བོད་ཀྱི་མིང་བརྡའི་འཕེལ་རིམ་ཁྲོད་དུ་འུ་ཅག་གི་མཁས་པ་སྔ་ཕྱི་རིམ་པས་སྔོན་གྱི་བརྡ་དང་ཐ་སྙད་མང་བོ་ཞིག་གི་ཡིག་ཐོབ་ལ་ཡིག་ཟོར་ཡངས་པར་དགོངས་ཏེ། སྐབས་ཐོབ་ངེས་ཅན་དུ་འཕུལ་རྟེན་འདོར་ལེན་གནང་བ་དག་ལས་ཕྱིས་སུ་ང་ཚོར་ད་ལྟའི་”གདམ་ང་ཅན་”དང་”འབྲི་ཚུལ་གཞན་”ཞེས་པ་འདི་དག་བྱུང་བ་ཡིན་པར་འདོད། རྒྱུ་མཚན་དེའི་ཕྱིར། སྐབས་ཀྱི་གླེང་བྱ་ལོ་གསར་དང་ལོ་སར་ཞེས་པའི་འཕུལ་བྱེད་ཡོད་མེད་ཀྱི་འབྲི་ཚུལ་འདི་གཉིས་ཀྱང་ཅིག་ཤོས་དག་ལ་ཅིག་ཤོས་མི་དག་པའི་ཤན་འབྱེད་མི་ཐུབ་པར་གདམ་ང་ཅན་གྱི་འབྲི་ཚུལ་ཞིག་ཏུ་ངོས་གཟུང་ཆོག་པར་སྙམ་པས། གཤམ་དུ་དེ་འབྲེལ་གྱི་གླེང་མོལ་ཐུང་ངུ་ཞིག་ལ་གཞུག་པར་བྱ།
དང་བོ། ལོ་གསར་དང་ལོ་སར་གཉིས་གདམ་ང་ཅན་དུ་བྲི་ཆོག་པའི་སྒྲུབ་བྱེད་བསྟན་པ།
ཚུལ་འདིར་མཁས་པའི་དབང་བོ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོས། རྟགས་མཐའ་འདྲེན་ཚུལ་སོགས་ཀྱི་དབང་གིས་ཚིག་སྡུད་སོགས་ཀྱི་སྐབས་སུ་སྔོན་འཇུག་དབྱི་བ་ཡོད་པའི་དཔེར། ལོ་གསར་བ་དང་གོས་གསར་བ་ལ་རིམ་བཞིན་ལོ་སར་དང་གོས་སར་ཞེས་བཀོད་ཡོད་[1] པ་དེ་ལྟར་ན། ལོ་སར་ཞེས་པ་ནི་ལོ་གསར་བ་ཞེས་པའི་ཚིག་སྡུད་ཡིན་པ་གང་ཞིག་ལ། རྟགས་མཐའ་འདྲེན་ཚུལ་གྱི་དབང་གིས་སྔོན་འཇུག་ག་ཡིག་ཕྱིས་པར་ངོས་གཟུང་དགོས་པ་ཡིན། བཞེད་ཕྱོགས་དེ་ལྟར་ན། ལོ་གསར་བ་ཞེས་པའི་ཚིག་སྡུད་སྐབས་ལོ་སར་ཞེས་བྲིས་པ་ནི་དོན་ལ་གནས་ཤིང་དག་པར་མཐོང་།
ཡིན་ནའང་། ང་ཚོས་ད་དུང་དེ་ལས་ཀྱང་ཆེས་སྔ་བའི་སྔོན་བྱོན་མཁས་པའི་གསུང་ཁག་ཏུ་མཇལ་ན། མིང་གང་གི་ཚིག་གྲོགས་སུ་སྦྱར་ཡོད་མེད་ལ་མ་ལྟོས་པར་སྤྱིར་གསར་བ་དང་སར་བ་གཉིས་གདམ་ང་ལྟ་བུར་བྲིས་པ་མང་དུ་སྣང་སྟེ། དཔེར་ན། ས་ཆེན་ཀུན་དགའ་སྙིང་པོས་(༡༠༩༢-༡༡༥༨)མཛད་པའི་བདེ་མཆོག་རྩ་རྒྱུད་ཀྱི་ཊཱིཀ་ལས། “དཀྱིལ་འཁོར་བསྒྲུབས་ནས་དཀྱིལ་འཁོར་དེའི་འགྲམ་དུ་རོ་སར་བ་མཚན་དང་ལྡན་པ་ཅིག་གཞག་ལ། སྐར་མ་རྒྱལ་ལ་བབ་པ་ན་བདག་གི་སྙིང་ག་ནས་ཡི་གེ་ཧཱུྃ་གཅིག་བཏོན་ཏེ་རོའི་སྙིང་གར་སྤྲོས་ལ།”[2]ཞེས་དང་། ཡང་རབ་བྱུང་བཅུ་གཉིས་པའི་ནང་མཛད་ཅིང་ཀུན་གྱིས་ཚད་ཐུབ་ཏུ་བགྲང་བའི་དག་ཡིག་མཁས་པ་དགའ་སྐྱེད་དུའང་། སར་བ་ལྟ་བུར་གང་ཡང་རུང་།།ཞེས་གསར་བ་དང་སར་བ་གཉིས་གང་བྲིས་ཀྱང་རུང་བར་བཞེད་ལ།[3] དེ་བཞིན་དུ་སི་ཏུ་པཎ་ཆེན་(༡༦༩༩-༡༧༧༤)གྱིས་ཀྱང་། རྩེ་ཞོལ་དང་། སྣར་ཐང་གི་བཀའ་བསྟན་པར་མར་གསར་ཞེས་བྲིས་པ་ལ་ཁོང་གིས་ཞུ་དག་གནང་བའི་སྡེ་དགེའི་བཀའ་འགྱུར་དུ་སར་ཞེས་བྲིས་པ་མང་དུ་མཆིས་ཏེ། ཚུལ་འདི་བཀའ་བསྟན་དཔེ་བསྡུར་མའི་འདུལ་བ་ཕྲན་ཚེགས་ཀྱི་གཞི་སྟེ། འདུལ་བ་པོད་ཐ་པའི་བསྡུར་མཆན་དུའང་། “པོད་འདིའི་ནང་དུ་སར་པ་ཞེས་པ་རྣམས་ཞོལ་ལ་གསར་པ་དང་། སྣར་ལ་སྐབས་འགར་གསར་པ་ཞེས་འཁོད་ཀྱང་གཤམ་དུ་བསྡུར་མཆན་དུ་བཀོད་མེད་”[4]ཅེས་གསལ་བཤད་བྱས་ཡོད་པ་དེས་མཚོན་ཐུབ།
དེ་ལྟར་བཀའ་བསྟན་གྱིས་མཚོན་པའི་སྔོན་གྱི་གླེགས་བམ་ཁག་ཏུ། གསར་དང་སར་གཉིས་སྐབས་དུ་མར་ཁྱད་མེད་དུ་བྲིས་ཡོད་པར་བརྟེན། ཕྱིས་ཀྱི་མཁས་པའི་དབང་པོ་ཅོ་ནེ་གྲགས་པ་བཤད་སྒྲུབ་(༡༦༧༥-༡༧༤༩)དང་། ཨ་ལག་ཤ་བསྟན་དར་ལྷ་རམས་པ་(༡༧༥༩-?)གཉིས་ཀྱིས་ཀྱང་། རང་རང་གི་དག་ཡིག་ཏུ། སར་བ་ལྟ་བུར་གང་ཡང་རུང་།།[5] ཞེས་པ་དང་། གསར་བ་སར་བ་གང་ཡང་རུང་།།[6] ཞེས་གསར་དང་སར་གཉིས་གདམ་ང་ཅན་གྱི་འབྲི་ཚུལ་དུ་གསུངས་ཡོད་ལ། ཚུལ་དེ་དག་ལ་གཞིགས་ཏེ་ཀུན་ལ་ཆ་རྒྱུས་ཡོད་པའི་བོད་རྒྱ་ཚིག་མཛོད་དང་། དག་ཡིག་གསར་བསྒྲིགས་བཅས་སུའང་། སར་བ་ནི་གསར་བའི་འབྲི་ཚུལ་གཞན་ཡིན་པར་འགྲེལ་དགོས་བྱུང་ཡོད་དོ།།
གཉིས་པ། ཚིག་གྲོགས་ཀྱི་དབང་གིས་སྔོན་འཇུག་ཕྱིས་པའི་དཔེ་མཚོན་གཞན་ཡོད་པར་བསྟན་པ།
ཚིག་གྲོགས་སམ་རྟགས་མཐའ་འདྲེན་ཚུལ་སོགས་ཀྱི་དབང་གིས་སྔོན་འཇུག་དབྱི་བར་བྱ་བ་ནི་གསར་དང་སར་གཉིས་གཅིག་པོའི་སྟེང་ནས་ཨུ་ཚུགས་བྱ་དགོས་པ་ཞིག་ནི་མ་ཡིན་ཏེ། བཅུ་ཞེས་པར་མཐའ་རྟེན་ཅན་གྱི་ཚིག་གྲོགས་གཞན་འབྱུང་ཚེ་སུམ་ཅུ་དང་། དྲུག་ཅུ། བདུན་ཅུ། བརྒྱད་ཅུ་ཞེས་པ་དང་། གཉིས་དང་གསུམ་གྱི་ཚིག་གྲོགས་སུའང་བརྒྱ་དང་སྟོང་ཞེས་སྦྱར་ཚེ་ཚིག་གྲོགས་སྔ་མའི་གས་འཕུལ་ཕྱིས་ཏེ་ཉིས་བརྒྱ་དང་སུམ་བརྒྱ་ཞེས་འབྱུང་བ་ལྟ་བུ་དང་། དེ་མིན་མདོག་ཅེས་པ་ཚིག་གྲོགས་ཁ་དང་འཕྲད་ཚེ་ཁ་དོག་ཅེས་མས་འཕུལ་དབྱི་བ་དང་། དེ་བཞིན་དུ། གསེང་།-གུང་སེང་། བསངས།-སྔོ་སངས། གཟུག-ན་ཟུག བརྒྱུས།-ལོ་རྒྱུས། བརླབས།-བྱིན་རླབས། བཏོན།-ཁ་ཏོན། ལྟ་བུ་དང་། ཡང་གནམ་ཞེས་པ་མཁའ་དང་ཟླ་ལ་འཕྲད་ཚེ་རིམ་བཞིན་ནམ་མཁའ་དང་ནམ་ཟླ་ཞེས་པ་ལྟ་བུ་སོགས་ད་དུང་འདི་དང་རིགས་འདྲ་བ་མང་དུ་མཆིས་པར་སྙམ།
དེ་ལྟར་བསམས་ཚེ། ང་ཚོས་རྒྱུན་དུ་འབྲི་ཚུལ་གདམ་ང་ཅན་དུ་སྤྱད་དང་སྤྱོད་ཀྱིན་པའི་ཕྲེང་དང་འཕྲེང་། གཟེགས་དང་ཟེགས་ཞེས་པར་ཡང་། འཕྲེང་བ་དང་གཟེགས་མ་ཞེས་པའི་སྐབས་སྔོན་འཇུག་ཅན་གྱི་འབྲི་ཚུལ་དེ་དང་། དམིགས་བསལ་ཚིག་སྡུད་ཀྱི་སྐབས་སུ། གསེར་གྱི་འཕྲེང་བ་ལ་གསེར་ཕྲེང་དང་། རྡོ་ཡི་གཟེགས་མ་ལ་རྡོ་ཟེགས་ཞེས་སྔོན་འཇུག་མེད་པའི་འབྲི་ཚུལ་དེ་བཞིན་འདི་ལྟར་གཅིག་གྱུར་དུ་སྤྱད་ན་ལེགས་པར་འདོད་པ་ནི་འདིའི་ཞར་བྱུང་དུ་ཐལ་བའི་རྨོངས་ཚུལ་ཙམ་མོ།།
གསུམ་པ། སར་ཞེས་པ་བྱ་ཚིག་ཡིན་མིན་ལ་བསྐྱར་དུ་དོགས་འཆར་སློང་བ།
ལོ་འགའི་གོང་ལ་ཁོ་བོས་དྲ་གྲོགས་ཤིག་གི་དྲི་ལན་དུ། “ལོ་སར་དང་མ་སར་ཞེས་པའི་སྐད་ཆའི་འགྲོས་ལ་དཔག་ན་སྐབས་འདིར་སར་ཞེས་པ་ཚེས་དང་དོན་གཅིག་སྟེ། ལོ་མ་སར་སྔོན་ལ་ཞེས་ཚེ་ལོ་གསར་བ་མ་ཚེས་སྔོན་ལ་ཞེས་པའི་དོན་ཉིད་ལས་མ་འདས་པས། སར་ཞེས་པ་འདི་ཚེས་དང་དོན་གཅིག་པའི་བྱ་ཚིག་ཅིག་ཏུ་འདོད་”[7] པའི་དོགས་འཆར་ཞིག་གླེང་ཡོད་ཀྱང་། དེ་ནི་སྐབས་དེའི་དོགས་འཆར་ཙམ་པོ་ལས་བྱ་ཚིག་ཏུ་བསྟན་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་གང་ཡང་མེད། ཡིན་ཡང་། འུ་ཚོའི་སྐད་ཆའི་འགྲོས་ཀྱི་སར་ཞེས་པའི་བརྡ་འདི་སྤྱོད་ཚུལ་ལ་བསམས་ན། ད་དུང་ཡང་བྱ་ཚིག་ཅིག་ཡིན་པའི་དོགས་པ་སྔར་བཞིན་འཆར་ལ། དེའང་ངོ་བོའི་ཆ་ནས་བྱེད་མེད་ལས་ཚིག་དང་། རྣམ་པའི་ཆ་ནས་དུས་གསུམ་གཟུགས་མི་འགྱུར་བའི་བྱ་ཚིག་ཏུ་འདོད། དཔེར་ན། ཚེས་དང་ཤར་ལྟ་བུ་སྟེ། ལོ་སར། ཟླ་བ་ཚེས། ཉི་མ་ཤར། ཞེས་པ་ལྟ་བུའོ།།
མདོར་ན། ལོ་སར་དང་ལོ་་་་་སར་བའམ་ལོ་་་་སར་ཞེས་པ་གཉིས་སོ་སོར་ཚིག་གི་གཅོད་མཚམས་མི་འདྲ་བ་བཞིན་དུ་གོ་བའང་མི་འདྲ་སྟེ། དབུས་བཟའ་མཁའ་འགྲོའམ་ཀུན་བཟང་བདེ་སྐྱོང་དབང་མོའི་(༡༨༨༠-༡༩༢༩)རང་རྣམ་དུ། “ད་ལོ་སར་བ་ལ་ཟླ་བ་གཅིག་ལས་མེད་པས། ལོ་སར་ན་རང་ལོ་བཅུ་དྲུག་ལ་ཐོན་པ་ཡིན་པས།”[8] ཞེས་དང་། “དེ་ནས་རང་ལོ་བཅོ་ལྔའི་དུས་ལོ་སར་རན་བྱུང་བས། དཔོན་མོ་དང་ཡུལ་མི་རྣམས་ཀྱིས་ང་རང་ཕར་འོང་དགོས་ཟེར།”[9] ཞེས་པའི་བརྗོད་པ་དུམ་བུ་འདི་གཉིས་ལས་སྔ་མ་སར་ཞེས་པར་བྱ་ཚིག་གི་གོ་བ་གསལ་ལ། ཕྱི་མའི་ལོ་སར་ཞེས་པ་ལོ་གསར་བ་ཞེས་པའི་ཚིག་སྡུད་ཀྱི་མིང་རང་དུ་གོ་དགོས་པ་ལྟ་བུས་མཚོན་པར་སྙམ།
དེ་ལྟར་ནའང་། འདིར་ད་དུང་སྐད་ཆའི་བརྗོད་པ་གཞན་ཁ་ཤས་ཤིག་གི་སྟེང་ནས་བསམས་ཚེ། སར་ཞེས་པ་འདི་བྱེད་འབྲེལ་ལས་ཚིག་ཅིག་ཏུའང་འདོད་ཆོག་པར་སྙམ་སྟེ། དཔེར་ན། ད་ལོར་འབྲས་སྤུངས་ན་ལོ་སར་གྱིན་ཡོད། སང་ལོར་ལྷ་ས་རུ་ལོ་སར་རྒྱུ་ཡིན། ན་ནིང་མངའ་རིས་ནས་ལོ་སར་པ་ཡིན། ཞེས་པ་དང་། གཞན་ལོ་མ་སར། ལོ་མི་སར། ཞེས་བྱུང་ཟིན་བཀག་པ་དང་། འབྱུང་འགྱུར་འགོག་པའི་དགག་སྒྲ་སྦྱར་ཆོག་ལ། དེ་བཞིན་ལོ་མ་སར་ཞེས་པར་དགག་སྒྲའི་སྐུལ་ཚིག་གི་གོ་བའང་འཆར་བས་ན། སར་ཞེས་པ་འདི་རོལ་ཞེས་པ་དང་འདྲ་བའི་བྱེད་འབྲེལ་ལས་ཚིག་གི་བྱ་ཚིག་ཅིག་ཏུའང་གོ་བ་ལེན་ཆོག་པར་སྙམ་པས་དཔྱད་པར་འཚལ།
བཞི་བ། མཇུག་བསྡུ་བ།
ཉིན་འདི་ཚོར་དྲ་གྲོགས་འགའ་རེས་ལོ་གསར་དང་ལོ་སར་གཉིས་གང་ཞིག་བྲིས་ན་འགྲིག་མིན་གྱི་དོགས་འདྲི་གནང་ཞིང་། དྲ་ཐོག་ཏུའང་འདིའི་སྐོར་ནས་རྩོད་པ་ཉི་ཚེ་བ་རེ་བྱེད་ཀྱིན་པ་མཐོང་འཕྲལ། གུང་གསེང་གི་དུས་ཚོད་ཉུང་ཙམ་སྤྱད་དེ་འདིའི་སྐོར་ནས་དོགས་འདྲི་གནང་མཁན་གྱི་དྲ་གྲོགས་ཚོར་བག་ཙམ་ཕན་པར་སྙམ་སྟེ་འདི་ལྟར་ཡིག་རིས་སུ་ཕབ་པ་ཡིན་ལ། དེའང་གསར་དང་གསར་བའི་འབྲི་ཚུལ་གཞན་ལ། སར་དང་སར་བ་ཞེས་བྲིས་ཡོད་པའི་ཁུངས་འགའ་རེ་བསྟན་པ་ཙམ་ལས། སར་དང་སར་བ་ཞེས་པ་རྣམ་པ་ཀུན་ཏུ་གསར་དང་གསར་བའི་དོན་ཅན་དུ་གོ་དགོས་པར་གླེང་བ་གཏན་ནས་མིན།
ཡང་སར་བ་ཞེས་པ་ཚིག་གྲོགས་གཅིག་པོར་བསམས་ཏེ་གསར་བའི་དོན་ཅན་དུ་གོ་ནའང་མི་རུང་བར་འདྲ་སྟེ། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས། “ཐིག་སྐུད་སར་བ་ཞེས་པའི་སར་པའི་སྐད་དོད་ན་བ་ཞེས་པ་དགུ་ཞེས་པ་ལ་འགྲོ་བས་སྒྲུབ་པ་པོའི་ཕུང་པོ་ལྔ་དང་ཁམས་བཞི་སྟེ་དགུ་པོ་འོད་གསལ་དུ་བསྡུས་ནས་འོད་གསལ་གྱི་ཡེ་ཤེས་དང་ངོ་བོ་གཅིག་ཏུ་གྱུར་པ་ནི་ལེགས་པར་བཀལ་བའི་དོན་ནོ། །”[10] ཞེས་གསུངས་པའི་ཚིག་ཟུར་གྱི་ཐིག་སྐུད་སར་བ་ཞེས་པ་ནི་ཐིག་སྐུད་གསར་བའི་དོན་མ་ཡིན་པ་ལྟ་བུས་མཚོན་ནོ།།
དཔྱད་ཡིག
[1] དམུ་དགེ་བསམ་གཏན་རྒྱ་མཚོས་མཛད། <<བརྡ་སྤྲོད་བློ་གསལ་དགའ་སྟོན།>> (ཟི་ལིང་།)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༡༩༩༧ ཟླ་བཞི་བ། དཔར་ཐེངས་དང་པོ། ཤོག་ངོས།(P.78) ན་གསལ།
[2] ས་ཆེན་ཀུན་དགའ་སྙིང་པོས་མཛད། <<དཔལ་འཁོར་ལོ་བདེ་མཆོག་གི་རྩ་བའི་རྒྱུད་ཀྱི་ཊཱིཀ་མུ་ཏིག་ཕྲེང་བ།>>ཞེས་བྱ་བ། [G]<<ས་སྐྱའི་བཀའ་འབུམ།>>(པོད་ཁ་པ།) <<བརྩེ་ཆེན་ཀུན་དགའ་སྙིང་བོའི་གླེགས་བམ་གཉིས་པ།>> ༢༠༠༨ ལོར་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གྲྭ་གུ་རུས་བལ་ཡུལ་དུ་དཔར་སྐྲུན་བྱས། ལྕགས་པར་དཔེ་རིང་། ལྡེབ་ངོས། 464 ཐིག་ཕྲེང་གསུམ་པ་ནས་གསལ།
[3] དབྱངས་ཅན་རོལ་བའི་འོ་མཚོས་མཛད། <<དག་ཡིག་མཁས་པ་དགའ་སྐྱེད།>>[G]<<དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ།>> (ཟི་ལིང་།)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༢ པ། དཔར་ཐེངས་གསུམ་པ། ཤོག་ངོས།(P.429) ན་གསལ།
[4] བཀའ་འགྱུར་དཔེ་བསྡུར་མ། ༼དེབ་བཅུ་པ།༽ འདུལ་བ། པོད་ཐ་པ། (པེ་ཅིང་།)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༠༦ ཟླ་ལྔ་བ། དཔར་ཐེངས་དང་པོ། ཤོག་ངོས། (P.762) ན་གསལ།
[5] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད། <<དག་ཡིག་ཚིག་གསལ་སྒྲོན་མེ།>> [G]<<ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།>> (པོད་ལྔ་པ།) (པེ་ཅིང་།)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༠༩ ཟླ་དགུ་བ། དཔར་ཐེངས་དང་བོ། ཤོག་ངོས།(P.289) ན་གསལ།
[6] ཨ་ལག་ཤ་བསྟན་དར་ལྷ་རམས་པས་མཛད། <<དག་ཡིག་གཅེས་བསྡུས་འཁྲུལ་སྤོང་སྐྱ་རེངས་གསར་བ།>>[G]<<དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ།>> (ཟི་ལིང་།)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༢ པ། དཔར་ཐེངས་གསུམ་པ། ཤོག་ངོས།(P.484) ན་གསལ།
[7] ཤིས་ཚང་མཁྱེན་རབ་རྒྱ་མཚོས་བརྩམས། [M]<<བརྡ་སྤྲོད་དོན་གནད་གསེད་བཀྲོལ།>> [ལན་གྲུ།]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༡༤ ཟླ་བདུན་པ། དཔར་ཐེངས་དང་བོ། ཤོག་ངོས།(P.138)
[8] [G]<<དབུས་བཟའ་མཁའ་འགྲོའི་གསུང་འབུམ།>> པོད་དང་པོ། (མགོ་ལོག་དཔེ་རྙིང་དཔེ་ཚོགས།) [ཁྲི་འདུ།]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༠༩ ཟླ་དང་པོ། དཔར་ཐེངས་དང་བོ། ཤོག་ངོས།(P.90) ན་གསལ།
[9] གོང་མཚུངས། ཤོག་ངོས།(P.80) ན་གསལ།
[10] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད། << འདུས་པའི་རྩ་རྒྱུད་ཀྱི་ཊིཀྐ་རྒྱ་མཚོའི་ཆ་ཤས་འཇུག་ངོགས་བདེ་བའི་ལམ་བཟང་སྙིང་པོ་བསྡུས་པའི་ཆུ་ཀླུང་བློ་གསལ་གདུང་བ་འཕྲོག་བྱེད་>>ཅེས་བྱ་བ། [G]<<ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།>> (པོད་དྲུག་པ།) (པེ་ཅིང་།)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༠༩ ཟླ་དགུ་བ། དཔར་ཐེངས་དང་བོ།
– – – – –
ལོ་གསར་དང་ལོ་སར་གཉིས་གདམ་ང་བྱ་རུང་མིན་ལ་བསྐྱར་དུ་དཔྱད་པ།
“ལོ་སར་དང་ལོ་གསར་ཞེས་པའི་ཡིག་ཐོབ་ལས་ཅུང་ཟད་འཕྲོས་པ་”ཞེས་པའི་ལྷན་ཐབས།
ཀླད་ཀྱི་གཏམ།
ཉིན་འགའི་གོང་ལ་མཁྱེན་ཡངས་དྲ་གྲོགས་འགའ་རེའི་དོགས་འདྲི་དང་འབྲེལ་ཏེ། ཁོ་བོས་ལོ་གསར་དང་ལོ་སར་ཞེས་པའི་ཡིག་ཐོབ་ཀྱི་སྐོར་ནས་འཕྲལ་མར་རྩོམ་ཡིག་ཅིག་བྲིས་ཏེ་དྲ་ལམ་དུ་སྤེལ་བ་ན། དཔྱོད་ལྡན་དུ་མས་བསྔགས་བརྗོད་དང་། དགོངས་ཚུལ་ལྷུག་པོར་གསུངས་པར་མ་ཟད། དྲ་གྲོགས་དུ་མས་གཅིག་ལས་གཅིག་བརྒྱུད་དེ་དུས་ཐུང་ནང་དུ་རྩོམ་གྱི་བཀླགས་གྲངས་མང་དུ་འཕེལ་བྱུང་། ཚུལ་དེས་བཀླགས་གྲངས་ཇི་བཞིན་རྩོམ་ཡིག་དེ་ཡོངས་སུ་བཀླགས་ཡོད་མེད་ནི་ཐེ་ཚོམ་གྱི་ཡུལ་དུ་ཆེ་མོད། འོན་ཀྱང་། རྩོམ་ཡིག་དེར་དོ་སྣང་བྱེད་མཁན་ཅི་ཙམ་མང་བ་ནི་སྔ་ཕྱིའི་བཀླགས་གྲངས་ཁོ་ནས་ཆ་འཇོག་བྱ་ཐུབ།
སྐབས་དེར་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་དགོན་སངས་བདག་རྡོ་རྗེ་ལགས་ཀྱི་གསུང་གླེང་དུམ་བུ་ཞིག་ཀྱང་ཁོ་བོའི་རྩོམ་ཡིག་དེ་དང་ལྷན་དུ་སྦྱར་ཏེ་དྲ་ལམ་དུ་སྤེལ་དང་སྤེལ་གྱིན་པ་མཐོང་བ་ན། རང་གི་རྩོམ་ཡིག་དེ་རང་གིས་ཀྱང་བསྐྱར་དུ་ཞིབ་ལྟ་ཐེངས་ཤིག་བྱ་དགོས་བྱུང་ལ། དེར་ད་དུང་ཁ་ཇེ་གསལ་དང་། དགོས་ངེས་ཀྱི་ཆད་གསབ་ཁ་སྐོང་བྱ་དགོས་པ་མང་བོ་ཞིག་ཀྱང་ཞོར་དུ་མཐོང་བར་བརྟེན། འདིར་དེ་རིང་སྔར་གྱི་རྩོམ་ཡིག་དེའི་ལྷན་ཐབས་ལྟ་བུར་དམིགས་ཏེ། བརྗོད་འདོད་པའི་དོན་གནད་འགའ་ཡིག་ཚོགས་ལ་མ་འཛེམ་པར་ཅུང་ཞིབ་རྒྱས་སུ་གླེང་བར་སྤྲོ།
དང་པོ། སྔོན་གྱི་མཁས་པས་ལོ་གསར་དང་ལོ་སར་གཉིས་གདམ་ང་གནང་ཡོད་མེད་ལ་ལྟ་བ།
ལོ་གསར་དང་ལོ་སར་གཉིས་གདམ་ང་ཡིན་མིན་གྱི་ཁྲུན་ཐག་ནི་ཚིག་མཛོད་ཁོ་ནས་ཆོད་འགྲོ་བ་ཞིག་མ་ཡིན་པས། ཕྱིས་སུ་བསྒྲིགས་པའི་ཚིག་མཛོད་དག་རེ་ཞིག་བཞག་སྟེ། སྔོན་གྱི་མཁས་པ་དག་གིས་ལོ་གསར་དང་ལོ་སར་གཉིས་གདམ་ང་གནང་ཡོད་མེད་ལ་ཅིས་ཀྱང་བལྟ་གལ་ཆེ་བར་འདོད། སྤྱིར་ལོ་གསར་རམ་ལོ་སར་ཞེས་པའི་ཐ་སྙད་འདི་དུས་ནམ་ཞིག་ལ་བྱུང་བའི་ཐོག་མའི་འབྱུང་ཁུངས་འཚོལ་མ་ཐུབ་མོད། བོད་ཀྱི་རྒྱལ་རབས་དགུ་བ་སྤུ་དེ་གུང་རྒྱལ་གྱི་སྐབས་སུ་”རྒན་མོ་བལ་མའི་ཟླ་རྩིས་”ལ་བརྟེན་ནས་བོད་ལ་ལོ་སར་གཏོང་སྲོལ་ཐོག་མར་བྱུང་བའི་ངོས་འཛིན་དེ་ལྟར་ན། སྐབས་དེ་དུས་ནས་ལོ་གསར་ཞེས་པའི་ཐ་སྙད་འདི་ཡང་བྱུང་ཡོད་པའི་ཚོད་དཔག་བྱ་ཆོག་པར་སྙམ། ཡིན་ཡང་། ལོ་སར་ནམ་གཏོང་སྲོལ་བྱུང་བ་དེ་ནས་ལོ་གསར་དང་ལོ་སར་ཞེས་པའི་འབྲི་ཚུལ་འདི་གཉིས་དུས་མཉམ་དུ་བྱུང་བ་ཞིག་ནི་མ་ཡིན་པར། ལོ་གསར་ཞེས་པ་ཐོག་མ་དང་། ལོ་སར་ཞེས་པ་དེའི་ཕྱིས་སུ་བྱུང་བའི་དུས་ཀྱི་སྔ་ཕྱིའི་ཁྱད་པར་ཞིག་ཡོད་པར་འདོད།
གང་ལྟར་ཡང་། བལ་ཡུལ་ནས་ལྕགས་པར་དུ་བཏབ་པའི་ས་སྐྱ་བཀའ་འབུམ་[1]གྱི་ཁྲོད་དུ་ལོ་གསར་ཞེས་པ་ལས་ལོ་སར་ཞེས་པ་མི་སྣང་མོད། དཔལ་བརྩེགས་བོད་ཡིག་དཔེ་རྙིང་སྡུད་སྒྲིག་ཁང་གིས་བསྒྲིགས་པའི་ས་སྐྱ་བཀའ་འབུམ་དཔེ་བསྡུར་མའི་ཁྲོད་དུ་ལོ་སར་ཞེས་པ་མང་དུ་མཆིས། དེ་བཞིན་དུ། ཀརྨ་པ་རང་བྱུང་རྡོ་རྗེའི་(༡༢༨༤-༡༣༣༩)གསུང་འབུམ་དུ། སྔ་ཕྱིར་ལོ་གསར་དང་ལོ་སར་གཉིས་ཀ་ཁྱད་མེད་ལྟར་བྲིས་པ་སྣང་སྟེ། <<ཀརྨ་པའི་རྣམ་ཐར་བཞུགས་སོ།།>>ཞེས་པར། “ཡང་ལོ་སར་ཡི་(གྱི)ཚེས་གསུམ་གྱི་ནུབ་མོ་རྨི་ལམ་ན། གནས་ཉི་ཤུ་རྩ་བཞི་ལ་ཙ་རི་ལ་སོགས་པ་མཁའ་འགྲོ་མའི་གནས་མང་པོ་གསལ་བར་བྱུང༌།”[2] ཞེས་དང་། “ཡང་ལོ་སར་དང་རྒྱལ་ཉ་ཕྲད་པའི་དུས་སུ། རྒྱལ་བ་རིགས་ལྔ་ལ་བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་བ་གཅིག་གཟིགས།”[3] ཞེས་དང་། ཡང་<<འགྲོ་མགོན་རས་པ་ཆེན་པོའི་རྣམ་ཐར་>>དུ། “དེ་ནས་དྭགས་པོ་ལ་འདྲིམས་ནས། རྐོང་པོ་ཡི་ལོ་སར་ལ་བྱོན་ནས། བླ་མ་རྩང་པ་མངའ་རིས་པ་དང་མཇལ་ནས།”[4]ཞེས་དང་། གཞན་ཡང་། <<རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེའི་གསུང་མགུར་མཛོད་ནག་མ་>>ཞེས་པར། “ལོ་གསར་གྱི་ཚེས་གཅིག་ལ་འོང་བའི་ཆད་བྱས་པ་ལ། ཁོང་རྣམས་སང་འགྲོ་གནངས་འགྲོ་ཟེར་བ་ལ་ཁ་བ་ཉིན་མཚན་བཅོ་བརྒྱད་བབས་པས།”[5]ཞེས་དང་། ཡང་དེ་ཉིད་ལས། “སྟེང་ནས་བབས་པའི་ཁ་བ་དང༌།། ལོ་གསར་སྒང་གི་ལྷགས་པ་གཉིས།།རྣལ་འབྱོར་རས་པའི་རས་གོས་གསུམ།།གངས་དཀར་གྱི་སྟོངས་སུ་འཁྲུགས་པ་ཤོར།།”[6]ཅེས་མཛད་པ་བོ་གཅིག་གི་གསུང་དུ་སྔ་ཕྱིར་ལོ་གསར་དང་ལོ་སར་གཉི་ག་འབྱུང་བ་ལྟ་བུ་དང་།
དེ་མིན་དཔའ་བོ་གཙུག་ལག་ཕྲེང་བས་(༡༥༠༥-༡༥༦༤/༡༥༦༦)མཛད་པའི་<<ཆོས་འབྱུང་མཁས་པའི་དགའ་སྟོན་>>གྱི་སྟོད་ཆ་ལས། “མཐའ་ཡི་རྒྱ་དང་གྲུ་གུ་འོག་ཏུ་བཏུལ།། ལོ་སར་སྒང་ལ་ལུག་ཤའི་ལག་པ་རློན་པ་བརྩིགས་པ་ལ་འཛེགས་ནས་རྒྱའི་མཁར་ཕབ།”[7]ཅེས་དང་། “ཉི་ཟླ་གཟའ་སྐར་དུས་གཅིག་འཆར་བའི་ཡུལ།། ལོ་གསར་སྒང་ལ་ན་བུན་ཆགས་པའི་ཡུལ།། གངས་རི་ཤེལ་གྱི་མཆོད་རྟེན་ཆགས་པའི་ཡུལ།། མི་རྗེ་ལྷས་མཛད་གསེར་བྱ་རོལ་དུ་ཁྲིད།།” [8]ཅེས་དང་། ཡང་དེའི་སྨད་ཆ་ལས། “དེ་ནས་ཟླ་བ་ཕྱི་མའི་ཡར་ཚེས་གཅིག་ལ་ལོ་གསར་བྱས་པ་ལ། འདི་ལྟར་ན་ཧོར་ཟླ་གཉིས་པ་ལ་དེང་སང་གི་རྒྱའི་ཟླ་བ་དང་པོ་བྱེད་ཡོད་པར་སྣང་།”[9]ཞེས་དང་། “ཆུ་ཕག་གི་ལོ་གསར་ནས་དང་པོའི་ཉེར་བརྒྱད་ལ་བཏེག ཆོས་རྗེས་རེབ་ཚ་ཁར་སྐྱེལ་ཐུང་མཛད།”[10]ཅེས་པ་དང་།
ཡང་དུས་རབས་བཅོ་བརྒྱད་བཅུ་དགུ་བར་བྱོན་པའི་ཞབས་དཀར་ཚོགས་དྲུག་རང་གྲོལ་(༡༧༨༡-༡༨༥༡)གྱི་གསུང་དུའང་། ལོ་གསར་དང་ལོ་སར་གཉིས་སྔ་ཕྱིར་ཁྱད་མེད་དུ་བྲིས་པ་ཡང་ཡང་སྣང་སྟེ། གསུང་འབུམ་པོད་གསུམ་པའི་ཁྲོད་ཀྱི་<<མཚོ་སྙིང་མ་ཧཱ་དེ་བ་ནས་སྐལ་བཟང་གི་གདུལ་བྱ་རི་བའི་ཚོགས་ཀྱི་ཞུས་ལན་ཞལ་གདམས་ཀྱི་སྐོར་>>ཞེས་པར། “དེ་རིང་ལོ་སར་ཚེས་གཅིག་ལ།།སེམས་ལ་ཕན་པའི་ཞལ་གདམས་ཤིག །བུ་ལ་བརྩེ་བས་གནང་བར་འཚལ།།”[11]ཞེས་དང། གསུང་འབུམ་པོད་དང་བོའི་ཁྲོད་ཀྱི་<<གངས་དཀར་གྱི་རྒྱལ་པོ་ཏེ་སེ་སེང་གདོང་མ་དཀར་མོ་སྐུ་ཡི་གནས་ནས་སྒྲུབ་པ་བྱས་ཚུལ།>>ཞེས་པར། “སང་ཉིན་ལོ་གསར་ཚེས་གཅིག་ཐོག་ཙམ་ལ།།འཛུམ་ཞལ་དགྱེས་པའི་དཀྱིལ་འཁོར་བསྟན་དུ་གསོལ།།”[12]ཞེས་པ་སོགས་མང་དུ་མཆིས།
དེ་ལྟར་དཔེ་མཚོན་དུ་དྲངས་པའི་དུས་རབས་མི་འདྲ་བར་བྱོན་པའི་མཁས་པ་འདི་གསུམ་གྱི་གསུང་ལ་མཇལ་ཚེ། ལྟོས་བཅས་ཀྱིས་ལོ་གསར་ཞེས་གས་འཕུལ་ཅན་གྱི་འབྲི་ཚུལ་འདི་ཅུང་ཤས་ཆེ་བར་སྣང་མོད། འོན་ཏེ། ལོ་སར་ཞེས་པའི་འབྲི་ཚུལ་དེ་གཏན་ནས་མེད་པ་ཞིག་མིན་པ་ནི། གོང་དུ་དྲངས་མ་ཐག་པའི་དཔེ་དེ་དག་གིས་མཚོན་པར་ནུས་ལ། དེས་སྐབས་ཀྱི་གླེང་བྱ་”སྔོན་གྱི་མཁས་པས་ལོ་གསར་དང་ལོ་སར་གཉིས་གདམ་ང་གནང་ཡོད་མེད་”ཀྱི་དོན་ལའང་ངེས་ཤེས་སྐྱེ་སླ་བར་སྙམ་མོ།།
གཉིས་པ། ལོ་གསར་དང་ལོ་སར་གཉིས་ཅི་ལྟར་གདམ་ངར་ཆགས་ཚུལ་ལ་དཔྱད་པ།
སྔོན་གྱི་མཁས་པ་ཚོའི་གསུང་དུ་ལོ་གསར་དང་ལོ་སར་གཉིས་གདམ་ང་གནང་ཡོད་མེད་དང་། སར་ཞེས་པར་བྱ་ཚིག་གི་གོ་བ་ཐོན་མིན་ལ་མ་ལྟོས་པར། དིང་གི་དཔྱོད་ལྡན་འགའ་རེས་དེ་གཉིས་གདམ་ངར་མི་རུང་ཞིང་། སར་ཞེས་པའང་བྱ་ཚིག་ཏུ་གཏན་ནས་མི་འཐད་པའི་གསུང་གླེང་མཛད་མཁན་སྣང་མོད། འོན་ཏེ། ཁོ་བོའི་རྨོངས་བློར་འཆར་ཚུལ་ལྟར་ན། ལོ་གསར་དང་ལོ་སར་གཉིས་གདམ་ང་བྱ་ཆོག་པའི་ངེས་ཤེས་སྐྱེས་ལ། སར་ཞེས་པའང་སྐབས་དུ་མར་བྱ་ཚིག་ཡིན་པའི་ངེས་པ་ལྷག་པོར་རྙེད་ཀྱིན་འདུག ཁོ་བོས་ལོ་གསར་དང་ལོ་སར་གཉིས་གདམ་ངར་འདོད་པའི་རྒྱུ་མཚན་ནི། སྐབས་འགའ་རེར་སར་ནི་གསར་དང་དོན་གཅིག་ཏུ་འཇུག་པ་ཡོད་ཙམ་གྱིས་མ་ཡིན་པར། ལོ་གསར་དང་ལོ་སར་གཉིས་སོ་སོར་མིང་གི་གྲུབ་ཚུལ་མི་འདྲ་བའི་སྒོ་ནས་འགྲེལ་ཚུལ་སོ་སོར་ཡོད་པས་ཡིན།
དེའང་ལོ་གསར་ཞེས་པ་ནི་ལོ་རྙིང་བའི་ཟླས་ཕྱེ་བའི་ལོ་གསར་བ་ཞེས་པ་སྟེ་རྒྱན་ཚིག་ལས་གྲུབ་ཅིང་། ལོ་སར་ཞེས་པ་ནི་ལོ་སར་པ་ཞེས་པའི་བྱ་ཚིག་ལས་གྲུབ་པར་འདོད་ལ། བྱ་ཚིག་དེའང་སྐབས་ཀྱི་ཚིག་གྲོགས་ལ་ལྟོས་ཏེ་བྱེད་འབྲེལ་དང་བྱེད་མེད་གཉི་གར་གོ་དགོས་པ་ཡོད། ཡིན་ཡང་། ལོ་སར་བཟང་དང་། ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞེས་པ་ལྟ་བུའི་ཚེ་བྱ་ཚིག་མིང་དུ་གྲུབ་པའི་སྐབས་ཡིན་པས་དམིགས་བསལ་བྱ་ཚིག་གི་གོ་བ་ཡན་གར་དུ་མེད་པར་སྙམ། འོ་ན། ལོ་གསར་དང་ལོ་སར་གཉིས་མིང་གི་གྲུབ་ཚུལ་མི་འདྲ་བ་ཇི་བཞིན་དོན་གྱི་གོ་བའང་འདྲ་མི་དགོས་པ་མ་ཡིན་ནམ་ཞེ་ན། ལོ་གསར་བ་དང་ལོ་སར་པ་གཉིས་ལས། ལོ་གསར་བ་ཞེས་པ་ནི་ལོ་རྙིང་བའི་ཟླས་ཕྱེས་པ་སྟེ་དེའི་ལྡོག་ཟླར་གོ་ལ། ལོ་སར་པ་ཞེས་པ་ནི་ལོ་གསར་དུ་ཚེས་པའམ་ཡང་ན། ལོ་གསར་བའི་དགའ་སྟོན་ལ་རོལ་པའི་དོན་དུ་གོ་བས་མི་འདྲ་བ་བདེན་མོད། འོན་ཀྱང་། དེ་གཉིས་ལས་གྲུབ་པའི་མིང་ལོ་གསར་དང་ལོ་སར་ཞེས་པ་གང་ལ་མཚོན་ནའང་། ལོ་གསར་བ་དང་ལོ་གསར་དུ་ཚེས་པའི་མིང་ཉིད་ལས་མ་འདས་པས་ལོ་གསར་བཟང་དང་། ལོ་སར་བཟང་ཞེས་གང་བྲིས་ཀྱང་གོ་བ་གཅིག་འདྲར་འཁྱེར་ཆོག་པར་སྙམ།
དེ་མིན་ལོ་གསར་ཞེས་པ་ལ་རྟགས་མཐའ་འདྲེན་ཚུལ་གྱི་དབང་གིས་གསར་གྱི་གས་འཕུལ་ཕྱིས་ཏེ་ལོ་སར་ཞེས་གྲུབ་པ་ན། གཞན་གསར་ཞེས་པ་མཐའ་དག་མིང་མཐའ་གང་ལ་སླེབས་ན་དེ་དག་གཅིག་གྱུར་དུ་གས་འཕུལ་དབྱི་དགོས་པ་ཞིག་ནི་ག་ལ་ཡིན། ཐ་སྙད་རིག་གནས་ཀྱི་སྐབས་འདི་འདྲར་ཚད་མའི་རིགས་ལམ་གྱི་འགྲོས་ལྟར་དཔྱད་པ་གནང་བ་ལེགས་ཀྱང་། རྣམ་པ་ཀུན་ཏུ་ཁྱབ་མཐའ་བཟུང་སྟེ་ཐག་གཅོད་བྱས་ན་སྐྱོན་དུ་ཆེའོ་སེམས།
མདོར་ན། ལོ་གསར་དང་ལོ་སར་གཉིས་གདམ་ངར་ཆགས་ཚུལ་ལ་འགྲེལ་བཤད་རིགས་གཉིས་ཏེ། དང་བོ་ནི། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོས་ཇི་སྐད་གསུངས་པ་ལྟར། རྟགས་མཐའ་འདྲེན་ཚུལ་གྱི་དབང་གིས་གསར་གྱི་གས་འཕུལ་ཕྱིས་ཏེ་ལོ་སར་ཞེས་གྲུབ་པ་[13]དང་། གཉིས་པ་ནི། གོང་དུ་བརྗོད་པ་ལྟར། ལོ་གསར་བ་དང་ལོ་སར་པ་ཞེས་པའི་རྒྱན་ཚིག་དང་བྱ་ཚིག་གཉིས་ལས་རིམ་པ་བཞིན་ལོ་གསར་དང་ལོ་སར་ཞེས་གྲུབ་པ་ཡིན་པའི་ཚུལ་དེ་རྟོགས་ན། ད་གཟོད་ལོ་གསར་དང་ལོ་སར་གཉིས་གདམ་ངར་བྱས་ན་འགལ་ཆ་མེད་པར་མ་ཟད། ལོ་གསར་དང་ལོ་སར་གཉིས་ཅི་ལྟར་གདམ་ངར་ཆགས་པའི་ཚུལ་ལའང་ངེས་ཤེས་ལྷག་པོར་འདྲོང་ངེས་ཡིན།
གསུམ་པ། ལོ་སར་ཞེས་པ་མ་དག་རྒྱུན་འབྱམས་ཡིན་ཚུལ་གྱི་གསུང་གླེང་ཞིག་དང་འབྲེལ་ཏེ་མཇུག་བསྡུ་བ།
ཁོ་བོས་”ལོ་གསར་དང་ལོ་སར་ཞེས་པའི་ཡིག་ཐོབ་ལས་ཅུང་ཟད་འཕྲོས་པ་”ཞེས་པའི་རྩོམ་ཡིག་དེ་དྲ་ལམ་དུ་སྤེལ་བའི་རྗེས་སུ། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་དགོན་སངས་བདག་རྡོ་རྗེ་ལགས་ཀྱིས་བོད་ལྗོངས་རླུང་འཕྲིན་གྱི་<<གངས་ལྗོངས་ཤེས་རིག་ཆབ་རྒྱུན་>>ཞེས་པའི་ལེ་ཚན་དུ་གསར་དང་སར་གྱི་སྐོར་ནས་གསུངས་པའི་གསུང་གླེང་དུམ་བུ་ཞིག་ཀྱང་དྲ་ལམ་ནས་ཞིབ་ཏུ་ཉན་པ་ཡིན།
ཁོང་གིས་གསར་རྙིང་གི་གསར་ལ་གས་འཕུལ་ཡོད་མེད་ནི་གཏན་ནས་དོགས་པ་མེད་ཅིང་། འབྲི་སྲོལ་མེད་པ་དང་། ལོ་གསར་ལ་ལོ་སར་ཞེས་འབྲི་བའང་མ་དག་རྒྱུན་འབྱམས་སུ་འགྲོ་ཉེན་ཆེ་བ་ཞིག་ཡིན་ཚུལ་བཅས་གསུངས་པར་མ་ཟད། ལོ་སར་ཞེས་གས་འཕུལ་མེད་པར་འབྲི་བ་ནི་ཐོག་མར་ཨ་མདོ་ནས་བྱུང་བ་ཡིན་ཚུལ་དང་། དབུས་གཙང་དུ་གསར་བ་ལ་སར་བ་དང་། ལོ་གསར་ལ་ལོ་སར་ཞེས་འབྲི་བ་ཞིག་གཏན་ནས་མེད་ཚུལ་སོགས་ཚིག་ཐག་ཆོད་པོས་གསུང་གིན་འདུག སྤྱིར་ཁོ་བོར་མཚོན་ན། དབུས་གཙང་དང་ཨ་མདོ་ཞེས་ཕྱོགས་དང་རིས་སུ་བཅད་དེ་གླེང་རྒྱུར་གཏན་ནས་འདོད་པ་མེད་མོད། འོན་ཀྱང་། འདིར་དོན་དངོས་གླེང་བ་གཙོ་བོར་བཟུང་བ་ལ་ཕྱོགས་ཞེན་ཆེ་བའི་རྣ་ཆ་རིང་བོ་དེ་མི་འདོགས་པར་འཚལ།
ལོ་སར་ཞེས་པའི་འབྲི་ཚུལ་འདི་སྐབས་དེའི་གསར་འགོད་པ་དེས་བཤད་པ་ལྟར་ད་ལོ་ནས་འགོ་བཙུགས་པ་ཞིག་གཏན་ནས་མ་ཡིན་ལ། ཡང་དགེན་ལགས་ཀྱིས་གསུངས་པ་ལྟར། ཉེ་བའི་ལོ་འགའི་གོང་ནས་གསར་དུ་འབྲི་སྲོལ་བྱུང་བ་ཞིག་ཀྱང་མ་ཡིན་པ་ནི་ཁོ་བོས་གོང་དུ་བཀོད་པའི་དཔེ་ཁུངས་དེ་དག་གིས་མཚོན་པར་ནུས་ལ། ཡང་ལོ་སར་ཞེས་པ་ཐོག་མར་ཨ་མདོ་ནས་བྱུང་བ་ཞིག་མིན་པའང་དུས་རབས་བཅུ་བཞི་བར་བྱོན་པའི་ཀརྨ་རང་བྱུང་རྡོ་རྗེ་(༡༢༨༤-༡༣༣༩)དང་། དུས་རབས་བཅུ་དྲུག་པར་བྱོན་པའི་དཔའ་བོ་གཙུག་ལག་ཕྲེང་བ་(༡༥༠༥-༡༥༦༤/༡༥༦༦)སོགས་ཀྱི་གསུང་དུ་ལོ་སར་ཞེས་པའི་ཐ་སྙད་འདི་མངོན་གསལ་དུ་མཆིས་པ་དེས་ཀྱང་འགྲུབ་པར་སྙམ། དེ་མིན་གསར་བ་ལ་སར་བ་ཞེས་པའི་འབྲི་སྲོལ་འདི་ས་ཆེན་ཀུན་དགའ་སྙིང་པོ་སོགས་ས་སྐྱ་བཀའ་འབུམ་ཁྲོད་དུའང་མཇལ་དུ་མཆིས་པ་ལགས་ན་དེའང་ཨ་མདོའི་མཁས་པ་ཁོ་ནའི་ཕྱག་ལེན་དུ་མཆིས་པ་ཞིག་ནི་མིན་པར་སེམས་སོ།།
དཔྱད་ཡིག་དང་ཞབས་མཆན།
[1] ས་སྐྱ་བཀའ་འབུམ་འདི་ནི་༢༠༠༨ ལོར་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གྲྭ་གུ་རུས་བལ་ཡུལ་དུ་དཔར་སྐྲུན་བྱས་པའི་ལྕགས་པར་དཔེ་རིང་ཞིག་ཡིན་ལ། ད་ལྟར་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་བར་PDFཅན་གྱི་གློག་རྡུལ་དུ་བཞུགས་ཤིང་། དཔེ་འདི་མ་ཕྱི་བྱས་ཏེ་ཐེ་ཝན་ནང་བའི་ཤེས་ཡོན་བདེ་རྩ་ལྷན་ཚོགས་ཀྱིས་དེབ་གཟུགས་སུའང་དཔར་སྐྲུན་བྱས་ཡོད།
[2] ཕྱི་ལོ་ ༢༠༠༠ ལོར་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་གཞི་ལམ་སྟོན་དང་འབྲེལ་ཏེ་འཚོལ་སྡུད་ཕྱོགས་སྒྲིག་བྱས་པའི་་<<ཀརྨ་རང་བྱུང་རྡོ་རྗེའི་གསུང་འབུམ།>> ལྕགས་པར་དཔེ་རིང་། (པོད་ང་བ།) <<བླ་མ་རིན་པོ་ཆེའི་རྣམ་པར་ཐར་པའོ།། ཀརྨ་པའི་རྣམ་ཐར་བཞུགས་སོ།།>>ཞེས་པའི་ལྡེབ་མ། ༦ སྲིབ་ངོས། ཐིག་ཕྲེང་། ལྔ་བ། པོད་སྤྱིའི་ལྡེབ་ངོས།(P.267) ན་གསལ། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དེབ་རྟགས།(W30541)
[3] གོང་མཚུངས། ལྡེབ་མ། ༡༠ ཉིན་་ངོས། ཐིག་ཕྲེང་། ལྔ་བ། པོད་སྤྱིའི་ལྡེབ་ངོས།(P.274) ན་གསལ།
[4] གོང་མཚུངས། <<ཀརྨ་རང་བྱུང་རྡོ་རྗེའི་གསུང་འབུམ།>> ལྕགས་པར་དཔེ་རིང་། (པོད་ང་བ།) <<འགྲོ་མགོན་རས་པ་ཆེན་པོའི་རྣམ་པར་ཐར་པའོ།།>>ཞེས་པའི་ལྡེབ་མ། ༤ སྲིབ་ངོས། ཐིག་ཕྲེང་། དྲུག་པ། པོད་སྤྱིའི་ལྡེབ་ངོས།(P.228) ན་གསལ།
[5] གོང་མཚུངས། <<ཀརྨ་རང་བྱུང་རྡོ་རྗེའི་གསུང་འབུམ།>> ལྕགས་པར་དཔེ་རིང་། (པོད་ག་བ།) <<རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་བཞད་པ་རྡོ་རྗེའི་གསུང་མགུར་མཛོད་ནག་མ་ཞེས་པ་ཀརྨ་པ་རང་བྱུང་རྡོ་རྗེས་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་སོ།།>>ཞེས་པའི་ལྡེབ་མ། ༤༤ ཉིན་ངོས། ཐིག་ཕྲེང་། དང་བོ། པོད་སྤྱིའི་ལྡེབ་ངོས།(P.87) ན་གསལ། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དེབ་རྟགས།(W30541)
[6] གོང་མཚུངས། ལྡེབ་མ། ༤༦ སྲིབ་་ངོས། ཐིག་ཕྲེང་། དང་བོ། པོད་སྤྱིའི་ལྡེབ་ངོས།(P.92) ན་གསལ།
[7] དཔའ་བོ་གཙུག་ལག་ཕྲེང་བས་མཛད། [M]<<ཆོས་འབྱུང་མཁས་པའི་དགའ་སྟོན།>>(སྟོད་ཆ།) (པེ་ཅིང་།) མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༦ ལོར་དཔར། དཔར་ཐེངས་དང་པོ། ཤོག་ངོས། (P.171) ན་གསལ།
[8] གོང་མཚུངས། ཤོག་ངོས། (P.401) ན་གསལ།
[9] དཔའ་བོ་གཙུག་ལག་ཕྲེང་བས་མཛད། [M]<<ཆོས་འབྱུང་མཁས་པའི་དགའ་སྟོན།>>(སྨད་ཆ།) (པེ་ཅིང་།) མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༦ ལོར་དཔར། དཔར་ཐེངས་དང་པོ། ཤོག་ངོས། (P.1006) ན་གསལ།
[10] གོང་མཚུངས། ཤོག་ངོས། (P.1145) ན་གསལ།
[11] <<རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ།>> (པོད་གསུམ་པ།) (ཟི་ལིང་།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༢ ཟླ་ལྔ་བ། དཔར་ཐེངས་དང་བོ། ཤོག་ངོས། (P.483) ན་གསལ།
[12] གོང་མཚུངས། (པོད་དང་བོ།) ཤོག་ངོས། (P.575) ན་གསལ།
[13] དམུ་དགེ་བསམ་གཏན་རྒྱ་མཚོས་མཛད། <<བརྡ་སྤྲོད་བློ་གསལ་དགའ་སྟོན།>> (ཟི་ལིང་།)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༡༩༩༧ ཟླ་བཞི་བ། དཔར་ཐེངས་དང་པོ། ཤོག་ངོས།(P.78) ན་གསལ།
– – – – –
ངས་ནི་ད་ལྟའི་གདམ་ང་ཅན་གྱི་ཡི་གེ་དེ་དག་ཕལ་ཆེ་བ་སྔ་རབས་མཁས་པ་དག་གིས་བོད་ཀྱི་ཡིག་ཐོབ་ལ་ཡིག་ཟོར་ཡངས་པར་དགོངས་པ་མ་ངེས་པར་འདོད། འོ་ན་ཇི་ལྟར་ཞེ་ན། སྔོན་བྱོན་མཁས་པ་རྣམས་ལས་ཡིག་མཁན་རང་ཉིད་ལ་བརྡ་དག་གི་ཆུ་ཚད་ལེགས་པོ་ཡོད་མེད་དང་། མདོ་དབུས་ཁམས་གསུམ་གྱི་མཁས་པ་སོ་སོའི་རྣམ་དཔྱོད་ཀྱི་རྩལ་མི་འདྲ་བས་དང་། ཇི་ལྟར་མཁས་རུང་ཡི་གེ་རེ་གཉིས་ནོར་སོ་ཡོང་མི་ཆོག་པ་མེད་པས་དང་། ཕྱིས་སུ་དཔེ་ཡིག་ཕབ་ཞུ་བ་རྣམས་ཀྱིས་བརྡ་དག་གི་གལ་གནད་ཤེས་མིན་ལས་ནན་ཏན་བྱས་མ་བྱས་སོགས། རྒྱུ་མཚན་མང་པོས་ད་ལྟའི་ཆར་གདམ་ང་ཅན་དུ་གྱུར་བར་འདོད། དེ་དག་གིས་རྐྱེན་པས་གདམ་ང་ཅན་ལ་ཐུན་མོང་གི་བཀས་བཅད་ནི་བྱུང་མེད། དེས་ན་གཟོད་ཚིག་མཛོད་སྒྲིག་པ་པོ་རྣམས་ཀྱང་ཅི་བྱ་རྟོལ་བྲལ་གྱི་གནས་སུ་གྱར་ཏེ། གདམ་ང་ཅན་དང་འབྲི་ཚུལ་གཞན་གྱི་ཁོངས་སུ་མ་བཙུད་ཐབས་མེད་བྱུང་བ་རེད། ཕྱོགས་གཅིག་ནས་སྔ་རབས་མཁས་པ་རེ་ཟུང་གིས་རང་རྩོམ་དག་ཏུ་གདམ་ང་ཅན་གྱི་ཡི་གེ་རེ་འགའ་ངོ་སྤྲོད་གནང་བ་དེ་དག་གིས་ཀྱང་ཚིག་མཛོད་རྩོམ་སྒྲིག་པ་དག་ལ་རམ་འདེགས་ཅུང་ཟད་རེ་བྱིན་ཡོད་སྲིད། འོན་ཀྱང་རྩ་བའི་ཆ་ནས་ད་བར་བོད་ཀྱི་ཡི་གེའི་དག་ཐོབ་མང་པོ་ཞིག་གི་ཐད་ད་དུང་ཡང་ཐུན་མོང་གི་བཀས་བཅད་མེད་པས། ཡི་གེ་གང་ཞིག་ལའང་ཁུངས་གང་ཡོད་རྩལ་སྤྲུགས་ཀྱིས་ང་ཚོས་འགྲེལ་བ་ག་ཚོད་རྒྱབ་རྒྱབ་དང་། བསམ་བློ་ག་ཚོད་སྤེལ་སྤེལ་ཙམ་ལས། དེས་དམངས་ལ་ཕན་ཟེར་བ་ཅུང་ཟད་རེ་ལས་ཁག་པོ་རང་རེད།