ཚིག་ཕྲད“ཏ”ཡི་འཇུག་ཚུལ་དང་འཕེལ་འགྱུར་ལ་དཔྱད་པ།

0
1002

ནང་དོན་གནད་བསྡུས། ཚིག་ཕྲད“ཏ”ནི་བོད་ཀྱི་ཡུལ་སྐད་ཆེ་གསུམ་དུ་གྲགས་པའི་ནང་རྒྱ་ཁྱབ་ཏུ་སྤྱོད་པའི་ཚིག་ཕྲད་ཅིག་ཡིན་ནའང་ཧ་ལམ་བརྡ་སྤྲོད་ཞིབ་འཇུག་པ་རྣམས་ཀྱི་དོ་སྣང་གི་ཡུལ་དུ་གྱུར་མེད། དཔྱད་རྩོམ་འདིར་ཚིག་ཕྲད་འདིའི་ད་ལྟའི་འཇུག་ཚུལ་ལ་དཔྱད་པ་བཏང་ཐོག  ལོ་རྒྱུས་ཀྱི་ངོས་ཐད་ནས་གཙོ་བོ་དུས་རབས 12 པ་ནས 18 བར་གྱི་རྣམ་ཐར་སོགས་ཡིག་ཆ་ཁག་བདུན་ལྷག་གཞིར་བཟུང་སྟེ་ཚིག་ཕྲད“ཏ”དང་དེའི་རྣམ་པ་གཞན་དག་ཇི་འདྲ་ཡོད་པ་དང་། སྐད་ཡིག་འཕེལ་འགྱུར་ཁྲོད་ཀྱི་ཐུན་མོང་གི་སྣང་ཚུལ་བརྡ་སྤྲོད་ཅན་དུ་ཇི་ལྟར་གྱུར་ལུགས་ཏེ། ཐོག་མར་དོན་རང་མཚན་ཡོད་པའི་བྱ་ཚིག“ལྟ”ནས་མཚུངས་ཚིག“ལྟ་བུ”ཡི་སྒྲ་དོན་དང་། དེ་ནས་ཚིག་ཕྲད་རང་མཚན་པ“ཏ”སོགས་ཀྱི་ངོ་བོར་འཕོས་པའི་འཕེལ་འགྱུར་ལ་དཔྱད་ཡོད།

བརྡ་ཆད་གཙོ་བོ། བརྡ་སྤྲོད་ཅན། ཚིག་ཕྲད། ཏ་སྒྲ། འཕེལ་འགྱུར།

གླེང་སློང་བ།

སུམ་རྟགས་རྩ་བ་དགོངས་འགྲེལ་ཁག་ལས་བྱུང་བའི་ཚིག་ཕྲད་ཀྱི་རྣམ་གཞག་ལ་བོད་ཀྱི་དེང་རབས་བརྡ་སྤྲོད་སྨྲ་བ་དག་གིས་རྒྱས་བཤད་བྱས་ཡོད་ཀྱང་། འཐུས་ཚང་བའི་སྐད་མཛོད་ལྟ་བུའི་ཞིབ་འཇུག་གི་རྨང་གཞིའི་མཐུན་རྐྱེན་མེད་པ་སོགས་ཀྱི་རྐྱེན་གྱིས་སྔོན་གྱི་ཡིག་ཚང་ཁག་ལ་དེང་རབས་སྐད་བརྡ་རིག་པའི་རིགས་ལམ་ནས་སྔོག་འདོན་དང་ཞིབ་འཇུག་བྱ་རྒྱུར་སྟོང་ཆ་ཆེན་པོ་ཞིག་ལྷག་ཡོད་པ་དང་། སྲོལ་རྒྱུན་བརྡ་སྤྲོད་ཀྱི་བསྟན་བཅོས་སུ་མ་ཚུད་ཅིང་ཁ་སྐད་དམ་ཡུལ་སྐད་ཀྱི་རྗེས་ཤུལ་གསལ་བའི་དུས་རིམ་རིམ་བྱུང་གི་བརྩམས་ཆོས་སུ་བྱུང་བའི་ཚིག་ཕྲད་ཀྱི་སྐོར་ལ་དོ་སྣང་ཧ་ཅང་ཉུང་བ་ནི་དེའི་དཔེ་མཚོན་གྲས་ཀྱི་གཅིག་ཡིན། དེ་ལྟ་ནའང་ཡུལ་སྐད་ཐུན་མོང་དུ་མཆིས་པའི་མིང་བརྡ་ཚིག་ཕྲད་སོགས་ཀྱི་ཁུངས་བཙལ་ནས་བླང་དོར་གྱིས་སྐད་དང་ཡི་གེ་གཉིས་གཞི་གཅིག་ཏུ་འབབ་པར་འབད་རྒྱུ་དེ་དེང་རབས་བོད་སྐད་འཐུས་སྒོ་ཚང་དུ་གཏོང་བའི་སྔོན་འགྲོ་མེད་དུ་མི་རུང་བར་འདོད་ཅིང་། ཚིག་ཕྲད“ཏ”ཡི་སྐོར་གྱི་རྩོམ་ཐུང་འདི་ནི་དེ་ལ་དམིགས་པའི་འབད་པ་ཐེངས་ཤིག་ཡིན།[1]

ཚིག་ཕྲད“ཏ”དེང་སང་ཡང་བོད་ཀྱི་ཡུལ་སྐད་ཆེ་གསུམ་དུ་གྲགས་པར་སྤྱི་ཁྱབ་ཏུ་སྤྱོད་ཀྱིན་ཡོད། ཡིན་ནའང་ད་སྔ་ཁོ་བོའི་ལག་ཏུ་སོན་པའི་ཡིག་ཆ་ལྟར་ན་ལྷག་པར་བོད་རང་གི་ཞིབ་འཇུག་པས་འདི་ལ་ཕལ་ཆེར་དོ་སྣང་བྱུང་མེད་ཅེས་བརྗོད་ཆོག[2] དེ་བཞིན་དེང་རབས་བོད་སྐད་ཀྱི་གཞི་རྟེན་དུ་གྱུར་བའི་མིང་མཛོད་དག་ཡིག—མིང་ཁུངས་མིང་མཛོད་ཤིན་ཏུ་གལ་ཆེ་ཡང་དེ་བས་ཀྱང་མེད་པ་སྨོས་མ་དགོས—ཁག་ཏུའང་ཚིག་ཕྲད་འདིར་ཡིག་ཚང་དུ་འབྲི་ལུགས་ལྔ་བྱུང་བ་ལས་གང་ལའང་འཇུག་ཚུལ་འདི་ཡོད་ལུགས་འགྲེལ་བཤད་གང་ཡང་མཛད་མེད་ཅིང་།  སྲོལ་རྒྱུན་གྱི་ཚགས་དམ་པའི་བསྟན་བཅོས་ཀྱི་སྐད་ལ་བལྟོས་ཏེ་ཚིག་ཕྲད་འདི་འབྱུང་ཆོག་སའི་བོད་མིའི་དེང་རབས་སྒྲུང་གཏམ་ཁག་ཏུའང་མཐོང་དཀོན་པ་ནི་འདི་ཁ་སྐད་ལ་གཞོལ་ཆེ་ཞིང་ཡི་གེའི་ངོ་བོ་མི་གསལ་བ་དང་འབྲེལ་བ་ཆེ་སྙམ། གཤམ་དུ་ཁོ་བོས་ཚིག་ཕྲད་འདིའི་འཕྲེད་ཕྱོགས་དང་། ལོ་རྒྱུས། འབྱུང་ཁུངས་བཅས་ཕྱོགས་གསུམ་ནས་གླེང་བར་བྱའོ། །

གཅིག འཕྲེད་ཕྱོགས་ཀྱི་དབྱེ་ཞིབ།

ཚིག་ཕྲད་འདི་མདོ་དབུས་ཁམས་གསུམ་གྱི་སྐད་དུ་ཐུན་མོང་དུ་ཡོད། ཡིན་ནའང་ཚིག་ཕྲད་འདིའི་འཇུག་ཚུལ་རང་རྐྱ་བ་ཞིག་ཏུ་ངོས་བཟུང་སྟེ་ལོགས་སུ་ཧུའུ་ཐན(1999:367-368)སོགས་གྱིས་ཕྱེ་བ་སྔ་གྲས་སུ་གཏོགས་སྙམ། དེ་མིན་སུམ་བྷ་དོན་གྲུབ་ཚེ་རིང(2011)གིས་དཔེ་བརྗོད་གཅིག་དང་ཆི་ཨེ་ཐང(瞿霭堂)(2017)གིས་གཅིག་དྲངས་ཡོད་མོད། དེ་ཐམས་ཅད་ཀྱང་དབུས་གཙང་སྐད་ཀྱི་དཔེ་ཁོ་ན་ཡིན།

  • ང་ཚོའི་ཕ་ཡུལ་ལ་ཐོག་རྩེགས་ཅན་གྱི་ཁང་པ་ཡོའོ་ད་ཡོའོ་རེད། ཡིན་ནའི་མཐོ་པོ་འདི་འདྲས་རང་ཡོའོ་མ་རེད།(ཧུའུ་ཐན། ཤ367)
  • དེ་རིང་གི་ཟློས་གར་ལྟད་མོ་ད་ཆེན་པོ་བྱུང་། ཡིན་ནའི་ལེའུ་ཉུང་དྲགས་ཤག(གོང་མཚུངས)
  • ངས་ཤེས་དང་ཤེས་ཀྱི་རྦད་དེ་ཡིན་ནས་གསལ་པོ་ཤེས་གི་མི་འདུག(ཆི་ཨེ་ཐང་། ཤ142)
  • ཉི་གདུགས་ཡོད་ད་ཡོད་དེ(ཀྱང)འཁྱེར་རྒྱུ་བརྗེད་ཤག(སུམ་པ་དོན་གྲུབ་ཚེ་རིང་། ཤ 115)

ཧུའུ་ཐན་གྱིས་ཁྱོན་དཔེ་བརྗོད་ལྔ་དྲངས་ཤིང་། རྒྱ་ཡིག་གི…倒是…དང་དོད་མཚུངས་པར་བཞག་ཡོད་ལ། ཆི་ཨེ་ཐང་གིས་འདྲ་མཉམ་ཚིག་སྦྲགས(并立复句)ནང་གི་སྔ་ཕྱི་མི་མཐུན་པའི་དཔེར་བཞག་ཡོད་ཅིང་། རྒྱ་ཡིག་གི་འགྱུར་དུ是བཞག་ཡོད། ཡིན་ནའང་ཚིག་གི་སྒྲོམ་གཞི་འདིའི་ཐད་ལ་དབྱེ་ཞིབ་གང་ཡང་བྱས་མེད། གོང་གསལ་དཔེ་བརྗོད་དག་ད་དུང་མི་རིགས་གཞན་གྱི་ཞིབ་འཇུག་པས་བོད་སྐད་ཀྱི་གདངས་ཡིག་ངོར་ཇི་བཞིན་ཕབ་སྟབས་ཚིག་ཕྲད་སོགས་ཀྱི་དག་ཆ་འགྲིག་མིན་ངེས་དཀའ་ཡང་། འདི་ལས་ཕྲད་འདི“A+ད(དང)+A…ཡིན་ནའི” “A+ད(དང)+A…དེ”ཡི་འཇུག་ཚུལ་གཅིག་དང་།  དཔེ(2)པ་ལྟར“…ད…ཡིན་ནའི”ཡི་ཚིག་འགྲོས་གཉིས་མཐོང་ཐུབ་ལ། ཚིག་འགྲོས་གཉིས་པར་དཔེ་གཅིག་མ་གཏོགས་གཞན་ཚང་མ་ཚིག་འགྲོས་དང་པོ“A+ད(དང)+A…ཡིན་ནའི(དེ)”ཡི་དཔེ་རུ་འདུག  ཡིན་ནའང་དཔེ་ཐམས་ཅད་ཀྱི་མཚུངས་ཆོས་ནི་སྔ་མའི་ཚིག་ཕྲད་དང་ཕྱི་མའི“ཡིན་ནའི”“དེ”ཡི་ལམ་ནས་ཚིག་སྔ་ཕྱི་གཉིས་མི་མཐུན་པའི་འབྲེལ་བ་གྲུབ་པ་དེ་ཡིན་ཏེ། དཔེ(1)ལས་སྤྱིར་བཏང་གི་རིགས་ལམ་ལྟར་ན་ཁང་བརྩེགས་ཡིན་ན་མཐོ་བའི་བློ་ལྷན་དུ་སྐྱེ་བ་ཡིན་ཡང་། རེ་བ་དེ་དང་ལྡོག་པའི་གནས་ཚུལ་བྱུང་ཞིང་། “A+ད(དང)+A…ཡིན་ནའི”ཚིག་ཕྲད་དང་པོ་བྱུང་བའི་སྟོབས་ཀྱིས་རང་བཞིན་གྱིས་དེ་དང་མི་མཐུན་ཕྱོགས་བཤད་པའི་ཚིག་རྐང་རྗེས་མར་འདྲེན་པར་བརྟེན། དཔེ་བརྗོད་འདི་ཐམས་ཅད་དུ་ཚིག་ཕྲད“ད”དང“ཡིན་ནའི”ཡི་འབྲེལ་བ་ཤིན་ཏུ་དམ་པ་མཐོང་ཐུབ། གལ་སྲིད་ཚིག་ཕྲད་དང་པོ་དེ་མ་བྱུང་བར་ཚིག་དུམ་དང་པོ་རྫོགས་པ་ཡིན་ན། དཔེ་འདི་དག་ཀུན་ལས་ཚིག་རྐང་ཕྱི་མ་འདྲེན་པའི་ཤུགས་ཞན་པར་འགྱུར་ལ། དཔེ(2)ལ་ཁྱད་ཆོས་འདི་ལྷག་པར་གསལ། དེའི་ཆ་ནས་ཚིག་ཕྲད་འདི་སྲོལ་རྒྱུན་བརྡ་སྤྲོད་ལྟར་ན་མི་མཐུན་པའི་ཚིག་རྒྱན་དང་ཚིག་སྦྲགས་མ་ལས་སྔ་ཕྱི་འགལ་བ་སྟོན་པ་ལ་འཇུག་པ་གསལ་པོ་ཡིན།

ཡིན་ནའང་ཚིག་ཕྲད་འདི་མཐའ་གཅིག་ཏུ་སྔ་ཕྱི་འགལ་བ་སྟོན་པའམ་མི་མཐུན་པའི་ཚིག་རྒྱན་ཁོ་ནར་འཇུག་པ་མིན། གོང་གསལ་དཔྱད་གཞི་ཁག་ལས་དབུས་གཙང་སྐད་ཀྱི་དཔེ་དེ་དག་ལས་གཞན་མ་རྙེད་ཀྱང་།  ཁ་སྐད་དུ་དེ་མིན་པའང་ཡོད་ལ། དེའི་ཐད་ནས་མདོ་དབུས་ཁམས་གསུམ་གྱི་སྐད་ཐུན་མོང་དུ་སྣང་བས་སྟབས་གཅིག་ཏུ་ཨམ་སྐད་ཀྱི་གོང་མཚུངས་དཔེ་བརྗོད་ཚུད་པའི་དཔེ་འགའ་དྲངས་ན།

  • ངས་ཏ་ལས་བྱ་བྲིས་ཡོད་ཀྱང་། ཁོས་བྲིས་ཡོད་མེད་མ་ཤེས། (རང་དཔེ)
  • ངས་ལས་བྱ་བྲིས་ཏ་བྲིས་པ་ཡིན་ཡང་། ཡག་པོ་ཞིག་འགྲུབ་མ་སོང་།(རང་དཔེ)
  • སློབ་སྦྱོང་བྱས་པ་ཡིན་ན། མཁས་པ་བཅའ་རྒྱུ་ཏ་སླ་མོ་རེད།(རང་དཔེ)
  • བུ་རྒོད་པོ་ཟེར་བ་ཏ་ཁྱོད་འདྲ་འདྲ་གང་ལ་མི་འཇིགས་པ་འདི་འདྲའ་ཡིན་དགོས།(རང་དཔེ)
  • ཁྱོད་འདི་ཏ། མོ་ལ་སྐད་ཆ་དེ་འདྲ་ལབ་ནས་ཅི་བྱེད།(རང་དཔེ)

དཔེ(5)(6)ནི་ཏ་སྒྲ་དང་ལྷན་དུ་ཀྱང་འང་ཡང་སྒྲ་དང་མཉམ་དུ་འབྱུང་བས་གོང་དང་མཚུངས་ལ། (7)ནི་ཚིག་གོང་མའི་ན་སྒྲ་དང་ལྷན་ཅིག་ཏུ་འབྱུང་མོད། དཔེ(8)ནི་ཕྲད་གཞན་དང་མཉམ་དུ་འདུས་མེད་པར་རང་རྐྱ་བའི་ཚུལ་དུ་གནས་པ་འདི་གཉིས་དོར་ཡང་བརྗོད་བྱའི་དོན་སྟོན་པ་ལ་ཆེར་མི་གནོད། དཔེ(9)ལྟ་བུར་ནི་སྒྲས་ཚབ་བྱེད་མི་བཏུབ་སྟེ། དེ་ནི་ཏ་སྒྲ་ཉམས་འདོན་པ་ལ་འཇུག་ཅིང་། འདིར་སྐོར་ཞིབ་ཏུ་མཇུག་གི་དབྱེ་ཞིབ་ཀྱི་སྐབས་སུ་འོང་ངོ་། །

ད་ལྟ་ཁ་སྐད་དུ་རྒྱུགས་ཆེ་བའི་ཚིག་ཕྲད་འདི་ཀུན་གྱིས་ཡི་གེར་མི་འཁོད་དོན་གཅིག་ནས་ཁ་སྐད་དང་གཉིས་ནས་འདིའི་མཆེད་ཁུངས་ལ་ངོས་འཛིན་མི་གསལ་བས་ཡིན་སྙམ། དོན་ལ་ཚིག་ཕྲད་འདི་ཉེ་དུས་ཤིག་ལ་བོད་ཀྱི་ཡུལ་སྐད་བྱེ་བྲག་པ་ཞིག་ཏུ་བྱུང་བ་མ་ཡིན་པར་བསྟན་བཅོས་ཀྱི་སྐད་དབང་ཤེད་ཆེ་བའི་ཁོར་ཡུག་གུ་དོག་པོ་རུ་ལོ་ངོ་སྟོང་གི་འཕེལ་འགྱུར་བརྒྱུད་ཡོད།

གཉིས། ལོ་རྒྱུས་ཀྱི་འཕེལ་འགྱུར།

ཁོ་བོའི་བརྟག་དཔྱད་ལྟར་ན་ཚིག་ཕྲད་འདི་ལ་དུས་རབས་དྲུག་རིང་གི་ཡིག་ཚང་དག་ཏུ “དག” “དང” “ཏ” “ད” “ལྟ”ཡི་འབྲི་སྟངས་ལྔ་བྱུང་ཡོད། གཤམ་དུ་དཔེར་འདྲེན་རྒྱུའི་ཡིག་ཚང་གཙོ་བོ་བདུན་སྟེ། དུས་རབས 12 པའི་ནང་གི་པོ་ཏོ་བ(1027-1105)ཡི་ཡང་སློབ་ལྷ་འབྲི་སྒང་པའི《བེའུ་བུམ་སྔོན་པོའི་རྩ་འགྲེལ》(གཤམ་དུ་བེའུ་བུམ་ཞེས་བསྡུ་རྒྱུ)[3]དང་། ལྕེ་སྒོམ་ཤེས་རབ་རྡོ་རྗེ་ཡི《དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ》(དཔེ་ཆོས་ཞེས་བསྡུ་རྒྱུ)[4] དུས་རབས 13 པར་ཕྱོགས་སྒྲིག་མཛད་པའི《བཀའ་གདམས་ཕ་ཆོས་བུ་ཆོས》(ཕ་ཆོས་བུ་ཆོས་ཞེས་བསྡུ་རྒྱུ)[5] དུས་རབས 14 པར་ཞི་བྱེད་རི་ཁྲོད་པས་མཛད་པའི《རྗེ་བཙུན་མིད་ལ་རས་པའི་རྣམ་པར་ཐར་པ་ཉི་ཟླའི་འོད་ཟེར་སྒྲོན་མེ》(ཞི་བྱེད་རི་ཁྲོད་པ་ཞེས་བསྡུ་རྒྱུ)[6] གཙང་སྨྱོན་ཧེ་རུ་ཀ(1452-1507)ཡི《རྗེ་བཙུན་མི་ལ་རས་པའི་རྣམ་མགུར》(གཙང་སྨྱོན་ཞེས་བསྡུ་རྒྱུ)[7]དང་། ཇོ་ནང་ཏཱ་ར་ནཱ་ཐ(1575-1635)ཡི་རང་རྣམ།(རང་རྣམ་ཞེས་བསྡུ་རྒྱུ)[8] རྒྱལ་དབང་འཇམ་དཔལ་རྒྱ་མཚོ(1758-1804)པས་མཛད་པའི《ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར》(ཡོངས་འཛིན་ཞེས་བསྡུ་རྒྱུ)[9]བཅས་ཡིན། ཡིག་ཆ་འདི་དག་གི་སྐད་ཆ་བབ་ཆགས་ལ་ཕལ་སྐད་དང་བསྟུན་ཤུལ་ཤིན་ཏུ་གསལ་བས་ཡུལ་སྐད་དང་ཁ་སྐད་ལ་ཉམས་ཞིབ་བྱེད་པའི་རྒྱུ་ཆ་གལ་ཆེན་དུ་མཐོང་།

དངསྒྲ།

དང་སྒྲ་ནི་གཙོ་བོ་གོང་གི་ཡིག་ཚང་དག་ལས་སྔ་ཤོས《བེའུ་བུམ》དུ་ཐོན་ཡོད། ཆ་མི་ཚང་བའི་སྡོམ་རྩིས་ལྟར་ན་དེར“དང”སྒྲ་ཐེངས 23 དང་། “ཏ”སྒྲ 2འབྱུང་།  དེ་དང་དུས་མཉམ་པའི《དཔེ་ཆོས》སུ་ཡང་ཐེངས 3 བྱུང་ཡོད་ཅིང་། ཚིག་རྐང་དུ་དང་སྒྲ་དང་མཉམ་དུ་ཚིག་མཐའ་འམ་བར་དེར་ཏེ་སྟེ་སོགས་ཚིག་ཕྲད་མ་བྱུང་བ་མེད།

དཔེར་ན།

  • ……དོན་རྒྱུད་ལ་སྐྱེ་དགོས་པ་ཡིན། ཚིག་དེ་དང་སྙེ་མ་སློང་བ་ཚུན་ཆད་ཀྱི་ཁ་ནས་འོང་སྟེ། དེས་མི་ཕན་གསུང་། (བེའུ་བུམ། ཤ113)
  • དགེ་བཤེས་སྨྱུག་རུམ་པའི་ཞལ་ནས། བྱང་ཆུབ་ཀྱི་སེམས་འདི་ཅིག་སྐྱེར་བཏུབ་ན་དང་ཚོགས་ཁོ་རང་གིས་གསོག སྒྲིབ་པ་ཡང་ཁོ་རང་གིས་སྦྱོང་བར་ཆད་ཀྱང་ཁོ་རང་གིས་སེལ་ཏེ་གསུང་། (བེའུ་བུམ། ཤ243)
  • ཀྱི་སྨད་པའི་སྟོན་པ་གཅིག་གིས་ཆོས་བཤད་ནས། ཆོས་ཐོན་པ་དང་སློབ་མ་གཅིག་ཀོག་ལངས་ནས་ཆོས་དང་དེ་ལྟར་བྱས་ཏེ། སང་ཞིང་རྨོད་པའི་ལྕགས་མེད་ཟེར་ལོ། (དཔེ་ཆོས། ཤ80)
  • དབུས་སུ་འཁྲུག་པ་བྱེད་པའི་དམག་ཕན་ཚུན་ཆས་ནས་འཐབ་པ་ལ། མི་ཀུན་གྱིས་སྭོོ་སྭོོ་བྱས་པས། གཅིག་ན་རེ། སྭོོ་དང་སྭཽ་སྟེ་ཁོང་གི་ཕྱོགས་མང་ན་ཟེར་ལོ། ། (དཔེ་ཆོས། ཤ100)
  • ཆོས་ནས་དང་དེ་ཙུག་བཤད་དེ། ད་ལྟ་དེ་ཙུག་མི་བཏུབ། འོ་སྐོལ་ལ་རྒྱལ་པོའི་འཚོ་བ་ནི་མེད།(དཔེ་ཆོས། ཤ129)

དཔེ་འདི་དག་ལས་བཀའ་གདམས་པས་བླ་མའི་གདམས་ངག་ཇི་བཞིན་འབྲི་བའི་རྣམ་པ་མཐོང་ཐུབ་ལ།[10] ཚིག་གི་དབུ་མཇུག་ཏུ་ཞལ་ནས་དང་ཟེར་སོགས་ཀྱིས་གསལ་པོར་བསྟན་ཡོད། གཞན་རང་བཞིན་གྱི་སྐད་ཆ་སྟེ་ཚིག་ལྷུག་གི་རྣམ་པར་འབྱུང་བ་ལས་གཞན་འགྲེལ་པ་འདི་ལས་བྱུང་སྔ་བའི་བེའུ་བུམ་རྩ་བར་ཚིགས་བཅད་ཀྱི་རྣམ་པས་ཀྱང་ཐོན་ཡོད་དེ། དཔེར་ན།

  • བྱམས་དང་སྙིང་རྗེ་བྱང་སེམས་སྦྱོང་ན། ། ཚིག་དང་མེད་ཀྱང་སེམས་སྦྱོང་ཡིན་ཏེ། ། སེམས་མེད་ཚིག་གིས་དེ་ལྟར་མི་འགྱུར། །(བེའུ་བུམ། ཤ18)
  • ཇོ་བོ་སེ་བཙུན་ཞལ་ནས་དེ་གསུང་། ། ཤེས་དང་ངས་ཀྱང་དེ་ལུགས་ལེགས་ཤེས། ། སྒོམ་ནི་དར་ཅིག་ཙམ་ཡང་མ་བསྒོམས། ། (བེའུ་བུམ། ཤ29)

བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་སྨྲ་བ་ཚོས་སུམ་རྟགས་ཀྱི་དགོངས་པ་དང་བསྟུན་ནས་དང་སྒྲ་ནི་སྡུད་དང་འབྱེད་པ་དང་། རྒྱུ་མཚན། ཚེ་སྐབས། གདམས་ངག་ལྔ་ལས་འཇུག་ཚུལ་གཞན་ཡོད་ཚུལ་བརྗོད་མེད།[11] དེང་རབས་ཀྱི་བརྡ་སྤྲོད་མཁས་པ་དག་ཀྱང་ཕལ་ཆེར་དེའི་རྗེས་སུ་འབྲངས།[12]གོང་གི་དཔེར་བརྗོད་དང་བེའུ་བུམ་དུ་གཞན་མང་པོ་ཡང་འཇུག་ཚུལ་ལྔའི་བྱེ་བྲག་རེ་རེ་བཞིན་གསལ་མོད། གོང་འཁོད་དག་དེས་མི་ཁྱབ་པས་ཡང་ན་དང་སྒྲའི་འཇུག་ཚུལ་གསར་པ་ཞིག་བསམ་དགོས་པར་འགྱུར།

ཆི་ཨེ་ཐང(2017)གིས་གཙང་སྐད་དཔེ(3)པ་རུའང་དང་སྒྲ་སྤྱད་ཡོད། བེའུ་བུམ་གྱི་རྩ་བ་རུ“དང”སྒྲ་ཁོ་ན་མ་གཏོགས་འཇུག་ཚུལ་འདི་དང་མཚུངས་པའི་ཕྲད་གཞན་བྱུང་མེད་ཅིང་། འདིའི་ནང་ཇོ་བོ་སེ་བཙུན་ཞེས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་ཁམས་ཀྱི་བླ་མ་དེས་གསུང་ཚུལ་ལ་དཔགས་ན་རྩ་བ་འདིར་མཛད་མཁན་ལ་ཁམས་སྐད་ཀྱི་ཤན་ཡང་ཡོད་སྙམ།  དེ་བས་ཚིག་ཕྲད་འདི་བེའུ་བུམ་ལྟ་བུ་ལས་གོང་སྨོས་ལུང་ཁུངས་གཞན་དུ་མ་བྱུང་དོན་ནི་ཕྱོགས་གཅིག་ནས་བསྟན་པ་ཕྱི་དར་གྱི་མགོར་དབུས་གཙང་དང་ཁམས་བར་གྱི་རིག་གནས་འགྲོ་འོང་ལའང་འབྲེལ་བ་ཡོད་སྲིད།[13] དཔེར་ན། ཇོ་བོ་རྗེའི་དངོས་སློབ་གྲགས་ཆེ་བ་དབུས་གཙང་གི་ཁུ་རྔོག་འབྲོམ་གསུམ་གྱི་མཚན་ཡང་ཁམས་སུ་ཕྱིན་ནས་སློབ་གཉེར་གནང་སྐབས་དེ་ལྟར་ཐོགས་པར་བཤད།

2 དག་སྒྲ།

དག་སྒྲ་ནི་གོང་གསལ་ཡིག་ཚང་ཁག་ལས་བྱུང་མང་ཤོས་ཡིན། རོབ་རྩིས་ལྟར་ན་དུས་རབས 12 པའི《དཔེ་ཆོས》རུ་ཐེངས 9 ། ཧ་ལམ་དུས་རབས 12 ནས 13 བར་བྱུང་བའི《ཕ་ཆོས་བུ་ཆོས》རུ་ཐེངས17། དུས་རབས 14 དང 15 པར་ཞི་བྱེད་རི་ཁྲོད་པའི་མིད་ལའི་རྣམ་ཐར་དུ་ཐེངས 7 གཙང་སྨྱོན་ཧེ་རུ་ཀས་མཛད་པར་ཐེངས 33 བྱུང་ཡོད་ཅིང་། འདི་ད་དུང་ཆ་ཚང་བའི་ཞིབ་རྩིས་མིན། བཙན་པོའི་སྐབས་ཀྱི་ཡིག་རྙིང་ཤོག་དྲིལ་ཁག་ཏུ་དག་ནི་མང་པོའི་དོན་ལ་འཇུག་ཅིང་བྱ་ཚིག་གི་ངོས་ནས་གཙང་མར་གྱུར་པའི་དོན་ལ་འཇུག  ཕྱིས་སུ་ལེགས་སྦྱར་གྱི་བརྡ་སྤྲོད་གཞུང་ལུགས་ཚུར་འདྲེན་དུས་དག་སྒྲ་གཉིས་ཚིག་ཏུ་གཏན་ལ་ཕབ་ཀྱང་བོད་སྐད་ཀྱི་འགྲོས་དང་མི་མཐུན་སྟབས་བོད་རང་གི་ལག་ལེན་དུ་དེའི་འཇུག་ཚུལ་དར་མི་ཆེ།[14] ཡིན་ནའང་གཤམ་གྱི་དཔེར་བརྗོད་དུ་གསལ་བའི་དག་སྒྲ་ནི་འཇུག་ཚུལ་འདི་དག་དང་མི་མཚུངས། དཔེར་ན།

  • དེའི་འོག་ནས་གང་ཆེ་བའི་པཎ་ཆེན་ཅིག་གདན་དྲངས་ན་ཞུས་པས་ལོ་ཙཱ་བའི་ཞལ་ནས་དེ་འདྲ་སོ་སྒོར་མ་འདོན་ཅིག དེར་སོང་ན་དག་ན་ནིང་ནས་པཎྜི་ཏ་གཅིག་ལས་གཅིག་ཆེ་བ་ཉི་ཤུ་ཙམ་གདན་དྲོངས་ཀྱང་འདྲོངས་ཏེ། འོ་སྐོལ་བོད་ཀྱི་སེམས་ཅན་གྱི་སྤྱོད་གཤིས་རྒྱུས་མེད་དམ། (ཕ་ཆོས། ཤ228)
  • ད་ལྟ་དག་འོས་མེད། སྔོན་སྐྱེས་རབས་དུ་མ་བརྒྱུད་པའི་དུས་ནའང་། དེ་ལྟ་བུ་གདའ་བ་འདི་ལ། (ཕ་ཆོས། ཤ297)
  • ཇོ་བོའི་ཞལ་ནས། དེ་དུས་སུ་དག་ཁྱོད་ཀྱིས་གོ་ཆོད་དེ། ལར་གོ་མ་ཆོད་ཤགས་ཚབ་ཡིན། ནགས་ཁྲོད་ཀྱི་སྟག་རྩལ་སྟོབས་ཆེ་ཡང་། སེང་གེ་མི་འཆུན་པ་ཡིན། (བུ་ཆོས། ཤ616)
  • ཨ་མ་ན་རེ་ང་དག་ཁྱོད་ཀྱི་སྟེང་དུ་བེར་གྱོན། འོག་ཏུ་རྟ་ཞོན་པའི་ཡོབ་ཆེན་སྡང་བ་དགྲ་འདི་ཚོའི་གཉའ་ཐོག་ན་ཕར་ཤུད་དེ་བ་ཞིག་འདོད་པ་ཡིན་ཏེ། དེ་རང་མི་འོང་བ་འདྲ། (གཙང་སྨྱོན། ཤ30)
  • ཁོང་རྣམས་ན་རེ། ཁྱེད་རང་དག་བདེ་བདེ་མང་པོ་འདྲེན་གྱི་འདུག་སྟེ། བདེ་ངེས་པ་གྲེ་བ་བདེ་མོ་ཞིག་འདུག (གཙང་སྨྱོན། ཤ157)

འདི་དག་ཀྱང་གོང་དུ་སྨོས་པའི“དང”སྒྲ་དང་འདྲ་བར་མིའི་གཏམ་གླེང་ཐད་ཀ་བ་ཇི་བཞིན་དུ་བཀོད་པ་རྐྱང་ཡིན། འདིའི་ཁྲོད་ནས་དཔེར་བརྗོད(20)དང(21)བཀླགས་མ་ཐག་ང་དག་དང་ཁྱོད་དག་ཅེས་པ་ང་ཚོ་དང་ཁྱོད་ཚོར་གོ་ཉེན་ལྟ་བུ་འབྱུང་ཡང་།[15] དང་པོ་ནི་ཡུམ་མྱང་ཚ་དཀར་རྒྱན་གྱིས་མི་ལ་རས་པ་གཅིག་པུར་སྨྲས་པ་དང་། གཉིས་པ་ནི་ཁྱི་ར་བ་དག་གིས་མི་ལ་རས་པར་སྨྲས་པའི་སྐད་ཆ་ཡིན་པས་གཉིས་ཚིག་གམ་མང་ཚིག་གང་ཡང་མིན། དེ་བཞིན(19)པའི་སུ་སྒྲ་ཡང་དེ་དུས་དང་མཉམ་དུ་སྦྱར་བས་སུ་དག་ཅེས་མཉམ་དུ་འབྱུང་བ་དེར་འཁྲུལ་དོགས་མེད།

དཔེ(18)ནི་གཞན་དང་མི་འདྲ་བར་དེ་དང་དོན་ལྷག་མ་འདྲེན་པའི་རྗེས་ཀྱི་ཚིག་ཕྲད་བྱུང་མེད་པས་ནན་གྱིས་བརྣན་པའི་དོན་ལ་འཇུག་ཚུལ་གསལ། རྣམ་ཐར་ཁག་ཏུ་ཚིག་ཕྲད་འདི་དོན་གྱི་གནད་ཁྱད་པར་བ་འབྱིན་ཆེད་མང་ཡང་དེའི་སྐོར་ལ་དོ་སྣང་བྱུང་མེད་དེ། དཔེར་ན་མི་ལ་རས་པའི་རྣམ་ཐར་རྒྱ་འགྱུར་མ་ལྟ་བུའི་ནང་དག་སྒྲའི་ཚིག་གི་ནུས་པ་ཇི་བཞིན་ཐོན་མེད་པ་ལྟ་བུ་ཡིན།[16]

  • ཆང་རང་འཐུང་དག་མི་ནུས་ཏེ། ། སིངས་པོ་འཐུང་ཡང་མི་ནུས་སམ། ། བྱང་ཆུབ་སྒྲུབ་དག་མི་ནུས་ཏེ། ། མཐོ་རིས་སྒྲུབ་ཀྱང་མི་ནུས་སམ། ། ཞེས་གསུངས་པས། (གཙང་སྨྱོན)

དག་སྒྲ་འདིའང་མི་སྣའི་སྐད་ཆ་ཚིག་ལྷུག་ཙམ་མ་ཡིན་པར་ཚིགས་བཅད་ཁྲོད་དུའང་འབྱུང་བས། ཚིག་ཕྲད་འདི་རིགས་མ་མཐའ་ཡང་ཡུལ་གྱི་ཁྱབ་ཁོངས་ངེས་ཅན་ཞིག་གི་ཁ་སྐད་དུ་དེ་དུས་ཤིན་ཏུ་དར་ཆེ་བ་རྟོགས་ཐུབ། ཡིན་ནའང་ཨམ་སྐད་ལྟ་བུར་སྔོན་གྱི་མཁས་པ་ཕལ་ཆེ་བས་བསྟན་བཅོས་ཀྱི་སྐད་ལས་ཁ་སྐད་ལ་གཞོལ་ནས་བྲིས་པ་ཉུང་བས་དེའི་དཔེ་མ་རྙེད་མོད། ཨམ་སྐད་ཁྲོད་སྦྱོར་ཚུལ་དང་འཇུག་ཚུལ་ཆ་འདྲ་བའི་ཕྲད་གཞན་ཞིག་ནི zo ཞེས་པ་ཡིན་ཞིང་། འདི་ཡི་གེར་འགོད་དུས“ཚོ”བདེ་བ་ལྟར་སྣང་ལ་དེ་ལྟར་ན“དག”གི་དོན་དང་མཐུན་པར་མཆིས་ཀྱང་། ཁ་སྐད་དུ་ཚོ་དང zo གཉིས་མཐུན་མི་མཐུན་གཉིས་ཀ་མཆིས་པར་བརྟག་པར་རིགས།

3 ཏ་སྒྲ།

ཁོ་བོས་ཏ་སྒྲ་ལ་དམིགས་བསལ་གྱི་ཐོག་མར་དོ་སྣང་བྱུང་བ་ནི་རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་མཇལ་སྐབས་ཤིག་ཡིན། དེར་ཇོ་བོ་རྗེ་ཨ་ཏི་ཤ་དང་པོ་ཏོ་བའི་གསུང་ཚིག་གཉིས་ལུང་དྲངས་ཡོད་དེ།

  • དུས་ཇི་ཙམ་དུ་བསྟེན་པ་ནི། པོ་ཏོ་བའི་ཞལ་ནས། ང་ལ་ཏ་རེ་རེ་བྱུང་ན་ཁུར་བསྣན། རེ་རེ་སོང་ན་ཁུར་བྲི་སྟེ་ལོགས་སུ་བསྡད་ན་མི་འོང་བས་ཉེ་རིང་རན་པར་ཡུན་རིང་དུ་བསྲིངས་ནས་བསྒྲུབ་དགོས་པ་ཡིན་གསུང་པ་ལྟར་རོ། ། (ལམ་རིམ་ཆེན་མོ)[17]
  • ཇོ་བོ་ལ། ཨ་ཏི་ཤ་གདམས་ངག་ཞུ་ཞེས་སྐད་ཆེན་པོས་ཞུས་པ་ན། ཧེ་ཧེ་ཁོ་བོ་ལ་རྣ་བ་ཏ་བཟང་པོ་བཟང་པོ་བདོག་སྟེ་མན་ངག་བྱ་བ་དད་པ་ཡིན་དད་པ་དད་པ་གསུང་བ་ལྟར་དད་པ་ཤིན་ཏུ་གལ་ཆེའོ། (ལམ་རིམ་ཆེན་མོ)

ཞེས་ལམ་རིམ་ཆེན་མོ་ཧྲིལ་པོར་ཏ་སྒྲའི་ཕྲད་འདི་གཉིས་ལས་བྱུང་མེད་ཅིང་། ལུང་འདི་གཉིས་ཀྱི་ཁུངས་བཀའ་གདམས་པའི་གསུང་ཡིན་པར་ཐེ་ཚོམ་མེད་ནའང་། དོན་ལ་གཞུང་གང་ནས་དྲངས་པ་མ་རྙེད་དེ། ཧ་ལམ“དང་སྒྲས”ཡོངས་སུ་ཟིན་པའི་བེའུ་བུམ་སྔོན་པོའི་འགྲེལ་པར་དཔེར་བརྗོད(17)པ་བྱུང་ཡང་དེབ་དེར“ཏ་སྒྲ”ལན་གྲངས་ཉུང་ཤས་ལས་མ་བྱུང་སྟབས་རྩོམ་ཧྲིལ་པོའི་ཚིག་ཕྲད་ཀྱི་བབ་དང་མི་འཕྲོད་པར་སྣང་ཞིང་། པོ་ཏོ་བའི་ཞལ་ནས་ཞེས་ཚིག་ཕྲད་འདི་རིགས་འབྱུང་བའི་བརྗོད་པ་དུ་མ་ཡོད་པ་དག་ཀྱང་ཕྲད་ཀྱི་འབྲི་ལུགས“དང”དང“ཏ”ཞེས་མི་མཚུངས་པས། འགྲེལ་པ་འབྲི་མཁན་གྱིས་སྔོན་གྱི་རྩོམ་གདན་གཞན་གཞིར་བཞག་སྟེ“ཏ”སྒྲའང་དྲངས་ཐོག་གཙོ་བོ་བེའུ་བུམ་རྩ་བ་དང་ཁོ་རང་གི་འདོད་པའི“དང་སྒྲ”གཙོར་བྱས་ཏེ་བསྲེས་པ་ཡིན་སྲིད།

ཚིག་ཕྲད་ཀྱི་འབྲི་སྟངས་ལས་བརྩམས་ཆོས་ཧྲིལ་པོར“ཏ་སྒྲ”སྤྱད་པ་ནི་ཇོ་ནང་ཏཱ་ར་ནཱའི་རང་རྣམ་ཡིན་ཞིང་། ཞིབ་རྩིས་ལྟར་ན་ཏ་སྒྲ་ཁྱོན་ཐེངས38འབྱུང་། དེའི་ནང་ཚིག་ཕྱི་མ་མི་འདྲེན་པ་ཐེངས 13 བྱུང་ཡོད། རང་རྣམ་དུ་ཡུལ་སྐད་ཀྱི་ཤས་ཆེ་ལ་བསྡུ་སྒྲིག་པས་ཀྱང་ཇི་བཞིན་སོར་བཞག་བྱས་པར་གསལ།[18]

  • བོད་ན་བཙན་བཙུན་མང་ཉུང་རང་ཏ་ད་ལྟ་ཡང་ལྕོགས་ཙམ་གདའ་སྟེ། གྲུལ་བཏུབ་དེ་ཡེ་མི་གདའ། (རང་རྣམ་སྨད་ཆ། ཤ42)
  • དེ་ལ་སྤྱི་རྟག་བརྟན་གྱི་ས་ཕྱོགས་འདི་རྡོ་རང་་མོད་པའི་རིགས་སུ་འདུག་ཀྱང༌། རྣམ་གྲངས་མང་པོ་ནས་ཚོལ་བ་དང༌། གཅོག་པ་སོགས་མི་དགོས་པར་རྡོའི་ཁུང་བུ་འཁྲིས་ནས་འཁྲིས་སུ་ཐོན་པ་དང་། (རང་རྣམ་སྨད་ཆ། ཤ61)
  • ལར་བོད་མ་ཡིན་པ་ཙམ་གྱིས་ངན་པར་ཏ་མི་འགྲོ། ཆོས་ཀྱང་རྒྱ་འགྲེལ་འབྲིང་མན་ཆད་ལས་བོད་འགྲེལ་བཟང་ཤོས་རྣམས་བཟང་བར་མངོན་སུམ་གྱིས་གྲུབ། (རང་རྣམ་སྨད་ཆ། ཤ89)

ཏཱ་ར་ནཱ་ཐའི་རང་རྣམ་དུ་ཚིག་ཕྲད་ཏ་ཡི་འབྲི་ལུགས་དག་སྒྲ་གཅིག་ཀྱང་བྱུང་ཡོད་ལ། དཔེ(27)ལྟར་མི་མཐུན་པའི་ཚིག་རྒྱན་ལ་མི་འགྲོ་བའི་འཇུག་ཚུལ་ཕྲད་གཞན་ལས་མང་དུ་ཕྱིན་ཡོད།

4 ད་སྒྲ།

ད་སྒྲ་ཕྲད་འདི་ལ་འཇུག་མང་བའི་ཡིག་ཚང་ཡན་གར་བ་མ་མཐོང་ཡང་། གོང་གསལ་ཡིག་ཚང་ཁག་ཏུ་རེ་གཉིས་འབྱུང་།

  • གདམས་ངག་མཁའ་འགྲོའི་ཁ་རླངས་ཐོ་ལེ་བ་འདི་ཚོ་དགོས་ཟེར་བ་ད་ཀུ་རེ་ཡིན་རུང་ཅུང་དྲགས་པས་དགོད་བྲོ། (གཙང་སྨྱོན། ཤ61)

གཙང་སྨྱོན་གྱི་མི་ལ་རས་པའི་རྣམ་མགུར་དུ་དག་སྒྲ་མང་ཤོས་ཀྱི་གྲལ་དུ་ད་སྒྲ་རེ་གཉིས་བྱུང་བ་ནི་གཅིག་བྱས་ན་ཡིག་མཁན་གྱི་ནོར་བ་ཡིན་ཡང་སྲིད་མོད། ཕལ་ཆེར་རྩོམ་པ་པོས་གཞི་འཛིན་སའི་རྣམ་ཐར་ཡིག་ཆ་རང་གི་དག་ཆ་ཇི་བཞིན་བསྐྱུར་བ་ཤས་ཆེ་སྙམ། སྤྱིར་ད་སྒྲ་ནི་དུས་ད་ལྟ་བ་ལ་འཇུག་པ་མང་ཤོས་སུ་མཐོང་ཞིང་། དེའི་མིང་མཐའ་ཅན་ཐམས་ཅད་ཀྱང་དེ་ལྟར་འབྱུང་སྟེ། དཔེར་ན། མི་ལ་རས་པའི་རྣམ་མགུར་དུ་ད་ལན། ད་ལྟ། ད་རེས། ད་དུང་། ད་ནངས། ད་ཕྱིན་ཆད། ད་བར་ལ། ད་གཟོད་ལྟ་བུ་དང་། ད་སྒྲ་རྐྱང་བ་འབྱུང་དུས་ཀྱང་དེ་དང་འདྲ།

  • དེར་རྗེ་བཙུན་གྱིས་ད་ཉི་མ་ཕྱི་མོར་སོང་འདུག་པས་ངས་མི་ཕྱིན། དེ་བས་ཁྱོད་རང་ཡང་དོ་ནུབ་འདིར་འདུག སང་སྔ་དྲོ་རང་ཅག་གཉིས་ཀ་འགྲོགས་ལ་འདེང་གསུངས། (གཙང་སྨྱོན།)

5 ལྟ།

ལྟ་འདི་ལ་འཇུག་པ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ལས་ཁ་ཤས་དང་པོ་ཏོ་བའི་ཆིག་ལབ་རིང་མོར་མ་གཏོགས་མང་དུ་མ་རྙེད།

  • ད་ཕྱག་ཕུལ་ལ་ཐུགས་རྗེ་ཆེ་ཞུས་གསུང་གིན་འདུག་པར། ངས་ཐུགས་རྗེ་ལྟ་ཆེ་སྟེ། ང་ལ་བླ་མ་བགྲེས་པོ་ཞིག་ཡོད་པ་དེས་ཤོག་གསུང་གིན་འདུག་ཞུས…(ཡོངས་འཛིན། ཤ34)
  • སྔགས་རམས་པའི་ཞལ་ནས། ང་བསོད་ནམས་དམན་པས་དུས་མ་ཡིན་པ་ལ་སྐྱེས་ཤིང་ད་འཆི་ཁ་མ་ཡིན། ཁྱེད་རྣམས་ལ་ལྟ་ང་བས་བཟང་བའི་བླ་མ་ཞིག་འདི་ན་འདུག་པ་ཞེས་སྔགས་རམས་པ་རང་གི་དབུ་ལ་བཞེས་བཞིན་པའི་པཎ་ཞྭ་ད་ཕུད་ནས་རྗེས་དབུ་ཐོག་ཏུ་འཕངས……(ཡོངས་འཛིན། ཤ73)
  • ཚོང་ཁལ་རེ་ཙམ་འཕམ་པ་ལ་གཉིད་ཞག་འགའ་རེར་ཡར་འགྲོ་བའི་ཆོས་པ་དེས་གཞན་ལ་ལྟ་ཕན་པར་ག་ལ་ནུས་ན་རང་ལ་ཡང་ཤིན་ཏུ་གནོད་པར་འོང་སྟེ། (པོ་ཏོ་བའི་ཆིག་ལབ། ཤ6)

ཚིག་ཕྲད“ལྟ”ཡི་དཔེ་བརྗོད་རེ་གཉིས་ལས་མ་རྙེད་ཀྱང་།  ཚིག་ཕྲད་འདིའི་འབྱུང་ཁུངས་འཚོལ་བ་ལ་ཁུངས་སྣེ་གལ་ཆེན་ཞིག་འདོན་སྤྲོད་བྱས་ཡོད་སྙམ་ཞིང་། གསེར་ཏོག་བློ་བཟང་རྒྱ་མཚོ(1895-1915)དང་དམུ་དགེ་བསམ་གཏན(1980)ལགས་ཀྱིས་ཚིག་ཕྲད་ལྟ་ཞེས་པ་ཅུང་ཟད་ཀྱང་ཞེས་པའི་དོན་ལ་འཇུག་ཚུལ་གསུངས་ཡོད།[19]

6 འཇུག་ཚུལ་དབྱེ་ཞིབ།

གོང་དུ“དང”“དག”“ཏ”“ད”“ལྟ”ཡི་འཇུག་སྟངས་དཔེ་བརྗོད་རགས་ཙམ་སོང་ནས་ད་ནི་དེ་ཀུན་གཅིག་ཏུ་བསྡུས་ཏེ་གླེང་ན། ཚིག་ཕྲད་གཞན་ཀུན་དོན་གཞན་ལ་འཇུག་པ་སྟེ། འདི་དག་ལས“ཏ”སྒྲའི་ཕྲད་དུ་འདོགས་དོན་ནི་གཅིག་ནས་སྲོལ་རྒྱུན་གྱི་བརྡ་སྤྲོད་གཞུང་ལུགས་ལྟར་ན། “དང”སྒྲ་ལ་འཇུག་ལུགས་གཏན་འཁེལ་བ་ཡོད་ཅིང་། “དག”སྒྲ་ཡང་དེ་བཞིན་མང་པོ་དང་བྱ་ཚིག་གི་དོན་ལ་འཇུག་པ་དང་། “ད”སྒྲ་ནི་དུས་ད་ལྟ་བ་སྟོན་བྱེད་དུ་འཇུག་པ་སོགས་ཀྱིས་དེ་དག་གི་སྦྱོར་ཚུལ་དང་མི་འཁྲུལ་སླད་སྔར་གྱི་བརྡ་སྤྲོད་གཞུང་ལུགས་སུ་མ་ཐོན་པའི“ཏ”སྒྲ་ཞེས་ན་འཚམས་སྙམ། གཉིས་སུ་ན་གོང་གསལ་ཡིག་ཚང་ཁག་ལས་དུས་རབས 16 པའི་ཏཱ་ར་ནཱ་ཐའི་རང་རྣམ་དུ་ཅུང་ཕོན་ཆེན་པོར་བྱུང་ཞིང་གཏན་འཁེལ་བའི་རྣམ་པ་མཆིས་པས། ཕྲད་འདིའི་འབྲི་སྟངས་དང་འཇུག་ཚུལ་སྨིན་པའི་ཚུལ་དུ་སྣང་ལ། རྩོམ་མཁན་རང་གིས་ཀྱང་ཚིག་ཕྲད་གཞན་དང་ནོར་དོགས་སོགས་དགོས་པ་ཆེན་པོར་བྲིས་པར་སྙམ།

འདི་ཁྱད་མ་ཕྱེ་བར་གང་བདེར་སྦྱར་ན་འཁྲུལ་པ་མང་དུ་འབྱུང་། དཔེར་ན། དཔེར་བརྗོད(29)པ་རུ“རྗེ་བཙུན་གྱིས་ད”ཞེས་པ“ཏ”སྒྲ་ཚིག་ཕྲད་ཀྱི་བྱེད་ནུས་ཅན་དུ་བཀླགས་ན་དོན་གཞན་ཞིག་དང་། ད་ལྟ་བའི་དོན་སྟོན་བྱེད་དུ་བཀླགས་ན་དོན་གཉིས་ངོ་བོ་གཉིས་སུ་འགྱུར། ཡང་དཔེར་ན། ང་ད་འགྲོ་རྒྱུ་ཡིན། དང་། ང་ཏ་འགྲོ་རྒྱུ་ཡིན། གཉིས་ཨམ་སྐད་ལྟ་བུར་མཚོན་ན་འདི་གཉིས་རྐྱང་པའི་སྒྲ་གཅིག་ཡིན་ཡང་། སྒྲ་དངོས་སུ་འབྱིན་དུས་དང་པོའི་སྐབས་སུ་ང་དང་ད་ཡི་སྒྲ་གཉིས་སོ་སོར་ཕྲལ་ནས་རང་རྐྱ་བའི་ཚུལ་གྱིས་ཀློག་ཅིང་། རྗེས་མ་ནི་སྒྲ་གཉིས་མཐུད་པའི་ཚུལ་གྱིས་ཀློག་སྟེ། ངག་གི་བརྗོད་པར་ཞུགས་དུས་དེ་གཉིས་ཀྱི་ཁྱད་འབྱེད་བདེ་ཡང་། གལ་སྲིད་ཡི་གེའི་གཟུགས་སུ་ད་སྒྲ་བྲིས་ཚེ་ད་ལྟ་བ་སྟོན་པའམ་ཏ་སྒྲའི་བྱེད་པ་ཅན་གང་སྟོན་པ་མི་ངེས་པར་འགྱུར་རོ། ། གཞན་ད་དུང་།  ཡོད་དང་ཡོད། ཡོད་ཏ་ཡོད་ལྟ་བུའི་བར་གྱི་ཕྲད་མ་འདྲ་བ་ཙམ་གྱིས་དོན་གྱི་ངོ་བོ་མི་གཅིག་སྟེ། ཡོད་དང་ཡོད་ནི། ཡོད་ཐག་ཆོད་ཡིན་པའི་དོན་དང་། ཡོད་ཏ་ཡོད་ནི་ཡོད་པ་དེ་ལ་མ་ངེས་པའམ་ཐེ་ཚོམ་གྱི་དོན་ལ་འཇུག་ཅིང་། སྤྱིར་དེའི་སྔ་ཕྱི་གང་རུང་དུ་མི་མཐུན་པའི་ཚིག་སྦྱོར་ཞིག་འབྱུང་བར་སྣང་། དེ་ལྟར་དོན་གཞན་གྱི་སྒྲ་དོན་ཡོད་པའི་ཚིག་ཕྲད་དེ་དག་ལ་མི་འཁྲུལ་ཕྱིར་ཇོ་ནང་ཏཱ་ར་ནཱ་ཐའི་རྗེས་སུ་འབྲངས་ཏེ“ཏ”སྒྲ་གདགས་པར་བྱ།

  • དགེ་བཤེས་པོ་ཏོ་བའི་ཞལ་ནས། ངས་ཁྱེད་གཡོར་པོ་རྣམས་ལ་ངོ་དང་ཚ་སྟེ། ངེད་ཀྱི་སྤྲས་ཀྱི་བ་འོ་ཐང་ན་ཆུ་མེད་པས་ལོ་ཡགས་ཙམ་མི་འོང་ལྷད་ཟན་ཟ་བས། ལན་ཅིག་ཕ་སྤད་གསུམ་གྱིས་རྨེའུ་ཟན་བྱས་པས། ……..(བེའུ་བུམ། ཤ147)
  • ཁོང་པ་རྣམ་པ་གཉིས་པོ་ན་རེ། ངེད་ཀྱིས་གྲོས་ཐེབས་ན་དག་འདི་ལ་མ་ཐུག་སྟེ་གྲོས་མི་ཐེབས།  སྙིང་ཞིག་ཡོད་ན་འདི་ཕྱོགས་སུ་ཅིག་འོང་སྟེ་འོང་ཟེར་ཞིང་འདུག (བུ་ཆོས། ཤ570)
  • པེ་ཧ་ར་ཆེན་པོ་དྲག་ཤུལ་ཅན་ཏ་ལོས་ཡིན། དེ་ཡིན་པས་ཀ་མི་དང་འདྲ་བ་ཡིན། (རང་རྣམ་སྨད་ཆ། ཤ86)
  • དེ་དུས་ན་ཁུ་བོ་དག་ཨ་ཅང་ཆེ་སྟེ། ཨ་ནེ་ཀུན་ངན་པར་བྱུང་གསུང་། (ཞི་བྱེད་རི་ཁྲོད་པ། ཤ160)

ཚིག་ཕྲད་འདི་ཀུན་ནི་སྒྲས་ཚབ་བྱས་ན་བརྗོད་བྱའི་དོན་སྟོན་པ་ལ་མི་གནོད་པར་མཐོང་ཡང་། ཏ་སྒྲ་ལྟར་གཏམ་རྗོད་པ་པོའི་ཆགས་སྡང་ཡིད་འགྱུ་ཇི་བཞིན་གསལ་བར་མི་ནུས་པར་སྣང་། དེ་ཡང་ནི་སྒྲ་སྔོན་ཁ་སྐད་དུ་ཡོད་པ་ཕྱིས་རིམ་གྱིས་ཉམས་ཤིང་ལེགས་སྦྱར་གྱི་ཤན་ཡང་འདྲེས་ཏེ་བསྟན་བཅོས་ཀྱི་སྐད་དུ་མ་གཏོགས་ཡུལ་སྐད་རྣམས་སུ་སྤྱོད་སྒོ་ཆུང་དུ་ཕྱིན་པར་བསམ་སྟེ།[20]ཨམ་སྐད་ལྟ་བུར་མཚོན་ན་ནི་སྒྲ་ཚིག་གི་བརྗོད་གཞི་དང་ཚིག་གི་གནད་སར་འཇུག་དུས་ཁ་སྐད་དུ་ནི་བརྗོད་གཞི་དང་གནད་སའི་མིང་མཐའ་མའི་སྒྲ་ལྕི་བའམ་བསྲིངས་ཏེ་འབྱིན་པས་སྟོན་ཞིང་། ནི་སྒྲ་ནི་འབྱུང་ཡང་སྲོལ་རྒྱུན་བརྡ་སྤྲོད་ཀྱི་དགར་བ་དང་བརྣན་པ་སོགས་མ་ཡིན་པར་ཚིག་མཇུག་ཏུ་རྣམ་པ་གཞན་ཞིག་གིས་འབྱུང་ངོ་། ། དཔེར་ན།

  • ང་ནི་ད་ནངས་སློབ་གྲྭར་ཕྱིན་པ་ཡིན། ང་ད་ནངས་ནི་སློབ་གྲྭར་ཕྱིན་པ་ཡིན།(ཡིག་སྐད) ངའ་ད་ནངས་སློབ་གྲྭར་སོང་ནི་ཡིན། ང་ད་ནངས(སྒྲ་ལྕི་བའམ་བསྲིངས་པ)སློབ་གྲྭར་ཕྱིན་པ་ཡིན།(ཁ་སྐད)

བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་བསྟན་བཅོས་ཀྱི་རྣམ་གཞག་ལས་ནི་སྒྲ་ཡི་འཇུག་ཚུལ་དགར་བ་དང་བརྣན་པར་གཏན་ལ་ཕབ་ཡོད་ཅིང་དེས་ཡི་གེའི་སྦྱོར་བའི་ཁྲོད་དུ་གོ་བབ་འགངས་ཆེན་ཟིན་ནའང་། ངག་ཐོག་སྐད་དུ་ཟིན་ཚད་ཤིན་ཏུ་ཆུང་བ་ནི་སྐལ་བཟང་འགྱུར་མེད་ཀྱི་ཡུལ་སྐད་གསུམ་གྱི་དཔེར་བརྗོད་དག་ལས་ཀྱང་མཐོང་ཐུབ། དེ་བས“ཏ”སྒྲ་ནི་སྒྲ་དང་འདྲ་བར་དགར་བ་དང་བརྣན་པའི་དོན་ལ་འཇུག་ནའང། དགར་བའི་དོན་ལ་འཇུག་པའི་ཤུགས་ནི་ནི་སྒྲ་ལས་ཀྱང་ཆེ། དཔེར་ན་ཨམ་སྐད་དུ། ངའ་སློབ་མ་ཡིན་ཞེས་པ་གདངས་ལྕི་བའི་ཉམས་དང་བཅས་པར་ཡི་གེར་ཕབ་ན་ང་ནི་སློབ་མ་ཡིན་ཞེས་འབྱུང་བས་ང་སློབ་མ་ཡིན་ཞེས་པ་ལས་ཤུགས་ཆེ་ཙམ་ཡིན་ཡང་སྤྱིར་བཏང་ཙམ་དུ་ཟད་ལ། ང་ཏ་སློབ་མ་ཡིན། ཞེས་པས་ནི་ང་ཉིད་གཅིག་པུ་གཞི་གཞན་ལས་དམིགས་ཀྱིས་བཀར་བའི་ནུས་པ་ཤེད་ཆེ་བར་མཐོང་བས། ནི་སྒྲ་ངག་ཐོག་ཏུ་ཉམས་པའམ་ཁྱབ་ཆུང་བའི་ཡུལ་དུ་ནི་ཏ་སྒྲས་དགར་བའི་ནུས་པ་ཆེན་པོ་ཐོན་པར་སྣང་།

  • ཡུམ་གྱི་ཞལ་ནས། དེ་དག་ལགས་ཏེ། དེ་ལྟ་བུའི་སྙིང་རྗེ་ཞིག་རྟག་ཏུ་འོང་བ་དཀའ་མོར་གདའ། (གཙང་སྨྱོན། ཤ124)

གལ་ཏེ་མ་ཡི་ཞལ་ནས། དེ་ནི་ལགས་ཏེ། ཞེས་བརྗེ་ཚབ་བྱས་པ་ཡིན་ན་ནི་སྒྲ་ངག་ཏུ་སྔར་ལྟར་སྤྱོད་པའི་ཡུལ་དུ་ཁྱད་པར་མེད་སྲིད་ཀྱང་། ནི་སྒྲ་ཕལ་ཆེར་ཡིག་སྐད་ཁོ་ནར་ལུས་པའི་ཡུལ་དུ་ནི་སྒྲ་སྦྱར་བ་དེས་དོན་དཀྱུས་མ་ཙམ་ལས་རྗོད་པ་པོའི་སེམས་འགྱུ་ཟིན་མི་ཐུབ་པར་བརྟེན། དེའི་ཆ་ནས་ནི་སྒྲ་ཕྱི་དོན་ཅན་གྱི་ཚིག་ཕྲད་ཅིག་དང་། ཏ་སྒྲ་ནི་ཡུལ་ཅན་རང་བཞིན་གྱི་ཚིག་ཕྲད་ཅིག་ཏུའང་ཟེར་ཆོག དེ་ཕལ་ཆེར་ཁ་སྐད་དུ་ཏ་སྒྲ་སྤྱོད་ཆེ་བའི་རྒྱུ་མཚན་གྱིས་དོན་གྱི་ནུས་པ་ལྷག་པར་སྟེར་ཚབས་ཆེ་བའི་ཕྱིར་ཡིན་སྲིད། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ནི་ནི་དགར་དང་བརྣན་པའི་སྒྲ།  ། ཁ་སྐོང་ཚིག་རྒྱན་གསལ་བྱེད་དང་། །གཏན་ཚིགས་ངེས་ཚིག་དབྱེ་བ་དང་།  ། རྒྱས་བཤད་འདྲེན་དང་ཉིད་ཀྱི་དོན། ། དངོས་པོའི་རྐྱེན་ཏེ་བཅུ་ལ་འཇུག་པར་བཤད་པ་ལས།[21] བརྣན་པ་ནི་ལྕགས་ཐར་རྒྱལ་ལགས་ནས་གསུངས་པ་བཞིན་བརྗོད་བྱའི་དངོས་པོ་གཅིག་ལ་ཕྱོགས་དུ་མ་ནས་གསལ་བར་བྱེད་པའི་མཚན་ཉིད་ཅན་དགོས་ན་དཔྱད་བྱའི་ཡིག་ཚང་ཁག་ལས་དེ་ལྟ་བུའི་མཚན་གཞི་མི་འབྱུང་ཡང་། སྤྱིར་བརྗོད་ཀྱང་མི་འཐུས་པ་མེད་སྙམ། དེ་བཞིན་དུ་འཇུག་ཚུལ་གཞན་དག་ཀྱང་མཆིས་ཏེ། དཔེར་ན།

  • ཁོ་བོ་ཅག་ཏ། དར་མ་མདོ་སྡེ་ལ་སོགས་པ་རྡོ་རྗེ་འཛིན་པ་བཅུ་གསུམ་བསྒྲལ་ཟེར་བ་དེའི་མི་རྒྱུད་ཡིན། (རང་རྣམ་སྨད་ཆ། ཤ205)
  • ངས་པེ་ཏ་དེ་སྐད་མ་ཟེར་ཅིག ཁྱོད་དག་ང་གོས་མེད་པ་ཆ་ལུགས་ལྷུག་པར་གནས་པ་འདི་ལ་ངོ་ཚར་བྱེད་པར་འདུག་སྟེ།  (གཙང་སྨྱོན། 173)
  • དེ་བས་ན་རང་བདག་གིར་འཛིན་པ་དང་མ་བྲལ་བའི་རིང་ལ་དང་ཨ་ཅང་ཆེ་སྟེ། རང་གི་རྒྱུད་ལ་སྒྱུ་མ་ལྟར་འཛིན་ཀྱང་སྐྱབས་དངོས་པོ་རང་དུ་བསྒོམ། (བེའུ་བུམ། ཤ138)

ལས(39)ལྟ་བུ་ནི་རྒྱས་བཤད་འདྲེན་པར་ངོས་བཟུང་ཆོག་པ་དང་། དེ་བཞིན་དཔེར་བརྗོད(40)(41)ཀྱང་རིམ་བཞིན་བརྗོད་གཞི་ངོས་འཛིན་པ་སོགས་མདོར་ན་ནི་སྒྲའི་འཇུག་ཚུལ་དང་མཐུན་པར་བྱས་ཆོག་ཅིང་། ཏ་སྒྲའི་ཚབ་ཏུ་ནི་སྒྲ་བཅུག་པ་ལ་མི་འཕྲོད་པ་མེད་ཀྱང་། ནི་སྒྲའི་ཚབ་ཏུ་ཏ་སྒྲ་མི་རུང་བ་ཡོད། གཞན་ནི་སྒྲ་དང་བསྡུར་ན་ཕྱི་དོན་རང་བཞིན་ཤུགས་ཆུང་ཞིང་། རྗོད་པ་པོའི་རང་སྣང་རང་བཞིན་ཤུགས་དྲག་སྟེ། ཁྱབ་ཆེ་ས་ནས་ནི་སྒྲ་འཇུག་ཡུལ་ཏེ་བརྗོད་གཞི་ངོས་འཛིན་པ་དང་། དགར་བ་དང་། བརྣན་པའི་དོན་ལ་འཇུག་ཅིང་། དེ་དང་མི་འདྲ་ས་ནི་དམིགས་བསལ་གྱིས་མི་མཐུན་པ་ཚིག་རྒྱན་དང་། ཉམས་འགྱུར་གྱི་དོན་ལ་འཇུག

གོང་བཀོད་དཔེ་བརྗོད་ལས་མཐོང་ཐུབ་པ་ལྟར་ནི་སྒྲ་དང་ཏ་སྒྲའི་ཕྲད་ཀྱི་ཁྱད་པར་ཆེ་ས་གཅིག་ནི་དཔེར་བརྗོད་དུ་བྱུང་བའི“ཏ་སྒྲ”ཕལ་ཆེར་མི་མཐུན་པའི་ཚིག་རྒྱན་དང་མཉམ་དུ་སྦྱོར་བ་དེར་འདུག་སྟེ། ཏ་སྒྲའི་ཕྲད་ཀྱི་རྗེས་སུ་མི་མཐུན་པའི་ཚིག་རྒྱན་གྱི་ཕྲད་དེ་ཏེ་སྟེ་ཀྱང་ཡང་སོགས་འཇུག་པ་ཤས་ཆེ། ཁོ་བོས་འཚོལ་ཞིབ་བྱས་པའི་ཡིག་ཚང་གི་དཔེར་བརྗོད་ལས་མི་མཐུན་པའི་ཚིག་རྒྱན་དང་མཉམ་དུ་འབྱུང་བའི་ཚད་ནི་གཤམ་གྱི་རེའུ་མིག་ལྟར་ཡིན་ཞིང་། ཏཱ་ར་ནཱ་ཐའི་རང་རྣམ་ཆ་ཚང་བ་ཕུད་གཞན་རྣམས་ལས་ཀྱང་ཡོངས་སུ་ཚང་བའི་སྡོམ་རྩིས་མིན།

དཔེ་མིང་།  

ཚིག་ཕྲད།

སྤྱིའི་ཁ་གྲངས། སྤྱིར་བཏང་། མི་མཐུན་པའི་ཕྲད་གཞན་དང་མཉམ་དུ་འབྱུང་བ།

 

ཏ(དང་། དག ཏ)…(དེ། ཏེ། སྟེ། ཀྱང་། ཡང་། རུང་། )

བེའུ་བུམ་སྔོན་པོའི་འགྲེལ་པ། དང23  ཏ2 25 0 25
དཔེ་ཆོས་རིན་ཆེན་སྤུངས་པ། དག9  དང3 12 1 11
བཀའ་གདམས་ཕ་ཆོས་བུ་ཆོས། དག18 16 2 14
མི་ལའི་རྣམ་ཐར་ཉི་ཟླའི་འོད་ཟེར་སྒྲོན་མེ། དག6 6 0 6
གཙང་སྨྱོན་གྱི་མི་ལའི་རྣམ་མགུར། དག33  ད1 33 4 29
ཏཱ་ར་ནཱ་ཐའི་རང་རྣམ་ཆ་ཚང་། ཏ38 38 13 25
ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར། ལྟ2 2 1 1
སྤྱི་གྲངས། 132 21 106
བརྒྱ་ཆའི་ཚད། 100% 16% 84%

མི་མཐུན་པའི་ཚིག་རྒྱན་དང་ལྷན་ཅིག་འབྱུང་ཚད 84% ལ་སླེབས་པས།  ཏ་སྒྲ་འབྱུང་དུས་སུ་རྗོད་པ་པོའི་སེམས་ཀྱི་ཁམས་ནི་བར་སྡོད་དམ་རང་བཞིན་དུ་གནས་མེད་པར་དོན་གང་ལ་མི་འཐད་པའམ། དེའི་ལྡོག་ཕྱོགས་སམ། ཆོས་གཞན་ཀུན་བསལ་ནས་དོན་གཅིག་དམིགས་སུ་བཀར་བ་ལྟ་བུ་ཡིད་འགྱུར་དྲག་པོའི་ཚུལ་དུ་འབྱུང་ཞིང་། དེ་ནི་ཕྲད་འདིའི་འཇུག་ཡུལ་གཙོ་བོ་ཡིན། དཔེར་ན། གོང་གི་དཔེར་བརྗོད་དག་དང་མཚུངས་པར་ཨམ་སྐད་དུ་ངས་ཏ་མི་ཤེས། བྱ་བའི་ཚིག་ཅིག་བརྗོད་མ་ཐག་སྤྱིར་སྒྲུབ་ཚིག་ཏུའང་གདངས་འགྲོས་ཀྱི་འགྱུར་བས་གོ་ཆོག་ཀྱང་། ཕལ་ཆེར་དེ་མུར། ངས་ཏ་མི་ཤེས་ཀྱང(ཏེ། ཡང)ལྟ་བུ་མི་མཐུན་པའི་ཚིག་རྒྱན་འཇུག་པའི་སྐབས་དོན་ཞིག་རང་བཞིན་གྱིས་འབྱུང་བ་ཤས་ཆེ་བས། ཡང་མིན་ན་ཚིག་སྔ་མ་མ་གཏོགས་ལྟ་བུ་མི་མཐུན་པ་འབྱུང་བའམ། ཕ་རོལ་པོས་བཤད་པ་ལ་མ་འཐད་པའི་ཉམས་ཤུགས་ཀྱིས་གནས་པས། ནི་སྒྲས་འདིའི་ཚབ་བྱས་ཚེ་སྤྱིར་དོན་གྱི་ཆ་ནས་རྟོགས་ཐུབ་ཀྱང་ཉམས་འགྱུར་ཇི་བཞིན་དུ་ཐོན་དཀའ་འོ།  །

གསུམ།  འབྱུང་ཁུངས་རྩད་ཞིབ།

འོ་ན་ཕྲད་འདིའི་ཐོག་མའི་ཡོང་ཁུངས་གང་ཡིན་ཞེ་ན། ཁོ་བོས་ནི་བྱ་ཚིག་གི“ལྟ”ནས་མཚུངས་ཚིག་གི“ལྟ་བུ”དང་། དེ་ལས་མིང་གི་མཐའ་མར་གནས་པ་དེ་ལྟ་བུ། དེ་ལྟ། ཇི་ལྟ། ཆི་ལྟ། ད་ལྟ་སོགས་དང་། མིང་གི་ཐོག་མར་གནས་པ་ལྟ་ཞིག ལྟ་ཅི།  ལྟ་སུ་ཞིག  ལྟ་ཞོག  ལྟ་ཅི་སྨོས། ལྟ་སྨོས་ཅི་དགོས། ལྟ་སྨོས་ཀྱང་ཅི་དགོས། ལྟ་ག་ལ་ཞིག ལྟ་ག་ལ་འགྱུར། ལྟ་ག་ལ་ཡོད་སོགས་བྱུང་བ་དང་། མིང་གི་ཐོག་མར་གནས་པའི་འགྲོ་ལུགས་གྲུབ་དུས་སུ་ཕྱོགས་གཅིག་ནས“ལྟ་ཅི”“ལྟ་བུ་ཅི”སྟེ་ལྟ་བུའི་དོན་ཡོད་ཀྱང་། རིམ་གྱིས་ནན་པར་བརྣན་ཅིང་རྗོད་པ་པོའི་སེམས་ཚུལ་ཤེད་ཆེ་བའི་མི་མཐུན་པ་སྟོན་པ་དང་དེ་ནས་ཉམས་སྟོན་པའི་སྒྲ་ཡི་ནུས་པ་བྱུང་བར་འདོད་དེ།

ལྟ(བྱ་ཚིག)→ད་ལྟ། ལྟ་བུ(མཚུངས་ཚིག)→ལྟ་ཅི་སོཊ(བསྣན་ཚིག)→དང་། དག ད། ལྟ(ཚིག་ཕྲད)→ཏ(ཉམས་འདོན་ཚིག)

དེའི་རྒྱུ་མཚན་ནི་གཤམ་གསལ་ལྟར་ཡིན།

1།  “ལྟ”དང་པོ་བྱ་ཚིག་ཡིན་པ་ནི་རྡོ་རིང་ཡིག་ཆ་དང་ཏུན་ཧོང་ཤོག་དྲིལ་ཁག་ཏུ་ཤིན་ཏུ་གསལ་ལ། གཟུགས་ལ་མིག་གིས་ལྟ་བའི་བྱ་བྱེད་ནས་ད་མིག་གི་མངོན་སུམ་དུ་གྱུར་བ་ལ་ལྟ་བའི་གནས་སྟངས་ལ་དཔགས་ཏེ། ད་ལྟ། ལྟ་བཞིན་པ་དེ་དང་ཆ་མཐུན་པ་ལས་ལྟ་བུ་སོགས་བྱུང་བར་རིགས་འདེད་བྱ་ཆོག་པས་དེ་ལ་སྒྲུབ་བྱེད་གཞན་མི་དགོས།  “ལྟ་བུ”འི་དོན་ལས་མཆེད་པའི“ལྟ”ཚིག་ཕྲད་ཀྱི་མགོ་རུ་བྱུང་བའི་བསྣན་ཚིག་དེ་རིགས་ལས“ལྟ”ཡི་བྱེད་ནུས་ལ་འགྱུར་བ་ཆེན་པོ་འབྱུང་མགོ་ཚུགས་ཡོད་ཅིང་། “ལྟ”ཡི་བརྡ་སྤྲོད་ཅན་ཡང་འཕོ་འགྱུར་ཆེན་པོ་ཞིག་ལ་ཁེལ་ཡོད་དེ། དེ་ལ་བརྡ་སྤྲོད་ཅན་ནི་རང་མཚན་གྱི་དོན་སྟོན་རྒྱུ་ཡོད་པའི་མིང་ནས་སྒྲ་དོན་སྤྱི་མཚན་གྱི་ངོ་བོར་འཕོ་བ་དེ་ལ་ཟེར། ཏུན་ཧོང་ཤོག་དྲིལ་ལས་མོ་ཡིག་དང་། ཁྲིམས་ལུགས། འཕྲིན་ཡིག གན་རྒྱ་སོགས་གཙོ་ཆེར་སྤྱི་ཚོགས་རིག་གནས་དང་འབྲེལ་བའི་ཡིག་ཆ་ཁག་དང་། དུས་ཀྱི་རྡོ་རིང་ཡིག་ཆ་ཁག་ཏུ། ལྟ་ཞོག་དང་། ལྟ་ཅིའམ་ལྟ་ཆི་རྐྱང་པའང་བྱུང་མེད་པ་དང་།  PT 1283ཕུ་བོས་ནུ་བོར་གཏམས་ཤིང་བསྟན་པའི་མདོ་རུ་ལྟ་ཆི་སྨོས། ལྟ་ག་ལ་རིག་གཉིས་ཐེངས 6 ལས་བྱུང་མེད་པས། སྤྱོད་སྲོལ་དེ་སྐབས་དེའི་དངོས་ཡོད་སྤྱི་ཚོགས་སུ་ཁྱབ་རྒྱ་དེ་ཙམ་མི་ཆེ་སྙམ་ལ། ནང་བསྟན་བོད་ཡིག་ཏུ་བསྒྱུར་དུས་དེ་མང་དུ་འབྱུང་བས་ཚིག་ཕྲད་འདུས་མ་འདི་དག་ཀྱང་མི་རིགས་གཞན་དང་སྐད་ཡིག་གི་བརྗེ་རེས་བྱུང་བ་དང་འབྲེལ་བ་ཆེ་བར་འདོད་དེ། དཔེར་ན། “གལ་ཏེ”ཞེས་པ་ནང་ཆོས་དང་མ་འབྲེལ་བའི་ཏུན་ཧོང་ཡིག་རྙིང་དུ་མཐོང་དཀའ་བ་ལྟ་བུའོ།  །

ལྟ་ཅི།  ལྟ་ཞོག  ལྟ་ཅི་སྨོས་སོགས་གྲུབ་དུས་ཚིག་ཕྲད“ལྟ”ཚིག་ཕྲད་རང་རྐྱ་འཕེར་བར་ཕྱོགས་པའི་རྗེས་ཤུལ་ཡོད་དེ། དེ་རྐྱང་པའི་སྦྱོར་ལུགས་ཀྱང་རེ་གཉིས་བྱུང་ཡོད་དེ།

  • བདག་ཟེར་བ་ལྟར། མྱི་བྱར་མྱི་རུང་ན་ལྟ། ། གྲོས་བྱར་ཡང་། ཆི་དགོས། བདེན་བའི་ཚིག སུ་ལས་འོང་གཏོལ་མེད་གྱིས། ། རུས་ཆུང་བྱད་ངན་བརྙསུ་མྱི་རུངོ་། ། (PT1283 ཕྲེང148)

ཞེས་འདིའི་སྐབས་ཀྱི་ལྟ་ནི་བྱ་ཚིག་དང་འདྲ་བའི་དོན་སོགས་གང་ཡང་མིན་པར་ནན་པར་བསྣན་པའི་དོན་ལ་འཇུག་ཅིང་ཚིག་རྐང་ཕྱི་མའི་ཡང་སྒྲ་དང་ལྟོས་པའི་འབྲེལ་བ་གྲུབ་ཡོད་པས། “ཏ”སྒྲ་དེ་ལ་འཇུག་པའི་དཔེ་མཚོན་ཡང་དག་ཅིག་ཏུ་འགྲོ

2།  ལྟ་ཅི། ལྟ་ཅི་སྨོས། ལྟ་ག་ལ་སྲིད་སོགས་ཚིག་ཕྲད་འདུས་མ་འདི་དག་ཁ་ཕྲལ་ནས“ལྟ”གོང་མར་སྦྱར་ཀྱང་དོན་ལ་གནོད་པ་ཅི་ཡང་མེད་པས། དེས་ཀྱང་དེ་གཉིས་བར་ལ་འབྲེལ་བ་ཆེན་པོ་ཡོད་པ་བསྟན་ཡོད།

  • བུའང་ཐུགས་ཐུབ་མི་བྱེད་ན། མནའ་མ་ལྟ་ཅི་སྨོས། (PT1283 ཕྲེང249)
  • བདགི་ཚོད་གྱང་མི་རིག་ན། གཞན་གྱི་ཚོད་ལྟ་ག་ལ་རིག (PT1283 ཕྲེང462)
  • གཡོག་དང་བྲན་ལ་ཡང་བྱར་མི་རུང་ན། གཞན་ལྟ་ཆི་སྨོས།(PT1283 ཕྲེང486)

གོང་གསལ་དཔེ་གསུམ་པོར་ཚིག་ཚན་སྔ་མའི་མཇུག་ཏུ་ན་སྒྲ་ཞུགས་པ་དེས་ཚིག་ཚན་ཕྱི་མ་འདྲེན་པའི་སྟ་གོན་ཞུགས་ཡོད་ཅིང་།  ཚིག་ཕྲད“ལྟ”མ་བཞག་ཀྱང་དོན་ལ་འགལ་ཆ་མི་འབྱུང་ཡང་། “ལྟ”དེ་དང་པོ་ལྟ་བུའི་དོན་ནས་བྱུང་བ་ཡིན་ཡང་ནན་གྱིས་བསྣན་པ་དོན་ལ་འཇུག་པ་གསལ་ལོ། ། བོད་བཙན་པོའི་སྐབས་སུ་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་བའི《སྤྱོད་འཇུག》ཏུའང“ལྟ”སྒྲ་ནན་པར་བསྣན་པའི་དོན་འདི་ཉིད་བྱུང་ཡོད།

  • རྨ་ཡི་སྡུག་བསྔལ་ཆུང་ངུ་ཡིས། །སྐྲག་པའང་རྨ་ཡི་བག་བྱེད་ན། །བསྡུས་འཇོམས་རིས་འཇོམས་སྐྲག་པ་དག །སེམས་ཀྱི་རྨ་ལྟ་ཅིས་མི་སྲུང་། །(སྤྱོད་འཇུག)
  • ཉིན་མཚན་སྡོད་པ་ཡོད་མེད་པར། ། ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། ། སྣོན་པ་གུད་ནས་འོང་མེད་ན། ། བདག་ལྟ་འཆི་བར་ཅིས་མི་འགྱུར། །(སྤྱོད་འཇུག)
  • སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྟའི། །འདོད་པ་རྣམས་ཀྱིས་མི་ངོམས་ན། །རྣམ་སྨིན་བདེ་ལ་ཞི་བ་ཡི། །བསོད་ནམས་ཀྱིས་ལྟ་ཅི་སྟེ་ངོམས། །(སྤྱོད་འཇུག)
  • མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །(སྤྱོད་འཇུག)

འདི་ལ་དུས་ཕྱིས་ཀྱི་མཁས་པ་ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན(1294—1376) [22]དང་རྒྱལ་ཚབ་དར་མ་རིན་ཆེན(1364—1432)[23]གྱིས་གོང་དཔེ་ལས་རྨ་ལྟ་དང་བདག་ལྟ་ཞེས་པ་རྨ་ལྟར་དང་བདག་ལྟ་བུ་ཞེས་ལྟ་བུའི་དོན་ལ་བཀྲལ་ཀྱང་། སྤྱོད་འཇུག་རྩ་བར་བདག་འདྲ་དང་བདག་ལྟ་གཉིས་ཀ་འབྱུང་བས་ཁྱད་པར་ཡོད་པ་ཤེས་ཐུབ། དངུལ་ཆུ་ཐོགས་མེད(1295—1369) ཀྱིས་ཐ་སྙད་འདི་དག་རྩ་བ་རང་སོར་བཞག་སྟེ་འགྲེལ་གང་ཡང་བྱས་མེད་པས་འདིའི་དོན་ལ་ཐེ་ཚོམ་བྱུང་བ་བསྟན་ཡོད་སྙམ་ལ། དེའི་ནང་ལྟ་བུ་ཡི་དོན་ཐོན་པ་དག་ཇི་བཞིན་དུ་བཀྲལ་ཡོད།[24] འདི་ལ་དཔགས་ན་བསྟན་པ་སྔ་དར་སྐབས་སུ་ལྟ་ཅི་སྨོས། ལྟ་ཅི་སོགས་ལྟ་ཐོག་མར་བྱུང་བའི་ཕྲད་འདི་དག་སྦྱོར་སྟངས་གཏན་ཆགས་པར་གྱུར་རྗེས་དེའི་ངོ་བོ་ཅན་སྤྱོད་པ་ལས“ལྟ”རྐྱང་པའི་ངོས་ནས་ནན་གྱིས་བསྣན་པར་འཇུག་པ་རྒྱུས་མི་ཆེ་བའི་སྐབས་ཤིག་བྱུང་བར་འདོད།

“ལྟ”རྐྱང་པ་ནན་གྱིས་བསྣན་པར་འཇུག་པ་ནི་དཔེ(48)(49)ལས་ཀྱང་ཤིན་ཏུ་གསལ་ཏེ། ཚིག་གི་ཆ་ཡའི་སྡེབ་སྦྱོར་ལྟར“ལྟ”ནི་གོང་མར་སྦྱོར་བ་ལས་འོས་མེད་ལ། དེ་ལྟར་ན་ཆ་ཤས་སྔ་མ་དང་མཉམ་དུ་ལྟ་བུ་ལ་འཇུག་པའི་དོགས་པ་འབྱུང་ཡང་། དཔེ(48)ལས་བྱེད་སྒྲའི་ཕྲད་ཀྱི་རྗེས་སུ་འབྱུང་བས་དེ་འགྲེལ་དཀའ། དེ་བས་ཀྱང་ལེགས་སྦྱར་ནས་རྒྱ་ཡིག་ཏུ་བསྒྱུར་བའི་སྤྱོད་འཇུག་གི་འགྱུར་གསར་རྙིང་[25]དང་བོད་ཡིག་ནས་བསྒྱུར་ཏེ་ལེགས་སྦྱར་དང་གཏུགས་པའི་དཔེ་ལས།[26] གོང་གི་དཔེ་ལས“ལྟ”དེ་ལྟ་བུའི་དོན་ལ་བསྒྱུར་མེད་དེ། དཔེར་ན་དཔེ(47)(49)གཉིས་འདི་ལྟར།

  • 昼夜不暂留,此生恒衰减,额外无复增,吾命岂不亡?(释如石译)日夜不停地流逝,寿命不断地减损,只有消失无增长,我怎么会不死去?(黄宝生译)
  • 何需更繁叙?凡愚求自利, 牟尼唯利他,且观此二别。(释如石译)这样的道理何需多说?只要看这两者的区别:追求自己利益的愚夫,为他人谋利益的牟尼。(黄宝生译)

དེས་ན་བསྟན་པ་སྔ་དར་སྐབས་ནས“ལྟ”ཡི་ནུས་པ་དེ་བྱ་ཚིག་དང་མཚུངས་ཚིག་ནས་ཚིག་ཕྲད་ཀྱི་རྣམ་པར་འཕོ་མགོ་ཚུགས། དེའི་དཔེ་མཚོན་ཡང་དག་ནི་ཚིག་ཕྲད་དེ་རང་དངོས་སུ་འབྱུང་བའི་བཙན་པོའི་དུས་ཀྱི་དཔེ(42)པ་དང་། དུས་རབས 12 པའི་དཔེ(32)པ། དུས་རབས18པའི་དུས་ཀྱི་དཔེ(30)པ་སོགས་ཡིན་པ་དང་། བསྟན་པ་ཕྱི་དར་སྐབས་སུ“དང”“དག”“ཏ”“ད”“ལྟ”ཡི་འབྲི་ཚུལ་ཅི་རིགས་བྱུང་བ་ནི་སྐད་ཀྱི་འཕོ་འགྱུར་དང་ཡུལ་སྐད་ཀྱི་ཁྱད་པར། སྔོན་གྱི་ཚིག་ཕྲད་ལས་ཐ་དད་དུ་ཆད་དེ་རང་རྐྱ་བར་འགྱུར་བའི་བརྒྱུད་རིམ་ཡིན་ཏེ། འདི་དག་འབྱུང་བའི་ཆ་རྐྱེན་གལ་ཆེ་ཤོས་ནི་འདི་ཚང་མའི་སྒྲ་གདངས ta རུ་ཀློག་པ་དེ་ཡིན། དེའི་རྒྱུ་མཚན་གྱིས་དཔེར་ན《སྤྱོད་འཇུག》གི་བསྡུར་མཆན་ལས་སྡེ་དགེ་པར་མའི“དག”སྒྲ་ལ་སྣར་ཐང་དང་ཅོ་ནེ་པར་མ་རུ“དང”སྒྲ་བྲིས་ནོར་བྱས་པ་མང་ལ། དེ་ལས་ལྡོག་པའི་སྣང་ཚུལ་ཡང་ཐོན་ཡོད། དེ་བཞིན་རྗེ་ཙོང་ཁ་པའི《ལམ་རིམ་ཆེན་མོ》རུ་སྤྱོད་འཇུག་གི་ལུང་ཚིག་ལུས་འདི་གཅིག་པུ་བྱུང་བ་ཡང་།། ལྷན་ཅིག་སྐྱེས་པའི་ཤ་རུས་དག  ། ཞིག་སྟེ་སོ་སོར་འགྱེས་འགྱུར་ན། ། མཛའ་བ་གཞན་ལྟ་ཅི་ཞིག་སྨོས།  ། ཞེས་པ་སྡེ་དགེ་པར་མ་རུ། གཞན་དག་ཅི་ཞིག་སྨོས། ཞེས་འབྱུང་བས་ཀྱང“ལྟ”“དག”སྒྲ་འདྲ་བ་རྟོགས་ནུས་སོ། །

དེ་ལྟར་ཚིག་ཕྲད་འདི་རང་བཙན་པོའི་རྒྱལ་རབས་སྐབས་ནས་ཚིག་ཕྲད་ཀྱི་ངོ་བོར་འགྱུར་མགོ་ཚུགས་ཤིང་། གོང་གསལ་ཚིག་ཕྲད་གཤིབ་བསྡུར་རེའུ་མིག་ལས་མཐོང་བ་ལྟར། ཡིག་ཆ་སྔ་གྲས་ཁག་ཏུ་ལྷག་བཅས་སོགས་ཕྲད་གཞན་དུ་ལྷན་དུ་མི་མཐུན་པའི་ཚིག་རྒྱན་ལ་འཇུག་པའི་ཤས་ཤིན་ཏུ་ཆེ་ཞིང་། རིམ་བཞིན་ནན་གྱིས་བརྣན་པ་དང་། ཉམས་སྟོན་པར་འཇུག་པ་སོགས་ཇེ་ཡངས་སུ་ཕྱིན་ཡོད་པས། ཚིག་ཕྲད་ཀྱི་ངོ་བོའང་ལྕི་བ་ནས་ཡང་བར་གཞོལ་ཡོད་མོད། འཇུག་སྟངས་དེ་དག་ཐམས་ཅད་སྡོང་པོ་གཅིག་ལས་ཡལ་ག་གྱེས་པ་བཞིན་དུས་མཉམ་དུ་གནས་ཐུབ་པ་ཡིན་ནོ།  །

དོན་སྡུད་པ།

བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུ་ནི་སྒྲའི་འཇུག་ཚུལ་གཏན་ཆགས་བྱུང་སྟེ་ཕྱིས་འབྱུང་ཡིག་ཆ་ཀུན་ཏུ་སྤྱོད་ཆེ་བར་གྱུར་ཀྱང་། དེ་དང་འཇུག་ཚུལ་ཕལ་ཆེར་འདྲ་བའི་ཏ་སྒྲའི་ཕྲད་ཀྱང་ཏུན་ཧོང་ཡིག་རྙིང་ནས་དབུ་ཚུགས་ཏེ་དུས་རབས་བཅུ་དྲུག་པའི་བར་དུ་ཡུལ་སྐད་དང་ཁ་སྐད་ཤས་ཆེ་བའི་བརྩམས་ཆོས་རྣམས་སུ“ད”“དང”“དག”“ཏ” “ལྟ”བཅས་འབྲི་ལུགས་ལྔའི་ལམ་ནས་བྱུང་བ་དང་། དེའང་བཙན་པོའི་དུས་ནས་ཚིག་ཕྲད་འདིའི་མགོ་ཚུགས་ཡོད་དེ། ཁོ་བོའི་འདོད་ཚུལ་ལྟར་ན་བྱ་ཚིག་གི་ངོ་བོ་ནས་བསྣན་ཚིག་དང་། དེ་ནས་ཚིག་ཕྲད། དེ་ནས་ཀྱང་ཉམས་འདོན་གྱི་ཚིག་ཕྲད་བྱུང་བའི་བརྡ་སྤྲོད་ཅན་གྱི་གོ་རིམ་བརྒྱུད་པར་འདོད།  ཡུལ་དང་སྐད་ཀྱི་ཁྱད་པར་གྱིས་འབྲི་ལུགས་ཐ་དད་དུ་བྱུང་ཡང་འཇུག་ཚུལ་གཅིག་ཡིན། གཞན་ཕྲད་གཞན་དག་བརྡ་སྤྲོད་བསྟན་བཅོས་སུ་བཤད་པའི་སྔར་གྱི་འཇུག་ཚུལ་གཞན་དང་མི་འཁྲུལ་ཕྱིར་བསྟན་བཅོས་སུ་བཞག་མེད་པའི“ཏ”སྒྲ་འདི་ཉིད་ཆེས་འཐད་པར་སེམས་ལ། ཏ་སྒྲའི་འཇུག་ཚུལ་གྱི་ཆ་ནས་ནི་སྒྲ་དང་ཕྱོགས་མཚུངས་ཤིང་དེ་བས་ཀྱང་མི་མཐུན་པའི་ཚིག་རྒྱན་དང་འབྲེལ་ནས་བྱུང་བ་ཤས་ཆེ་བ་དང་། ཏ་སྒྲ་འཇུག་དུས་རྗོད་པ་པོའི་ཡུལ་ཅན་གྱི་རང་བཞིན་མངོན་པར་གསལ་ལོ། །

བོད་ཀྱི་ཁ་སྐད་དང་ཡུལ་སྐད་ཀྱི་ཤན་ཆེ་བའི་བརྩམས་ཆོས་ཁག་ནི་སྔོན་གྱི་མིང་དང་ཚིག་ཕྲད་ཀྱི་རྣམ་གཞག་ཇི་ལྟར་འཕེལ་ཞིང་འགྱུར་བའི་སྐོར་གྱི་དཔྱད་གཞི་འགངས་ཆེན་ཡིན་ནའང་། དེ་ལ་ཉམས་ཞིབ་མི་འདང་བའི་ཚུལ་དུ་གནས་ཤིང་། འདིར“ཏ”སྒྲའི་སྐོར་གྱི་དཔྱད་ཞིབ་ཕྲན་བུ་འདིས་ལྟོས་ནས་གྲུབ་པའི་ཡུལ་སྐད་དང་ཡིག་སྐད་གཞི་གཅིག་ཏུ་འདུ་བའི་ལེགས་ཚོགས་སུ་འགྲོ་བར་སྨོན།

དཔྱད་གཞིའི་ཡིག་ཆ།
  1. ཇོ་བོ་རྗེ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས། 《བཀའ་གདམས་ཕ་ཆོས་བུ་ཆོས》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012
  2. དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས།《སྒམ་པོའི་གདན་རབས་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ》[M]པོད་དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013
  3. པོ་ཏོ་བ་རིན་ཆེན་གསལ། ལྕེ་སྒོམ་ཤེས་རབ་རྡོ་རྗེ། 《དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ》[M]གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག དེབ་བཅུ་བདུན་པ། མི་རིགས་དཔེ་སྐྲུན་ཁང་། 1991
  4. མི་ལ་རས་པ། དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས།《མི་ལ་རས་པའི་གསུང་འབུམ》པོད་ལྔ་པ། [M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013
  5. དགེ་བཤེས་པོ་ཏོ་བ་སོགས་ཀྱིས་བརྩམས། 《བཀའ་གདམས་ཀྱི་མན་ངག་བེའུ་བུམ་སྔོན་པོའི་རྩ་འགྲེལ》[M]གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག དེབ་བཅུ་དྲུག་པ།[M] མི་རིགས་དཔེ་སྐྲུན་ཁང་། 1991
  6. རུས་པའི་རྒྱན་ཅན། 《མི་ལ་རས་པའི་རྣམ་མགུར》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1989
  7. ཇོ་ནང་ཏཱ་ར་ནཱ་ཐ། དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས།《ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ》པོད་དང་པོ་དང་གཉིས་པ།[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008
  8. དྲན་པ་ཡེ་ཤེས་གྲགས་པ། སྨྲ་སྒོ་མཚོན་ཆ། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས།《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས》པོད་ཉེར་གསུམ་པ།[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014
  9. ས་པཎ་ཀུན་དགའ་རྒྱལ་མཚན། ཡི་གེའི་སྦྱོར་བ། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས།《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས》པོད་དང་པོ།[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014
  10. དབུས་པ་བློ་གསལ་སེངྒེ་། སུམ་ཅུ་པའི་འགྲེལ་པ། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས།《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས》པོད་དང་པོ།[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014
  11. ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། སུམ་ཅུ་པའི་རྣམ་འགྲེལ། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས།《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས》པོད་དང་པོ།[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014
  12. གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། 《ངོ་མཚར་འཕྲུལ་གྱི་ལྡེ་མིག》བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་བཅུ་པ།[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014
  13. དམུ་དགེ་བསམ་གཏན། 《བརྡ་སྤྲོད་བློ་གསལ་དགའ་སྟོན》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1980
  14. སྐལ་བཟང་འགྱུར་མེད། སྐལ་བཟང་དབྱངས་ཅན། 《བོད་ཀྱི་ཡུལ་སྐད་རྣམ་བཤད》 [M]མི་རིགས་དཔེ་སྐྲུན་ཁང་། 2002
  15. སུམ་བྷ་དོན་གྲུབ་ཚེ་རིང་། 《བོད་ཀྱི་ཡུལ་སྐད་རྣམ་བཤད》[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011
  16. ཀྲོའུ་ཅི་ཝེན་དང་ཞེ་ཧོའུ་ཧྥང་།《བོད་ཀྱི་ལྷ་སའི་སྐད་ཀྱི་བརྡ་སྤྲོད》[M]མི་རིགས་དཔེ་སྐྲུན་ཁང་། 2003
  17. སྐལ་བཟང་འགྱུར་མེད། སྐལ་བཟང་དབྱངས་ཅན།《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་ལག་བསྟར་མ》[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016
  18. ལྕགས་ཐར་རྒྱལ། 《བོད་སྐད་ཀྱི་ཚིག་གི་རྣམ་གཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང》[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016
  19. ལྕགས་ཐར་རྒྱལ། 《བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག》[M]མི་རིགས་དཔེ་སྐྲུན་ཁང་། 2017
  20. ཀརྨ་སི་ཏུ། 《མུ་ཏིག་ཕྲེང་མཛེས》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005
  21. ཚེ་དབང་ལྷ་མོ། ཐུབ་བསྟན་ཕུན་ཚོགས།《སློབ་གྲྭ་ཆེན་མོའི་སུམ་རྟགས་སློབ་དེབ》[M]མི་རིགས་དཔེ་སྐྲུན་ཁང་། 2009
  22. ཚེ་རིང་ལྷ་མོ། 《ཁམས་སྡེ་དགེ་སྐད་ཀྱི་བརྡ་སྤྲོད》[M]མི་རིགས་དཔེ་སྐྲུན་ཁང་། 2013
  23. ཧུའུ་ཐན་སོགས་ཀྱིས་བསྒྲིགས། 《ལྷ་སའི་ཁ་སྐད་ཀློག་དེབ》(དག་བཅོས་མ)[M]མི་རིགས་དཔེ་སྐྲུན་ཁང་། 2004
  24. ཞི་བ་ལྷ། 《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012
  25. 桑杰坚赞著,刘立千译.米拉日巴传[M].北京:民族出版社,2000
  26. 周炜著.<米拉日巴传>的语法特征及比较[M].北京:中国藏学出版社,2000
  27. 瞿霭堂、劲松.藏语卫藏方言研究[M].北京:中国藏学出版社,2017
  28. 黄宝生译注.梵汉对勘入菩提行论[M].北京:中国社会科学出版社,2016
ལུང་འདྲེན་ཡིག་ཆ་དང་ཞབས་མཆན། 

[1] དཔྱད་རྩོམ་མ་ཟིན་གྲུབ་པའི་སྔ་ཕྱི་ཅི་རིགས་སུ་འདིའི་ནང་བྱུང་བའི་དོན་གནད་ཐད་ལ་དོགས་སེལ་དང་དགོངས་འཆར་ཅི་རིགས་གནང་མཁན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་གུ་རུ་སྐྱབས་དང་། ཚེ་རིང་བཀྲ་ཤིས། འབུམ་རམས་པ་གུ་དྲག་རྣམ་རྒྱལ། ངག་དབང་རྡོ་རྗེ། སྙིང་བྱམས་རྒྱལ། བུམ་པ་རྒྱལ། ཚེ་རིང་མགོན་པོ་སོགས་ལ་ཐུགས་རྗེ་ཆེ་ཞུ།

[2] དཔེར་ན། ལྕགས་ཐར་རྒྱལ་ལགས་ཀྱིས(2017:384)བོད་སྐད་ལ་ཁྱོན་བསྡོམས་ཚིག་ཕྲད་བརྒྱད་ཅུ་གྱ་གཅིག་དྲངས་པའི་ནང་ཡང་འདིའི་སྐོར་བཀོད་མེད་པ་ལྟ་བུ།

[3] དགེ་བཤེས་པོ་ཏོ་བ་སོགས་ཀྱིས་བརྩམས། 《བཀའ་གདམས་ཀྱི་མན་ངག་བེའུ་བུམ་སྔོན་པོའི་རྩ་འགྲེལ》གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག དེབ་བཅུ་དྲུག་པ། མི་རིགས་དཔེ་སྐྲུན་ཁང་། 1991

[4] པོ་ཏོ་བ་རིན་ཆེན་གསལ། ལྕེ་སྒོམ་ཤེས་རབ་རྡོ་རྗེ། 《དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ》 གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག  དེབ་བཅུ་བདུན་པ། མི་རིགས་དཔེ་སྐྲུན་ཁང་། 1991

[5] ཇོ་བོ་རྗེ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས། 《བཀའ་གདམས་ཕ་ཆོས་བུ་ཆོས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012

[6] མི་ལ་རས་པ། དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས།《མི་ལ་རས་པའི་གསུང་འབུམ》པོད་ལྔ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013  ཤ154-331བར།

[7] རུས་པའི་རྒྱན་ཅན། 《མི་ལ་རས་པའི་རྣམ་མགུར》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1989

[8] ཇོ་ནང་ཏཱ་ར་ནཱ་ཐ། དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས།《ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ》པོད་དང་པོ་དང་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008

[9] རྒྱལ་དབང་འཇམ་དཔལ་རྒྱ་མཚོ། 《ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཐུབ་བསྟན་པདྨོ་རྒྱས་པའི་ཉིན་བྱེད》གངས་ཅན་ཁྱད་ནོར་དཔེ་ཚོགས། དེབ་ཕྲེང65པ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ལྷ་ས། 2009

[10] དགེ་བཤེས་པོ་ཏོ་བ་སོགས་ཀྱིས་བརྩམས། 《བཀའ་གདམས་ཀྱི་མན་ངག་བེའུ་བུམ་སྔོན་པོའི་རྩ་འགྲེལ》གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག དེབ་བཅུ་དྲུག་པ། མི་རིགས་དཔེ་སྐྲུན་ཁང་། 1991 ཤ51-52

[11] ཀརྨ་སི་ཏུ། 《མུ་ཏིག་ཕྲེང་མཛེས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005 ཤ 95-98བར།  ཚེ་ཏན་ཞབས་དྲུང་། 《ཐོན་མིའི་ཞལ་ལུང》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2007 ཤ180-183བར།  གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། 《ངོ་མཚར་འཕྲུལ་གྱི་ལྡེ་མིག》བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་བཅུ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014 ཤ 56-57 བར།

[12] ལྕགས་ཐར་རྒྱལ། 《བརྡ་སྤྲོད་རིག་པའི་དཀའ་གནད་གསལ་བཀྲོལ་རིག་འཕྲུལ་ལྡེ་མིག》 མི་རིགས་དཔེ་སྐྲུན་ཁང་། 2017 ཤ519-521 《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》2000 ཤ432-434བ་རུ་འཇུག་ཚུལ་བདུན་བཤད་ཡོད་ཅིང་། དེ་བཞིན་སྐལ་བཟང་འགྱུར་མེད་ཀྱིས། དང་ནི་སྡུད་འབྱེད་རྒྱུ་མཚན་དང་། ། ཚེ་སྐབས་གདམས་ངག་ལྔ་ལ་འཇུག ། ཟེར་ཡང་དོན་དུ་དོ་མཉམ་པའི། ། མཚམས་སྦྱོར་སྤྱི་དང་བྱ་ཚིག་གི ། སྦྱར་གཞི་དངོས་སོགས་དོན་བཞིར་འཇུག་ཅེས་དང 《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་ལག་བསྟར་མ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016 ཚེ་དབང་ལྷ་མོ། ཐུབ་བསྟན་ཕུན་ཚོགས།《སློབ་གྲྭ་ཆེན་མོའི་སུམ་རྟགས་སློབ་དེབ》2009 ཤ155-158 བར།

[13] སྐལ་བཟང་འགྱུར་མེད(2002:90)ཀྱིས་ཁམས་ཀྱི་འབའ་ཐང་ཡུལ་སྐད་དུ་དང་སྒྲ(da•∣)འཇུག་ཚུལ་གཞན་ཡོད་རིགས་མ་འཁོད་ཀྱང་། དེ་བཞིན་དུ 2015 ལོར་ནན་ཁའེ་སློབ་ཆེན་གྱི(周春晖)ཡིས་འབའ་ཐང་ཡུལ་སྐད་ཀྱི་བརྡ་སྤྲོད་ལ་ཉམས་ཞིབ་བྱས་པའི་འབུམ་རམས་པའི་བསླབ་འབྲས(藏语巴塘话语法专题研究)སུའང་དེ་ལྟར་བྱུང་ཡོད། ཚིག་ཕྲད་འདི་དེང་སང་གི་ཁམས་དཀར་མཛེས་ཡུལ་སྐད་ལྟ་བུར་ཚིག་གི་གྲུབ་ཆའི་ནང/do/སྒྲ་འབྱིན་ཞིང་། ཡུལ་དེ་གའི་ཡིན་པའི་འབུམ་རམས་པ་སྒྲོལ་མ་ཆོས་སྐྱིད་ནས་ཡིག་ངོར་ཀློག་སྟངས་ཇི་བཞིན་དུ་ཕབ་ན“དང”སྒྲར་འབྲི་དགོས་ཟེར།

[14] ཀརྨ་སི་ཏུ། 《མུ་ཏིག་ཕྲེང་མཛེས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005 ཤ 254-256 བར།

[15] ཚེ་རིང་ལྷ་མོས་བརྩམས་པའི《ཁམས་སྡེ་དགེ་སྐད་ཀྱི་བརྡ་སྤྲོད》མི་རིགས་དཔེ་སྐྲུན་ཁང་། 2013 ཤ75—79 རུ་སྡེ་དགེའི་སྐད་དུ་ངེད་དག  ཁྱོད་དག  ཁོ་དག་ཅེས་དག་སྒྲ་སྐྱེས་བུའི་འབོད་པའི་གཅིག་ཚིག་གི་རྗེས་སུ་སྦྱར་ཚེ། དེ་འབོད་པའི་མང་ཚིག་གི་རྣམ་པར་གྱུར་ཡོད།

[16]桑杰坚赞著,刘立千译:《米拉日巴传》[M],北京:民族出版社,2000  ནང་དཔེར་ན། རས་ཆུང་བའི་ཐུགས་ལ། རྗེ་བཙུན་བཞུགས་དག་བོད་ན་བཞུགས་ཏེ། ཞེས་པ། 热穹巴心想:尊重不就是住在藏地吗?ཞེས་སྤྱིར་དོན་གྱི་ཆ་ནས་འགལ་བ་མེད་ཀྱང་དག་སྒྲའི་ཚིག་ནུས་ཇི་བཞིན་རྒྱ་ཡིག་ཏུ་ཐོན་མེད་པ་ལྟ་བུ་དང་།  དེ་བཞིན་དེའི་བརྡ་སྤྲོད་ལ་དམིགས་སུ་ཞིབ་འཇུག་བྱེད་མཁན་ཀྲོའུ་ཝེ(周伟)ཡི《<米拉日巴传>的语法特征及比较》ཡི་ནང་དུ་ཕྲད་འདི་དང་ད་དུང་འདི་ལྟ་བུའི་ཕྲད་ཅུང་ཟད་ཀྱང་གླེང་མེད་པ་ལྟ་བུ།

[17] གོ་ཤུལ་གྲགས་པ་འབྱུང་གནས་ལགས་ཀྱིས་བརྩམས་པའི་གནའ་རྩོམ་གཅེས་བཏུས་སུ《བྱང་ཆུབ་ལམ་རིམ་ཆེ་བ》འི་པོ་ཏ་བའི་གསུང“ང་ལ་ཏ་རེ་རེ་བྱུང་ན”དང“ཁོ་བོ་ལ་རྣ་བ་ཏ”ཞེས་པ་གཉིས“ཏ་རེ་རེ”དང“རྣ་བ་ཏ”ཞེས་ཚིག་གྲོགས་གོང་འོག་གཉིས་ལ་སྦྱར་ཏེ་བཀྲལ་འདུག  ཤ 87

[18] ཇོ་ནང་ཏཱ་ར་ནཱ་ཐ། དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས།《ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ》པོད་དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008 དབུའི་ཤ4

[19] དམུ་དགེ་བསམ་གཏན། 《བརྡ་སྤྲོད་བློ་གསལ་དགའ་སྟོན》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1980 ཤ80—81

[20] ཀརྨ་སི་ཏུ། 《མུ་ཏིག་ཕྲེང་མཛེས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005 ཤ 95

[21] ལྕགས་ཐར་རྒྱལ། 《བོད་སྐད་ཀྱི་ཚིག་གི་རྣམ་གཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016  ཤ 454 ནས་བརྒྱུད་འདྲེན་བྱས།

[22] བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་གཞུང་དོན་རབ་གསལ་སྣང་བ། ཤིང་པར་མ།

[23] བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་པར་མ།

[24] བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།  ཤིང་པར་མ།

[25] 黄宝生译注.梵汉对勘入菩提行论[M].北京:中国社会科学出版社,2016

[26] ཆོས་པ释如石ལགས་ཀྱིས་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་ཅིང་ལེགས་སྦྱར་གྱི་དཔེ་དང་གཏུགས་ཏེ་ཞིབ་པར་གཏན་ལ་ཕབ་པ་དང་། མཁན་པོ་བསོད་དར་རྒྱས་ཀྱིས་བོད་ཡིག་གཞིར་བཟུང་སྟེ་བཅོས་ནས་གཏན་ལ་ཕབ་པའི་དཔེ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།