།
གཅིག །མདོ་སྨད་ས་ཁུལ་གྱི་གདོད་མའི་ས་གཤིས་དང་ཚོང་ལམ་བཤད་པ།
སྤྱིར་གདོད་མའི་རིག་གནས་ཇི་ལྟར་དར་ཡོད་མེད་ཀྱི་ཚུལ་བརྗོད་པར་བྱ་བ་ལ་ཡུལ་དེའི་གདོད་མའི་ས་གཤིས་དང་ས་བཅུད་སོགས་གླེང་དགོས་པ་རེད། མདོ་སྨད་ས་ཁུལ་དེ་དག་ཡ་ཐོག་གི་དུས་སྐབས་ཤིག་ནས་གདོད་མའི་རིག་གནས་ཆེས་ཆེར་དར་མྱོང་བའི་ཡུལ་གྲུ་ཞིག་ཡིན་པ་བསྙོན་དུ་མེད།[2] [3] དེ་ཡང་ཚྭ་འདམ་གཤོངས་ས་དང་མཚོ་སྔོན་པོའི་ཉེ་འཁོར་དུ་མི་ངོ་ཁྲི་ 1.5 ནས་སྟོང་ 9.0 ཙམ་ལ་སྐྱེ་དངོས་ཚད་དང་རན་པ་ཞིག་བྱུང་ཡོད་པར་བརྗོད་ཅིང་།[4] མི་ལོ་ཁྲི་ 1.3 ནས་ 1.0 ཙམ་ལ་བོད་ཀྱི་ཤར་དང་ལྷོའི་ས་ཁུལ་དག་ཏུ་ཚ་དྲོད་དང་བརླན་བཤེར་དོ་མཉམ་པ་བྱུང་སྟེ་ནགས་ཚལ་སྟུག་པོ་དག་བྱུང་བའི་སྐོར་གསལ།[5] [6] ལར་མདོ་སྨད་བླ་བྲང་རྒན་གྱ་ནས་རྙེད་པའི་འགྱུར་རྡོ་དེ་ལས་མི་ལོ་འབུམ་ 1.6 ཙམ་ལ་བོད་མདོ་དབུས་མཐོ་སྒང་དུ་སྤྲ་མི་ཡོད་པའི་སྒྲུབ་བྱེད་དུ་འགྲོ་བ་དང་།[7] བོད་ཀྱི་ནུབ་ཕྱོགས་ས་ཁུལ་དུ་མི་ལོ་སྟོང་ 9.5 བར་དུ་ཆར་ཆུ་དང་ཚ་དྲོད་སྙོམས་པོ་མ་བྱུང་བས་སྐྱེ་དངོས་ཀྱི་ཁོར་ཡུག་ཕུན་སུམ་ཚོགས་པོ་ཞིག་ཆགས་ཐུབ་མེད། མི་ལོ་འབུམ་ 2.26 ཡས་མས་སུ་ཡིན་པར་གྲགས་པའི་ཆུ་བཟང་གི་བྲག་བརྐོས་རི་མོ། རྡོ་ཆས་རྙིང་མའི་ཁོངས་གཏོགས་ཀྱི་མངའ་རིས་མེ་ལོང་ལྟག་ཕུག་གི་གནའ་ཤུལ་དང་། ཕན་རོགས་གནའ་ཤུལ་བཅས་ལས་ཀྱང་སྔོན་དུས་ཀྱི་སྤྲ་མི་རྣམས་སྐབས་དེ་ཙམ་ཡང་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་དག་ཏུ་ཡོད་པ་རྟོགས་ནུས་པ་ཡིན། དེ་བཞིན་ནག་ཆུ་ས་ཁུལ་ནས་རྙེད་པའི་རྡོ་ཆས་རྙིང་མའི་རིག་དངོས་སོགས་ལ་ཞིབ་ཏུ་གཞིགས་ན་སྐབས་དེ་དག་ལ་བོད་མདོ་དབུས་མཐོ་སྒང་དུ་སྤྲ་མི་འཚོ་སྡོད་བྱེད་ཀྱི་ཡོད་པར་མ་ཟད།[8] མདོ་དབུས་ཁམས་གསུམ་གྱི་ས་ཁུལ་གང་སར་དེ་དག་གིས་བསྐྲུན་པའི་རྡོ་ཆས་དག་ཡོ་ར་ཤིའི་ས་ཁུལ་དུ་དར་ཁྱབ་ཆེ་བའི་ཡ་ཐོག་གི་རྡོ་ཆས་རྙིང་མའི་རིག་གནས་དང་འབྲེལ་བ་ཡོད་ཙ་ན་མཐོ་སྒང་དུ་གནམ་གཤིས་དང་དྲོ་ཚད་རན་པར་གྱུར་ཚེ་སྤྲ་མི་དེ་དག་རིམ་བཞིན་ཁྱབ་ཡོད་པར་སྣང་།[9]
དེ་བས་མི་ལོ་ཁྲི་ 1.0 ཙམ་ལ་ད་དུང་བོད་མདོ་དབུས་མཐོ་སྒང་དུ་འཁྱགས་རོམ་གྱི་དུས་སྐབས་ཡིན་ཞིང་། སྐྱེ་དངོས་མེད་པར་རློམ་པ་ནི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་དོན་དེ་དག་དང་འགལ་བས་གནས་ལུགས་དང་ལྡན་པ་ཞིག་ཏུ་མ་མཐོང་། སྤྱིར་རྡོ་ཆས་གསར་མའི་དུས་སྐབས་སུ་མིའི་རིགས་ཀྱི་འཚོ་གནས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེས་ཆེར་ཐེབས་རྗེས་རུ་བ་རྣམས་ཀྱིས་ས་ཞིང་འདུལ་སྦྱོང་དང་སྒོ་ཕྱུགས་འཚོ་སྐྱོང་ཁྲོད་ནས་མུ་གེ་དང་ལྟོགས་སྐོམ་ལས་ཐར་ཙམ་བྱུང་བ་རེད།[10] དེ་ནས་རིམ་བཞིན་ལི་ཆས་ཀྱི་དུས་སྐབས་ལ་སླེབས་དུས་ཨེ་ཤེ་ཡ་ནུབ་མའི་ས་ཁུལ་ནས་ཕྱོགས་དུ་མར་གདོད་མའི་ཤེས་རིག་དཔལ་ཡོན་གྱི་ཡང་རྩེར་སོན་ཏེ། མིའི་རྣམ་དཔྱོད་ཀྱི་ལམ་ནས་རང་ཉིད་ཀྱི་ལས་དབང་ལ་དབང་བསྒྱུར་བའི་ལག་རྩལ་ཕུན་སུམ་ཚོགས་པ་དག་བྱུང། རང་བྱུང་གཏེར་རྡོ་ལས་ལྕགས་རིགས་བཞུ་སྦྱོང་གི་ལག་རྩལ་གསར་གཏོད་བྱས་ཏེ་རང་བྱུང་ཁམས་ལ་དབང་བསྒྱུར་བར་སྤོབས་པའི་གདོད་མའི་ཤེས་རིག་གི་རླབས་འཕྲེང་སྐྱོམ་ཐེངས་གཅིག་གིས་ཨེ་ཤེ་ཡའི་དཀྱིལ་མའི་རྩྭ་ཐང་བརྒལ་ཏེ། དར་གོས་ཚོང་ལམ་དང་། བོད་མདོ་དབུས་མཐོ་སྒང་། སོག་པོའི་མཐོ་སྒང་། ས་སེར་མཐོ་སྒང་བཅས་ལའང་རིམ་བཞིན་མཆེད་ཡོད་པར་སྙམ།[11] [12] [13] ལི་ཆས་དུས་སྐབས་སུ་བོད་ཀྱི་བྱང་ཤར་མདོ་སྨད་ས་ཁུལ་དུ་ཐོག་མར་གདོད་མའི་ལི་ཆས་ཀྱི་རིག་གནས་དག་ཁྱབ་དར་བྱུང་བའི་སྒྲུབ་བྱེད་མང་དུ་ཐོན་ཡོད་གཤིས་འབྲོག་པའི་རིག་གནས་ཀྱི་གྲུབ་ཆར་གྱུར་བའི་ཨེ་ཤེ་ཡའི་ལི་ཆས་རིག་གནས་དང་། ཞིང་ལས་རིག་གནས་ཕུན་སུམ་ཚོགས་པ་དར་ཡོད་པ་རེད།[14] [15]
ལར་གདོད་མའི་དུས་ནས་གནའ་མི་རྣམས་ཚོང་འབྲེལ་བྱེད་སའི་བརྒྱུད་ལམ་དུ་མ་ཞིག་ས་ཁུལ་དེ་དག་ཏུ་མཐོང་ཐུབ། མདོ་སྨད་ཀྱི་བྱང་ཤར་ས་ཁུལ་རྨ་ནུབ་དོག་ལམ་དང་འབྲེལ་ནས་ཡོད་ལ་དེ་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་སྒོ་ཆེན་ལྟ་བུར་གྲུབ་ཡོད། བྱང་རྒྱུད་ཀྱི་མཚོ་ནུབ་ས་ཁུལ་ལི་ཡུལ་དང་ཁ་ཐག་ཉེ་ཞིང་། གདོད་མའི་དུས་ནས་ཚོང་འབྲེལ་དང་ཤེས་རིག་གི་བརྒྱུད་ལམ་ཉག་ཅིག་ཏུ་གྱུར་ཡོད་པར་སྣང་། དེ་ཡང་མདོ་སྨད་ཀྱི་ཤར་ཕྱོགས་དང་ཤར་ལྷོ་ཕྱོགས་སུ་རྒྱ་རིགས་དག་ལ་སྔོན་ཆད་ནས་འབྲེལ་འདྲིས་ཡོད་པ་ཤུགས་སུ་རྟོགས། སྤྱིར་བོད་ཀྱི་བྱང་ཤར་ཕྱོགས་སུ་མདོ་སྨད་ཡོད་གཤིས་ཨ་མདོ་བ་དག་ལྷ་སར་བགྲོད་པར་བྱེད་པ་བརྒྱུད་ལམ་གཙོ་བོ་གཉིས་ཡོད་ཅིང་། གཅིག་ནི་མཚོ་སྔོན་ནས་མཚོ་སྐྱ་རེངས་སྔོ་རེངས་བརྒྱུད་དེ་ཆུ་བོ་ཆེན་པོ་རྣམས་ཀྱི་མགོ་ཁུངས་བརྟོལ་ནས་བགྲོད་པ་ཡིན། ལམ་འདི་ནི་རི་བོ་དག་བརྟོལ་ནས་བགྲོད་དགོས་ཀྱང་གཙང་ཆེན་དག་བརྒལ་མི་དགོས་པ་རེད། འགའ་ཞིག་གིས་འདི་ལ་བྱང་ལམ་ཞེས་འབོད་པ་ཡིན། ཅིག་ཤོས་ནི་མདོ་སྨད་ཀྱི་ལྷོ་རྒྱུད་ནས་གཙང་པོ་ཆེན་པོ་དག་བརྒལ་ནས་བགྲོད་པ་རེད། དེ་བཞིན་ལྷོ་རྒྱུད་ཀྱི་བགྲོད་ལམ་དེ་ནི་ཇ་རྟའི་གནའ་ལམ་ལ་ཞུགས་ཏེ་ཆབ་མདོ་བརྒྱུད་ནས་འགྲོ་བ་ཡིན། བགྲོད་ལམ་དེ་གཉིས་དབུས་སུ་བསྐྱོད་པའི་བརྒྱུད་ལམ་གཙོ་བོ་གཉིས་སུ་གྲུབ་ཡོད་ཀྱང་། ད་དུང་དེའི་ཡན་ལག་ཏུ་གྱུར་བའི་ཚོང་ལམ་མང་དུ་ཡོད་པར་འདོད། གཞན་ཡང་མཚོ་སྔོན་གཏེར་ལམ་ནས་ལི་ཡུལ་དུ་བསྐྱོད་པའི་གནའ་ལམ་ཞིག་ཀྱང་ཡོད། དེ་ལ་འ་ཞའི་གནའ་ལམ་ཞེས་འབོད་མཁན་ཡང་ཡོད། ལམ་དེ་དག་ནི་གནའ་བོའི་ཚོང་ལམ་ཡིན་ལ་ཤེས་རིག་གི་བརྒྱུད་ལམ་ཡང་ཡིན། སྤྱིར་གདོད་མའི་རིག་གནས་ཀྱི་བརྒྱུད་ལམ་དེ་ལས་ཀྱང་མང་པོ་ཡོད་དུ་ཆུགས་ཀྱང་གནའ་རྫས་རྟོག་ཞིབ་ཀྱི་ལམ་ནས་གནའ་ལམ་དེ་དག་རྙེད་ཐུབ། ཁྱད་པར་དུ་དིང་སྐབས་ཧུའུ་རིགས་འདུས་སྡོད་བྱེད་སའི་ཀ་ཆུ་དང་ལན་ཀྲུའུ་ས་ཁུལ་འདི་དག་གནའ་དུས་སུ་ཆཱང་རིགས་དང་། དེ་བས་རྒྱ་དང་བོད་བཙན་པོའི་དུས་སྐབས་སོ་སོར་རིམ་པར་མངའ་ཁོངས་སུ་བཅུག་ཡོད་ལ། དེ་ནས་མི་ཉག་རྒྱལ་ཕྲན་གྱིས་མངའ་རིས་སུ་གྱུར་ཡོད་ཀྱང་། སོག་པོ་ཇིང་གིར་རྒྱལ་པོས་མི་ཉག་ཆབ་ལ་ཕབ་རྗེས་སུ་ས་ཁུལ་དེ་དག་སོག་པོས་བདག་བཟུང་བྱས་ཏེ། མི་རིགས་མང་པོས་དུས་རབས་དུ་མར་རྩོད་རེས་བྱེད་སའི་ས་ཁུལ་ཤིན་ཏུ་གལ་ཆེན་ཞིག་ཏུ་སྣང་། ཡ་ཐོག་གདོད་མའི་དུས་སུ་ཡང་མཐོ་སྒང་གི་ལི་ཆས་རིག་གནས་དར་སྔ་ཤོས་ཀྱི་གནའ་ཤུལ་ས་ཁུལ་དེ་དག་འབྲེལ་བ་ཡོད་པ་རེད།
གཉིས། གདོད་མའི་ཚོང་ལམ་དང་འབྲེལ་བའི་རི་ཆུ་སོགས་བཤད་པ།
སྔོན་དུས་སུ་གནའ་མི་དག་གིས་རི་བོ་དང་གཙང་པོ་ལ་བརྟེན་ནས་ས་མཚམས་གཅོད་པ་ཡིན་ལ། མདོ་སྨད་ཀྱི་ཡུལ་གྲུ་ནི་མདོ་ཁམས་སྒང་དྲུག་ཏུ་བཤད་པའི་ཁོངས་སུ་གཏོགས་ཤིང་། རགས་པའི་དབང་དུ་བྱས་ཚེ་རྨ་ཟླ་སྒང་དང་ཤར་ཟླ་སྒང་གཉིས་ཀྱི་ཁྱབ་ཁོངས་སུ་མདོ་སྨད་ཚུད་པར་བྱས་པ་ཡང་ཡོད། དིང་སང་མཚོ་སྔོན་དང་རང་སྐྱོང་ལྗོངས་ཀྱི་ས་མཚམས་ཀྱང་གདང་ལ་རི་རྒྱུད་ཀྱིས་ཕྱེས་པ་ཡིན། མདོ་སྨད་ཀྱི་བྱང་ཤར་ས་ཁུལ་དུ་མདོ་ལ་རི་རྒྱུད་ཆགས་ཤིང་། བྱང་ཕྱོགས་མཐའ་མཚམས་སུ་ཁུ་ནུ་རི་རྒྱུད་ཆགས་ཡོད། རྨ་ཆེན་གངས་རི་དང་། གཉན་པོ་གཡུ་རྩེ། ཙོང་ཁའི་སྐྱེས་རི་སོགས་རི་བོ་གནམ་གྱི་ཀ་བ་ལྟ་བུའི་རི་རྒྱུད་མང་དུ་ཡོད། དེ་བཞིན་སྨད་ཀྱི་ཆུ་ཆེན་བཞིའི་ཡ་གྱལ་དུ་གྱུར་བའི་རྨ་ཆུ་ལི་མ་(སྤྱི་ལེ། 5464)ནི་འཛམ་གླིང་ཆུ་ཆེན་དག་ལས་ཨང་ལྔ་པ་ཡིན་པར་མ་ཟད། མདོ་སྨད་ཀྱི་གདོད་མའི་རིག་གནས་དར་ཡུལ་གཙོ་བོ་ཡིན་པ་ར་སྤྲོད་བྱེད་ཐུབ།(ས་ཁྲ། ༡) རྨ་ཆུའི་ཉིན་སྲིབ་གཡས་གཡོན་དུ་མདོ་སྨད་ཀྱི་ས་ཁུལ་ཕལ་ཆེ་བ་ཚུད་ཡོད་པར་འདོད་དེ། མགོ་ལོག་རྨ་སྟོད་ས་ཆའི་མཚོ་སྐྱ་རེངས་སྔོ་རེངས་བརྒྱུད་དེ་མཛོད་དགེ་བར་ཤར་ཕྱོགས་སུ་འབབ་པ་ཡིན་ཞིང་། དེ་ནས་ཁ་བྱང་ཕྱོགས་སུ་བསྒྱུར་རྗེས་བསྟུད་མར་འབབ་པ་ཡིན། མང་འབའ་བྱ་གསུམ་གྱི་ས་ཁུལ་ནས་ཡང་བསྐྱར་ཁ་ཤར་ཕྱོགས་སུ་བལྟས་ཏེ་ཁྲི་ཀ་དང་། གཅན་ཚ། བ་ཡན། ཡ་རྫི་ལ་སོགས་པའི་རྫོང་ཁག་བརྒྱུད་དེ་ད་ལྟའི་བོད་རིགས་ས་ཁུལ་དག་བརྒལ་ནས་འབབ་པ་ཡིན། ཆུ་ཆེན་དེའི་ཆུ་ལག་ལྟ་བུར་གྲུབ་པའི་ཙོང་ཆུ་དང་། འཇུ་ལག་ཆུ། རྟ་ཐང་ཆུ། འབའ་ཆུ། བསང་ཆུ། རོང་པོ་དགུ་ཆུ། རྩེ་ཆུ། སྡི་ཆུ་ལ་སོགས་པའི་ཆུ་འབྲིང་དག་གི་འབབ་རྒྱུད་དུའང་མདོ་སྨད་ཀྱི་ཚོ་བ་དག་ཁྱབ་ནས་ཡོད།
དེ་ཡང་ལོ་རྒྱུས་སྔོན་གྱི་གནའ་ཤུལ་མང་པོ་ཞིག་ཀྱང་ཆུ་བོ་དེ་དག་གི་འབབ་རྒྱུད་དུ་རྙེད་ཐུབ་པ་ཡིན་པས་གདོད་མའི་དུས་ནས་ཆུ་བོའི་འབབ་རྒྱུད་དེ་དག་ཏུ་གདོད་མའི་རིག་གནས་དར་ཡོད་པའི་ཤུལ་རྗེས་མང་དུ་མངོན།(ས་ཁྲ། ༡-༤) གཞན་ཡང་བོད་མདོ་དབུས་མཐོ་སྒང་གི་མཚོ་མོ་ཆེ་ཤོས་སུ་གྱུར་བའི་མཚོ་སྔོན་པོའམ་ཁྲི་ཤོར་རྒྱལ་མོ་ནི་དུས་རབས་མང་པོའི་ཁྲོད་དུ་ལོ་རྒྱུས་ཀྱི་གཏམ་རྒྱུད་དུ་ཡང་ཡང་བཟློ་བ་ཡིན་ལ་ལོ་རྒྱུས་རང་བཞིན་གྱི་ས་ཁུལ་ཤིན་ཏུ་གལ་ཆེ་བ་ཞིག་ཏུ་འཁུམས། ལྷག་པར་དུ་གདོད་མའི་གནའ་ཤུལ་མང་པོ་ཞིག་ཀྱང་མཚོ་སྔོན་པོའི་མཐའ་འཁོར་དུ་རྙེད་ཐུབ་ཅིང་། བོད་མདོ་དབུས་མཐོ་སྒང་གི་རྫ་ཆས་སྔ་ཤོས་ཀྱང་མཚོ་སྔོན་པོའི་ཅང་ཤེས་གནའ་ཤུལ་དུ་རྙེད་ཡོད་གཤིས་མཚོ་ཆེན་དེ་ཉིད་ནི་སྤྱིར་མདོ་དབུས་མཐོ་སྒང་དང་། བྱེ་བྲག་མདོ་སྨད་ཀྱི་ལོ་རྒྱུས་ལ་གལ་ཆེ་བ་སྨོས་ག་ལ་དགོས། ད་དུང་མཚོ་སྐྱ་རེངས་སྔོ་རེངས་དང་། སྟོང་གི་མཚོ་ནག །ཧ་ལ་མཚོ་ལ་སོགས་པའི་མཚོ་དང་མཚེའུ་ཧ་ཅང་མང་དུ་ཡོད། མཚོ་དང་མཚེའུ། ཆུ་བོ་ཆེན་པོ་དེ་དག་གི་འབབ་རྒྱུད་སོགས་སུ་གདོད་མའི་རིག་གནས་ཀྱི་ཤུལ་རྗེས་མང་དུ་རྙེད་ཐུབ་པ་ཡིན། ད་ནི་མདོ་སྨད་ས་ཁུལ་གྱི་གདོད་མའི་རིག་གནས་དེ་དག་གི་སྐོར་ཅུང་ཟད་བརྗོད་པར་བྱའོ།།
གསུམ། མདོ་སྨད་ས་ཁུལ་དུ་དར་བའི་་ལི་ཆས་ཀྱི་རིག་གནས་བཤད་པ།
བོད་མདོ་དབུས་མཐོ་སྒང་གི་ཆར་གཏོགས་པའི་མཚོ་སྔོན་ས་ཁུལ་དུ་རྡོ་ཆས་རྙིང་མ་ནས་གསར་མའི་དུས་སྐབས་བཅས་སུ་གདོད་མའི་མི་རྣམས་རིམ་བཞིན་བྱུང་ཡོད་པའི་སྒྲུབ་བྱེད་མང་དུ་ཡོད་ལ་རྡོ་ཆས་རྙིང་མ་ནས་ལི་ཆས་དབར་གྱི་བོད་མདོ་དབུས་མཐོ་སྒང་གི་གདོད་མའི་རིག་གནས་ཞེས་པའི་ཁོ་བོའི་འབུམ་རམས་པའི་ཆེད་རྩོམ་ནང་དུ་དེ་དག་རྒྱས་ཙམ་གླེང་ཡོད་པས་འདིར་མ་སྤྲོས། དེ་ཡང་རྡོ་ཆས་གསར་མའི་སྐབས་སུ་མཐོ་སྒང་དུ་འབྲུ་རིགས་འདུལ་སྦྱོང་བྱས་པའི་གདོད་མའི་ཞིང་ལས་རིག་གནས་དར་ཡོད་ཅིང་། མཐོ་སྒང་གི་མི་རྣམས་ཀྱིས་མུ་མཐུད་ཉེ་འཁོར་གྱི་ས་ཁུལ་དག་ནས་དུས་རིམ་མི་འདྲ་བ་ལ་གདོད་མའི་ལག་རྩལ་ཅི་རིགས་ཤིག་ནང་འདྲེན་བྱེད་ཐུབ་ཡོད་པར་སྣང་སྟེ། ལི་ཆས་ཀྱི་དུས་སྐབས་ཙམ་དུ་སླེབས་དུས་མདོ་སྨད་ས་ཁུལ་དུ་གདོད་མའི་ལི་ཆས་སྐབས་ཀྱི་ལག་རྩལ་ཅི་རིགས་དར་ཁྱབ་བྱུང་བར་མ་ཟད། རྟ་རྒོད་གཡུང་དུ་ཕབ་ཅིང་གནའ་བ་སྒོ་ཕྱུགས་སུ་ཉར་བའི་འབྲོག་པའི་རིག་གནས་དང་ཞིང་ལས་མཐོ་སྒང་དུ་ཁྱབ་འཕེལ་བྱུང་ཡོད་པ་གནའ་རྫས་རྟོག་ཞིབ་ཀྱི་ལམ་ནས་བསྒྲུབ་ཐུབ་པ་ཡིན།[16] [17]དེ་ཡང་ཆི་ཀྱཱ་རིག་གནས། ཁ་ཡོག་རིག་གནས། ནོ་མུ་ཧོང་རིག་གནས་སོགས་བྱུང་ཡོད་པ་ཤེས་ཐུབ།[18](ས་ཁྲ། ༡)

དིང་སྐབས་མཚོ་སྔོན་དང་ཀན་སུའུ་ས་ཁུལ་དུ་གཏོགས་ཤིང་སྔོན་ཆད་ཙོང་ཁའི་ཡུལ་ཁམས་སུ་གྱུར་བའི་ས་ཁུལ་དག་ཏུ་ལི་ཆས་ཀྱི་རིག་དངོས་ཅི་རིགས་ལག་སོན་བྱུང་ཡོད་ཅིང་། མཐོ་སྒང་གི་ལི་ཆས་རིག་གནས་དར་ཡུལ་སྔ་ཤོས་གྲས་སུ་མཐོང་།[19] དེ་ཡང་ཕྱི་ལོ་ 1987 ལོར་ཅུ་ཆོན་ས་ཁུལ་ནས་མི་ལོ་སྟོང་ 5.3 ནས་ 4.0 འགོར་ཟིན་པའི་ལི་ཆས་ཤིག་རྙེད་ཡོད། རྫོང་རི་གནའ་ཤུལ་དེར་རིག་གནས་མི་འདྲ་བ་གསུམ་གྱི་རྣམ་པ་རྙེད་ཡོད་དེ། རྫོང་རི་རིག་གནས་སུ་གཏོགས་པ་དང་མི་ལོ་སྟོང་ 4.5 ནས་ 4.0 ཟིན་པའི་ལི་ལས་བྱས་པའི་གྲི་ཆུང་ཞིག་ལ་རུས་པའི་ཡུ་བ་སྤྲད་པ་ཞིག་ལག་སོན་བྱུང་ཡོད། མཚོ་སྔོན་ཆི་ཀྱཱ་རིག་གནས་སུ་གཏོགས་པའི་གྲི་ཆུང་བཞི་རྙེད་པ་ལོ་ངོ་སྟོང་ 4.2 ནས་ 3.8 བར་གྱི་རིག་དངོས་ཡིན། ཆི་ཀྱཱ་རིག་གནས་སུ་གཏོགས་པའི་ཟི་ལིང་ཉེ་འཁོར་ནས་གྱི་ཧྲ་ན་གནའ་ཤུལ་དུ་མདའ་མགོ་ཞིག་ཀྱང་ལག་སོན་བྱུང་ཡོད། རིག་གནས་འདི་ཡིས་རྒྱ་ནག་ཧྲང་རྒྱལ་རབས་ལའང་ལི་ཆས་ལག་རྩལ་གྱི་ཤུགས་རྐྱེན་ཐེབས་ཡོད་པར་འདོད་མཁན་ཡང་ཡོད།[20] ཞིན་ཀྲང་ཕིན་གནའ་ཤུལ་ནས་ཀྱང་ལྕགས་ལོང་ལྔ་དང་གྲི་ཆུང་ཆག་རོ་ཞིག་རྙེད་སོན་བྱུང་ཡོད་པར་མ་ཟད། གྲུ་ཆུང་ནག་པོ་ཞིག་རྙེད་པའང་ཆི་ཀྱཱ་རིག་གནས་ཁོངས་སུ་འདུ་བར་བཤད།[21] དེ་བཞིན་རྨ་ནུབ་ཁྱམས་རིང་ས་ཁུལ་ནས་ལྕགས་རིགས་ཀྱི་རིག་དངོས་ 70 ལྷག་རྙེད་པ་རྣམས་ཀྱང་སི་པ་རིག་གནས་ཀྱི་ཁོངས་གཏོགས་ཡིན་པར་བརྗོད།[22] ལི་ཆས་རིག་དངོས་རྙེད་པའི་ལོ་ཚིགས་དག་གུང་བསྒྲིགས་ན་མཚོ་སྔོན་དང་ཀན་སུའུ་ས་ཁུལ་དུ་ལི་ཆས་ཀྱི་རིག་གནས་སྔ་བར་མ་ཟད། རིག་དངོས་ཀྱང་འབོར་ཆེན་ལག་སོན་བྱུང་ཡོད།[23] སྒོས་སུ་ཡུལ་དེ་དག་ཏུ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གདོད་མའི་རིག་གནས་མི་འདྲ་བ་ཅི་རིགས་རྙེད་ཐུབ་པ་ཡིན། མཱ་ཇ་ཡོའི་གནའ་ཤུལ་ནི་ལི་ཆས་ཀྱི་རིག་དངོས་ཐོན་ཡུལ་སྔ་ཤོས་ཤིག་ཡིན་ཏེ་གནའ་ཤུལ་དེ་ནས་ལི་ལས་བྱས་པའི་གྲི་ཞིག་ཐོན་པ་ནི་མི་ལོ་སྟོང་ 4.9-4.7 ཡས་མས་ཙམ་འགོར་ཡོད།[24] གནའ་ཤུལ་འདི་དག་ལ་རྒྱ་མིང་བཏགས་ཡོད་ནའང་དོན་གྱིས་གནའ་ཤུལ་མང་པོ་ཞིག་བོད་རིགས་གནས་སྡོད་བྱེད་པའི་ས་ཁུལ་ཡིན་པར་མ་ཟད། མདོ་སྨད་ས་ཁུལ་དུ་དར་བའི་ལི་ཆས་རིག་གནས་ཀྱི་མགོ་ཁུངས་ལྟ་བུར་སྣང་། ལྷག་པར་རྫོང་རི་ནི་རྡོ་ཆས་གསར་མའི་གནའ་ཤུལ་ཞིག་ཡིན་ཞིང་ལི་ཆས་རིག་གནས་ཀྱང་རིམ་བཞིན་བྱུང་ཡོད་པ་རྟོགས་ཐུབ།
དེ་ནས་ལི་ཆས་ཀྱི་རིག་དངོས་རྙེད་པ་ལས་རྡོ་ཆས་གསར་མའི་དུས་མཇུག་ཙམ་ནས་མུ་མཐུད་དུ་ལི་ཆས་དུས་ཀྱི་ལག་རྩལ་མང་པོ་ཞིག་མཐོ་སྒང་དུ་དར་མགོ་ཚུགས་ཡོད་པ་མཚོན། འོན་ཀྱང་། གོང་དུ་དྲངས་པའི་གནའ་ཤུལ་དེ་དག་ཏུ་ལི་ཆས་ཀྱི་རིག་དངོས་རེ་ཟུང་ཐོན་པ་ལས་ཕོན་ཆེན་པོ་རྙེད་དུ་མེད་པས་ལི་ཆས་རིག་གནས་རྒྱ་ཆེན་པོ་དར་ཁྱབ་བྱུང་མེད་ཚོད་དུ་མངོན། ཕར་ཆེར་བོད་མདོ་དབུས་མཐོ་སྒང་དུ་ལྕགས་རིགས་སྤྱོད་པའི་དུས་སྐབས་སྔ་ཤོས་ས་ཁུལ་དེ་དག་ཡིན་པར་སྙམ། རྡོ་ཆས་གསར་མའི་སྐབས་སུ་ས་ཁུལ་དེ་དག་ཏུ་གདོད་མའི་རིག་གནས་ཀྱི་འཕེལ་འགྱུར་ཆེས་ཆེར་རྒོད་པའི་ཡུལ་ཞིག་ཡིན་ལ་སྐབས་དེར་མི་རིགས་བྱེ་བྲག་པ་གན་དང་འདི་ཞེས་བརྗོད་པར་མི་ནུས། མཁས་པ་མང་པོ་ཞིག་གིས་རྒྱའི་ཡིག་ཐོག་གི་ལོ་རྒྱུས་སྔ་ཤོས་དག་ཏུ་གཞིར་བྱས་ཏེ་ལི་ཆས་ཀྱི་དུས་མཇུག་ཙམ་ལ་མཐོ་སྒང་གི་བྱང་ཤར་ས་ཁུལ་དེ་དག་ཏུ་འབྲོག་པའི་འཚོ་རོལ་བའི་ཞོང་ནུ་ཚོ་བ་དང་ཡེ་ཀྲི་ཚོ་བ། ཆཱང་ལྟ་བུའི་རིགས་རྒྱུད་དག་གིས་བདག་དབང་བྱས་ཡོད་པ་དང་ཁོ་ཚོ་རིག་གནས་དེ་དག་སྐྲུན་མཁན་ཡིན་པའི་ལྟ་ཚུལ་ཤུགས་ཆེ། དེ་ནི་རྒྱའི་གནའ་བོའི་ཡིག་ཚང་ལོ་རྒྱུས་སུ་འཁོད་པའི་ཚོ་བ་དེ་དག་དེང་རབས་གནའ་རྫས་རྟོག་ཞིབ་དང་ལྷན་དུ་ངོས་འཛིན་དང་འགྲེལ་བརྗོད་བྱེད་པར་འབད་པ་ཙམ་ཡིན་ཏེ། གནའ་རྫས་རྟོག་ཞིབ་ཀྱི་གྲུབ་དོན་ལས་རྙེད་པའི་མཐོ་སྒང་གི་ལི་ཆས་རིག་གནས་ལ་རྒྱའི་ཡིག་ཚང་དུ་འཁོད་པའི་གདོད་མའི་ཚོ་བ་དང་སྦྱར་ནས་ངོས་འཛིན་བྱས་པ་ཞིག་རེད། གལ་ཏེ། གདོད་མའི་རིག་གནས་དེ་དག་སྐྲུན་མཁན་དག་ངོས་འཛིན་དགོས་ན་ཚོ་བ་དེ་དག་ལ་འབྲེལ་བ་ཡོད་སྲིད་པ་ཞིག་ཏུ་སྣང་། འོན་ཀྱང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་སྔ་གྲས་སུ་དེ་དག་གི་སྐོར་ཅི་ཡང་མི་གསལ་ལ། རྒྱ་ནག་གི་ཡིག་ཚང་དུ་འཁོད་པ་རྣམས་ནི་ཧན་མི་རིགས་མ་ཡིན་པའི་ནུབ་ཕྱོགས་ཀྱི་ཕྱུགས་འཚོ་བའི་མི་སྡེ་ཞིག་ཡིན་པ་ཡོངས་གྲགས་སུ་འདོད། དེའི་སྐོར་མཁས་པ་ཚོས་གླེང་སློང་བྱེད་སའི་གཞི་ལྟ་བུ་ཞིག་ཏུ་གྱུར་ཡོད་ཀྱང་གླེང་སློང་སྣ་ཚོགས་ཤིག་བྱུང་ཡོད་གཤིས་གནའ་རྫས་རྟོག་ཞིབ་དང་ལོ་རྒྱུས་ཡིག་ཚགས་གཉིས་གཞི་གཅིག་ཏུ་ཇི་ལྟར་འབབ་པའི་སྐོར་ལ་དཔྱད་འོས་པ་ཞིག་ཏུ་མཐོང་། མཁས་པ་མང་པོ་ཞིག་གིས་ཞོང་ནུ་ཚོ་བ་ནི་གདོད་མའི་སོག་པོའི་མི་རིགས་ཡིན་པར་ངོས་འཛིན་བྱེད་པ་དང་ཆཱང་རིགས་ནི་མཐོ་སྒང་གི་བྱང་ཤར་ས་ཁུལ་གྱི་ཚོ་བ་མང་པོ་ཞིག་སྤྱི་མིང་ལྟ་བུར་ངོས་འཛིན་པ་དང་། བོད་རིགས་ལ་ངོས་འཛིན་སོགས་ཅི་རིགས་ཡོད།

དེ་ཡང་མཚོ་སྔོན་ཁ་ཡོག་གནའ་ཤུལ་དུ་རྡོ་ཆས་ཀྱི་རིག་དངོས་གང་མང་ཐོན་པ་དེ་དག་རྡོ་ཆས་གསར་མའི་རིག་གནས་ཀྱི་རྒྱུན་ལྟ་བུར་སྣང་ལ་མིའི་རྣམ་དཔྱོད་ལ་བརྟེན་ནས་ལྕགས་རིགས་བཞུ་སྦྱོང་གི་རིག་པ་རྙེད་དེ་རྡོ་ཆས་ཀྱི་རིག་དངོས་དག་རིམ་བཞིན་སྤྱོད་མི་དགོས་པར་གྱུར། དེའི་ཚབ་ཏུ་ལི་ཟངས་ཀྱིས་བཟོས་པའི་མཁོ་ཆས་སྣ་ཚོགས་བྱུང་ཡོད་པ་ཟུར་བལྟས་ལེབ་མཐོང་ཙམ་དུ་ཟད། ཁྱད་པར་དུ་ཁ་ཡོག་རིག་གནས་ལོ་ངོ་སྟོང་ 3.75-3.45 ཙམ་དུ་དར་ཁྱབ་བྱུང་ཡོད།[25] གནའ་ཤུལ་དེར་ཐོན་པའི་ཟངས་ཀྱི་ཟོར་བ། ཟངས་གྲི། ཟངས་འབིགས། ཟངས་མདའ། ཟངས་སྒྲོག །ཟངས་ཀྱི་མེ་ལོང་ལ་སོགས་ཕུན་སུམ་ཚོགས་པ་བྱུང་ཡོད། ཁ་ཡོག་རིག་གནས་ཀྱི་ཁྱབ་ཁོངས་ཙོང་ཆུའི་བཞུར་རྒྱུན་གཙོ་བོར་བཟུང་བའི་ཟི་ལིང་དང་། བྱང་མདོ་ལ་རི་བོའི་བར་དང་ལྷོ་ཨ་མྱེས་རྨ་ཆེན་གྱི་གངས་འདབས། ཤར་ཀན་སུའུ་དང་མཚོ་སྔོན་གྱི་ས་མཚམས། ནུབ་མཚོ་སྔོན་པོའི་ཉེ་འགྲམ་གྱི་རྐང་ཚ་སོགས་སུ་ཁྱབ། དེ་བཞིན་ཡུལ་ཤུལ་དང་མགོ་ལོག་སོགས་སུ་རྙེད་པའི་རྫ་ཆས་དག་ཀྱང་ཁ་རུབ་རིག་གནས་སུ་གཏོགས་པ་ཡིན།[26](ས་ཁྲ ༤) མཚོ་སྔོན་ཁ་ཡོག་རིག་གནས་བསྡུས་ན་རིགས་གཉིས་ཀྱི་ནང་དུ་འདུ་སྟེ། ཨ་ཧཱི་ཐི་ལ་ཧྲ་དང་ཧྲང་སོན་ཀྱཱ་ཙེའོ་གཉིས་ཡིན་ཞེས་འཁོད་ཀྱང་། རིག་གནས་དེ་གཉིས་དར་ཡུལ་ངོས་བཟུང་ན་སྔ་མ་རྨ་ཆུའི་བཞུར་རྒྱུན་གཙོ་བོར་བྱས་པའི་འབའ་རྫོང་དང་། བྲག་དཀར་རྫོང་། མང་རྫོང་། གོང་ཧོའི་རྨ་ཆུའི་འགྲམ་རྒྱུད། ཁྲི་ཀ །གཅན་ཚ། ཡ་རྫི། བ་ཡན། རོང་པོ་རྣམས་སུ་ཁྱབ་པ་ཡིན། ཕྱི་མ་ནི་ཙོང་ཆུའི་བཞུར་རྒྱུན་གཙོ་བོར་བྱས་ཏེ་ཧེ་ཡན་དང་། ཧོང་ཡོན་ནམ་སྟོང་སྐོར་རྫོང་། སྐུ་འབུམ་རྫོང་ངམ་ཧོང་ཀྲུང་རྫོང་། རྟ་ཐང་རྫོང། ཧོའུ་ཀྲུའུ། ཟི་ལིང་། ཕེན་ཨན་རྫོང་ངམ་བདེ་ཁམས་རྫོང། ལུང་བདུན། མེ་འབུད་བཅས་སུ་ཁྱབ་ཡོད། (ས་ཁྲ། ༢) ཁ་ཡོག་རིག་གནས་སུ་གཏོགས་པའི་གནའ་ཤུལ་དག་ཏུ་ཟངས་ཆས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་བྱུང་ཡོད་པར་མ་ཟད། ལི་ཆས་ཀྱི་རིག་དངོས་ཀྱང་ཐོན་ཡོད་པ་རེད། དེ་ལྟར་ན། དུས་སྐབས་དེར་ལི་ཟངས་མཉམ་སྤྱོད་ཀྱི་རིག་གནས་དར་བའི་ལག་རྩལ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་རྟོགས་ལ། འཚོ་བའི་ཡོ་བྱད་དུ་གྱུར་བའི་ཟངས་ཆས་དང་ལི་ཆས་གྱ་ནོམ་པ་བྱུང་ཡོད་པ་ལས་ཤེས་ཐུབ།
ས་ཁུལ་དེ་དག་ནི་བོད་བཙན་པོའི་སྐབས་སུ་འ་ཞཱ་རྒྱལ་ཕྲན་གྱི་ཁོངས་གཏོགས་ཡིན་ཞིང་སྔར་ནས་ཙོང་ཁ་བདེ་ཁམས་ཞེས་པའི་ཡུལ་ལུང་ལ་གོ་དགོས། ཁ་ཡོག་གནའ་ཤུལ་ནས་ཐོན་པའི་ལི་ཆས་ཀྱི་རིག་དངོས་དག་ལ་བརྟེན་ནས་དབུས་ཨེ་ཤེ་ཡ་དང་འབྲེལ་བ་ཡོད་པའང་རྟོགས། དེ་བཞིན་ཟངས་ཆས་ཀྱི་རིག་དངོས་དག་དབུས་ཨེ་ཤེ་ཡའི་རྩྭ་ཐང་དང་འབྲེལ་འདྲིས་ཆེ་བ་ཡིན།[27] ཙོང་ཁ་ས་ཁུལ་ནི་རྨ་ནུབ་ཁྱམས་རིང་དང་ཁ་ཐག་ཉེ་ཞིང་དེ་ནས་ཨེ་ཤེ་ཡའི་ཤེས་རིག་དང་འབྲེལ་འདྲིས་བྱེད་པའི་བརྒྱུད་ལམ་ཞིག་གནའ་སྔ་མོའི་དུས་ནས་ཡོད་པ་རྟོགས་ཐུབ། (ས་ཁྲ། ༤) ཕལ་ཆེར། གནམ་གཤིས་ཀྱི་འགྱུར་ལྡོག་ལ་བརྟེན་ནས་ལོ་ངོ་སྟོང་ 4.0 ཡས་མས་ནས་ཞིང་ལས་གཙོ་བོ་གཉེར་བའི་རིག་གནས་མང་པོ་ཞིག་འབྲོག་པའི་རིག་གནས་སུ་གྱུར་ཡོད་པར་སྙམ།[28] ལོ་རྒྱུས་སྨྲ་བ་དག་གིས་ཁ་ཡོག་རིག་གནས་དེ་དག་སྐྲུན་མཁན་ནི་འབྲོག་པའི་ཚོ་བ་རུ་ཁས་འཆེ་བའི་ཆཱང་རིགས་ཡིན་པ་དང་། ཧན་རྒྱལ་རབས་སྐབས་སུ་ཀན་སུའུ་དང་མཚོ་སྔོན་ས་ཁུལ་དུ་ཡོད་པའི་ཡེ་ཊི་ཞེས་འབྲོག་པའི་ཚོ་པ་དེ་ཡིན་པ་དང་། ཞོང་ནུ་བྱ་བའི་འབྲོག་པའི་ཚོ་བ་དེ་ཡིས་ཆམ་ལ་ཕབ་རྗེས་ཤིན་ཅང་ཕྱོགས་སུ་གྱར་ཡོད་པར་བཤད།[29] རྒྱ་རིགས་རྣམས་ཀྱིས་ས་ཁུལ་འདི་དག་ལ་འབྲོག་པའི་འཚོ་བ་རོལ་བའི་མི་རིགས་གཞན་དག་གིས་བདག་བཟུང་བྱས་ཚུལ་ལོ་རྒྱུས་ཡིག་ཚགས་སུ་བཀོད་པ་དང་། དེ་ཡང་རྒྱ་ནག་གི་ཧྲང་རྒྱལ་རབས་མི་ལོ་སྟོང་ 3.6-3.0 སྐབས་སུ་རྙེད་པའི་སོག་རུས་སྟེང་དུའང་ཆཱང་ཞེས་པའི་ཡིག་འབྲུ་རྙེད་ཐུབ་ཅིང་། ཆཱང་ཞེས་པ་ནི་ཧན་མི་རིགས་མ་ཡིན་པའི་འབྲོག་པའི་ཚོ་བ་ཞིག་ཏུ་གོ་དགོས་ཚུལ་རྒྱའི་ཡིག་ཚང་དུ་འབྱུང་།
རྡོ་ཆས་གསར་མའི་སྐབས་ཀྱི་མཚོ་སྔོན་ས་ཁུལ་དུ་བྱུང་བའི་མཱ་ཇ་ཡོ་དང་རྫོང་རི་རིག་གནས་གཉིས་ཆཱང་རིགས་ཀྱི་མེས་པོ་རྣམས་ཀྱིས་བསྐྲུན་པ་ཡིན་པར་གླེང་མཁན་ཡོད་ཀྱང་། ད་དུང་སྒྲུབ་བྱེད་ལྡེང་ངེས་པ་ཞིག་རྙེད་མེད་ལ་ལོ་རྒྱུས་ཀྱི་བར་ཐག་ཀྱང་རིང་བས་བརྗོད་ག་ལ་ནུས། འོན་ཀྱང་། ཧྲང་རྒྱལ་རབས་ཀྱི་དུས་མཉམ་ལ་མཚོ་སྔོན་ས་ཁུལ་དུ་དར་ཆེ་བའི་གདོད་མའི་ལི་ཆས་རིག་གནས་དེ་དག་ཆཱང་རིགས་རྣམས་ཀྱིས་བསྐྲུན་པར་བསྙད་ཚེ་རྒྱུ་མཚན་མེད་པ་ཞིག་མ་ཡིན། ཧྲང་རྒྱལ་རབས་སྐབས་སུ་ཆཱང་མི་རིགས་ཀྱི་མིང་ཐོན་ཡོད་པར་མ་ཟད་དུས་སྐབས་ཀྱང་གཅིག་ཏུ་ཁེལ་ཡོད། གཉིས་ནས་དུས་སྐབས་དེར་གཏོགས་པའི་ཆཱི་ཇ་དང་ཁ་ཡོག་ལྟ་བུའི་གདོད་མའི་རིག་གནས་ཕུན་སུམ་ཚོགས་པ་རྙེད་ཡོད། དེ་བས་སྐབས་དེ་ཙམ་ནས་ཕན་ཚུན་ལ་ཤེས་རིག་གི་འབྲེལ་འདྲིས་ཡོད་པ་ཤེས་ཐུབ་པར་འདོད།
གཞན་ཡང་ལི་ཆས་ཀྱི་དུས་སྐབས་ཙམ་ནས་ཁོང་ཚོ་ཨེ་ཤེ་ཡའི་ཡུལ་དབུས་ནས་ལྕགས་རིགས་བཞུ་སྦྱོང་གི་ལག་རྩལ་བླངས་ཏེ་ལི་ལས་བྱས་པའི་ཡོ་བྱད་སྣ་ཚོགས་བསྐྲུན་ཡོད། ཆཱང་རིགས་ཡིན་པར་སྙམ་པའི་ཚོ་བ་དག་རིམ་བཞིན་ས་ཁུལ་འདྲ་མིན་དུ་གྱར་རྗེས་རིག་གནས་སྣ་ཚོགས་ཤིག་བྱུང་ཡོད་པར་སྣང་ལ། རིག་གནས་དེ་དག་ནང་ཕན་ཚུན་འབྲེལ་བའང་ངེས་ཅན་ཞིག་ཡོད་པར་མ་ཟད། ས་གནས་ཀྱི་ཁྱད་ཆོས་ཀྱང་མངོན་ཐུབ་པ་ཞིག་རེད། ལི་ཆས་དུས་སྐབས་སུ་སྒོ་ཕྱུགས་གཡུང་ལ་ཕབ་སྟེ་འབྲོག་པའི་འཚོ་བ་ཆེས་ཆེར་དར་ཡོད་པས་རྩྭ་ཆུ་བཟང་བའི་རྨ་འབྲི་རྫ་གསུམ་གྱི་ས་ཁུལ་དག་ཏུ་མཆེད།[30] ཕར་ཆེར། རྒྱ་རིགས་རྣམས་ཀྱིས་ཆཱང་རིགས་ལའང་ཏི་ཆཱང་དང་། རོང་ཆཱང་ལ་སོགས་དབྱེ་བ་སྣ་ཚོགས་བགྲངས་པའི་རྒྱུ་རྐྱེན་དུ་གྱུར་ཡོད་པར་སྙམ། ཐང་རྒྱལ་རབས་སྐབས་ཙམ་ལ་སླེབས་དུས་ཆང་རིགས་ནི་རྨ་ཆུ་དང་། འབྲི་ཆུ། ཙོང་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་འབབ་རྒྱུད་དུ་ཁྱབ་ཡོད་པའི་ཚུལ་འཁོད་ཡོད།[31] [32]
མཁས་པ་འགའ་ཤས་ཀྱིས་བྱང་ཞེས་པ་དེ་དབུས་གཙང་ཕྱོགས་ནས་ཆང་དང་སྒྲ་འདྲ་བར་ཀློག་པའི་དབང་གིས་སྒྲ་གདངས་གཅིག་པར་ཐོན་ཅིང་། རྒྱ་ནག་པ་རྣམས་ཀྱིས་ཆང་ཞེས་པའི་སྒྲ་འདི་གཙོར་བཟུང་ནས་ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ཡིན་ཚུལ་བརྗོད་མཁན་ཡང་ཡོད།[33] གཞན་ཡང་<<བོད་དང་ཆང་རིགས་ཀྱི་འབྲེལ་བ་བཤད་པ་>>ལས། བོད་དང་ཆང་རིགས་གཉིས་ལ་ཤ་ཁྲག་གི་འབྲེལ་བ་ཡོད་པ་གསལ་པོར་བསྟན། ཆང་རིགས་ཀྱིས་སྤྲེལ་མགོ་ཅན་གྱི་ཁྱེའུ་ཞིག་ལ་མཆོད་བཀུར་བྱེད་པ་དང་། སྤྲེའུ་ནི་ལྷ་པའི་ཆོས་སྐྱོང་ཡིན་པར་བསམ་ཞིང་ལྷ་པས་བཟུང་བའི་སྤྲེལ་མགོ་ཅན་གྱི་ལྷ་ཆས་དང་སྤྲེལ་པགས་ཀྱི་ཞྭ་མོ་གང་ཡིན་རུང་སྤྲེའུ་དང་འབྲེལ་བ་ཡོད་ལ། ཐ་ན་ལྷ་འཁྲབ་པའི་རྐང་པའི་སྟབས་སྟངས་ལས་ཀྱང་སྤྲེའུའི་འགུལ་སྟངས་མཚོན་པར་བྱེད་པར་བརྗོད། མདོ་ཁམས་ཕྱོགས་སུ་ཆང་རིགས་ཀྱིས་ཤུལ་རྗེས་མང་ལ་ཡིག་ཐོག་གི་ལོ་རྒྱུས་མང་པོའི་ནང་དུ་ཆང་རིགས་ས་ཁུལ་དེ་དག་ཏུ་འཚོ་སྡོད་བྱས་ཡོད་པའི་སྐོར་འཁོད་ཡོད། དེ་བཞིན་དབུས་གཙང་ཆུ་གོང་གནའ་ཤུལ་ནས་རྫ་ཆས་སྤྲེལ་གདོང་ཅན་ཡང་ལག་སོན་བྱུང་ཡོད་གཤིས་དེ་དག་ལ་འབྲེལ་བ་ཡོད་མེད་དཔྱད་འོས་པར་རིགས། ཆང་རིགས་དང་ཞོང་ནུ་ཚོ་བ་སོགས་སྐོར་གླེང་དགོས་ན་རྒྱའི་ཡིག་ཐོག་འཁོད་པའི་ལོ་རྒྱུས་ལ་གཞིར་བཅོལ་རྒྱུ་ལས་བོད་ཡིག་ཏུ་འཁོད་པ་མེད་གཤིས་ཤིན་ཏུ་མགོ་རྙོག་ཆེ་ཞིང་བརྗོད་དཀའ་བ་ཞིག་རེད་སྙམ།
གཞན་ཡང་མཚོ་སྔོན་ཁ་ཡོག་རིག་གནས་དང་དུས་མཉམ་དུ་བྱུང་བའི་ནོ་མུ་ཧོང་རིག་གནས་ནི་མཚོ་ནུབ་ཀྱི་གཏེར་ལམ་ས་ཁུལ་དུ་ཁྱབ་བརྡལ་བྱུང་བའི་ལི་ཆས་དུས་སྐབས་ཀྱི་རིག་གནས་ཤིག་ཡིན། གནའ་ཤུལ་འདི་གར་སེམས་ཅན་གྱི་རུས་པ་མང་པོ་ཐོན་པར་མ་ཟད་ས་ཕག་གིས་བཟོས་པའི་སྡོད་ཁང་སོགས་དབུས་ཨེ་ཤེ་ཡ་དང་འབྲེལ་བ་ཟབ་པ་རྟོགས་ཐུབ། ནོ་མུ་ཧོང་རིག་གནས་སུ་གཏོགས་པའི་གནའ་ཤུལ་རྣམས་འདི་ནས་ཡར་བརྩིས་པའི་མི་ལོ་སྟོང་ 3.4 ནས་ 2.45 བར་དར་ཁྱབ་བྱུང་བའི་རིག་གནས་ཤིག་ཡིན། ས་བབ་ཀྱི་མཐོ་ཚད་རྨིད་སྟོང་ 3.0 ཙམ་ཟིན་པའི་མཚོ་སྔོན་དང་ཚྭ་འདམ་ས་ཁུལ་དུ་མི་གཏན་སྡོད་བྱས་ཡོད་པར་མ་ཟད། ཕྱུགས་ལས་དང་ཞིང་ལས་གཉིས་ཀྱི་རྣམ་པ་གསལ་པོར་མངོན་པའི་རིག་གནས་ཤིག་དར་ཡོད།[34] ས་ཁུལ་དེ་དག་རྙེད་པའི་གདོད་མའི་བྲག་རིས་སྟེང་དུའང་ཤིང་རྟ་འཁོར་ལོ་ཡང་མཐོང་དུ་ཡོད་པས་ཡོ་ར་ཤིའི་གདོད་མའི་རིག་གནས་ཀྱི་འབྲེལ་བ་གསལ་པོར་རྟོགས་ཐུབ་པར་འདོད།
ནོ་མུ་ཧོང་རིག་གནས་ནི་ཚྭ་འདམ་གཤོངས་ས་དང་ཉེ་འཁོར་གྱི་རི་རྒྱུད་དག་ཏུ་ཁྱབ་ཅིང་། མཚོ་སྔོན་ཁ་ཡོག་རིག་གནས་དང་ནོ་མུ་ཧོང་རིག་གནས་གཉིས་ཀ་ཞིང་ལས་དང་ཕྱུགས་འཚོའི་ལས་རིགས་གཉིས་ལ་བརྟེན་ཡོད།[35](ས་ཁྲ། ༢) ཚྭ་འདམ་ས་ཁུལ་དུ་རྡོ་ཆས་རྙིང་མའི་དུས་སྐབས་ནས་མིའི་བྱ་བྱེད་ཀྱི་ཤུལ་རྗེས་བསྟུད་མར་རྙེད་ཐུབ་ཅིང་བོད་མདོ་དབུས་མཐོ་སྒང་གི་ས་ཁུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་དེ། ཤར་ཕྱོགས་སུ་མཚོ་སྔོན་པོའི་ས་ཁུལ་དང་། ལྷོ་ཕྱོགས་སུ་མགོ་ལོག་དང་ཁམས་ནང་ཆེན། ནུབ་ཕྱོགས་ལི་ཡུལ་ལམ་དིང་གི་ཤིན་ཅང་ས་ཁུལ། བྱང་ཕྱོགས་ཤིན་ཅང་ཐ་ལ་མ་ཁན་བྱེ་ཐང་རྒྱུད་ཀྱི་དར་གོས་ཚོང་ལམ་དང་འབྲེལ་ནས་ཡོད། ས་ཁུལ་དེ་དག་ཏུ་ལི་ཡུལ་དང་དར་གོས་ཚོང་ལམ་བརྒྱུད་ནས་གདོད་མའི་རིག་གནས་ཀྱི་འབྲེལ་འདྲིས་བྱུང་ཡོད་པ་ཤེས་ཐུབ། མཚོ་སྔོན་ཁ་ཡོག་རིག་གནས་ཀྱི་རྗེས་ཙམ་ལ་ཀླུ་ཆུའི་སྨད་རྒྱུད་དུ་ཞིན་ཏིན་རིག་གནས་མི་ལོ་སྟོང་ 3.5-2.55 བར་དར་ཁྱབ་བྱུང་ཡོད་ལ་དེའི་ཕྱིས་སུ་སི་ཝ་རིག་གནས་མི་ལོ་སྟོང་ 3.25-2.45 ཙམ་དུ་བྱུང་ཡོད།[36] གནའ་ཤུལ་འདི་དག་ད་ལྟ་བོད་རིགས་གནས་སྡོད་ཀྱི་ས་ཁུལ་མིན་ནའང་བོད་མདོ་དབུས་མཐོ་སྒང་གི་བྱང་ཤར་ས་ཁུལ་ཡིན་པ་དང་བོད་རིགས་ས་ཁུལ་དང་འདབས་འབྲེལ་གྱི་རིག་གནས་ཡིན་གཤིས་འབྲེལ་བ་ངེས་ཅན་ཞིག་ཡོད་པ་རིག་དངོས་ཀྱི་སྟེང་ནས་མངོན་ཐུབ་པ་ཞིག་རེད།
རིག་གནས་འདི་དག་དར་ཡུལ་གྱི་ས་ཁུལ་དང་མི་རིགས་བཅས་ལ་མཐའ་འཁོབ་ཀྱི་ཚོ་བ་ཞེས་རྒྱའི་ཡིག་ཚང་དུ་ཡང་ཡང་བཟློ་བ་ཡིན། ཞིན་ཏིན་རིག་གནས་མི་ལོ་སྟོང་ 3.6-2.6 དང་སི་ཝ་རིག་གནས་མི་ལོ་སྟོང་ 3.4-2.7 ཐོག་མར་ཆེད་མཁས་པ་ཨེན་ཌར་སན་ལགས་ཀྱིས་རྙེད་ཅིང་ཁོང་གིས་སྣེ་ཁྲིད་པའི་རྒྱ་རིགས་རྣམས་མཚོ་སྔོན་དང་ཀན་སུའུ་ས་ཁུལ་མང་པོར་བསྐྱོད་དེ། གནའ་ཤུལ་ཚང་མ་རྒྱ་མིང་འབའ་ཞིག་བཏགས་ཡོད་གཤིས་བོད་དུ་ཐོན་པའི་གནའ་ཤུལ་དག་ཀྱང་ངོས་འཛིན་དཀའ་བའི་གནས་སུ་གྱུར། དེ་ཡང་ལི་ཆས་དུས་སྐབས་སུ་མི་ལོ་སྟོང་ 3.0 ཡས་མས་ནས་ཡུལ་ཤུལ་ཁུལ་ནང་ཆེན་ས་ཁུལ་དུའང་གདོད་མའི་མི་རྣམས་འཚོ་སྡོད་བྱས་ཡོད་པ་རྟོགས།[37] མཚོ་སྔོན་གྱི་ས་ཁུལ་དུ་ལི་ཆས་དུས་སྐབས་སུ་གདོད་མའི་རིག་གནས་ཕུན་སུམ་ཚོགས་པ་དར་མྱོང་ཞིང་། ལྷག་པར་དུ་ཡོ་ར་ཤའི་རྩྭ་ཐང་ནས་ལྕགས་རིགས་བཞུ་སྦྱོང་གི་ལག་རྩལ་དར་ཡོད་ཅིང་། ཞིང་ལས་དང་འབྲོག་ལས་གཉིས་ཀྱི་ཁྱད་ཆོས་ལྡན་པའི་གདོད་མའི་རིག་གནས་དེ་དག་མདོ་སྨད་ས་ཁུལ་དུ་སྐབས་དེ་ཙམ་ནས་ཆེས་ཆེར་དར་ཡོད་པ་རྟོགས་ཐུབ། དེ་བཞིན་གདོད་མའི་བྲག་རིས་མང་པོ་ཞིག་མཚོ་སྔོན་ས་ཁུལ་མང་པོ་རྙེད་ཡོད་དེ། མཚོ་ནུབ་ཀྱི་ཐེམ་ཆེན་རྫོང་དང་། གཏེར་ལམ་རྫོང་། རྐང་ཚ་རྫོང་། ཡུལ་ཤུལ། མགོ་ལོག །ཁྲི་ཀ་ལ་སོགས་སུ་གདོད་མའི་མི་རྣམས་ཀྱིས་ནང་སེམས་མཚོན་པར་བྱེད་པའི་བྲག་རིས་སྣ་ཚོགས་ཤིག་བརྐོས་ཡོད། འབྲོང་རྔོན་པ་དང་། ཤྭ་བ་དང་། ལུག །རྟ་ཞོན་པ་སོགས་ཀྱི་མང་དུ་འཁོད་པར་གཞིགས་ཚེ་འབྲོག་པའི་རིག་གནས་ཆེས་ཆེར་དར་བའི་སྐབས་ཡིན་པར་སྣང་ལ། ཁྱད་པར་དུ་ཤིང་རྟ་འཁོར་ལོའི་བྲག་རིས་ཤིག་ཀྱང་མཚོ་ནུབ་ས་ཁུལ་ནས་རྙེད་ཡོད་པས་དབུས་ཨེ་ཤེ་ཡའི་རྩྭ་ཐང་དུ་དར་སྔ་བའི་ཤིང་རྟ་འཁོར་ལོ་ཡང་རིམ་བཞིན་མཐོ་སྒང་དུ་དར་ཡོད་པའི་སྒྲུབ་བྱེད་ཅིག་ཏུ་མཐོང་།
བཞི། གདོད་མའི་རིག་གནས་གཤིབ་བསྡུར་གྱི་སྒོ་ནས་ལྟ་བ།
བོད་མདོ་དབུས་མཐོ་སྒང་གི་ལྷོ་ཤར་ས་ཁུལ་དུ་རྙེད་པའི་ལི་ཆས་རིག་གནས་ནི་མཚོ་སྔོན་བྱང་ཤར་དང་ཅུང་མི་འདྲ་བར་སི་ཁྲོན་གྱི་ནུབ་ཕྱོགས་ས་ཁུལ་གྱི་ལི་ཆས་རིག་གནས་ལ་འབྲེལ་བ་ཆེ་ཞིང། དིང་སྐབས་གནའ་ཤུལ་དེ་དག་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་ཡིན་ལ་ཁྲི་འདུའི་གཞུང་ཐང་དུ་རྙེད་པའི་སྐར་གསུམ་ས་ཕུང་གི་རིག་གནས་མི་ལོ་སྟོང་ 3.7-3.1 ཞེས་སུ་གྲགས་པའི་གདོད་མའི་རིག་གནས་དང་འབྲེལ་བ་ཡོད་ཆོག་པར་སྙམ། ལི་ཆས་དུས་སྐབས་སུ་དར་ཁྱབ་བྱུང་བའི་གདོད་མའི་རིག་གནས་དེ་ནི་ཕྱི་ལོ་ 1920 ཙམ་དུ་རྙེད་ཡོད། འོན་ཀྱང་། ཕྱི་ལོ་ 1980 ཙམ་ནས་གྲགས་ཆེན་པོ་བྱུང་ཡོད་པར་མ་ཟད། རྒྱ་ནག་གི་རིག་གནས་མ་ཡིན་པའི་རིག་གནས་ཤིག་རེད།[38] ལྷག་པར་དུ་འབྲས་ཞིང་གཙོ་བོར་གཉེར་བའི་གདོད་མའི་རིག་གནས་ཤིག་ཡིན་པ་ར་སྤྲོད་བྱུང་ཡོད་པ་རྒྱུ་མཚན་དུ་མཐོང་སྟེ། ད་ལྟའང་ཟི་ཁྲོན་ས་ཁུལ་གྱི་ཟས་རིགས་གཙོ་བོ་འབྲས་ཡིན། སྤྱིར་གནའ་ཤུལ་དེ་ནས་འབྲས་དང་། གྲོ། ཁྲེ་ལ་སོགས་པའི་འབྲུ་རིགས་སྣ་ཚོགས་ཐོན་ཡོད། ཁྲི་འདུ་ཐང་གཤོངས་ནས་རྙེད་པའི་སེམས་ཅན་ནི་ཕག་དང་། ཁྱི། བྱ་ཕོ། རྟ། ལུག །ར་སོགས་ཡིན།[39] སྐབས་དེ་ཙམ་དུ་ས་མ་འབྲོག་ལྟ་བུའི་འཚོ་གནས་ལ་བརྟེན་ནས་ཡོད་པ་དང་ས་གནས་ཀྱི་རིག་གནས་གཞན་དག་ཀྱང་འབྲེལ་བ་ཡོད་པར་སྙམ།[40]
བོད་མཐོ་སྒང་གི་ཤར་ལྷོའི་བར་མཚམས་སུ་ཆགས་པའི་ཁམས་དང་ཨ་མདོའི་ས་ཁུལ་དུ་གཏོགས་པའི་འབར་ཁམས་དང་། གཟི་ཚ་སྡེ་དགུ། ཁྲོ་ཆུ། བརྒྱད་ཟིལ་རྫོང་། ཉག་རོང་། རྟའུ་རྫོང་། ཉག་རོང་། བྲག་མགོ། མའོ་རྫོང་། ལི་རྫོང་ལ་སོགས་ནས་ཐོན་པའི་རྡོ་སྒྲོམ་རིག་གནས་དང་དུར་སྦས་རིག་གནས་མང་པོ་ཞིག་ལི་ཆས་ཀྱི་དུས་སྐབས་སུ་གཏོགས་པར་སྙམ། ཁམས་བྲག་མགོ་རྫོང་གི་ཤར་ཕྱོགས་སུ་ཆགས་པའི་བ་བཏགས་གྲོང་ཚོ་དང་། མཁའ་གཉའ་ཤང་རྫིག་ར་བྱ་འཁོར་བྲག་དུང་དང་། བྲག་འགོ་མཚོ་མགོ་ལ་སོགས་སུ་ཟངས་ཀྱི་རིག་དངོས་འབོར་ཆེན་རྙེད་ཡོད་ཅིང་དེའི་སྐོར་གྱི་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་མཐོང་ཡུལ་དུ་མ་གྱུར། བྲག་མགོ་ས་ཁུལ་གྱི་ཟངས་ཆས་དག་དུར་སྦས་དང་མཉམ་དུ་རྙེད་ཡོད་ཅིང་དམིགས་བསལ་གྱིས་ཁྱད་ཆོས་ལྡན་པའི་རིག་དངོས་ཤ་སྟག་ཏུ་མཐོང་། ཟླ་གམ་གཤིན་ས་རུ་གྲགས་པའི་འཛམ་གླིང་གི་ཤེས་རིག་དཔལ་ཡོན་དག་གི་མགོ་ཁུངས་སུ་བརྩི་བའི་མེ་སོ་ཕོ་ཊ་མིའི་དཔལ་ཡོན་སྐབས་སུ་བྱུང་བའི་འདྲ་གཟུགས་ཀྱི་ཡི་གེ་ལྟ་བུ་ཞིག་བྲག་མགོའི་རིག་དངོས་སྟེང་དུ་གསལ། འོན་ཀྱང་། དེའི་སྐོར་ལ་དཔྱད་ཞིབ་དང་ཞིབ་འཇུག་བྱས་པའི་སྐོར་གང་དུ་མ་མཐོང་བས་ཕངས་སེམས་ཆེ། ཕྱོགས་གཞན་ཞིག་ནས་གནའ་ཤུལ་དེ་དག་ནས་གྲོ་དང་ནས་ཀྱང་ཐོན་པའི་བོད་མདོ་དབུས་ཁམས་ཀྱི་ས་ཁུལ་དམའ་བ་དག་ཏུ་རྡོ་ཆས་གསར་མའི་སྐབས་ཀྱི་ཁྲེ་རྒོད་ཀྱི་ཚབ་ཏུ་ལྕགས་རིགས་དུས་སྐབས་སུ་གྲོ་དང་ནས་འབྲུ་ཆེས་ཆེར་ཁྱབ་ཡོད་པར་མངོན་ཞིང་། ཟླ་གམ་གཤིན་ས་རུ་ཆེས་ཆེར་དར་ཁྱབ་བྱུང་བའི་གྲོ་ཞིང་ཨེ་ཤེ་ཡའི་ཡུལ་དབུས་དང་ཡོ་ར་ཤིའི་ས་ཁུལ་བརྒྱུད་ནས་བྱུང་ཡོད་པར་སྙམ།[41] ལི་ཆས་དུས་སྐབས་སུ་སྨད་མཚོ་སྔོན་ནས་སྟོད་དབུས་གཙང་བར་དུ་རྟ་རྒོད་དང་འབྲོང་རྒོད། གནའ་བ་བཏུལ་ནས་སྒོ་ཕྱུགས་སུ་ཉར་བའི་འབྲོག་པའི་རིག་གནས་དར་ནས་བཟུང་མཐོ་སྒང་གི་འབྲོག་པའི་འཚོ་གནས་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པར་མངོན་ནོ།།
མཇུག་བསྡུ་བའི་གཏམ།
སྤྱིར་བོད་མདོ་དབུས་མཐོ་སྒང་དུ་ཟླ་གམ་གཤིན་སའི་ས་ཁུལ་ནས་ཨེ་ཤེ་ཡའི་ཡུལ་དབུས་སུ་དར་བའི་ལི་ཆས་ལག་རྩལ་ཅི་རིགས་རིམ་བཞིན་མཐོ་སྒང་གི་བྱང་ཤར་དུ་དར་བའི་སྐོར་བསྡུས་དོན་གྱི་ཚུལ་དུ་སྨྲས་ན་མི་ལོ་ 4.2 ནས་ 3.0 བར་བོད་མདོ་དབུས་མཐོ་སྒང་དུ་ལི་ཆས་དུས་སྐབས་སུ་གཏོགས་པའི་གནའ་ཤུལ་མང་པོ་ཞིག་ཐོན་ཡོད་གཤིས་ལི་ཆས་ཀྱི་རིག་གནས་དར་བའི་བདེན་དཔང་དུ་བརྗོད་པར་རིགས། ཁྱད་པར་དུ་མདོ་སྨད་ས་ཁུལ་དུ་རྙེད་པའི་ཆི་ཀྱཱ་རིག་གནས་མི་ལོ་སྟོང་ 4.25-3.45 དང་། ཁ་ཡོག་རིག་གནས་མི་ལོ་སྟོང་ 3.55-2.75 དང་། ནོ་མུ་ཧོང་གི་རིག་གནས་མི་ལོ་སྟོང་ 3.3-2.7) དང་། སི་ཝ་རིག་གནས་བཅས་སུ་འབྲུ་རིགས་འདེབས་ལས་དང་སྒོ་ཕྱུགས་འཚོ་སྐྱོང་གི་རིག་གནས་དར་ཡོད་པའི་སྒྲུབ་བྱེད་མང་དུ་ཡོད། ལི་ཆས་རིག་གནས་ནི་རྡོ་ཆས་གསར་མའི་རིག་གནས་ཀྱི་རྒྱུན་མུ་མཐུད་དུ་གནས་ཡོད་པར་སྣང་ལ་མདོ་སྨད་ས་ཁུལ་གྱི་ལི་ཆས་རིག་གནས་ནང་ཕན་ཚུན་ལའང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་རྟོགས་ཐུབ། སྔ་མའི་རིག་གནས་ལས་ལེགས་ཆ་ལེན་པ་དང་མི་མཁོ་བ་རྣམས་དོར་བ་བཅས་ས་གནས་སོ་སོའི་ཁྱད་ཆོས་དང་འབྲེལ་ནས་ལི་ཆས་དུས་སྐབས་ཀྱི་རིག་གནས་མི་འདྲ་དག་མདོ་སྨད་ས་ཁུལ་དུ་འཕེལ་འགྱུར་བྱུང་ཡོད་པར་འདོད།
དེ་ལས་ཀྱང་ལྕགས་རིགས་བཞུ་སྦྱོང་གི་རིག་པ་ལ་བརྟེན་ནས་ཞིང་པ་དང་འབྲོག་པའི་དགོས་མཁོ་རུ་གྱུར་བའི་ཟངས་དང་ལི་ལས་བཟོས་པའི་ཡོ་བྱད་དག་དར་ཁྱབ་བྱུང་ཡོད།(ས་ཁྲ། ༡) གནའ་ཤུལ་འདི་དག་ནས་རྙེད་པའི་གདོད་མའི་ཤུལ་རྗེས་ལས་བོད་མདོ་དབུས་མཐོ་སྒང་གི་ཞིང་ལས་དང་ཕྱུགས་ལས་བྱུང་བའི་གདོད་མའི་ལོ་རྒྱུས་ལ་ཕན་རླབས་བླ་མེད་བྱུང་ཡོད། སྐབས་དེ་ཙམ་ནས་བོད་ཀྱི་གདོད་མའི་རིག་གནས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཕུན་སུམ་ཚོགས་པར་གྱུར་ཏེ། དེ་སྔོན་གྱི་ས་ཞིང་འདུལ་སྦྱོང་བྱས་པའི་ཞིང་པའི་རིག་གནས་ལའང་འགྱུར་ལྡོག་བྱུང་ཡོད། ཁྲེ་རྒོད་གཙོ་བོ་གཉེར་བའི་ཞིང་ལས་ཀྱི་ཚབ་ཏུ་གྲོ་དང་ནས་འབྲུ་སོགས་རྒྱ་ཁྱབ་ཏུ་བྱུང་བར་མ་ཟད། གནའ་ཤུལ་དེ་དག་ལས་འབྲོག་པའི་རིག་གནས་ཀྱི་ཤུལ་རྗེས་ཀྱང་མང་དུ་རྙེད་ཐུབ། དེ་ལས་ཀྱང་ལྕགས་རིགས་བཞུ་སྦྱོང་གི་རིག་པ་ལ་བརྟེན་ནས་ཞིང་པ་དང་འབྲོག་པའི་དགོས་མཁོ་རུ་གྱུར་བའི་ཟངས་དང་ལི་ལས་བཟོས་པའི་མདའ་མགོ་དང་། གྲི་ཆུ། ཕོར་པ། རྫ་མ། མེ་ལོང་། གཞོང་པ་ལ་སོགས་ཡོ་བྱད་ཅི་རིགས་དར་མྱོང་ཡོད།
མཁས་པ་མང་པོ་ཞིག་གིས་རྡོ་ཆས་གསར་མའི་ཞིང་ལས་གཉེར་མཁན་དག་རྨ་ཆུའི་དཀྱིལ་དང་ས་སེར་མཐོ་སྒང་ནས་ཚུར་རྨ་ནུབ་དོག་ལམ་དང་མཚོ་སྔོན་ས་ཁུལ་དུ་སླེབས་ཤིང་། ཁོང་ཚོས་མ་ཇ་ཡོའི་རིག་གནས་བསྐྲུན་ཡོད་པར་བརྗོད་ཅིང་། མ་ཇ་ཡོའི་རིག་གནས་དར་བའི་སྐབས་སུ་ཡར་ཀླུང་གཙང་པོའི་འབབ་རྒྱུད་དང་རྫ་ཆུའི་འབབ་རྒྱུད་དུ་རྡོ་ཆས་གསར་མའི་རིག་གནས་དར་ཡོད། ཚུལ་འདི་ལ་ཇི་ལྟར་ལྟ་དགོས་པར་དགོངས་ན་རྡོ་ཆས་རྙིང་མའི་དུས་སྐབས་ནས་མཐོ་སྒང་དུ་མི་ཡོད་པའི་ཤུལ་རྗེས་མང་དུ་རྙེད་ཡོད་ཅིང་། རྡོ་ཆས་ཕྲ་མོའི་གནའ་ཤུལ་ཡང་མང་པོ་ཐོན་པ་སོགས་ལ་བརྟགས་ན་བོད་མདོ་དབུས་མཐོ་སྒང་དུ་གདོད་མའི་དུས་ནས་མི་རྣམས་འཚོ་སྡོད་བྱེད་ནུས་པའི་ཁོར་ཡུག་གི་མཐུན་རྐྱེན་གྲུབ་ཡོད་པ་རེད། དེ་བཞིན་རྡོ་ཆས་གསར་མའི་སྐབས་ནས་མུ་མཐུད་དུ་གདོད་མའི་རིག་གནས་ཀྱི་རྒྱུན་གནས་ཡོད་པ་གནའ་ཤུལ་མང་པོའི་རིག་དངོས་ཁྲོད་དུ་ར་སྤྲོད་བྱེད་ཐུབ། ལྷག་པར་དུ་ཨེ་ཤེ་ཡའི་ཡུལ་དབུས་དང་ཤིན་ཅང་། སོག་ཡུལ། ས་སེར་མཐོ་སྒང་བཅས་ལ་འབྲེལ་བ་ཆེས་ཆེར་ཟབ་ཅིང་ས་ཁུལ་དེ་དག་ནས་ལི་ཆས་དུས་ཀྱི་ལག་རྩལ་ཅི་རིགས་དར་ཡོད་པའི་རྣམ་པ་ཞིག་ཏུ་མཐོང་། རྨ་ནུབ་ཁྱམས་རིང་དང་ལི་ཡུལ་བརྒྱུད་ནས་ལི་ཆས་དུས་སྐབས་སུའང་ཤེས་རིག་གི་འབྲེལ་བ་མུ་མཐུད་ནས་ལྷག་ཡོད་པའང་ཤེས་ཐུབ། མདོ་སྨད་ཀྱི་ས་ཁུལ་དག་ལ་ལི་ཆས་ཀྱི་རིག་གནས་རྒྱ་ཆེར་དར་ཡོད་པའི་ཤུལ་རྗེས་ལ་བརྟེན་ནས་བག་ལ་ཞ་བའི་མཐོ་སྒང་གི་ལི་ཆས་རིག་གནས་ཀྱི་ཆ་ཤས་ཙམ་ཞིག་འདིར་འགྲེལ་ཐུབ་པར་གྱུར་རོ།།
དཔྱད་ཡིག་དང་ཞབས་མཆན།
[1] Hou, Guangliang et al. The earliest prehistoric pottery in the Qinghai-Tibetan Plateau and its archaeological implications, Quaternary Geochronology, 2015
[2] Ang, Peiqi and Zhang, Xinjun et al. Denisovans and Homo sapiens on the Tibetan Plateau: dispersals and adaptations, Trends in Ecology & Evolution, 2021, Vol.xx.
[3] Beal, Cynthia M et al. Quantitative Genetic Analysis of Arterial Oxygen Saturation in Tibetan Highlanders.
[4] དཔྱད་རྩོམ་འདིའི་ནང་དུ་བྷི་ཕི་ BP བཀོལ་སྤྱོད་བྱེད་པ་ཡིན་གཤིས་ཆེད་རྩོམ་འདིའི་སྔ་གཞུག་ཐམས་ཅད་དུ་ཕྱི་ལོ་བྲིས་མེད་པ་དག་ནི་ཕྱི་མའི་དབང་དུ་བྱས་ཏེ་ལོ་ཚིགས་བཀོད་ཡོད།
[5] Hein, Anke. Archaeology of Tibetan Plateau, Encyclopaedia of Global Archaeology, 2018, pp.2
[6] Royden, Leigh H et al, The Geological Evolution of Tibetan Plateau, Science, 2008, Vol.321.
[7] Dongju, Zhang et al. History and possible mechanism of prehistoric human migration to the Tibetan Plateau, Science China, 2016.
[8] Zhang, X.L et al. The earliest human occupation of the high-altitude Tibetan Plateau 40 thousand to 30 thousand years ago, Science, 2018.
[9] Zhao, Mian et al. Mitochondrial genome evidence reveals successful late Paleolithic settlement on the Tibetan Plateau, 2009, Vol 105.
[10] CPAM, Tibet Autonomous Region and Department of History, Sichuan University. Karou: A Neolithic Site in Tibet, Cultural Relics Publishing House, 1985.
[11] Kohl, L. Philip. The Making of Bornze Age Eurasia, Cambridge University Press, 2007.
[12] Adle, Chabryar and Habib, Irfan. History of Civilisations of Central Asia, UNESCO Publishing, 2003.
[13] Kuzmina, E.E. The Prehistory of the Silk Road, Universityof Pennsylvania Press, 2008.
[14]Huo, Wei. The archaeological exploration on the early settlements of nomadic cultures in Tibet, Chinese Archaeology, 2014 [translated by Jade d’Apoim Gueses].
[15] Wei, Huo. Chinese Tibetan Archaeology, Chinese Tibetan Research Studies of Sichuan University and History Department of Sichuan University, 2014.
[16] Levine, Marcha, Renfrew, Colin, Boyle, Katie. Prehistoric Steppe Adaptation and The Horse, McDonald Institute for Archaeological Research, 2003.
[17] Drews, Robert. Early Riders, Routledge, 2004.
[18] Dong, Guanghui et al, Chronology and subsistence strategy of Nuomuhong culture in the Tibetan Plateau, Quaternary International, 2016.
[19] Hung, Ling-Yu. Painted Pottery Production and Social Complexity in Neolithic Northwest China, Vol. 5, BAR Publishing, 2021.
[20] Zimin, An. The Bronze Age in Eastern Parts of Central Asia, Early Cultural Remains in Gansu Province, pp.324.
[21] Mei, Jiajun. Cultural Interaction between China and Central Asia during the Bronze Age, Proceeding of the British Academy, 121, pp.1-39
[22] Ibid, pp. 7
[23] Zimin, An. The Bronze Age in Eastern Parts of Central Asia, Early Cultural Remains in Gansu Province
[24] Liu, Li and Chen Xingcan. The Archeology of China from the late Paleolithic to the Early Bronze Age, Cambridge University Press, 2012, pp.234
[25] Jaffe, Yitzchak et al. Complex Pathways Towards Emergent Pastoral Settlements: New Research on the Bronze Age Xindian, Culture of Northwest China, Journal of World Prehistory, 2021, 34: pp.598.
[26] མཚོ་སྔོན་ས་ཁུལ་གྱི་ལི་ཆས་དུས་རབས་ཀྱི་ཁ་རུབ་རིག་གནས་སྐོར་རགས་ཙམ་གླེང་བ། བསོད་ནམས་ཚེ་རིང་། བོད་ལྗོངས་མི་རིགས་ཞིབ་འཇུག ཕྱི་ལོ། ༡༩༨༣ །༣
[27] Anderson, J.G, Memoirs of the Geological Survey of China, Peking Ministry of Agricultural and Commerge, 1925, pp. 1-51
[28] Jaffe, Yitzchak Y and Hein, Anke. Considering change with archaeological date: re-evaluating local variation in the role of the 4.2k BP event in Northwest China, pp. 4
[29] Zimin, An. The Bronze Age in Eastern Parts of Central Asia, Early Cultural Remains in Gansu Province, pp.324.
[30] Huo, Wei. The archaeological exploration on the early settlements of nomadic cultures in Tibet, Chinese Archaeology, 2014 [translated by Jade d’Apoim Gueses].
[31] ཐང་ཡིག་གསར་རྙིང་། དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༨༣ ཤོག་༤ ཐུ་བྷོད་ནི་ནུབ་ཀྱི་འཇང་གི་རུས་སུ་གཏོགས་ལ། དེར་ཡང་རིགས་བརྒྱ་དང་ལྔ་བཅུ་མཆིས། རྨ་ཆུ་དང་། ཙོང་ཆུ། འབྲི་ཆུ། རྒྱལ་མོ་རྔུལ་ཆུའི་འབབ་ཡུལ་དུ་བཀྲམས་ཏེ་གནས། དེ་ལའང་བྷོ་འཇང་དང་ཐང་མོ་ལ་སོགས་མཆིས་ཏེ། ཀྲུང་གོ་(རྒྱ་ནག)དང་འབྲེལ་ནི་མ་བྱུང་། སྡོད་ས་མེས་པོར་སྤུར་རྒྱལ་དུ་འབོད་ཅིང་། དཔའ་ཞིང་མཛངས་ལ་འཇང་བ་ཁ་ཤས་བསྡུ་རུབ་ཀྱིས་དེར་གཞི་བཙུགས། བྷོད་དང་བྷོ་སྒྲ་ཉེ་ཕྱིར་དེའི་རྗེས་རབས་ལ་ཐུ་བྷོད་དུ་གྲགས་ཤིང་། རུས་ནི་སྤུར་རྒྱལ་དུ་བྱ། གཞན་ཡང་། ནན་ལེང་ཐུ་ཧྥ་ལི་ལི་ཀུ་ཡང་ཟེར། དེ་ལ་སྲས་གཉིས་བྱུང་བ་འཕན་མྱི་དང་རུ་ཐན་དུ་གྲགས། རུ་ཐན་གྱི་རྒྱུད་པ་ཆཱེ་ཧྥོ་ཀྲི་འཕན་བྱ་བས་བསྣུབས། འཕན་མྱི་གཉེན་འཁོར་དང་བཅས་ཏེ་ཆཱེ་ཆི་མང་སུང་ལ་གཏད་པ་དང་ལིན་སུང་གི་ཐེ་ཧྲིག་བྱ་བའི་ཆོ་ལོ་སྦྱར། མང་སུང་བཀྲོངས་ནས་འཕན་མྱི་གཉེན་འཁོར་དང་བཅས་པ་ནུབ་ཕྱོགས་སུ་བྲོས། རྨ་ཆུ་བརྒལ། རི་བོ་ཅི་ཧྲི་བརྒྱུད་ནས་འཇང་བ་རྣམས་འབངས་སུ་བཅུག་སྐད།ཅེས་ཐང་རྒྱལ་རབས་སྐབས་སུ་དེ་ལྟར་ངོས་བཟུང་ཡོད།
[32] ཐང་ཡིག་གསར་རྙིང་། དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༨༣ ཤོག་༡༢༨ ཐུ་བྷོད་ཅེས་བྱ་བ་ནི་ཁྲང་ཨན་ནུབ་ཕྱོགས་ཀྱི་ལེ་དབར་བརྒྱད་སྟོང་གི་སར་མཆིས་ཤིང་། མ་གཞིར་ས་ཆ་དེ་ནི་ཧན་རྒྱལ་རབས་ཀྱི་དུས་སུ་འཇང་ནུབ་མའི་མངའ་རིས་སོ།། དེའི་རིགས་རྒྱུད་དང་ཚོ་བ་རྣམས་ཀྱི་འབྱུང་ཁུངས་མི་ངེས་ཀྱང་། ཁ་ཅིག་གིས་ནན་ལང་གི་ཐུའུ་ཧྥ་ལི་ལོའུ་ཀུའུ་ཞེས་བྱ་བའི་རྒྱུད་པ་ཡིན་ཟེར། ཞེས་གསལ།
[33] ནམ་མཁའི་ནོར་བུ། ཞང་བོད་ལོ་རྒྱུས་ཏེ་སེའི་འོད། ཤོག་༣༥༡
[34] Dong, Guanghui et al, Chronology and subsistence strategy of Nuomuhong culture in the Tibetan Plateau, Quaternary International, 2016, pp.7
[35] Dongju, Zhang et al. History and possible mechanism of prehistoric human migration to the Tibetan Plateau, Science China, 2016, pp. 1768
[36] Jaffe, Yitzchak et al. Complex Pathways Towards Emergent Pastoral Settlements: New Research on the Bronze Age Xindian, Culture of Northwest China, Journal of World Prehistory, 2021, 34: pp.598.
[37] Ren, Lele et al. dating human settlement in the east-central Tibetan Plateau, during the late Holocene, 2017, pp.1-14
[38] Yang, Yuanhe et al. The agricultural economy of the Sanxingdui Culture (3700-3100BP): Archaeological and Historical Evidences from the Chengdu Plain, Land, 2024.
[39] Ibid, p.7
[40] ཡུན་ནན་ནུབ་རྒྱུད་དུ་གཏོགས་པའི་ལི་ཆས་ལ་ས་གནས་རིག་གནས་སུ་གྱུར་བའི་ཏིན་ཁྲི་ (Dianchi) དང་ཨེར་ཧའེ་ (Erhai) ལི་ཆས་རིག་གནས་ཀྱི་ཁྱད་ཆོས་ལྡན་པ་ཞིང་། རྒྱ་རིགས་མཁས་པ་དག་གིས་རྒྱ་ནག་གི་ཞཱ་ཧྲང་ཀྲུའུ་བཅས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པར་བརྗོད།
[41] Lu, Honglian et al. Early agropastoral settlement and cultural change in central Tibet in the first millennium BC: excavations at Bangga, Antiquity, 2021, Vol, 95 (382), pp.955-972
དཔྱད་གཞིའི་ཡིག་ཆ།
[1] Adle, Chabryar and Habib, Irfan. History of Civilisations of Central Asia, UNESCO Publishing, 2003.
[2] Ambolt, N. P and Norin, E. Sven Central Asia Atlas, Vol.1, The Sven Hedin Foundation, 1967.
[3] American Geographical Society. Bulleting of the American Geographical Society Discoveries in Central Asia and Tibet, Vol. 34, NO.4, 1902.
[4] Amy Heller and Giacomella Orofino. Discoveries in Western Tibet and the Western Himalayas, Vol. 8, BRILL, 2007.
[5] Bahn, Paul. Archaeology, Oxford University Press, 2012.
[6] Barnes, Gina L. Archaeology of East Asia: The Rise of Civilization in China, Korea and Japan. Oxbow Books, 2015.
[7] Beal, Cynthia M et al. Quantitative Genetic Analysis of Arterial Oxygen Saturation in Tibetan Highlanders.
[8] Beckwith, Christopher 1. The Tibetans in the Ordos and North China, The Tibetan History Readers, Columbia University, 2013.
[9] Betts, Alison et al. The Northern Neolithic of the Western Himalayas: New Research in the Kashmir Valley, Archaeological Research in Asia, 2019.
[10] Chakrabarti, Dilip K. The development of archaeology in the Indian subcontinent, world of archaeology, 1982.
[11] Chen, S et al. Allelic distribution of HLA class I genes in the Tibetan ethnic population of China, 2006.
[12] Chris Gosden, Barry Cunliffe & Rosemary A. Joyce, The Oxford Handbook of Archaeology, Oxford University Press, 2009.
[13] Colin Renfrew & Paul Bahn, Archaeology: Theories, Methods, and Practices, 6th edition, Thames and Hudson, 2012.
[14] Coon, Carleton S. The Origin of Races, New York: ALFRED A KNOPF, 1962.
[15] CPAM, Tibet Autonomous Region and Department of History, Sichuan University. Karou: A Neolithic Site in Tibet, Cultural Relics Publishing House, 1985.
[16] De filippi, Filippo. An Account of Tibet, Asian Educational Services, 1995.
[17] Drews, Robert. Early Riders, Routledge, 2004.
[18] Festa, Marcella. Prehistoric Cultures in Xinjiang: Retrospect and Prospect, Athens Journal of History, 2017.
[19] G.R. R, Thompson & Turk J, Introduction to Physical Geology Saunders Golden Sunburst Series.
[20] Genna, Giuseppe. Old skeletal remains from Tibet, East and West, 1956.
[21] Harmatta, Janos. History of Civilizations of Central Asia, UNESCO Publishing, 1996, Vol. 2.
[22] Hays, Brooks, Ancient Species Reveals Tibetan Origins of Ice Age Mountain Sheep, United Press International Inc, 2016.
[23] Homson, Keith. Fossil, Oxford University Press, 2005.
[24] Hudson, Adam M. et al. Radiocarbon Dating of Interdune Paleo-Wetland Deposits to Constrain the Age of Mid-to-Late Holocene Microlithic Artifacts from the Zhongba site, Southwestern Qinghai-Tibet Plateau, Geoarchaeology: An International Journal, 2013.
[25] Hung, Ling-Yu. Painted Pottery Production and Social Complexity in Neolithic Northwest China, Vol. 5, BAR Publishing, 2021.
[26] Hung, Ling-Yu. Painted Pottery Production and Social Complexity in Neolithic Northwest China, Vol. 5, BAR Publishing, 2021.
[27] Huo, Wei. Chinese Tibetan Archaeology, Chinese Tibetan Research Studies of Sichuan University and History Department of Sichuan University, 2014.
[28] J.Y. Chu et al. Genetic relationship of populations in China, Evolution, The National Academy of Sciences, 1998.
[29] Jackson J. Spielvogel, Glencoe World History, McGraw-Hill Companies, 2003.
[30] Jaffe, Yitzchak et al. Complex Pathways Towards Emergent Pastoral Settlements: New Research on the Bronze Age Xindian, Culture of Northwest China, Journal of World Prehistory, 2021.
[31] Kennedy, Lesley. The Prehistoric Ages: How Humans Lived Before Written Records, 2020.
[32] Kohl, L. Philip. The Making of Bornze Age Eurasia, Cambridge University Press, 2007.
[33] Kuzmina, E.E. The Prehistory of the Silk Road, University of Pennsylvania Press, 2008.
[34] Laufer, Berthold. Use of Human Skulls and Bones in Tibet, Field Museum of National History, 1923.
[35] Levine, Marcha, Renfrew, Colin, Boyle, Katie. Prehistoric Steppe Adaptation and The Horse, McDonald Institute for Archaeological Research, 2003.
[36] Liu, Xinru. The Silk Road in the World History, Oxford University Press, 2010.
[37] Liu, Xinru. The Silk Roads, A Brief History with Documents, Bedford/St. Martin’s, 2012.
[38] Lu, Dongsheng et al. Ancestral Origins and Genetic History of Tibetan Highlanders, The American Journal of Human Genetics 99, 2016.
[39] Marshall, Michael. New Scientist, ‘Timeline: The Evolution of Life’, 2009.
[40] Mei, Jiajun. Cultural Interaction between China and Central Asia during the Bronze Age, Proceeding of the British Academy.
[41] Millward, James A. Eurasian Crossroads: A History of Xinjiang, Columbia University Press, 2007.
[42] Murray, Hugh, and F.R.S.E. Travels of Marco Polo, Harper and Brothees Publishers, 1852.
[43] N. Bhanoo, Sindya, Ancient Woolly Rhino Points to Himalayas, The New York Times, 2011.
[44] Qian, Yaping et al. Multiple origins of Tibetan Y chromosomes, Springer, 2000.
[45] Ramachandra, K. S. An Encyclopaedia of Indian Archaeology, Vol. I, Indian Council of Historical Research, 1989.
[46] Renfrew, Colin and Bahn, Paul. Archaeology Theories, Methods, and Practice Theories, Methods, and Practice.
[47] Roerich, George N. Trails to Inmost Asia: Five Years of Exploration with the Roerich central Asian Expedition, Yale University Press, 1931.
[48] Royden, Leigh H et al, The Geological Evolution of Tibetan Plateau, Science, 2008, Vol.321.
[49] Ryavec, Karl E. A Historical Atlas of Tibet, University of Chicago Press, 2015.
[50] The Yeshe De Project, Ancient Tibet: Research Materials, Dharma Publishing, 1986.
[51] Thomson, Keith. Fossil, Oxford University Press, 2005.
[52] Toynbee, Arnold. Mankind and Mother earth, Oxford University, 1976, pp.24
[53] Tucci. Transhimalaya, Vikas Publishing House Pvt Ltd, 1973.
– – – – –
![]()



