མཁན་ཆེན་ཞི་བ་འཚོའི་འཁྲུངས་ཡུལ་ཟ་ཧོར་བཤད་པ།

0
2621

དེ་ཡང་༰རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་གངས་རིའི་ཁྲོད་པ་རྣམས་ལ་བཀའ་དྲིན་མཚུངས་པ་མེད་པའི་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོ་ལ་བསྟོད་པ་དབྱངས་ཅན་ཕང་འགྲོའི་སྒྲ་དབྱངས་ལས[1]

ས་ལཱ་པ་ལྟར་མངོན་མཐོའི་རྒྱལ་རིགས་སུ། །
མཚན་དཔེའི་སྣང་བ་རྒྱས་པའི་ངོ་མཚར་སྐུ། །
ཞལ་ཁྱིམ་འཛུམ་ལྡན་ཟླ་བཞིན་ཆེས་དཀར་བས། །
བསྟན་འགྲོའི་ལེགས་བྱས་མགྲོན་ཀུན་འགུགས་པ་བཞིན། །

ཞེས་མཁན་ཆེན་ཞི་འཚོ་རྒྱལ་རིགས་ལས་སྐུ་འཁྲུངས་པར་གསུངས་ལ། དེ་བཞིན་ཡུལ་གང་གི་རྒྱལ་རིགས་སུ་སྐྱེ་བ་བཞེས་པ་ནི། མེས་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004-1064) ཀྱིས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟོད་པ་སུམ་ཅུ་པ་ལས[2]

ཕུན་སུམ་ཚོགས་པ་བྷཾ་ག་[3]ལ་ཡི་ཡུལ། །
ཆོ་རིགས་བཙུན་པ་ཟ་ཧོར་རྒྱལ་པོའི་རིགས། །
བྱང་ཆུབ་སེམས་དཔའ་ཞི་འཚོ་འཁྲུངས་པའི་བརྒྱུད། །
མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་མཁན་ཆེན་ཞི་བ་འཚོ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྣམ་གཉིས་ཟ་ཧོར་རྒྱལ་པོའི་རྒྱལ་རྒྱུད་དུ་སྐུ་འཁྲུངས་པ་ལྟར། པཎྜི་ཏ་རྣམ་གཉིས་ཀྱི་འཁྲུངས་ཡུལ་ནི་ཟ་ཧོར་ཡིན་ཅིང་། དེ་ཡང་ཟ་ཧོར་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ས་ཧོ་ར་ཞེས་པ་ཟུར་ཆག་ནས་ཟ་ཧོར་དུ་གྱུར་པ་ཞིག་སྟེ། སྐྱོགས་སྟོན་ལོ་ཙཱའི་ (དུས་རབས་15པ།) དག་ཡིག་ལི་ཤིའི་གུར་ཁང་ལས[4]། ས་ཧོ་ར་ཞེས་པ་རྒྱ་གར་གྱི་རྒྱལ་རིགས་ཡན་གར་བ་ཞིག་གི་མིང་ཟུར་ཆག་པས་ཟ་ཧོར་ཞེས་པ་དང་། དབྱངས་ཅན་དགའ་བློའི་ (1740-1827) ལམ་རིམ་བརྡ་བཀྲོལ་[5]ལས། ཟ་ཧོར་ནི། ས་ཧོར་ཞེས་པ་རྒྱ་གར་གྱི་རྒྱལ་རིགས་ཤིག་གི་མིང་ཟུར་ཆགས་པས་ཟ་ཧོར་ཟེར་བ་ཡིན། ཞེས་གསལ་ལ། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[6]། རྒྱལ་རྒྱུད་འདི་དང་དུས་མཉམ་པ་སྟོན་པ་འདས་ནས་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་སོང་བ་ན་བྷངྒ་ལར་པཱ་ལཱའི་རྒྱལ་པོ་རྣམས་སྲིད་སྐྱོང་། རྒྱལ་རྒྱུད་ཤིན་ཏུ་ཡུན་རིང་པོར་གནས། རྒྱལ་སའི་གྲོང་ཁྱེར་ཤས་ཆེ་བ་ས་ཧོ་རའམ་ཟ་ཧོར་དུ་བྱས། གྲོང་ཁྱེར་དེའི་ཤུལ་ཡིན་ཟེར་བ་བྷངྒ་ལའི་ཡུལ་གྱི་གཙང་ལག་ཤར་མའི་འགྲམ་ན་གཅིག་དང་། བི་ཧར་དང་ཉེ་བའི་གངྒཱའི་ལྷོ་འགྲམ་ན་གཅིག་མཆིས། དེ་གཉིས་ཀར་ཕོ་བྲང་སོགས་ཞིག་རོ་ཡོད། ཅེས་བྱུང་ངོ་།།

རྒྱ་གར་འཕགས་ཡུལ་གྱི་ནང་པའི་གནས་ཆེན་ཁག་དང་། མཁན་ཆེན་ཞི་འཚོ་དང་ཇོ་བོའི་འཁྲུངས་ཡུལ་བཅས་ཀྱི་ས་ཁྲ།

དེ་བཞིན་འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[7]། ད་ནི་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་བོད་དུ་ཐེག་པ་ཆེན་པོའི་ལམ་སྲོལ་ཇི་ལྟར་མཛད་པའི་ཚུལ་བྲི་བར་བྱ་སྟེ། དེ་ལ་བླ་མ་ཆེན་པོ་དེ་ནི། རྒྱ་གར་བ་རྣམས་ས་ཧོ་ར་ཟེར་ཞིང་། བོད་རྣམས་ཟ་ཧོར་ཞེས་འདོན་པའི་ཡུལ་འཁོར་ཆེན་པོ་དེའི་རྒྱལ་པོ་དགེ་བའི་དཔལ། ཞེས་དང་། ཡང་དེ་ཉིད་ལས[8]། ས་ནི་ཟ་དང་མཐུན་པས་རྒྱ་གར་བ་རྣམས་ལ་ས་ཧོར་ཟེར་བ་ལ་བོད་ཀྱིས་ཟ་ཧོར་དུ་འབོད། ཅེས་བྱུང་བ་ལྟར། ལེགས་སྦྱར་གྱི་ས་ཧོ་ར་ཞེས་མཁན་ཆེན་ཞི་བ་འཚོ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྣམ་གཉིས་ཀྱི་འཁྲུངས་ཡུལ་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་བྷངྒ་ལ་སྟེ་ཟ་ཧོར་ལ་བྱ་སྟེ། རྒྱ་གར་གྱི་ས་ཧོ་ར་ཞེས་འབོད་པ་ཟུར་ཆག་ནས་ཟ་ཧོར་ཡིན་པ་སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་[9]དུའང་གསལ་ལོ།།

དེ་ལྟར་ཟ་ཧོར་ནི་དེང་སྐབས་དབྱིན་སྐད་དུ་བྷང་ལའམ་བྷན་གྷལ་ (Bangla & Bangal) ཞེས་བྷང་ལ་དྷེ་ཤིའི་མིང་རྙིང་པ་དང་། དེང་སྐབས་བྷང་ལ་དྷེ་ཤི་ཞེས་རྒྱལ་ཁབ་ལོགས་སུ་ཡོད་པར་ངོས་འཛིན་སྲོལ་ཡོད་ལ། སྔར་སངས་རྒྱས་ཞལ་བཞུགས་སྐབས་ཀྱི་ཡུལ་མིང་ལ་ཙམ་པ་ཞེས་བྱ་བ། བོད་ཀྱི་ལོ་རྒྱུས་དང་གཞུང་ལུགས་ཁག་ཏུ་བྷངྒ་ལའམ་བྷང་ག་ལར་ངོས་འཛིན་ཞུ་བཞིན་ཡོད། གཏེར་གླིང་མ་ལས། ཐུབ་པའི་བཞུགས་གནས་རྡོ་རྗེ་གདན་བྱ་ཡོད༔ དེའི་ཤར་ཕྱོགས་ན་བྷངྷཱ་ལའི་གླིང་ཞེས་བྱ་བ་ཡོད༔ ཅེས་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ (1011-1064) མཛད་པའི་བསྟོད་པ་བརྒྱད་ཅུ་པ་ལས་[10]ཀྱང་།

ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །དེ་ན་གྲོང་ཁྱེར་ཆེན་པོ་ཡོད། །
བི་ཀྲ་མ་ནི་པཱུ་ར་ཡིན། །དེ་ཡི་དབུས་ན་རྒྱལ་པོའི་ཁབ། །
ཕོ་བྲང་ཤིན་ཏུ་ཡངས་པ་ཡོད། །གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ། །
ལོངས་སྤྱོད་མངའ་ཐང་འབྱོར་པ་ནི། །རྒྱ་ནག་སྟོང་ཁུན་རྒྱལ་པོ་འདྲ། །

ཞེས་གསུངས་པ་ལྟར་མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་རྒྱ་གར་ནང་པའི་གནས་ཆེན་ཁག་གི་ལམ་ཡིག་ལས[11]། ཀ་ལི་ཀ་ཏར་འགྲོ་བའི་ལམ་དུ་སུལ་ཏན་གན་ཇི་བྱ་བའི་ཀྲི་སིང་ལ་སླེབས། དེར་གྲོང་དང་ཉེ་བའི་གངྒཱའི་ཆུ་དཀྱིལ་ན། བྲག་རི་ལྷ་ཁང་ཅན་ཞིག་ཡོད་པའི་ཚུར་ངོས་ཀྱི་ཆུ་འགྲམ་བྲག་རི་ཆུང་ངུ་ཞིག་ཡོད་ས་དེ་བི་ཀྲ་མ་ཤཱི་ལའི་དགོན་ཤུལ་ཡིན་ཀྱང་ས་མ་བརྐོས་པས་ས་མིག་འདི་ཡིན་ད་དུང་མི་ཤེས། དེ་ནས་སོང་བས་བྷ་གལ་པུར་དུ་ (भागलपुर) སླེབས་ཤིང་། དེ་ནི་སྔོན་གྱི་བྷངྒ་ལའི་རྒྱལ་ཁབ་སྟེ་སློབ་དཔོན་ཞི་བ་འཚོ་དང་ཇོ་བོ་རྗེ་འཁྲུངས་པའི་གནས་ཡིན་ཅིང་ཡུལ་ཙམྤ་ཡང་དེ་ཡིན། ཟ་ཧོར་རམ་ས་ཧོར་ཡང་དེ་དང་ཉེ་བ་ན་སྔོན་གྱི་ཕོ་བྲང་གི་ཤུལ་སོགས་ཡོད་ཟེར། ཞེས་གསལ་བ་ལྟར་ཟ་ཧོར་གྱི་ཡུལ་དེར་དེང་སང་བྷང་གལ་པུར་ཞེས་འབོད་པ་དང་། སྔར་སངས་རྒྱས་སྐུ་བཞུགས་སྐབས་ཡུལ་ཙམ་པ་ཞེས་པ་དེ་ཡིན་པར་གསུངས་ལ། བི་ཀྲ་མ་ཤི་ལ་ཉེ་འགྲམ་དུ་ཅམ་པ་ན་གར་ (Champanagar) ཡོད་ལ། སུལ་ཏན་གྷན་ཇི་ (Sultanganj) ནང་ནང་པའི་བྲག་ཕུག་བརྐོས་རིས་ཡ་མཚན་ཅན་མང་པོ་ཡོད་ལ། བྷ་གལ་པུར་ནས་བི་ཀྲ་མ་ཤི་ལ་བར་ཀི་ལོ་མི་ཊར་ ༤༤ དང་། བྷ་གལ་པུར་ནས་སུལ་ཏན་གྷན་ཇ་བར་ཀི་ལོ་མི་ཊར་ ༢༠ ཡོད་པ་བཅས་སོ།།

དེ་ཡང་བི་ཀྲ་མ་པུ་ར་[12]ཞེས་པ་ནི། ལེགས་སྦྱར་གྱི་སྐད་དང་། དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འཁྲུངས་སའི་གྲོང་ཁྱེར་གྱི་མིང་ཡིན་ལ། བི་ཀྲ་མ་པུ་ར་ཞེས་པ་བོད་སྐད་དུ་བསྒྱུར་ན། རྣམ་པར་རིམ་པའི་གྲོང་ཁྱེར་ཞེས་པའི་དོན་ཡིན་པར་དབྱངས་ཅན་དགའ་བློའི་ (1740-1827) ལམ་རིམ་བརྡ་བཀྲོལ་[13]དང་། སཾ་བོད་སྐད་གཉིས་ཤན་སྦྱར་རྣམས་སུའང་གསལ་ཞིང་། དེ་ཡང་། བི་ཞེས་པ་རྣམ་པར་དང་། ཀྲ་མ་ནི་རིམ་པ། པཱུ་ར་གྲོང་ཁྱེར་ཞེས་པའོ། །ཞེས་བྱུང་ལ། དེ་ལྟར་ཀྲ་མ་ཞེས་པ་རིམ་པ་ལ་བསྒྱུར་བ་འཐད་ཀྱང་། ལེགས་སྦྱར་གྱི་ (Vikrampur) བི་ཀྲ་མ་ཞེས་པ་རྣམ་གནོན་དང་། པུ་ར་གྲོང་ཁྱེར་ཡིན་པས། རྣམ་གནོན་གྲོང་ཁྱེར་ཞེས་པའི་དོན་ཡིན་པར་སེམས་ཏེ། དེ་ཡང་ནག་ཚོ་ལ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ (1011-1064) མཛད་པའི་ཇོ་བོ་རྗེའི་བསྟོད་པ་བརྒྱད་ཅུ་པ་ལས[14]

ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །
དེ་ན་གྲོང་ཁྱེར་[15]ཆེན་པོ་ཡོད། །
བི་ཀྲ་མ་ནི་པུ་ར་ཡིན། །

ཞེས་བི་ཀྲ་མ་ནི་ཞེས་བྱུང་བའི་ནི་སྒྲ་དེ་ནི་བོད་སྐད་ཀྱི་ཚིགས་སུ་བཅད་པའི་ཁ་སྐོང་ཙམ་ལས་མིང་གི་ཆ་ཤས་མིན་མོད། དབྱིན་སྐད་ཐོག་གསར་དུ་བསྒྱུར་བའི་ལམ་རིམ་ཆེན་མོར་ཡང་། (Vikramnipur) ཞེས་བོད་སྐད་ཀྱི་ནི་སྒྲ་ཡང་བཅུག་པ་ནི་འཁྲུལ་བ་སྟེ། གྲོང་ཁྱེར་དེར་དེང་སྐབས་སུའང་ (Vikrampur) བི་ཀྲ་མ་པུ་ར་ཞེས་བརྗོད་པ་ལས་བི་ཀྲ་མ་ནི་པུ་ར་ཞེས་བརྗོད་སྲོལ་མེད། འོན་ཀྱང་པུ་ར་ཞེས་བོད་སྐད་ལ་བར་དུ་ཚེག་གིས་བཅད་ནས་ཡིག་འབྲུ་གཉིས་སུ་བྱས་པ་ལས། རྒྱ་གར་རང་ཉིད་ཀྱི་མིང་གི་འབོད་ཚུལ་ལྟར་ན། རྒྱ་གར་མ་ཧཱ་རཱཤ་ཏྲ་མངའ་སྡེའི་གྲོང་ཁྱེར་ (Nagpur) ཞེས་པར་ནག་པུར་ཞེས་འབོད་པ་ལས། ནག་པུ་ར་ཞེས་འབོད་སྲོལ་མེད་པས་དཔྱད་དགོས་པར་སྣང་ངོ་།།

མཁན་ཆེན་ཞི་འཚོ་དང་ཇོ་བོ་རྗེ་རྣམ་གཉིས་ཀྱི་འཁྲུངས་ཡུལ་ཤར་ནུབ་གང་དུ་ཡིན་ནམ་ཞེ་ན། དེ་ཡང་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོས་ (1922-2001) མཛད་པའི་ལམ་རིམ་ཆེན་མོའི་བཤད་ཁྲིད་བློ་བཟང་རྒྱལ་བའི་དགོངས་རྒྱན་ལས[16]། ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །ཞེས་པ་རྒྱ་གར་རྡོར་གདན་གྱི་ཤར་ཕྱོགས་ཡིན་དགོས་རྒྱུ་ལ། པཎ་ཆེན་དཔལ་ཡེས[17]། ནག་ཚོས་ཤར་ཕྱོགས་ཟེར་ཡང་ཤར་ཕྱོགས་མིན། དེས་ན་འབྲོམ་རིན་པོ་ཆེས། ཕུན་སུམ་ཚོགས་པ་བྷཾ་ག་ལ་ཡི་ཡུལ། །ཞེས་སོགས་གསུངས་པ་ལྟར་ལེགས་ཞེས་གསུངས། ཕ་ཆོས་རྣམ་ཐར་ལས། ང་ནི་ཤར་ཕྱོགས་ཟ་ཧོར་ཡུལ་ནས་འོངས། །ང་ནི་བྷཾ་ག་ལ་ཡི་རྒྱལ་པོའི་སྲས། །ཞེས་གསུངས། རྒྱ་གར་བ་རྣམས་སཱ་ཧོར་ཟེར་བ་བོད་སྐད་དུ་ཟུར་ཆག་ནས་ཟ་ཧོར་ཟེར་ཞིང་། དེང་སང་མིན་ཀྱ་ལ་གོ་ཟེར་བ་དེ་ཡིན་གསུངས། རྗེ་བཙུན་ཨ་བྷྱཿཞབས་ཀྱི་རིམ་ལྔ་དཀའ་འགྲེལ་ལས་ཀྱང་། ཟ་ཧོར་ནི་སཱ་ཧོར་ཞེས་པ་རྒྱ་གར་གྱི་རྒྱལ་རིགས་ཤིག་གི་མིང་ཟུར་ཆག་པ་ཡིན་གསུངས། ཞེས་བྱུང་བ་ལྟར་རོ།།

(ཕྱི་ལོའི་སྔོན་གྱི་ལོ་ 600 སྔོན་གྱི་ཨངྒའི་ས་ཁྲ་དང་། དེང་གི་གྷ་ཡ་དང་། ཝཱ་རཱ་ཎ་སཱི། པཊིན། བྷ་གལ་པུར་བཅས་ཀྱི་ས་ཁྲ།)

དེ་ཡང་ཡུལ་ཙམ་པ་ནི་ལེགས་སྦྱར་གྱི་སྐད་ཡིན་ལ། རྒྱ་གར་གྱི་གནའ་བོའི་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་ཞིག་སྟེ། སྒྲ་བཤད་ནི། ཀླུའི་རྒྱལ་པོ་ཙམ་པའི་གནས་ཀྱི་དྲུང་གྲོང་ཁྱེར་བརྩིགས་པའམ། ཡང་ན་ཤིང་ཙམ་པ་ཀའི་ཚལ་དུ་བརྩིགས་པས་དེ་ལྟར་བཏགས་པར་གྲགས་ཤིང་། དེ་བཞིན་རྒྱུག་ཆུའི་མིང་ལ་ཙམ་པ་དང་། དེའི་ཉེ་འགྲམ་དུ་ཆགས་པའི་གྲོང་ལའང་ཆུའི་མིང་ཐོགས་ཏེ་ཙམ་པ་ཞེས་གྲགས། གྲོང་ཁྱེར་ཙམ་པ་ནི་ཨངྒའི་གྲོང་ཁྱེར་གྱི་གཙོ་བོ་ཡིན་ཚུལ་འདུལ་བ་གཞི་རྒྱ་ཆེར་འགྲེལ་གླེགས་བམ་དང་པོར་གསལ་ཞིང་། ཨངྒ་ནི་བྷི་ཧཱར་མངའ་སྡེའི་ཤར་ཕྱོགས་སུ་ཡོད་ལ། དེང་སྐབས་བྷང་གལ་པུར་ (Bhagalpur) ཞེས་པའི་རྫོང་དེ་ཡིན་པར་འགའ་ཞིག་གིས་ངོས་འཛིན་གནང་སྲོལ་ཡོད་པ་ནི། སློབ་དཔོན་འགོས་པདྨ་རྒྱལ་མཚན་ (1956-2001) གྱིས་བརྩམས་པའི་དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་གྱི་འབྱུང་ཁུངས་ཉེར་མཁོ་ལས[18]། ཨངྒ་ནི། སྔོན་དུས་མགདྷའི་བྱང་ཤར་དང་། ནུབ་མངྒལ་དང་། བིཧཱར་མངའ་སྡེའི་ས་མཚམས་སུ་གནས་པ་དང་། དེང་སང་བིཧཱར་མངའ་སྡེའི་ནང་བྷ་གལ་པུར་ཞེས་པའི་ཕྱོགས་འདི་ཡིན། ཨངྒའི་རྒྱལ་ས་ནི་སྔོན་དུས་ཙམྤའམ་དབུས་ཀྱི་ཡུལ་དྲུག་གི་ནང་ཚན་ཙམྤཀ་ཟེར་བ་དེ་ཡིན། དེང་སང་ཡང་བྷགལ་པུར་ནང་ཙམྤ་ནགར་སྟེ་ཙམྤའི་གྲོང་ཁྱེར་ཞེས་པ་དེ་ད་ལྟ་ཡང་དངོས་སུ་ཡོད། ཨངྒ་དང་མགདྷ་གཉིས་ས་འབྲེལ་ཡིན། ཞེས་གསལ་ལོ།།

དེ་ཡང་རྒྱ་གར་ཞེས་པ་ནི། དཔལ་འཕགས་པ་ས་གའི་ལྷས་མཛད་པའི་འདུལ་བ་ཚིག་ལེའུར་བྱས་པ་ལས[19]

མཉན་ཡོད་གནས་བཅས་[20]ཙམ་པ་ཀ །བཱ་རཱ་ཎ་སཱི་ཡངས་པ་ཅན། །
རྒྱལ་པོའི་ཁབ་ཅེས་གྲགས་པ་སྟེ། །འདི་དག་གྲོང་ཁྱེར་ཆེན་པོར་ཤེས། །

ཞེས་པ་ལྟར་གྲོང་ཁྱེར་ཆེན་པོ་དྲུག་གནས་པའི་ཕྱོགས་ལ་འདོད་རྒྱལ་དུ་བརྡ་བྱས་པ་སྟེ། ཞེས་གསུངས། སྔར་རྒྱ་གར་འཕགས་ཡུལ་གྱི་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་ཙམ་པ་དང་། ཙམ་པའི་གྲོང་ཁྱེར་གྱི་གཙོ་བོ་ཨང་གའི་གྲོང་ཁྱེར་སོགས་ནི་འདུལ་བ་གཞི་ལས[21]། སྡོམ་ལ།

ཤཱ་རིའི་བུ་དང་རབ་འབྱུང་དང་། །བསྙེན་པར་རྫོགས་པར་གནང་བ་དང་། །
ཉེ་སྡེས་ཚོགས་ནི་བསྡུས་པ་དང་། །ལྔ་པའི་སྡེ་ཚན་བསྡུས་པ་ཡིན། །

བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན། ཡུལ་ཨང་ག་དག་ན་ཨང་གའི་རྒྱལ་པོ་ཞེས་བྱ་བས་རྒྱལ་སྲིད་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་བྱེད་དུ་བཅུག་གོ །རེས་འགའ་ནི་ཨང་གའི་རྒྱལ་པོ་དཔུང་དང་མཐུ་ཆེ་བ་ཡིན་ལ། རེས་འགའ་ནི་རྒྱལ་པོ་པདྨ་ཆེན་པོ་དཔུང་དང་མཐུ་ཆེ་བ་ཡིན་ནོ། །གང་གི་ཚེ་ཨང་གའི་རྒྱལ་པོ་དཔུང་དང་མཐུ་ཆེ་བ་དེའི་ཚེ་ན། དེས་དཔུང་གི་ཚོགས་ཡན་ལག་བཞི་པ། གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། ཡུལ་མ་ག་དྷཱ་རྒྱལ་པོའི་ཁབ་མ་གཏོགས་པ་བཅོམ་ནས་ཕྱིར་ལྡོག་པར་བྱེད་དོ། །གང་གི་ཚེ་རྒྱལ་པོ་པདྨ་ཆེན་པོ་དཔུང་དང་མཐུ་ཆེ་བ་དེའི་ཚེ་ན། དེས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ། གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། ཡུལ་ཨང་ག་ཙམ་པ་མ་གཏོགས་པ་བཅོམ་ནས་ཕྱིར་ལྡོག་པར་བྱེད་དོ།།

(ཕྱི་ལོའི་སྔོན་གྱི་ལོ་ 600 སྔོན་གྱི་ཨངྒའི་ས་ཁྲ་དང་། དེང་གི་གྷ་ཡ་དང་། ཝཱ་རཱ་ཎ་སཱི། པཊིན། བྷ་གལ་པུར་བཅས་ཀྱི་ས་ཁྲ།)

དེ་ནས་དུས་གཞན་ཞིག་ན་ཨང་གའི་རྒྱལ་པོ་དཔུང་དང་མཐུ་ཆེ་བར་གྱུར་ནས། དེས་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། ཡུལ་མ་ག་དྷཱ་གཞོམ་པར་བརྩམས་པ་དང་། མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་རྒྱལ་པོ་པདྨ་ཆེན་པོ་ལ་ལྷ་ཨང་གའི་རྒྱལ་པོས་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། ཡུལ་མ་ག་དྷཱ་འཇོམས་པར་བགྱིད་དོ་ཞེས་སྦྲོན་པ་དག་བཏང་ངོ་། །རྒྱལ་པོ་པདྨ་ཆེན་པོས་ཀྱང་ཐོས་ནས་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། ཨང་གའི་རྒྱལ་པོ་དང་གཡུལ་སྤྲད་པའི་ཕྱིར་འཕགས་སོ།།

དེ་ནས་ཨང་གའི་རྒྱལ་པོས་རྒྱལ་པོ་པདྨ་ཆེན་པོའི་གླང་པོ་ཆེ་པའི་ཚོགས་ཐམས་ཅད་ཕྲོགས་ཤིང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་ཐམས་ཅད་ཀྱང་ཕྲོགས་སོ། །རྒྱལ་པོ་པདྨ་ཆེན་པོ་ཡང་ཕམ་པ་དང་། སྐྲག་པ་དང་། བཅོམ་པ་དང་། གཞན་རྒྱལ་བ་དང་། རྒྱབ་ཀྱིས་ཕྱོགས་པར་བྱས་ཏེ། རྒྱལ་པོའི་ཁབ་ཏུ་ཞུགས་ནས་སྒོ་བཅད་དེ། ར་བ་དག་གི་ཁར་སྦྲེངས་ནས་འདུག་གོ །ཨང་གའི་རྒྱལ་པོས་རྒྱལ་པོ་པདྨ་ཆེན་པོ་ལ་ཕོ་ཉ་བཏང་སྟེ། གལ་ཏེ་ཕྱིར་འབྱུང་ན་དེ་ལྟ་ན་ལེགས། གལ་ཏེ་ཕྱིར་མི་འབྱུང་ན་ཇི་སྟེ་སྟེང་གི་ནམ་མཁའ་ལ་འགྲོ་ན་ནི་མདའ་བརྒྱུད་པས་ཁྱོད་ལྟུང་བར་བྱའོ། །ཇི་སྟེ་སའི་འོག་ཏུ་འགྲོ་ན་ནི་མཆིལ་པ་དང་དྲང་བའི་ཚུལ་གྱིས་དྲང་བར་བྱའོ། །ཇི་སྟེ་རིའི་རྩེ་མོར་འཛེག་ན་ནི་དེར་ཡང་ཁྱོད་ཐར་བ་མེད་དོ་ཞེས་སྤྲིང་ངོ་། །ཞེས་སོགས་ཨང་གའི་རྒྱལ་པོ་དང་། རྒྱལ་པོ་པདྨ་ཆེན་པོའི་བར་གཡུལ་འཁྲུག་གི་སྐོར་ཞིབ་པར་གསལ་བ་ལྟར་ཙམ་པའི་གྲོང་ཁྱེར་གྱི་ཨང་གའི་གྲོང་ཁྱེར་དང་། བྷང་གལ་པུར་བཅས་ནི་དབུས་འགྱུར་འཆང་གི་གྷ་ཡའི་ཐག་ཉེར་ཆགས་པ་སྟེ། བྷ་གལ་པུར་གྱི་ས་ཁྲ་ལས་ཤེས་རྟོགས་ཐུབ་པ་ལྟར་པཎ་གྲུབ་རྣམ་གཉིས་ཀྱི་འཁྲུངས་ཡུལ་ཟ་ཧོར་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར་ཡུལ་ཙམ་པའམ་བྷངྒ་ལ་ཡིན་པར་བཞེད་པ་དང་། ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[22]། ཟ་ཧོར་གྱི་རྒྱལ་པོ། (བྷངྒ་ལའི་རྒྱལ་པོ།) སྔར་གྱི་བོད་ཡིག་ལོ་རྒྱུས་ཐོག་སྐབས་རེ་ཟ་ཧོར་གྱི་རྒྱལ་པོ་དང་། སྐབས་རེ་བྷངྒ་ལའི་རྒྱལ་པོ་ཞེས་མིང་འདོགས་ཚུལ་མི་འདྲ་བ་གཉིས་བྱུང་། དོན་དུ་དེང་སང་གི་མེང་ཅ་ལའི་ (རྒྱ་སྐད་དུ་孟加拉) (BANGLADESH) རྒྱལ་ཁབ་ཀྱི་རྒྱལ་པོ་ལ་ཟེར། ཞེས་གསལ་བ་བྷངྒ་ལ་ཞེས་དེང་གི་བྷང་ལ་དྷེ་ཤིའི་རྒྱལ་ཁབ་ལ་ངོས་འཛིན་གནང་བ་ལྟར་བཞེད་པ་གཉིས་སུ་སྣང་ཞིང་། ཉེ་རབས་ཇོ་བོ་རྗེའི་སྐུ་གདུང་སྙེ་ཐང་དུ་བཞུགས་པས་ཇོ་བོའི་འཁྲུངས་ཡུལ་ལ་རྩིས་སྤྲོད་ཕྱིར་འབུལ་བྱས་པའི་གནས་ཚུལ་ལྟར་ནའང་། ཇོ་བོའི་འཁྲུངས་ཡུལ་དེང་གི་བྷང་ལ་དྷེ་ཤི་ཡིན་པར་སྣང་བས་ད་དུང་ཞིབ་ཏུ་དཔྱད་དགོས་སོ།།

བྷེ་ཧར་མངའ་སྡེའི་ས་ཁྲ།

རྒྱ་གར་གྱི་ཡུལ་དབུས་ནི་མ་ག་དྷ་ཡིན་ལ། ཤར་ན་པི་ཀན་ཏ་ནི་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་ཞེས་ཇོ་བོ་རྗེའི་ཡབ་ཀྱི་ཕོ་བྲང༌། མཁན་ཆེན་ཞི་བ་འཚོ་དང༌། ཨ་ཏི་ཤ་ཁུ་དབོན་གྱི་འཁྲུངས་ཡུལ་བྷང་ག་ལ། དེའི་བདག་པོ་ནི། ད་ལྟ་ཕྱི་ཡི་རྒྱལ་པོའི་གླིང་བར་བྷེ་ལག་སྟེང་ངམ་རྔ་ཡབ་གཞན་ནམ་སྟེ་པྲྀ་ཡང་ཀུའི་གླིང་ཡིན་ནམ་ཞེས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་བཤད་དེ། དེ་ནས་ཐོན་པའི་རྒྱལ་པོ་རྒྱ་ནག་སོབ་བམ། གཡིང་ཀྭང་ངམ་གཡིང་ཀུའམ། བོད་པས་དབྱིན་ཇི་ཞེས་འབོད་པའི་རྒྱལ་པོ་ལ། ས་དཀར་རྒྱལ་པོར་ཡང་བརྗོད། ཅེས་བྱུང་བས། པྲྀ་ཡང་ཀུ་དང་། རྔ་ཡབ་གཞན་གཉིས་ཟ་ཧོར་གྱི་མིང་གི་རྣམ་གྲངས་ཡིན་མིན་དང་། དེ་དག་ལ་ངོས་འཛིན་ཚུལ། བྷང་ལ་དྷེ་ཤི་ལ་སྔར་ཤར་པ་ཀི་སི་ཐན་ཞེས་བརྗོད་ཅིང་། ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་ནས་ཟུར་དུ་ཆགས་ཤིང་། དེ་སྔོན་པ་ཀི་སི་ཐན་གྱི་ཁོངས་ཡིན་པ་ལ་ཕྱི་ལོ་ ༡༩༧༡ ལོར་ལོགས་སུ་རྒྱལ་ཁབ་གསར་བཙུགས་བྱས་པ་ཞིག་ཡིན་པས་དེ་དག་ལ་འབྲེལ་བ་ཡོད་མེད་སོགས་ལའང་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།

ཡང་བོན་གྱི་བསྟན་འབྱུང་ལེགས་བཤད་སྐལ་ལྡན་བཟང་པོའི་མགྲིན་རྒྱན་ལས[23]། བོན་བསྣུབས་པའི་རྒྱུ་རྐྱེན་སྐོར་བཤད་སྐབས། མཁན་པོ་འདི་སྨོན་ལམ་ལོག་པའི་མི་ཞིག་སྤུན་མཆེད་གཉིས་བཟའ་ཚང་བྱས་པ་ལས་སྐྱེས་པའི་ནལ་ཕྲུག་ཡིན་པ་དང་། བོན་པོས་ཆོ་ག་བྱས་ནས་རྒྱ་གར་ཡུལ་དུ་ཕུད་པར་བརྟེན་འཁོན་འཛིན་བཅངས་ནས་རྒྱ་གར་དུ་སློབ་གཉེར་འབད་བརྩོན་བྱས་ཏེ་པཎྜི་ཏར་གྱུར་པ་དང་། དེ་ནས་བོད་དུ་ཡོང་ནས་བོན་བསྣུབས་པ་ཡིན་ཚུལ་སོགས་འཁོད་འདུག་ཅེས་དུང་དཀར་ཚིག་མཛོད་ཆེན་མོར་[24]གསལ་བ་ལྟར་ན་མཁན་ཆེན་ཞི་འཚོ་བོད་དུ་སྐུ་འཁྲུངས་ཤིང་། རྒྱ་གར་འཕགས་ཡུལ་དུ་སློབ་གཉེར་མཛད་རྗེས་ཕྱིར་བོད་དུ་ཕེབས་པའི་བོད་པའི་པཎྜི་ཞིག་ཡིན་པར་གསལ་ལོ།།

དེ་བཞིན་མཁན་ཆེན་ཞི་བ་འཚོ་དང་། དཔལ་མར་མེ་མཛད་ཡེ་ཤེས་རྣམ་གཉིས་ཀྱི་འཁྲུངས་ཡུལ་ཡོངས་གྲགས་གོང་བཀོད་ལྟར་དང་། དེ་མིན་ཟ་ཧོར་ལའང་གནས་མཆོག་མཚོ་པདྨར་ངོས་འཛིན་པ་དང་། དེ་མིན་པ་ཀི་སི་ཐན་གྱི་ནང་དུའང་ཟ་ཧོར་ཞེས་པའི་ཡུལ་ཞིག་ཡོད་ཚུལ་བཅས་ཟ་ཧོར་གྱི་མིང་ཅན་ཡུལ་གསུམ་ཡོད་འདུག་པས། དེ་དག་དང་འབྲེལ་བ་ཡོད་མེད་དང་། ཡང་སྙིང་པཎ་གྲུབ་འདི་དག་གི་འཁྲུངས་ཡུལ་དངོས་གང་དུ་ཡིན་མིན་ད་དུང་དཔྱད་དགོས་སོ།།

དེ་ལྟའི་གནའ་བོའི་རྒྱ་གར་ནང་ཟ་ཧོར་ (བངྒལ) ཞེས་པའི་ཡུལ་དེ་ནི་ཡུལ་ལུང་ཆབ་སྲིད་ཀྱི་ཆ་ནས་གཽདཱ་དང་བནྒ་ཞེས་ས་ཁུལ་གཉིས་སུ་ཕྱེས་ཡོད། གཽདཱ་ཞེས་པའི་ས་ཁུལ་དེའི་ནང་པུཎདྲབརྡྷན། བཱརེནདྲི། ལྷོ་བྱང་གི་རཱདྷཱ། སུཧམཱ། ཏཱམྲལིཔྟཱ་ཞེས་ཡོད་པ་དང་། བནྒ་ཞེས་པའི་ས་ཁུལ་དེའི་ནང་ཧརིཀེལཱ། ཅནྡདྦིཔ། སམཏཱལཱ་དང་བཧགཱལ་བཅས་གཏོགས་ཡོད།

སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་སྐབས་ས་ཁུལ་དེ་དག་ཏུ་ནང་ཆོས་དར་ཡོད་མེད་ཀྱི་ཐད་ལ་ལོ་རྒྱུས་ཀྱི་དཔང་རྟགས་གང་ཡང་རྙེད་མེད་ནའང་། རྒྱའི་བཙུན་པ་ཐང་སན་གྱིས་བཤད་སྲོལ་ལྟར་ན། སྟོན་པ་སངས་རྒྱས་ཟ་ཧོར་དུ་ཕེབས་ཡོད་པར་མངོན། པཱ་ལིའི་གཞུང་ཡང་དག་པར་ལྡན་པའི་སྡེའི་པོད་ལྔ་པ་དང་། ཏེལཱཔཏྟ་སྐྱེས་རབས་ནང་སངས་རྒྱས་སུམྦྷ་ཞེས་པའི་ཡུལ་དེའི་ནང་སེཊཀཱ་འམ་དེསཀཱའི་ཡུལ་དེར་ཕེབས་ཡོད་པ་བཤད་ཡོད། ལྷག་དོན་དུ་མ་ག་དྷ་བཟང་མོའི་རྟོགས་བརྗོད་ནང་མགོན་མེད་ཟས་སྦྱིན་གྱི་བུ་མོ་སུམགདྷཱ་ཡིས་སྟོན་པ་བཅོམ་ལྡན་འདས་ལ་པུཎདྲབརྡྷན་ཞེས་པའི་ཡུལ་དེར་གདན་དྲངས་པ་བཤད་ཡོད།

གནའ་སྔ་མོའི་དུས་སུ་ཡུལ་ལུང་དེ་ནི་མཽརྱཱ་དང་གུཔྟའི་རྒྱལ་རྒྱུད་ཀྱིས་མཚོན་པའི་རྒྱ་གར་གྱི་རྒྱལ་པོ་སྤྱིའི་མངའ་འོག་ཏུ་ཡོད་པར་མ་ཟད། ས་ཁུལ་དེ་དག་ཏུ་ཡང་རྒྱལ་ཕྲན་དུ་མ་ཞིག་ཡོད། སྔ་མོར་ཟ་ཧོར་དེ་ནི་སིལ་ལམ་ཚོང་ལས་བརྗེ་ལེན་གྱི་ལྟེ་གནས་ཤིག་ཡིན་པར་མ་ཟད། ཟ་ཧོར་གྱིས་རྒྱ་གར་རྒྱ་མཚོ་དང་ལྷོ་ཤར་ཨེ་ཤི་ཡའི་ཁུལ་དུ་གཞིས་གྲོང་མང་པོ་འཛུགས་སྐྲུན་བྱས་ཡོད།

རྒྱ་གར་གྱི་སཱཎྕིར་བཞུགས་པའི་རྡོ་བརྐོས་དེ་དག་ལ་གཞིགས་ན་ནང་ཆོས་དེ་ཟ་ཧོར་ནང་མཽརྱཱ་རྒྱལ་རྒྱུད་སྐབས་ནས་དར་ཡོད་པར་ཚོད་དཔག་བྱེད་ཐུབ། ཟ་ཧོར་ནང་ཡི་ཤུ་མ་བྱུང་གོང་གི་དུས་རབས་གཉིས་པ་མཽརྱཱ་རྒྱལ་རྒྱུད་སྐབས་ནས་དུས་རབས་ཉི་ཤུ་པའི་བར་ནང་ཆོས་དར་འཕེལ་བྱུང་ཡོད། ཟ་ཧོར་ནང་ཡི་ཤུ་མ་བྱུང་གོང་གི་དུས་རབས་གཉིས་པ་མཽརྱཱ་རྒྱལ་རྒྱུད་སྐབས་ནས་དུས་རབས་ཉི་ཤུ་པའི་བར་ནང་ཆོས་དར་འཕེལ་བྱུང་ཡོད། དེ་ནི་གཙོ་བོ་རྒྱལ་པོ་རྣམས་ཀྱིས་དུས་ཡག་ཉེས་གང་བྱུང་ཡང་རོགས་མགོན་དང་རམ་འདེགས་ཞུས་པ་ལ་བརྟེན་ནས་བྱུང་ཡོད་པ་ཞིག་རེད། རྒྱལ་པོ་དེ་རྣམས་ཀྱིས་ཟ་ཧོར་དུ་ནང་ཆོས་དར་འཕེལ་གཏོང་ཆེད་མཐུན་རྐྱེན་སྦྱོར་བ་ཙམ་དུ་མ་ཟད། ནཱལནྡཱ་དང་བི་ཀྲ་མ་ཤཱི་ལ་སོགས་ཀྱི་གཙུག་ལག་ཁང་རྣམས་གསར་བཞེངས་གནང་ནས་དེའི་ནང་ལྟ་གྲུབ་དང་། རྩོམ་རིག །རིག་གཞུང་སོགས་སྤེལ་ཐུབ་ཐབས་བྱས་ཡོད། རྒྱ་གར་ནང་དགེ་འདུན་གྱི་སྡེ་དང་མཁས་དབང་རྣམས་ཀྱིས་རྩོམ་རིག །སྙན་ངག །བརྡ་སྤྲོད། ལྟ་གྲུབ་དང་། གཏན་ཚིགས་རིག་པ་སོགས་ཀྱི་ཐད་ལ་རང་རང་གི་རིག་རྩལ་ལས་རྩོམ་རིག་ཐོག་ཞབས་འདེགས་མང་པོ་ཞུས་ཡོད། ཟ་ཧོར་ནང་གི་བསྟན་བཅོས་དང་པོ་དེ་དུས་རབས་བརྒྱད་པ་ནས་བཅུ་གཅིག་བར་བྲིས་པའི་སྤྱོད་པའི་ཚིག་ཅེས་པ་དེ་ཡིན་ལ། དེ་ནི་སྔགས་ཐེག་པའི་སྐོར་ཚིགས་བཅད་ཕྱོགས་བསྡུས་བྱས་པ་ཞིག་ཡིན་[25]ལ། བྷང་ག་ལའི་ཡུལ་གྱི་རྒྱལ་པོ་པཱ་ལའི་རྒྱལ་རྒྱུད་དང་། ཙནྡྲའི་རྒྱལ་རྒྱུད་རིང་ཟ་ཧོར་གྱི་ཡུལ་དུ་མཁན་ཆེན་ཞི་བ་འཚོ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི། སློབ་དཔོན་ཙནྡྲ་གཽ་མི། ཨ་བྷྱ་ཀ་ར་གུཔྟ་སྟེ་འཇིགས་མེད་སྦས་པ། སློབ་དཔོན་ཚུལ་ཁྲིམས་བཟང་པོ། གཞན་ཡང་ཟ་ཧོར་གྱི་སློབ་དཔོན་དཔའ་བོ་རྡོ་རྗེ་དང་། ཟ་ཧོར་གྱི་མཁན་པོ་དྷརྨ་ཨ་ལོ་ཀ །ཟ་ཧོར་གྱི་མཁན་པོ་ཛྙཱ་ན་ཤཱནྟི་སོགས་པཎ་གྲུབ་སྙན་གྲགས་ཅན་མང་དུ་སྐུ་འཁྲུངས་ཡོད། པཎ་ཆེན་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་གནང་སྐབས་གཞུང་གི་རྩ་ཚིག་ལ་མི་གསལ་བའི་གསུང་བཤད་རྣམས་ཀྱི་ཟིན་བྲིས་ལེགས་བཤད་རྒྱ་མཚོ་ལས[26]། ཟ་ཧོར་གྱི་རྒྱལ་པོ་དེ་རྣམས་ཟླ་བའི་རིགས་ཡིན་ཟེར། དཔེར་ན། ཙནྡྲ་བདུན་ལྟ་བུ། འོན་ཀྱང་སྐྱ་སེང་བུ་ལྔའི་ནང་གི་ཟླ་བའི་རིགས་དང་མི་འདྲ། ཉི་མའི་རིགས་རྣམས་གཽ་པཱ་ལ་སོགས་པཱ་ལའི་མིར་འབྱུང་། ཉི་མའི་རིགས་ཞེས་པ་ཡང་། ཉི་མའི་གཉེན་ཞེས་པའི་རིགས་དང་མི་འདྲ་གསུངས། ཞེས་ཀྱང་བྱུང་ངོ་།།  །།

རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན་ལས་ཟུར་འདོན་ཞུས།

དཔྱད་ཡིག་དང་ཞབས་མཆན། 

 

[1] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼བ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༡༨༩

[2] ཆོས་སྤྱོད་རབ་གསལ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན། བློ་གསལ་གླིང་། ༡༩༩༤ ལོ། ཤོག་གྲངས་ ༢༦༤

[3] བམ་གྷ་ལ། བཾགྷ་ལ། བྷཾ་ག་ལ། བྷངྒ་ལ། ཞེས་དག་སྡེབ་འབྲི་ཚུལ་སྣ་ཚོགས་ཤིག་མཆིས།

[4] དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༩

[5] དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༦

[6] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༣༥༤

[7] དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༢༩༧

[8] དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༦༥

[9] སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༦༢༦

[10] ལམ་རིམ་ཆེན་མོ། དགའ་བྱང་དཔེ་མཛོད་ཁང་། ཐེ་ཝན་པར་མ། ༡༩༩༩ ལོ། ཤོག་གྲངས་ ༤

[11] རྒྱ་གར་ནང་པའི་གནས་ཆེན་ཁག་གི་ལམ་ཡིག །བོད་གཞུང་ཤེས་རིག་པར་ཁང་། ༢༠༡༣  ལོ། ཤོག་གྲངས་ ༧༣

[12] བི་ཀྲ་མ་པུ་ར་དང་། བི་ཀྲ་མ་པཱུ་ར། བྲི་ཀ་མ་ལ་པུ་རི་སོགས་དག་སྡེབ་ཐད་འབྲི་ཚུལ་སྣ་ཚོགས་མཆིས་སོ།།

[13] དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༧

[14] བློ་སྦྱོང་ཉེར་མཁོ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༣༣༡ ནས ༣༤༡ བར

[15] གྲོང་ཁྱེར་ནི། བཟོའི་བྱེ་བྲག་བཅོ་བརྒྱད་ཚང་བ་ལ་གྲོང་ཁྱེར་དང་། དེ་མ་ཚང་བའི་ཁྱིམ་གཅིག་གཉིས་སོགས་ལ་གྲོང་དང་། ཚོང་པ་མང་པོ་ཡོད་པའི་གནས་ལ་གྲོང་བརྡལ་དང་། མི་རིགས་བཞི་ཚང་བའི་ཡུལ་ཕྱོགས་ལ་ལྗོངས་ཞེས་བརྒྱད་སྟོང་འགྲེལ་ཆེན་ལས་གསུངས་ལ། མངོན་བརྗོད་འགའ་ཞིག་ཏུ། བྱེ་བྲག་གྲོང་གིས་ངེས་བཅིངས་ཡུལ། །འབུམ་ཕྲག་གྲོང་གིས་ཡུལ་འཁོར་དང་། །བརྒྱད་བརྒྱའི་གྲོང་གིས་གྲོང་ཁྱེར་ཏེ། །ཞེས་བཤད་དོ། །ཞེས་དབྱངས་ཅན་དགའ་བའི་བློ་གྲོས་ཀྱི་གསུང་འབུམ། པོད། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༧ ཐོག་གསལ་ལོ།།

[16] བློ་བཟང་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༥༤

[17] དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ཏ༽ ལམ་རིམ་ཟིན་བྲིས། ཤིང་དཔར། ཤོག་གྲངས་ ༤ན༡

[18] འགོས་པདྨ་རྒྱལ་མཚན་གྱི་གསུང་རྩོམ་ལྷག་བསམ་དཀར་པོ། ༼༣༽ ལྡི་ལི། ༢༠༡༦ ལོ། ཤོག་གྲངས་ ༡༥༠

[19] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་ ༩༣ པ། ༢༠༠༨ ལོ། ཤོག་གྲངས་ ༡༤༩

[20] སྒོ་མང་མཁན་ཟུར་ངག་དབང་ཉི་མའི་ (1907-1990) གསུང་ལོ་རྒྱུས་ཐོར་བུ་ལས། གནས་བཅས་ནི། གྲོང་ཁྱེར་སེར་སྐྱ་ཡིན་པར་བཤད་ཚུལ་གཅིག་ཀྱང་འདུག །ཝཱ་རཱ་ཎ་སཱི་ནས་ཨི་ལཱ་ཧཱ་བ་འགྲོ་བའི་ལམ་བར་ཨ་ཡོ་བྷྱ་ཟེར་བའི་གྲུ་གཟིངས་ཟམ་པ་ཞིག་ཡོད་པ་དེ་རེད། འདི་ལ་ས་གཏམ་གནས་བཅས་ཟེར། གྲོང་ཁྱེར་འཐབ་པ་མེད་པའང་ཟེར། མང་པོས་བཀུར་བའི་རྒྱལ་པོའི་རིགས་རྒྱུད་ལྔ་པ་རྒྱལ་པོ་གསོ་སྦྱོང་འཕགས་ཡིན། དེའི་སྤྱི་བོ་ནས་ང་ལས་ནུ་སྐྱེས་པ། འདུལ་བ་པོ་ཏི་ཁ་པར་གསུངས། གནས་དེ་ང་ལས་ནུ་རྒྱལ་པོར་དབང་བསྐུར་སའི་གནས་ཡིན་པའང་དེ་ཉིད་ལས་གསུངས། བསྟན་པའི་གཏད་རབས་དགེ་སློང་ཀུན་དགའ་བོས་ཆུ་བོ་གངྒཱའི་དབུས་སུ་གླིང་སྤྲུལ་ནས་མི་ལྔ་བརྒྱ་བསྙེན་པར་རྫོགས་པར་བྱས་ནས་དགྲ་བཅོམ་པ་ལ་བཀོད་པའི་གནས་ཀྱང་རེད། དེང་སང་གི་དུས་སུ་ཡང་ལོ་བཅུ་གཉིས་བཅུ་གཉིས་ན་ཨི་ལཱ་ཧཱ་བའི་དུས་ཆེན་རེད། ཅེས་མི་ཚོགས་འབུམ་ཕྲག་མང་པོ་ཚོགས་ནས་མཆོད་པ་རྒྱ་ཆེན་འབུལ་གྱི་ཡོད་པ་རེད། དེ་དུས་ནས་ད་ལྟའི་བར་མ་ཆད་པ་ཞིག་ཡིན་ནམ་སྙམ། ཞེས་(རྗེ་བཙུན་ངག་དབང་ཉི་མའི་གསུང་འབུམ། པོད། ༼༣༽ སྒོ་མང་དཔེ་མཛོད་ཁང་། ༢༠༠༣ ཤོག་ ༤༩༥) ཐོག་གསལ་ལོ།།

[21] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཀ༽ དེབ་ཨང་ ༡ པ། ༢༠༠༨ ལོ། ཤོག་གྲངས་ ༤

[22] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༨༠༡

[23] བོན་གྱི་བསྟན་འབྱུང་ལེགས་བཤད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༢༣

[24] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༣

[25] རྒྱལ་ཡོངས་འཕགས་བོད་མཁས་པའི་བགོ་གླེང་ཆེན་མོའི་དཔྱད་རྩོམ། དགའ་ལྡན། ༢༠༡༩ ལོ། ཤོག་གྲངས་ ༧༠༣

[26] དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ཏ༽ ལམ་རིམ་ཟིན་བྲིས། ཤིང་དཔར། ཤོག་གྲངས་ ༤ན༡

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།