རྒྱལ་རོང་ཆུ་ཆེན་ཕྱོགས་ཀྱི་དམག་འཁྲུག་ཐེངས་གཉིས་དང་འབྲེལ་བའི་སྐོར་རགས་བཤད།

0
1117

ནང་དོན་གནད་བསྡུས།

རྩོམ་ཐུང་འདིར་རྒྱལ་རོང་ཆུ་ཆེན་དང་བཙན་ལྷ་ཕྱོགས་སུ་ཆིང་རྒྱལ་རབས་དང་དམག་འཁྲུག་སྔ་ཕྱི་གཉིས་ཀྱི་རྒྱུ་རྐྱེན་དང་བྱུང་རིམ། མཇུག་འབྲས་བཅས་དང་། སྐབས་དེར་པེ་ཅིན་དུ་འཛིན་བཟུང་བྱས་པའི་རྒྱལ་རོང་བའི་མི་རྒྱུད་ཀྱི་སྐོར་བཅས་རྒྱ་ཡིག་ཏུ་འཁོད་པ་ཁག་དང་བོད་ཀྱི་ཡིག་ཆ་ཁག་ཅིག་ཏུ་གསལ་བ་རྣམས་དཔྱད་གཞིར་བཟུང་ནས་བྲིས་ཡོད།

བརྡ་ཆད་གཙོ་བོ།

རྒྱལ་རོང་། དམག་འཐབ། བཙན་འཛུལ། མཁར་རྫོང།

གླེང་གཞི།

བོད་ཀྱི་ལོ་རྒྱུས་དང་དེབ་ཐེར་ཁག་ཏུ་ལོ་རྒྱུས་ཀྱི་བྱུང་བ་རགས་པ་ཙམ་ལས་ས་གནས་བྱེ་བྲག་གི་ལོ་རྒྱུས་ཞིབ་ཕྲ་འཁོད་པ་ནི་ཉུང་ཉུང་རེད། ཅུང་ཙམ་རེ་ཡོད་པ་ནི་བླ་མ་རྣམས་ཀྱི་རྣམ་ཐར་ཁག་ཏུ་འཁོད་ཡོད། ས་གནས་ཀྱི་ལོ་རྒྱུས་གསལ་པོར་མ་ཤེས་ན་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་རྒྱུས་ཞིབ་ཕྲ་ཞིག་ཤེས་རྟོགས་བྱེད་ཐབས་བྲལ་བ་དེང་སྐབས་ང་ཚོར་མྱོང་བ་དངོས་སུ་གྲུབ་ཡོད། དེར་མ་ཟད་ང་ཚོའི་ལོ་རྒྱུས་ཀྱི་བྱུང་བ་ཐམས་ཅད་བོད་དབུས་ཁུལ་གྱི་ལོ་རྒྱུས་ཙམ་དང་དེ་ཡང་རགས་པ་ཙམ་གྱིས་མཚོན་མི་ཐུབ་པ་འདི་ཡང་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཡིན་པས། དུས་རབས་ཉི་ཤུ་པར་བོད་མི་རྣམ་དཔྱོད་ཅན་ཞིག་གིས་“བདེན་པ་རྭ་སྤྲོད་གཏོང་ནུས་པའི་རྒྱལ་རབས་ཀྱི་ཆ་ཤས་བརྗེད་དུ་འཕང་བ་འདི་འདྲ་དག་ཀྱང་། ཐ་ན་ཕྱིའི་མཁས་པ་ལོ་རྒྱུས་སྨྲ་བ་དག་གི་ཁྲོད་ན་ཡང་ཁྱབ་བརྡལ་དུ་གྲགས་མོད་ཀྱི། རང་ཡུལ་གྱི་མི་རྣམས་ལ་ནི་ཕལ་ཆེར་རྒྱུས་ཡོད་མེད་ཀྱི་ས་མཚམས་སུ་སླེབས་ལ་”ཞེས་གསུངས་མྱོང་། ཁོང་ནི་བོད་ཀྱི་ལོ་རྒྱུས་དེ་ལོ་རྒྱུས་ཞིག་གི་ཚད་གཞི་ནས་བཟུང་སྟེ་འབྲི་མཁན་ཐོག་མ་སྟེ་མཁས་དབང་དགེ་ཆོས་མཆོག་རེད། ཡིད་ཕངས་པ་ཞིག་ལ་ཁོང་གི་ལོ་རྒྱུས་ཀྱང་རྐྱེན་དབང་གིས་འབྲི་འཕྲོ་ལུས་ཏེ་ད་སྐབས་མཇལ་དུ་ཡོད་པ་ནི་རྒྱལ་རབས་ཀྱི་ཆ་ཤས་དུམ་བུ་ཙམ་རེད། ལྷག་པར་དུ་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་མཚམས་སུ་གནས་པའི་ཡུལ་ལུང་དག་གི་བྱུང་བ་དང་དེའི་གནས་སྟངས་སོགས་སྣང་མེད་དུ་བཞག་པ་འདིས། ད་ལྟའི་ང་ཚོར་མི་རིགས་གཞན་གྱི་བཙན་འཛུལ་གྱི་བདེན་དཔང་ཞིག་དང་། ཧམ་སེམས་ལ་ཕྱིར་རྒོལ་རྡུང་གཏོང་བའི་བྱེད་ཐབས་རན་པོ་ཞིག་མ་རྙེད་པའི་གནས་སྟངས་འདི་དག་བྱུང་བ་རེད།

ངས་འདི་ནས་འབྲི་འདོད་པའི་བོད་ཀྱི་མཐའ་མཚམས་རྒྱལ་མོ་ཚ་བ་རོང་གིས་མན་ཇུའི་རྒྱལ་ཁབ་ལ་འཐབ་པའི་འཁྲུག་ཆེན་གཉིས་ལ་མཚོན་ན། མན་ཇུའི་གོང་མ་ཆན་ལུང་རང་ཉིད་ཀྱི་མཛད་རྗེས་གལ་ཆེན་དུ་བགྲངས་བའི་“རྒྱལ་ཁ་ཆེན་པོ་བཅུ་”ཡི་གྲས་ཀྱི་གཉིས་ཡིན་ལ། ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་ཐོག་གི་དམག་འཁྲུག་གལ་ཆེན་ཞིག་སྟེ་མི་རྒྱུ་དངོས་གསུམ་དང་། དུས་ཚོད་དང་ནུས་པ་ཆེས་མང་པོ་འགྲོ་གྲོན་བཏང་བའི་དམག་འཐབ་ཅིག་ཀྱང་ཡིན་མོད། ང་ཚོའི་ལོ་རྒྱུས་ཁག་ཏུ་ནི་འདིའི་སྐོར་ཧ་ལམ་མཐོང་དཀོན་པོ་ཡིན། འོན་ཀྱང་འདི་དག་ནི་རྒྱའི་ལོ་རྒྱུས་ཁྲོད་དུ་གསལ་བར་འཁོད་ཡོད་པ་དང་། རྒྱལ་རོང་རང་གི་མི་རྣམས་ཀྱི་ངག་རྒྱུན་དང་མཁར་ཤུལ་སོགས་མང་པོ་ལ་བརྟེན་ནས་ཕྱིས་སུ་བྲིས་པའི་དཔྱད་རྩོམ་ཁག་ཅིག་ད་ལྟ་མཇལ་དུ་ཡོད། ང་ཚོའི་ལོ་རྒྱུས་ཁྲོད་དུ་འདི་ལྟ་བུའི་དམག་འཐབ་དང་དོན་རྐྱེན་ག་ཚོད་མང་པོ་ཞིག་ད་སྐབས་སུས་ཀྱང་རྟོགས་ཐབས་བྲལ་བའི་མི་མངོན་པའི་དབྱིངས་སུ་ཐིམ་ཚར་མེད་དམ་སྙམ་པའི་ཕངས་སེམས་ཞིག་ཀྱང་དབང་མེད་དུ་སྐྱེ་ཡོང་།

དང་པོ། དམག་འཁྲུག་གི་འབྱུང་རྐྱེན་དང་ས་གནས།

བོད་ཀྱི་རོང་ཆེན་བཞིའི་ནང་ཚན་གྱི་ཤར་རྒྱལ་མོ་ཚ་བ་རོང་ནི་སྔར་བོད་བཙན་པོའི་དུས་སྐབས་སུ་བོད་ཀྱི་མཐའ་མཚམས་སྲུང་མཁན་གྱི་བོད་མི་རྣལ་མ་ཁོ་ན་ཡིན་པ་མ་ཟད། ཁོ་ཚོའི་རུས་རྒྱུད་ཀྱང་བོད་ཀྱི་རུས་ཆེན་དྲུག་གི་ནང་ཚན་སྦྲ་ཡི་རུས་རྒྱུད་དམ་ཡང་ན་དམུ་ཡི་རུས་རྒྱུད་ལས་མཆེད་པར་བཤད། དེ་ལ་ཡང་བཙན་པོའི་སྐབས་སུ་མཐའ་མཚམས་སྲུང་མཁན་དམག་དཔོན་ཁག་གིས་རང་རང་གི་མངའ་ཐང་རྒྱ་བསྐྱེད་དེ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དུ་གྲགས་པ་དེང་གི་རྔ་བ་ཁུལ་དང་དཀར་མཛེས་ཁུལ་གྱི་ས་ཁུལ་དག་ན་ཡོད། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ནི། ༡ལྕགས་ལ། ༢མགོ་སྨད་དམ་ཀ་ལ། ༣མགོ་སྟོད། ༤དགེ་ཤིས་ཙ། ༥པ་ཝམ། ༦བྲག་སྟེང་། ༧མུ་ཕྱི། ༨མདའ་མདོ། ༩བཙན་ལྷ། ༡༠འོག་གཞི། ༡༡ལུང་དགུ (མདོ་གླིང་ཡང་ཟེར།) ༡༢རྒྱལ་ཁ། ༡༣སོ་མང་། ༡༤ཅོག་ཙེ། ༡༥རྫི་འགག ༡༦དམ་པ། ༡༧ཁྲོ་སྐྱབས། ༡༨ཆུ་ཆེན་སྟེ་བཅོ་བརྒྱད་དོ། དེ་དག་ལ་རྒྱ་སྐད་དུ་མིང་རེ་རེ་གཏན་འཁེལ་བྱས་ཡོད་པ་ནི། 康定明正宣慰司、天泉长官司、冷边长官司、额什杂安抚司、巴旺宣慰司、巴地宣慰司、穆平宣慰司、丹东安抚司、小金安抚司、鄂克什安抚司、瓦寺宣慰司、杂谷安抚司、梭磨宣慰司、卓克基长官司、松岗长官司、党坝长官司、绰斯甲安抚司、大金安抚司 ཞེས་ཟེར་བ་དང་། ད་དུང་བཅོ་བརྒྱད་ནི་ཞང་ཞུང་ལུགས་ཀྱི་གྲངས་གནས་གྲས་ཀྱི་རྟེན་འབྲེལ་བཟང་པོ་ཞིག་ལ་བརྩི་སྲོལ་ཡོད་པས་བཅོ་བརྒྱད་དུ་བགྲངས་བ་ལས། རྒྱལ་ཁག་དེ་ལས་མང་བ་བྱུང་ཡོད་པ་རྒྱལ་རོང་སྐོར་གྱི་ཞིབ་འཇུག་པ་མཁས་ཅན་བཙན་ལྷ་ངག་དབང་སོགས་ཀྱིས་གསུངས་འདུག དེ་དག་ལས་མན་ཇུའི་རྒྱལ་རབས་སྐབས་སུ་དམག་འཁྲུག་བྱུང་ས་ནི་གཙོ་བོ་ཆུ་ཆེན་དང་བཙན་ལྷ་ཕྱོགས་ཀྱི་ས་ཁུལ་འདི་དག་རེད། སྤྱིར་ན་རྒྱལ་རོང་གི་ས་ཆ་དག་བཙན་པ་དང་དེ་ལས་ཀྱང་ཆུ་ཆེན་དང་བཙན་ལྷ་ཕྱོགས་ཀྱི་ས་ཆ་དག་ནི་ས་ཤིན་ཏུ་བཙན་པས་སྟོབས་དང་དཔའ་རྩལ་ཆེ་བའི་ཧོར་རྒྱལ་པོའི་དུས་སུ་ཡང་མངའ་ཞབས་སུ་མ་བཅུག་པའི་ཚུལ་མདོ་སྨད་ཆོས་འབྱུང་དུ་གསལ།

དེང་གི་དཔྱད་རྩོམ་ཁག་ཅིག་ལས་རྒྱ་ནག་གི་ལོ་རྒྱུས་ལ་གཞིར་བཞག་སྟེ་དམག་འཁྲུག་དེའི་བྱུང་རྐྱེན་ནི་ཆིང་གོང་མས་རྒྱལ་རོང་ནང་ཁུལ་འགལ་བ་འདུམ་སྒྲིག་དང་མཐའ་མཚམས་སྲ་བརྟན་གྱི་ཆེད་ཡིན་ཚུལ་བཤད་ཀྱིན་འདུག་མོད། དོན་ལ་རྒྱལ་རོང་གི་ས་ཁུལ་དག་ནི་བོད་རྒྱའི་ས་མཚམས་ལ་ཁེལ་ཡོད་ཅིང་། སྐབས་དེར་དགའ་ལྡན་ཕོ་བྲང་གི་དབང་ཤུགས་ཀྱིས་མཐའ་མཚམས་ཁག་ལ་སྙོབ་ཐུབ་ཀྱི་མེད་པ་དང་། རྒྱལ་རོང་རྒྱལ་ཁག་ཕན་ཚུན་གྱིས་ནང་འཁྲུག་ལ་ཁ་གཡར་ཏེ་བཙན་འཛུལ་གྱི་འདོད་རྔམ་བྱེད་ཀྱི་ཡོད། གོ་སྐབས་དེ་དང་བསྟུན་ནས་དམག་དཔོན་མང་པོས་དམག་སྣ་དྲངས་བཅུག་སྟེ་ཆུ་ཆེན་རྒྱལ་པོ་བསོད་ནམས་དཔལ་འབུམ་གྱི་མངའ་དབང་ལ་ཚུར་རྒོལ་བྱས་པ་ཞིག་ཡིན་པ་རྟོགས་ཐུབ། ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་ལས་འདིའི་སྐོར་ཅུང་ཙམ་འཁོད་ཡོད་དེ། “ཤར་རྒྱལ་མོ་རོང་གི་ཁམས་པའི་སྡེ་རྒྱ་མི་ཆུང་ཙམ་ལ་དབང་བྱེད་པའི་སྡེ་དཔོན་ཁོ་རང་གི་འབངས་རྣམས་ཀྱིས་རབ་བརྟན་རྒྱལ་པོ་ཞེས་འབོད་ཅིང་། སྡེ་རྣམས་དཔའ་རྩལ་དང་གཏུམ་དྲག་ཆེ་ཞིང་། ཡུལ་ཕྱོགས་རོང་ཤིན་ཏུ་དོག་ཅིང་རྩུབ་པ། ཆུ་བོ་རབ་མེད་ཀྱིས་འཁྱུད་པས་བགྲོད་ཤིན་ཏུ་དཀའ་བ། དགེ་ལུགས་པ་མ་གཏོགས་པའི་གྲུབ་མཐའ་ཐམས་ཅད་དར་ཞིང་མཆོད་གནས་གཙོ་བོ་བོན་ལ་བྱེད་པ་ཞིག་ཡོད་པ་དེ། ཉེ་འཁོར་གྱི་རྒྱའི་ས་ཆའི་དཔོན་འགའ་ཞིག་གིས་ཟ་འདོད་ཀྱིས་སྙད་གཙེར་ལ་བརྟེན་ནས་ངོ་ལོག་པ་ལ། གོང་ནས་དཔུང་འཇུག་རིམ་པས་མཛད་ཀྱང་ས་བརྩན་པ་སོགས་ཀྱིས་ལོ་རེ་ཞིག་བར་མ་ཐུབ།” ཅེས་རྒྱའི་དཔོན་འགས་ས་ཆ་བདག་འཛིན་དང་་སྙད་གཙེར་བྱས་པ་དངོས་སུ་འཁོད་ཡོད་པ་ལ་བལྟས་ན་གསལ་པོར་རྟོགས་ཐུབ།

ཆུ་ཆེན་དང་བཙན་ལྷའི་དམག་འཁྲུག་མཚོན་པའི་འདྲ་རིས།

དམག་འཁྲུག་གི་བྱུང་རྐྱེན་དངོས་ནི་ཆན་ལུང་ཁྲི་ལོ་བཅུ་གཉིས་པ་༡༧༤༧ལོར་ཆུ་ཆེན་རྒྱལ་པོ་བསོད་ནམས་དཔལ་འབུམ་ཞེས་པས་བཙན་ལྷའི་རྒྱལ་པོ་ཚེ་དབང་གི་སྤུན་ཆུང་བ་རྣམ་རྒྱལ་ཟེར་བ་དང་ངན་འབྲེལ་གྱི་ཐབས་ཇུས་བསྒྲིགས་ནས་བཙན་ལྷའི་རྒྱལ་བོ་ཚེ་དབང་དཔོན་འཁོར་བཅས་ཆམ་ལ་ཕབས་ཏེ་བཀའ་ཐམ་སོགས་འཕྲོག་པ་མ་ཟད། རྣམ་རྒྱལ་ལ་བཙན་ལྷའི་རྒྱལ་བོའི་གོ་ས་ཐོབ་པར་བྱས་ན་ཡང་། དུས་ཡུན་ངེས་ཅན་ཞིག་འདས་རྗེས་ཚེ་དབང་གི་རྒྱལ་པོའི་གོ་ས་ཕྱིར་འཕྲོགས་འདུག ༡༧༤༧ལོར་ཆུ་ཆེན་རྒྱལ་པོ་བསོད་ནམས་དཔལ་འབུམ་གྱིས་དེ་སྔའི་གྱོད་གཞི་བྱུང་རྐྱེན་སོགས་ལ་ཁག་བཞག་སྟེ་སླར་ཡང་དམག་དཔུང་བསྒྲིགས་ནས་དགེ་ཤིས་ཙ་(དེང་སང་རོང་བྲག་རྫོང་གི་མངའ་ཁོངས་སུ་གཏོགས)དང་། དམ་པ།(དེང་འབར་ཁམས་རྫོང་དམ་པ་ཤང་གི་ཁོངས་སུ་གཏོགས)ལྕགས་ལ།(དེང་སང་དཀར་མཛེས་ཁུལ་དར་རྩེ་མདོ་རྫོང་གི་ཁོངས་སུ་གཏོགས) འོག་གཞི་(དེང་རྔ་བ་ཁུལ་བཙན་ལྷ་རྫོང་གི་ཁོངས་སུ་གཏོགས)སོགས་ཀྱི་རྒྱལ་པོའི་ཁོངས་གཏོགས་ཀྱི་ས་ཆར་རྩྭ་ས་རྩོད་གླེང་གི་གྱོད་གཞི་བཟོས་ཏེ་དཔུང་འཇུག་བྱས་ཤིང་། ས་ཆ་མང་པོ་ཞིག་བཙན་ཤེད་ཀྱི་དཔུང་ལ་བརྟེན་ནས་བཅོམ་པར་བྱས། དེ་ལ་བཙན་ལྷའི་རྒྱལ་པོ་ཚེ་དབང་གི་བཙུན་མོ་ནི་ཆུ་ཆེན་རྒྱལ་པོ་བསོད་ནམས་དཔལ་འབུམ་གྱི་བུ་མོ་ཡིན་པ་དང་། བུ་མོ་དེ་ལ་ཚེ་དབང་གི་སྤུན་ཆུང་བ་རྣམ་རྒྱལ་གྱིས་སེམས་ཤོར་ཡོད་པས། འདི་ནི་ཆུ་ཆེན་རྒྱལ་པོ་བསོད་ནམས་དཔལ་འབུམ་གྱིས་རང་གི་བུ་མོ་བེད་སྤྱད་དེ་ཆབ་སྲིད་ཀྱི་ལྐོག་གཡོ་ངན་པ་ཞིག་སྤེལ་ཡོད་པར་མངོན། དེ་ལྟར་ནང་འཁྲུག་བྱུང་བའི་གོ་སྐབས་དེར་མན་ཇུའི་དམག་ལ་སུམ་འཛུལ་བྱེད་རྒྱུའི་གོ་སྐབས་ཡག་ཤོས་ཐོབ་བོ། །

གཉིས་པ། དམག་འཁྲུག་སྔར་ཕྱི་གཉིས་ཀྱི་བྱུང་རིམ་དངོས།

དེ་ལྟར་ཆུ་ཆེན་རྒྱལ་པོས་མདོ་ཁམས་ཁུལ་གྱི་ས་ཆ་མང་པོ་ཞིག་ལ་དབང་བསྒྱུར་བྱས་ཏེ་སྟོབས་ཤུགས་རྒྱས་པར་བརྟེན། ཆིང་སྲིད་གཞུང་འཇིགས་ཏེ་སི་ཁྲོན་གྱི་དཔོན་པོ་མཉམ་འབྲེལ་གྱིས་ཆུ་ཆེན་རྒྱལ་པོ་དང་གཡུལ་བཤམས་པ་རེད། ཆིང་སྲིད་གཞུང་གིས་སྐབས་དེའི་སི་ཁྲོན་ཁུལ་གྱི་དམག་དཔོན་ཅིན་ཧྲན་ལ་གནས་ཚུལ་རྟོགས་ཞིབ་བྱེད་དགོས་པའི་བརྡ་བཏང་བ་དང་། དེས་དམག་དཔོན་གཞོན་པ་ཀྲང་ཞིང་ཞེས་པ་དཔུང་དང་བཅས་པ་བྱང་ལམ་བརྒྱུད་ནས་མངག་བཀོད་ཀྱིས་“བར་འདུམ”བྱེད་དུ་བཅུག་པའི་ཞོར་ནས། དམག་དཔོན་གཞན་ཁག་ཅིག་ཆུ་ཆེན་ཕྱོགས་དང་ཉེ་བར་དམག་སྣ་དྲངས། རྒྱལ་རོང་རྒྱལ་ཁག་ཕན་ཚུན་གྱི་འགལ་བ་བེད་སྤྱད་དེ་དགེ་ཤིས་ཙ་དང་། པ་ཝམ། བཀྲ་ཤིས་གླིང་། སོ་མང་སོགས་ཀྱི་རྒྱལ་པོ་རྣམས་དཔུང་བསྒྲིགས་ནས་ཆུ་ཆེན་ལ་འཐབ་རྒྱུའི་གྲོས་འགོ་བསླངས་ན་ཡང་ཆུ་ཆེན་རྒྱལ་པོ་ལ་འཐབ་ཡ་མ་བྱུང་བ་མ་ཟད། ནང་ཁུལ་གྱི་འགལ་ཟླའི་ངོ་བོ་ཇེ་ཆེར་གྱུར། མཐར་གོང་མའི་དམག་དཔུང་ཆུ་ཆེན་ཕྱོགས་སུ་བཏང་སྟེ་གཡུལ་འཁྲུག་ཛ་དྲག་ཆེན་པོ་ལངས་པ་དེས་ཀྱང་ཐག་མ་ཆོད། དེ་ནས་ཆན་ལུང་གིས་བློན་ཆེན་ཀྲང་ཀང་སི་(张广泗?-1748)ལ་དམག་དཔུང་ཁྲི་གསུམ་ལྷག་ཁྲིད་བཅུག་སྟེ་ཆུ་ཆེན་ཕྱོགས་སུ་མངགས། ཀྲང་ཀང་སིས་ཆུ་ཆེན་གྱི་ཤར་ནུབ་གཉིས་ནས་དཔུང་འཇུག་བྱས་ཏེ་ཆུ་ཆེན་ཕྱོགས་ཀྱི་རྫོང་མང་པོ་གཏོར་བ་དང་། ཡུལ་དམག་མང་པོ་བསད་རྨས་ཚབས་ཆེན་ཐེབས་པ་མ་ཟད། ཉེས་མེད་འབངས་ཀྱི་སྡེ་ལ་ཡང་གཡུལ་འཁྲུག་གི་འཇིགས་ཉེན་དང་གྱོང་གུད་ཆེན་པོ་ཐེབས།

སྤྱི་ཟླ་བརྒྱད་པ་ཡས་མས་ལ་ཆིང་དམག་ཆུ་ཆེན་རྒྱལ་པོའི་མཁར་རྫོང་གི་ཉེ་སར་སླེབས་པ་ན། རྒྱལ་པོ་བསོད་ནམས་དཔལ་འབུམ་གྱིས་མགོ་འདོགས་ཞུ་རྒྱུའི་ཕོ་ཉ་བཏང་ན་ཡང་ཆིང་དམག་གིས་དང་ལེན་མ་བྱས་པར་མུ་མཐུད་ནས་དཔུང་ཤུགས་བསྟན་པས་དམག་འཁྲུག་གི་རྣམ་པ་ཛ་དྲག་ཏུ་གྱུར། བསོད་ནམས་དཔལ་འབུམ་གྱིས་ཡུལ་དམག་བསྡུས་ཤིང་། རང་གི་མཁར་རྫོང་བརྟན་སྲུང་གི་དམ་བཅའ་བཟུང་ནས་ཕར་རྒོལ་ཤུགས་ཆེན་བྱས་པས་ཆིང་དམག་ལ་ཡང་ཕམ་ཉེས་ཧ་ཅང་ཆེན་པོ་བཏང་། དམག་དཔོན་ཀྲང་ཀང་སིས་གོང་མ་ལ་དམག་དཔུང་ཁྲི་གཅིག་གིས་དཔུང་སྣོན་བྱེད་རྒྱུའི་རེ་ཞུ་བྱས་པ་ལྟར། རྒྱབ་གནོན་གྱི་དཔུང་ཤུགས་སླེབས་ན་ཡང་། མདུན་རྒྱལ་མོ་རྔུལ་ཆུ་དང་རྒྱབ་གཡང་གཟར་གྱི་བྲག་རི་ལ་བརྟེན་པའི་ཆུ་ཆེན་རྒྱལ་པོའི་མཁར་རྫོང་དེ་བཅོམ་མ་ཐུབ་པར། གོང་མས་དམག་དཔོན་ལ་ཆིང་ཞེས་པ་ལ་ཐིའི་ཏུའུ་ཞེས་པའི་དཔོན་རིམ་གྱི་གོ་ས་གནང་ནས་དམག་དོན་བཀོད་འདོམས་བྱེད་དུ་བཏང་། ལ་ཆིང་ཞེས་པ་དེ་རང་འདོད་ཤིན་ཏུ་ཆེ་བས་དམག་དཔོན་ཀྲང་ཀང་སི་དང་མ་མཐུན་པར་དམག་མི་རྣམས་ཐང་ཆད་དེ་གཡུལ་འཁྲུག་ལ་ཕམ་ཁ་གཅིག་རྗེས་གཉིས་མཐུད་བྱུང་ཡོད། ཆན་ལུང་གིས་དེ་ལྟར་ཐོས་རྗེས་སྔར་རྗེས་རིམ་བཞིན་ཀྲང་ཀང་སི་དང་ལ་ཆིང་གཉིས་ཀ་སྲོག་ཁྲིམས་བཅད། བློན་པོ་འདི་གཉིས་ཀ་ཆན་ལུང་གི་བློན་པོ་གལ་ཆེན་གཉིས་ཡིན་པ་མ་ཟད། ཀྲང་ཀང་སི་ནི་ཆན་ལུང་གི་ཡབ་གཡུང་ཀྲི་དང་ཆན་ལུང་གཉིས་ཀའི་བློན་པོ་བྱེད་མྱོང་མཁན་གྱི་བློན་པོ་རྒན་རབས་ཞིག་ཡིན། དེའི་རྗེས་སུ་ཡེའོ་ཀྲུང་ཆི(岳钟琪)་ཞེས་པས་སི་ཁྲོན་ཕྱོགས་ཀྱི་ཁྱིམ་མཚེས་ཞིང་ཆེན་གཞན་དང་མཉམ་འབྲེལ་གྱི་དམག་དཔུང་༣༥༠༠༠ལྷག་དྲངས་ནས་སྔར་གྱི་དམག་ཇུས་བཞག་ཐོག གསང་ལམ་དེད་ནས་རྒོལ་ཐབས་ལ་བརྟེན་ཆུ་ཆེན་རྒྱལ་པོའི་དཔུང་སྡེ་ལ་ཕམ་ཉེས་ཡང་ཡང་བཟོས། དམག་དཔོན་ཆེན་པོ་ཡེའོ་ཀྲུང་ཆིས་དམག་རུ་གཉིས་དྲངས་ནས་མདུན་རྒོལ་བྱས་པས་ན། ཆུ་ཆེན་རྒྱལ་པོ་བསོད་ནམས་དཔལ་འབུམ་གྱིས་དམག་དཔོན་ཡེའོ་ཀྲུང་ཆི་ལ་མགོ་འདོགས་ཐབས་བྱ་དགོས་བྱུང་འདུག དམག་དཔོན་དེས་ཀྱང་མགོ་འདོགས་བྱས་ན་སྔར་གྱི་དབང་ཆ་རང་འཇགས་ཐོགས་ཆན་ལུང་གོང་མས་ཉེས་པ་སོགས་གང་ཡང་མེད་པ་བྱས་འདུག དམག་འཁྲུག་ཐེངས་དང་པོ་དེ་ལྟར་རེ་ཞིག་མཇུག་སྒྲིལ་འདུག ཁྱོན་སྤྱི་ལོ་༡༧༤༧ནས༡༧༤༩བར་དུ་ལོ་ངོ་གསུམ་ཙམ་ལ་དམག་འཐབ་བྱས་ཡོད་པ་རེད།

རྒྱལ་རོང་ཕྱོགས་ཀྱི་རྡོ་རིང་།

དམག་འཁྲུག་ཐེངས་གཉིས་པ་ཡོང་དོན་ཡང་ཆུ་ཆེན་རྒྱལ་པོ་དང་ཡུལ་དེའི་འབངས་མི་རྣམས་ཀྱི་སེམས་ན་སྔར་གྱི་འཁོན་འཛིན་སེལ་མེད་པས་ཆིང་སྲིད་གཞུང་ལ་སྡང་སེམས་ཆེ་ཐོག ཐེངས་དང་པོའི་གཡུལ་འཁྲུག་མཇུག་སྒྲིལ་རྗེས་ཀྱི་ལོ་ཤས་ནང་རྒྱལ་རོང་ཕྱོགས་ཀྱི་རྒྱལ་ཕྲན་བར་མུ་མཐུད་ནས་རྩྭ་ས་རྩོད་གླེང་དང་། གྱོད་སྣ་ཁ་མཆུ་སྣ་ཚོགས་བྱུང་བ་ལ་བརྟེན་ནས་སི་ཁྲོན་སྲིད་བློན་གྱིས་བར་འདུམ་བྱེད་པའི་རྣམ་པ་བསྟན་པའི་ཞོར་ནས། བཙན་ལྷའི་རྒྱལ་པོ་ཚེ་དབང་གོང་མ་ལ་ངོ་ལོག་པར་ཁག་བཞག་ནས་༡༧༥༢ལོར་ཆིང་དམག་གིས་བསད། དོན་རྐྱེན་དེའི་འབྱུང་གཞི་ལ་ཆུ་ཆེན་རྒྱལ་པོ་སོགས་ཡིད་སེམས་ཤིན་ཏུ་མ་རངས་པ་བྱུང་ཞིང་། སྔར་གྱི་ཛ་དྲག་གི་འཁོན་སེམས་སླར་དྲན་པར་བྱས་ཏེ། སྔར་གྱི་རྒྱལ་ཕྲན་རྣམས་གཅིག་གྱུར་བྱེད་པའི་དམིགས་ཡུལ་གྱིས་ཁྲོ་སྐྱབས་དང་དགེ་ཤིས་ཙ་སོགས་ལ་ཐེ་བྱུས་བྱས། ༡༧༥༨ལོར་ཆུ་ཆེན་རྒྱལ་པོ་བསོད་ནམས་དཔལ་འབུམ་ཚེ་ལས་འདས་པ་དང་། དེའི་སྤུན་གྱི་བུ་ནམ་མཁའ་རྒྱལ་རྒྱུད་འཛིན་པའི་གོ་སར་བསྐོས་པ་ནས་སླར་རྩྭ་སའི་རྩོད་གླེང་བྱུང་། སྔ་ཕྱིར་བཙན་ལྷ་དང་དགེ་ཤིས་ཙ་སོགས་ལ་དམག་དྲངས་ནས་ས་ཆ་མང་པོ་བདག་འཛིན་བྱས། སྐབས་དེའི་སི་ཁྲོན་གྱི་སྲིད་བློན་ཁེ་ཐེའེ་ཡིས་ནམ་མཁའ་ལ་རྒྱལ་ཁོངས་གཞན་པའི་ས་ཆ་ཕྱིར་སྤྲོད་དགོས་ཞེས་ཡང་ཡང་བསྐུལ་རུང་། ནམ་མཁས་དང་ལེན་ཅི་ཡང་མ་བྱས། དེ་ལ་ཆན་ལུང་ཁྲི་ལོ་ཉེར་བརྒྱད་པ་སྤྱི་ལོ་༡༧༦༣ལོར་གོང་མས་སྲིད་བློན་ཁེ་ཐེའེ་ཞེས་པ་བཀས་མངགས་སྟེ། རྒྱལ་རོང་ཕྱོགས་ཀྱི་འོག་གཞི་དང་། ཁྲོ་སྐྱབས། དམ་པ། དགེ་ཤིས་ཙ་། བཙན་ལྷ། པ་ཝམ། ཅོག་ཙེ། སོ་མང་། རྫོང་འགག་བཅས་ཀྱི་རྒྱལ་པོ་རྣམས་དཔུང་བསྡུས་ནས་ཆུ་ཆེན་རྒྱལ་པོ་ལ་འཐབ་ཏུ་བཏང་བ་དང་། བློན་ཆེན་ཨ་ཀོའུ་ཞེས་པ་ཆན་ལུང་གོང་མས་ཆེད་དུ་ཕོ་ཉར་མངགས་ནས་བཀོད་འདོམས་བྱེད་དུ་བཅུག་ན་ཡང་གཡུལ་ལས་རྒྱལ་བའི་འབྲས་བུ་ཆེན་པོ་མ་ཐོབ།

དེ་ནས་༡༧༦༦ལོར་སི་ཁྲོན་སྲིད་བློན་ཨ་ཐེའེ་ཡིས་རྒྱལ་རོང་རྒྱལ་ཁག་དགུའི་དམག་དཔུང་དང་མཉམ་འབྲེལ་གྱིས་འཐབ་ཏུ་བཅུག་པ་ཡང་འབྲས་མེད་དུ་གྱུར། ཆན་ལུང་གོང་མ་དང་མན་ཇུའི་སྲིད་གཞུང་ལ་ཁ་གཏད་བཅག་མི་འདོད་མཁན་དང་དེའི་ཁེ་ཕན་ལ་བསམ་པའི་རྒྱལ་ཕྲན་ཁག་ཅིག་གིས་ཆིང་དམག་དང་མཉམ་འབྲེལ་བྱས་འདུག སྐབས་འདི་དག་ཏུ་བོད་གཞུང་དགའ་ལྡན་ཕོ་བྲང་ནས་མདོ་ཁམས་ཀྱི་མཐའ་མཚམས་ཁག་གི་གནས་སྟངས་ལ་ཐེ་བྱུས་གང་ཡང་བྱེད་ཐུབ་ཀྱི་མེད་པའང་དོན་རྐྱེན་འདི་དག་ལས་གསལ་པོར་རྟོགས་ཐུབ་ཀྱིན་འདུག ཆིང་གི་དམག་དཔོན་ཨ་ཐེའེ་ཞེས་པ་ཡིས་ཆུ་ཆེན་ལ་ཞི་ཐབས་ཀྱིས་དོན་དག་ཐག་གཅོད་ཡོང་ཐབས་བྱས་ན་ལེགས་སྙམ་ནས་ཆུ་ཆེན་རྒྱལ་པོ་ནམ་མཁའ་ལ་སྔར་གྱི་ས་ཆ་རྣམས་ཕྱིར་སྤྲད་ན་གོ་གནས་སླར་གསོ་བྱེད་པ་དང་བཙན་ལྷ་དང་ཁྲོ་སྐྱབས་སོགས་ནང་ཁུལ་གྱི་གཉེན་དོན་ལ་རྒྱབ་སྐྱོར་ཡོད་ཚུལ་སོགས་ཀྱི་འཇམ་ཐབས་བྱས་འདུག

༡༧༧༠ལོར་ཆུ་ཆེན་རྒྱལ་པོ་ནམ་མཁའ་ཚེ་ལས་འདས་པ་དང་། དེའི་བུ་བསོད་ནམས་ཀྱིས་ཕ་ཤུལ་བཟུང་། དེའི་ཕྱི་ལོར་ཆུ་ཆེན་རྒྱལ་པོ་བསོད་ནམས་ཀྱིས་དགེ་ཤིས་ཙའི་རྒྱལ་པོ་གསེར་ལོ་བདེ་སྟོབས་བྱ་བ་བསད་པ་དང་། བཙན་ལྷའི་རྒྱལ་པོ་བཙུན་སྐལ་བཟང་གིས་འོག་གཞི་དང་། ལྕགས་ལ་སོགས་ལ་དམག་དྲངས་ནས་གཡུལ་འཁྲུག་བསླངས། ༡༧༧༡ལོའི་ཟླ་བརྒྱད་པར་ཆིང་དམག་ཝུན་ཁྲོན་བརྒྱུད་ནས་བཙན་ལྷ་ལ་ཡོང་བ་དང་། ཆུ་ཆེན་གཡུལ་འཁྲུག་གཉིས་པའི་འགོ་བརྩམས་འདུག ཆིང་དམག་རྒྱལ་རོང་གི་ནུབ་ཁུལ་ཝུན་ཁྲོན་དང་ལྷོ་ཕྱོགས་དར་རྩེ་མདོ་གཉིས་ནས་དཔུང་འཇུག་བྱས་པས། བཙན་ལྷའི་རྒྱལ་པོ་བཙུན་བསྐལ་བཟང་གིས་ཆུ་ཆེན་རྒྱལ་པོ་བསོད་ནམས་ལ་དམག་རོགས་ཞུས་པ་བཞིན། ཆུ་ཆེན་རྒྱལ་པོ་བསོད་ནམས་ཀྱིས་དཔུང་རོགས་བཏང་། ཆུ་ཆེན་རྒྱལ་པོ་བསོད་ནམས་ཀྱིས་བཙན་ལྷའི་ཡུལ་དཔོན་སོགས་ལ་དམག་སྐུལ་བྱས་ཏེ་ཆིང་དམག་གི་འབྲུ་རིགས་སྐྱེལ་ལམ་བཅད་པ་མ་ཟད། བཙན་ལྷ་ཡང་ཚུར་བླངས་འདུག དེ་ནས་གོང་མའི་སྲིད་གཞུང་གིས་སླར་པེ་ཅིང་ནས་དམག་སྐུལ་བྱས་ཤིང་། ཧེའེ་ལུང་ཅང་དང་། དབྱི་ལི། ཨའོ་ལི་ཐེ། ཁྲིན་ཏུའུ། ཅིང་ཀྲོ་སོགས་ཀྱི་ས་ཆ་མང་པོ་ནས་དམག་བསྡུས་པ་དང་། དམག་རྫས་དང་གྲོན་དངུལ་སོགས་གོང་མའི་ཕོ་བྲང་ནས་ཐད་ཀར་མཁོ་འདོན་བྱས་ཏེ། ཆུ་ཆེན་ཕྱོགས་སུ་བཏང་ཡང་། བཙན་རྫོང་རེ་རེ་གཏོར་བ་ལ་ཟླ་བ་རེ་ཙམ་འགོར་ཞིང་དེའི་རིང་དུ་དམག་མི་ཤི་རྨས་ཀྱང་ཚབས་ཆེན་འབྱུང་བཞིན་པའི་སྐབས་སུ། འབྲུག་ཐར་ཞེས་པའི་བྱིས་པ་ཞིག་ཡོད་པ་དེའི་ཨ་ཕ་ཆུ་ཆེན་རྒྱལ་པོ་བསོད་ནམས་ཀྱིས་བསད་པའི་འཁོན་འཛིན་གྱིས། ཆུ་ཆེན་ཕྱོགས་ཀྱི་གསང་ལམ་གྱི་ས་ཁྲ་ཞིག་ཡོད་པ་དེ་ཆིང་དམག་ལ་སྤྲད་ནས། ཆིང་དམག་གིས་རྒྱལ་ཁ་ཐོབ་པའི་ལམ་རྙེད་པ་རེད་ཅེས་ཀྱང་རྒྱའི་ཡིག་ཚང་ཁག་ཅིག་ལས་འཁོད་ཡོད་བཤད། ཡང་ལྕང་སྐྱ་རོལ་པའི་རྡོ་རྗེ་དང་ཐུའུ་བཀྭན་སོགས་ཀྱིས་མཐུ་བརྒྱབ་ནས་ཆུ་ཆེན་རབ་བརྟན་རྒྱལ་པོ་ཕམ་པ་བྱས་པ་སོགས་ཀྱང་གསལ་འདུག གང་ལྟར་ཆིང་དམག་གིས་རྒྱལ་རོང་ནང་ཁུལ་གྱི་འགལ་བ་བེད་སྤྱོད་དང་གཡོ་ཐབས་སྣ་ཚོགས་ཀྱིས་མཐར་༡༧༧༦ལོར་ཆུ་ཆེན་བསོད་ནམས་རྒྱལ་པོས་མི་སེར་རྒན་གཞོན་ཕོ་མོ་༢༠༠༠ལྷག་ཁྲིད་ནས་མགོ་འདོགས་མི་བྱེད་ཐུ་མེད་བྱུང་བ་ན། ཆིང་དམག་གིས་བསོད་ནམས་དང་དེའི་སྤུན་ཡ་སོགས་འཐབ་འཁྲུག་དང་འབྲེལ་ཡོད་ཀྱི་མི་སྣ་མང་པོ་པེ་ཅིང་ཏུ་བཙན་ཁྲིད་བྱས་པ་དེང་སང་པེ་ཅིང་ཞང་ཧྲན་ཞེས་པའི་རི་འདབས་ཀྱི་མི་སེར་རྣམས་ཡིན་སྐད་འདུག

གསུམ་པ། དམག་འཁྲུག་ཐེངས་གཉིས་ཀྱི་མཇུག་འབྲས།

གཡུལ་འཐབ་དྲག་པོ་ཐེངས་གཉིས་ཀྱི་མཇུག་འབྲས་ནི་ཕྱོགས་གཉིས་ཀར་གྱོང་གུད་ཆེན་པོ་ཐེབས་ཡོད། སྤྱིར་ན་ཆུ་ཆེན་དང་བཙན་ལྷ་ཕྱོགས་ཀྱི་དམག་འཁྲུག་གི་ཡུལ་དེ་ས་ཁྱོན་ཆེན་པོ་ཞིག་མེད་པ་ནི་རྒྱ་ཡིག་ཏུ་“地不逾五百里,人未满三百万” ཞེས་གསལ་བ་དང་། དེའི་དོན་ནི་ས་ཁྱོན་ལ་ལེ་དབར་ལྔ་བརྒྱ་ཙམ་ལས་མེད་ཅིང་། མི་གྲངས་འབུམ་གསུམ་ཡང་མ་ཟིན་པ་ཞེས་པའི་དོན་རེད། དམག་གི་གྲངས་ཀ་ནི་དེ་ལས་ཉུང་བ་མ་ཟད་ཡུལ་དམག་ཙམ་ལས་གཏན་འཇགས་ཀྱི་དམག་ནི་ཕལ་ཆེར་མེད་པར་སྙམ། འོན་ཀྱང་། གོང་མ་ཆན་ལུང་ངམ་བོད་པས་ལྷ་སྐྱོང་རྒྱལ་པོ་ཞིག་འབོད་པ་དེས་ཁོ་རང་གིས་ཆེ་བ་བརྗོད་བྱེད་ཀྱི་”རྒྱལ་ཁ་ཆེན་པོ་བཅུ” (十全武功)[1]ཞེས་གྲགས་པའི་ནང་གི་གལ་ཆེ་ཤོས་གཉིས་ཡིན་ལ། བཅུ་པོ་དེ་དག་ཚང་མ་དམག་དོན་གལ་ཆེན་ཁོ་ན་ཡིན་མོད། དེ་དག་ཡོད་ཚད་ལས་མི་རྒྱུ་དུས་ཚོད་ཀྱི་འགྲོ་གྲོན་ཆེ་ཤོས་དམག་འཁྲུགས་འདི་ཉིད་ལ་བཏང་ཡོད་པ་རྒྱ་ནག་གི་ལོ་རྒྱུས་དག་ལ་གསལ་པོར་འཁོད་ཡོད། ལོ་ངོ་སུམ་ཅུ་ཡར་མར་ཞིག་གི་རིང་དུ་ལེན་མ་ཐུབ་ཅིང་། དཔྱད་གཞིའི་ཡིག་ཆ་ཁག་ལྟར་ན། “གོང་མ་ཆན་ལུང་གིས་དམག་འཁྲུག་ཐེངས་དང་པོར་དམག་གི་དཔུང་སྡེ་དྲུག་ཁྲི་ཉིས་སྟོང་ལྔ་བརྒྱ་ལྷག་ཙམ་བཏང་བ་དང་། འགྲོ་སོང་དངུལ་རྩ་ཁྲི་བདུན་བརྒྱ་དྲུག་ཅུ་དང་བཞི་སྟོང་བརྒྱད་བརྒྱ་ལྷག་ཙམ་གཏོང་དགོས་བྱུང་བ་དང་། ཐེངས་གཉིས་པའི་དམག་འཁྲུག་ནང་དམག་མི་ཁྲི་བཅུ་གཉིས་དང་དགུ་སྟོང་ལྔ་བརྒྱ་དང་། འགྲོ་སོང་དངུལ་རྩ་ཁྲི་དྲུག་སྟོང་ཆིག་བརྒྱ་དྲུག་ཅུ་ལྷག་ཙམ་གཏོང་དགོས་བྱུང་བ་དང་།[2] ” ཀྲང་ཀང་སི། ལ་ཆིང་། ཨར་ཐེ། ཨིན་ཧྥོའུ་བཅས་བློན་ཆེན་བཞིའི་སྲོག་ཤོར་བ་དང་། མ་མཐའ་ཡང་ཆིང་དམག་ཁྲི་གསུམ་ལྷག་གཡུལ་སར་གྲོངས་ཡོད་པ་རེད།

ཆུ་ཆེན་དང་བཙན་ལྷའི་དམག་འཁྲུག་མཚོན་པའི་འདྲ་རིས།

ཚུར་ཕྱོགས་ནས་དམག་འཁྲུག་ཐེངས་གཉིས་ཀྱི་རིང་དུ་ཡུལ་དེའི་མི་དམངས་རྣམས་ཀྱི་མི་དངོས་རྒྱུ་གསུམ་གྱི་གྱོང་གུད་ཧ་ཅང་ཆེན་པོ་བྱུང་ཡོད་པ་ནི་སྨྲོས་མ་དགོས་ལ། ལོ་ངོ་སུམ་ཅུར་ཉེ་བའི་རིང་ཡུལ་མི་དེ་དག་གིས་ཕལ་ཆེར་སོས་དལ་བག་ཕེབས་ཀྱི་འཚོ་བའི་མཁའ་དབུགས་ཤིག་རྔུབ་མྱོང་མེད་པ་དང་། དེ་ལས་ཀྱང་རིག་གནས་དང་མི་རྒྱུད་ཀྱི་གྱོང་གུད་ཚབ་ཆེན་ཕོག་ཡོད་པ་རེད། གཡུལ་འཁྲུག་ཐེངས་གཉིས་བརྒྱུད་དེ་རྒྱལ་རོང་གི་མི་རྒྱུད་ཁག་ཅིག་རྩ་མེད་དུ་གྱུར་བ་དང་། གྲོང་སྡེ་མང་པོར་གཏན་སྡོད་མཁན་གྱི་མི་མེད་པར་ཆགས་ཏེ་ས་ཞིང་རྣམས་རི་རྒོད་དུ་ལུས་པས་ཆིང་སྲིད་གཞུང་གིས་ནང་ལོག་ནས་རྒྱ་རིགས་མང་པོ་གནས་འདིར་བཏང་སྟེ་ཞིང་ལས་སོགས་འཚོ་བའི་ལམ་ལུགས་གཉེར་དུ་བཅུག་པས་ས་ཕྱོགས་འདི་རྣམས་ལ་རྒྱ་རིགས་སམ་རྒྱ་བོད་འདྲེས་སྡོད་ཀྱི་ད་ལྟའི་རྣམ་པ་འདི་བྱུང་བ་ཡིན་ཞེས་ཞིབ་འཇུག་པ་དགེ་ལེགས་ཀྱིས་གསུངས་འདུག

༡༧༧༦ལོར་དམག་འཁྲུག་གི་ཕམ་ཁ་དེའི་རྗེས་ནས་ཕལ་ཆེར་ཡུལ་འདི་དག་ཏུ་ཆིང་སྲིད་གཞུང་གིས་ཐད་ཀར་སྟངས་འཛིན་བྱས་ཡོད་པར་མངོན། དེ་ལྟར་གོང་མ་ཆན་ལུང་གིས་ས་ཁུལ་ཆུང་ཆུང་ཞིག་གི་ཆེད་དུ་འདི་འདྲའི་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་ཕོན་ཆེན་ཞིག་གཏོང་དོན་ཐད་དུ་དེང་གི་རྒྱ་ནག་གི་མི་འགའ་ཧང་སང་མདོག་བྱེད་ཀྱི་ཡོད་པ་སྟེ། ཁོ་ཚོས་སྔ་ནས་རང་ཁོངས་སུ་བདག་པའི་ས་ཁུལ་ཞིག་ལ་དེ་འདྲའི་འགྲོ་སོང་ཆེན་པོ་ཞིག་བཏང་བ་ནི་ཆིང་གཞུང་གི་དམག་མིའི་ནུས་མེད་ཀྱི་རང་གཤིས་མངོན་པ་ཙམ་ལས་གྲུབ་འབྲས་གང་ཡང་ངོམས་རྒྱུ་མེད་ཅེས་ཧམ་བརྗོད་བྱེད་ཀྱི་ཡོད། ཡིན་ན་ཡང་དོན་ལ་ཆན་ལུང་གིས་འདི་འདྲའི་ལོ་ངོ་སུམ་ཅུ་མ་ཟིན་ཙམ་དུ་མཚམས་མ་ཆད་པར་པེ་ཅིང་ཕོ་བྲང་གི་བང་མཛོད་ནས་དངུལ་སྲང་མང་པོ་བཏོན་ཏེ་གཡུལ་འགྱེད་དྲག་པོ་བྱེད་དགོས་པའི་དམིགས་ཡུལ་ཉག་གཅིག་ནི། རིམ་བཞིན་བོད་ཀྱི་ཡུལ་ལུང་ཐམས་ཅད་མངའ་འོག་ཏུ་བཅུག་འདོད་པ་ཁོ་ན་སྟེ། དེའི་ཡར་སྔོན་གོང་མ་ཁང་ཤཱིའི་སྐབས་ནས་བོད་དབུས་སུ་༧གོང་ས་བདུན་པ་ཆེན་པོ་གདན་འདྲེན་ཞུ་ཁུལ་གྱིས་བོད་ཀྱི་སྲིད་དབང་ལ་ཐེ་གཏོགས་བྱེད་འགོ་་བརྩམས་ཤིང་། ཆབ་སྲིད་ཀྱི་མིག་རྒྱང་ཐུང་བའི་བོད་ཀྱི་དཔོན་བློན་འགས་ཀྱང་རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དུ་ཁོ་ཚོ་ལ་བསྟུན་ཅི་ཐུབ་བྱས། བོད་དབུས་ཀྱི་སྲིད་གཞུང་ཉམས་དམས་ཀྱི་གོ་སྐབས་འདི་དག་བེད་སྤྱད་དེ་མཐའ་མཚམས་ཀྱི་ས་ཁུལ་ནས་རིམ་བཞིན་བཙན་འཛུལ་དང་གཡོ་ཐབས་སྣ་ཚོགས་ཀྱིས་ལག་པ་བརྐྱངས་ཡོད་པ་ང་ཚོས་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་བྱས་ན་གསལ་པོར་རྟོགས་ཐུབ་བོ། །

རྒྱལ་རོང་ཕྱོགས་ཀྱི་མཁར་རྫོང་།

ཞོར་དུ་རྒྱལ་རོང་ཕྱོགས་སུ་སྐད་གྲགས་ལྡན་པའི་མཁར་རྫོང་བཙན་པོ་དུ་མ་ཞིག་ཡོད་པ་དེ་དག་གི་སྐོར་ངོ་སྤྲོད་ཙམ་ཞུས་ན། སྤྱིར་བོད་ཀྱི་མཁར་རྫོང་གི་ལོ་རྒྱུས་ཤིན་ཏུ་རིང་ཞིང་མཁར་རྫོང་ལ་རིགས་ཀྱང་དུ་མ་ཡོད་པ་བོད་ཀྱི་ས་ཁུལ་དུ་མ་ན་མཐོང་དུ་ཡོད། དཔེར་ན་བོད་རྒྱལ་གཉའ་ཁྲི་བཙན་པོའི་སྐབས་སུ་བཞེངས་པའི་ཡུམ་བུ་བླ་མཁར་ལྟ་བུ་ནི་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་མཁར་རྫོང་རྙིང་པ་རེད། དེ་བཞིན་བོད་ཀྱི་ས་ཁུལ་དུ་མ་ལ་གནའ་བོའི་མཁར་རྫོང་གི་ཤུལ་དང་ཉམས་གསོ་བྱས་པ་མང་པོ་མཐོང་དུ་ཡོད། འོན་ཀྱང་ངོ་མཚར་ཆེ་ཤོས་དང་བཟོ་བཀོད་བརྗིད་ཉམས་ཆེ་ཤོས། ཆེས་མང་ཤོས་ནི་རྒྱལ་རོང་གི་ས་ཁུལ་དག་ན་ཡོད་པ་འདི་དག་ཡིན་པར་མངོན། རྒྱལ་རོང་གི་ས་ཁུལ་ཁྱོན་ཡོངས་ལ་ད་ལྟ་དངོས་སུ་མཐོང་དུ་ཡོད་པ་མཁར་རྫོང་བདུན་བརྒྱ་ལྷག་ཡོད་པ་དང་། ད་དུང་ལོ་རྒྱུས་ཀྱི་དོན་རྐྱེན་སྣ་ཚོགས་ཀྱིས་དབང་གིས་ཉམས་ཞིག་ཏུ་སོང་ཟིན་པས་མ་གཏོགས་དེ་ལས་ཀྱང་རབ་ཏུ་མང་བ་ཡོད་སྐད། དེའི་སྐོར་དང་རྒྱལ་རོང་གི་རིག་གནས་ལོ་རྒྱུས་ཐད་དུ་ཞིབ་འཇུག་པ་དང་ཆེད་མཁས་པ་དགུང་ལོ་དགུ་བཅུ་ལྷག་ཟིན་པའི་བཙན་ལྷ་ངག་དབང་ལགས་ཀྱིས། ཁོང་ཆུང་དུས་རོང་བྲག་ཕྱོགས་སུ་བསྐྱོད་སྐབས་མཁར་རྫོང་ཤིན་ཏུ་མང་པོ་ཡོད་ཀྱང་ཕྱིས་སུ་འགྲོ་སྐབས་ཉུང་དུ་ཕྱིན་འདུག་ཅེས་གསུངས་པར་གཞིགས་ན། རིག་གསར་སོགས་ཀྱི་སྐབས་སུ་མཁར་རྫོང་མང་པོ་བཤིག་ཡོད་པར་སྙམ།

རྒྱལ་རོང་མཁར་རྫོང་ནི་རྒྱལ་རོང་གི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་ཐུན་མིན་ཞིག་ཡིན་ལ། མཁར་རྫོང་དེ་དག་ལ་རིགས་དང་དབྱིབས་མི་འདྲ་བ་སྣ་ཚོགས་ཡོད། མཁར་རྫོང་གི་ཟུར་མི་འདྲ་བ་ད་ལྟ་མཐོང་དུ་ཡོད་པ་དཔེར་ན། མཁར་ཟུར་གསུམ་ཅན་༡་དང་། ཟུར་བཞི་ཅན།(མང་) ལྔ་ཅན་༣། དྲུག་ཅན་༦ བརྒྱད་ཅན༡༧ བཅུ་གཉིས་ཅན་༡ བཅུ་གསུམ་ཅན་༡བཅས་ཡོད། ཟུར་མང་ཉུང་གི་ཁྱད་པར་ནི་མཁར་བཞེངས་མཁན་གྱི་ཐོབ་ཐང་མི་འདྲ་བའི་ཁྱད་པར་རེད། སྤྱིར་བཏང་མང་ཚོགས་ཀྱིས་ཟུར་བཞི་ཅན་གྱི་མཁར་བཞེངས་སྲོལ་ཡོད་པས་མཁར་མང་ཤོས་ནི་ཟུར་བཞི་ཅན་རེད། མཁར་འདི་དག་གི་མཚོན་དོན་གྱི་ཐད་ནས་ཀྱང་ཟུར་མང་ཉུང་གིས་ཞི་རྒྱས་དབང་དྲག་གི་ལས་མཚོན་པར་བཤད། ཡང་མཁར་རྫོང་ནི་གཡང་འགུག་ས་ཞིག་ཏུ་བརྩིས་ཏེ་ཁྱིམ་ཚང་རེར་བུ་རེ་སྐྱེས་པ་དང་དེའི་རྒྱུད་པ་འཛིན་ས་ཡིན་ཟེར་ནས་མཁར་བཙན་པོ་རེ་བཞེངས་སྲོལ་ཡང་ཡོདའདུག། མཁར་རྫོང་མང་ཤོས་ནི་རི་མཐོ་ས་དང་ས་བཙན་ས་ལ་ཡོད་པས་མཁར་རྫོང་འདི་དག་ཀྱང་གཙོ་བོ་དགྲ་བོ་འགོག་པའི་བཙན་རྫོང་དུ་བཞེངས་པ་ཐག་གིས་བཅད་ཆོག མཁར་འདི་དག་གི་ཁྱད་ཆོས་གཙོ་བོ་གཅིག་ནི་མཁར་གྱི་སྒོ་དེ་ཐོག་རྩེགས་གསུམ་བཞིའི་སྟེང་ན་མ་གཏོགས་འོག་ན་མེད། ཟས་སོགས་སྔོན་ནས་ནང་དུ་ཉར་ཚགས་བྱེད་པ་དང་། ཆུ་ཡང་མཁར་གྱི་ནང་དུ་ཁྲོམ་པ་བྲུས་ཏེ་ལེན་ཆོག་པར་བྱས་ཡོད། མན་ཇུ་དང་དམག་འཁྲུག་སྐབས་སུ་ལོ་རྒན་པ་ཁག་ལོ་ཕྱེད་དང་ཡང་ན་ལོ་གཅིག་ཙམ་གྱི་རིང་མཁར་གྱི་ཕྱི་རོལ་དུ་མ་བུད་པའི་ངག་རྒྱུན་ད་ལྟ་ཡང་ཡོད་སྐད་འདུག ཡང་རི་མགོ་སོགས་སུ་མཁར་བཞེངས་ཡོད་པས་དགྲ་སོགས་སླེབས་སྐབས་མཁར་རེ་རེ་ནས་དུ་བ་མཐོང་བ་དང་མཁར་གཞན་ཞིག་ལ་བརྡ་བརྒྱབ་ཏེ་ཕན་ཚུན་བརྡ་འཕྲོད་པར་བྱེད་ཀྱི་ཡོད་པ་རེད། མཁར་རྫོང་བཙན་པོ་འདི་དག་གིས་རྐྱེན་གྱིས་ཆིང་དམག་འབུམ་ཕྲག་མང་པོས་ལོ་མང་པོའི་རིང་རྒྱལ་རོང་ཕྱོགས་སུ་བཙན་འཛུལ་བྱེད་མ་ཐུབ་པ་མངོན། མཁར་རྫོང་གི་རིག་གནས་འདི་ད་དུང་ཡང་མ་ཉམས་པར་རྒྱལ་རོང་གི་ས་གནས་མང་པོ་ན་ད་དུང་མཁར་ལས་བཟོ་བསྐྲུན་འདི་དར་ཡོད་པར་འདུག་གོ །

པེ་ཅིང་གྲོང་འདབས་ཀྱི་རྒྱལ་རོང་བོད་སྡེ།

ཞོར་དུ་དམག་དོན་དེ་དང་འབྲེལ་ནས་རྒྱ་རོང་གི་མི་མང་པོ་ཞིག་དེང་སྐབས་རྒྱ་ནག་པེ་ཅིང་དུ་གཞིས་ཆགས་ཡོད་པའི་སྐོར་མདོར་བསྡུས་ཤིག་འདིར་བཀོད་ན། པེ་ཅིང་གྲོང་ཁྱེར་གྱི་ནུབ་ཕྱོགས་ཉེ་འདབས་ཀྱི་ཞང་ཧྲན་ལྷོ་རྒྱུད་དུ་གྲངས་ཉུང་མི་རིགས་ཀྱི་གྲོང་སྡེ་ཞིག་ཡོད་པའི་མིང་ལ་“ཧྥན་ཙི་གྲོང་སྡེ་”ཟེར། གྲོང་སྡེ་དེའི་མི་རྣམས་ཀྱི་ལོ་རྒྱུས་ཁ་གསལ་མ་རྙེད་པས་སྔོན་ཆད་དེའི་མི་རྣམས་མི་རིགས་གང་ཡིན་བཤད་སྐབས། ཁོ་ཚོ་ནི་མིའོ་རིགས(苗族)་ཡིན་ཞེས་བཤད། དོན་དངོས་སུ་གྲོང་སྡེ་དེའི་མི་རྣམས་ནི་མིའོ་རིགས་མ་ཡིན་ལ། མི་རིགས་གཞན་གང་ཡང་མིན་པར་བོད་རིགས་རྣལ་མ་རེད།

དེ་ཡང་ལོ་འགའི་སྔོན་དུ་ཀྲུང་གོའི་རྡོ་སོལ་གཏེར་ཁའི་རིག་རྩལ་ཚོགས་པའི་ཏེང་ཀོང་ཧུའེ་པེ་ཅིང་གྲོང་ཁྱེར་གྱི་ཉེ་འདབས་རྣམས་སུ་དམངས་གླུ་འཚོལ་སྡུད་བྱེད་དུ་ཕྱིན་སྐབས། ཧྥན་ཙི་གྲོང་སྡེ་ནས་བསྡུས་པའི་དམངས་གླུ་འགའ་ཞིག་ནི་གྲོང་སྡེ་དེའི་མི་རྒན་རྣམས་ཀྱིས་ཁོ་ཚོ་ལ་ཡང་ཆ་རྒྱུས་མེད་པའི་སྐད་ཀྱིས་གླུ་བླངས་པ་དང་དེའི་མཉམ་དུ་སྐོར་བྲོ་ཡང་འཁྲབ་སྲོལ་ཡོད་པ་དེ་འདྲ་ཞིག་ཡོད་འདུག ཁོ་ཚོས་དེ་དག་ནི་ཕ་མེས་ནས་རྒྱུད་ཡོང་བ་ཡིན་པ་ལས་གླུ་ཚིག་གི་ནང་དོན་སོགས་ངོས་འཛིན་བྱེད་མི་ཐུབ་ལ། མི་རིགས་སུའི་སྐད་ཡིན་མིན་ཡང་མི་ཤེས་ཟེར། དེ་ནས་ཏེང་ཀོང་ཧུའེ་ཡིས་སྒྲ་ཕབ་པ་དག་ཁྱེར་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མིའོ་རིགས་ཀྱི་དགེ་སློབ་རྣམས་ལ་གླུ་ཚིག་དག་བསྒྱུར་དུ་བཅུག འོན་ཀྱང་ཁོ་ཚོས་གླུ་ཚིག་ནང་དོན་མ་གོ་བ་རེད། དེའི་རྗེས་སུ་ཁོས་ལྷོ་ནུབ་མི་རིགས་ལྷོ་ཆེན་ནས་བོད་རིགས་དགེ་རྒན་བཙན་ལྷ་ངག་དབང་ལ་གླུ་ཚིག་དེ་མི་རིགས་གང་གི་སྐད་ཡིན་པ་ངོས་འཛིན་བྱེད་དུ་བཅུག་པས། མཐར་རྒན་ངག་དབང་ལགས་ཀྱིས་གླུ་ཚིག་དེ་རྒྱལ་རོང་གི་སྐད་ཡིན་པ་ངོས་འཛིན་བྱེད་ཐུབ་འདུག མ་ཟད་ལོ་ཉིས་བརྒྱ་ལྷག་གི་སྔོན་ནས་ཆུ་ཆེན་དང་བཙན་ལྷའི་ཕྱོགས་ནས་ལེན་མྱོང་བའི་གླུ་ཡིན་པ་ཡང་ངོས་འཛིན་བྱས་འདུག དེའི་ནང་གི་གླུ་གཞས་<<ཕ་ཡུལ་དྲན་གླུ་>>ཞེས་པའི་གླུ་ཚིག་གི་ནང་དོན་ནི། “ང་ཚོ་འགྲོ་རུ་ཆུག ང་ཚོ་ཆུ་ཆེན་གྱི་བོད་པ་ཡིན། འགྲོ་ཡ་འགྲོ་ཡ། ང་ཚོ་ཉིན་མཚན་ཀུན་ཏུ་དྲན་པའི་ས་ཆར་འགྲོ་”ཞེས་སོགས་ཀྱི་དོན་ཡིན་འདུག ད་དུང་ཏེང་ཀོང་ཧུའེ་ཡིས་ཧྥན་ཙི་གྲོང་སྡེ་ནས་བོད་ཡིག་བཀོད་པའི་རྡོ་རིང་ཁ་ཤས་ཀྱང་རྙེད་ཡོད་འདུག

དོན་ལ་ཧྥན་ཙི་གྲོང་སྡེའི་མི་རྣམས་ནི་ལོ་ཉིས་བརྒྱ་ལྷག་གི་སྔོན་དུ་ཆན་ལུང་གོང་མའི་དུས་སུ་ཆུ་ཆེན་བཙན་ལྷའི་དམག་འཁྲུག་གི་རྗེས་ནས་ཆུ་ཆེན་དང་བཙན་ལྷའི་ཕྱོགས་ཀྱི་བཟུང་བཙོན་པ་རྣམས་རེད་འདུག ཆན་ལུང་ཁྲི་ལོ་ཞེ་གཅིག་པར་༡༧༧༦ལོར་ཆུ་ཆེན་རྩ་བ་ནས་ཕམ་རྗེས། ཆིང་དམག་གིས་ཆུ་ཆེན་གྱི་མི་ཉིས་སྟོང་ཙམ་པེ་ཅིང་དུ་འཛིན་སྐྱེལ་བྱས་ནས་མང་ཤོས་དེར་བསད་པ་དང་། གླུ་གཞས་དང་ཞབས་བྲོ་ལ་མཁས་པའི་མི་ཉིས་བརྒྱ་ཙམ་ཞང་ཧྲན་ལ་བསྐྱལ་ནས་གནས་སྡོད་བྱེད་དུ་བཅུག གོང་མའི་ཕོ་བྲང་དུ་རྟེན་འབྲེལ་གྱི་མཛད་སྒོ་སོགས་ཀྱི་སྐབས་སུ་གླུ་དང་ཞབས་བྲོ་རྩེ་རུ་བཅུག དེ་ནས་བཟུང་མི་དེ་རྣམས་པེ་ཅིང་གྲོང་ཁྱེར་གྱི་ཉེ་འདབས་ཞང་ཧྲན་ལ་བསྡད་ནས་ཁོ་ཚོའི་གྲོང་སྡེ་ལ་ཧྥན་ཙི་གྲོང་སྡེ་ཞེས་མིང་བཏགས་པ་རེད་འདུག། ཁོ་ཚོ་ལ་མི་རྣམས་ཀྱིས་བཙན་ལྷ་དང་ཆུ་ཆེན་ཕྱོགས་ཀྱི་བཟུང་དམག་དང་ངོ་ལོག་པ་སོགས་ཀྱི་མཚང་མིང་གྱི་འབོད་སྲོལ་ཡོད་པ་དང། གཞན་ཡང་དེའི་ཕྱོགས་ཀྱི་མི་ཡིན་པར་ཤེས་ན་གཞན་གྱི་བརྙས་བཅོས་ཚོད་མེད་མྱོང་དགོས་པས། ཆན་ལུང་གོང་མ་གྲོང་རྗེས་ཁོ་ཚོས་མི་རབས་རྗེས་མ་རྣམས་ལ་མཐོང་ཆུང་དང་བརྙས་བཅོས་མི་ཐེབས་པའི་ཆེད་ཁོ་ཚོ་མིའོ་རིགས་ཀྱི་མི་ཡིན་པར་བརྫུས་ནས་བསྡད། མི་རབས་རྗེས་མ་རྣམས་ཀྱིས་ཀྱང་ཁོ་ཚོ་ནི་མིའོ་རིགས་ཡིན་པར་ངོས་འཛིན་བྱས་ཏེ་ཉེ་སྔོན་གྱི་བར་ཁོ་ཚོ་བོད་རིགས་རྣལ་མ་ཡིན་པ་ངོས་མ་ཟིན་པ་རེད་འདུག།(ཧྥན་ཙི་གྲོང་སྡེའི་སྐོར་འདི་དག་<<རྒྱལ་རོང་ཞིབ་འཇུག་དཔྱད་ཡིག་ཕྱོགས་བསྒྲིགས་>>ཞེས་པ་ལས་བཏུས་སོ།།)

ཞབས་མཆན། 

[1]ཆན་ལུང་གོང་མའི་རྒྱལ་ཁ་ཆེན་པོ་བཅུ་ཞེས་པ་རྒྱ་ཡིག་གི་རྒྱུ་ཆ་དག་ལས་ཆན་ལུང་རང་ཉིད་ཀྱིས་བྲིས་པའི་《十全记》ཞེས་པ་གཞིར་བཞག་སྟེ་བཤམ་གསལ་ལྟར་འཁོད་ཡོད།十全武功是清乾隆时期的十次军事行动,为乾隆皇帝自我夸耀之词。所谓的“十全武功”,按照乾隆自己说的是:“十功者,平准噶尔二,定回部一,打金川为二,靖台湾为一,降缅甸、安南各一,即今之受廓尔喀降,合为十。” [1-2]

实际只有九次,事实上,廓尔喀战役也有两次。细分的话,应该是:1747至1749年的大小金川之战、1755年的平定准噶尔达瓦齐部之战、1755至1757年的平定准噶尔阿穆尔撒纳之战、1758年的平定南疆大小和卓叛乱、1762至1769年的清缅战争、1771至1776年再平大小金川、1786至1788年平定台湾林爽文叛乱、1788至1789年的安南之役、1790至1792年两次征战廓尔喀。乾隆后期,八十二岁的乾隆皇帝在乾隆五十七年十月初三亲自撰写了《十全记》,记述他一生的“十全武功”,史称《御制十全记》。乾隆帝并因此自称“十全老人”。 并创造了十全县。

[2] <<གོང་མ་ཆན་ལུང་གི་སྐབས་སུ་རྒྱལ་རོང་ཆུ་ཆེན་ཕྱོགས་སུ་གཡུལ་འཁྲུག་ཐེངས་གཉིས་བྱུང་བའི་ལོ་རྒྱུས་རྒྱབ་ལྗོངས་ལ་དཔྱད་པ།>> རིན་ཆེན་ལྷ་མོ།

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།