པཎ་ཞྭའི་བྱུང་འཕེལ་དང་། མཚོན་དོན་ལ་དཔྱད་པ།

0
1421

ཀ པཎ་ཞྭའི་གོ་དོན་དང་། དབྱེ་བ། མཚོན་དོན།

ང་ཚོས་པཎ་གྲུབ་རྣམས་ཀྱི་རྣམ་ཐར་ལ་ཐུགས་ཞིབ་ཚགས་པོས་རྒྱུས་ལོན་ཞིབ་འཇུག་བྱས་ཚེ། པཎ་གྲུབ་རྣམས་ཀྱི་ལེགས་བཤད་ཀྱི་བསྟན་བཅོས་དང་། རྨད་བྱུང་གི་རྣམ་ཐར་ཙམ་མིན་པར་པཎ་གྲུབ་རྣམས་ཀྱི་དཀར་དམར་གྱི་བྱད་བཞིན། སྐུ་ཡི་རྣམ་འགྱུར་དང་ཆ་ལུགས། ཐུན་མིན་གྱི་ཐུགས་གཤིས། ན་བཟའ་དང་དབུ་ཞྭ་སོགས་ཕྱོགས་ཀུན་ལ་རྒྱུས་ལོན་དང་ཤེས་རྟོགས་ཐུབ་པ་བྱ་གལ་ཤིན་ཏུ་ཆེ་བས། སྐབས་འདིར་པཎ་ཞྭའི་སྐོར་དཔྱད་པར་བྱ་བ་ལ།

དང་པོ། པཎ་ཞྭའི་གོ་དོན་ནི། ལེགས་སྦྱར་སྐད་དུ་པཎྜི་ཏ་ཞེས་པ་ནི། བོད་སྐད་ལ་ལྔ་རིག་པ་སྟེ་རིག་པའི་གནས་ལྔ་ལ་ནང་བྱན་ཆུབ་པའི་མཁས་པར་གོ་ལ། བཅུ་ཕྲག་རིག་གནས་ལ་ཕུལ་དུ་བྱུང་བའི་མཁས་པ་ཡིན་པའི་མཚོན་བྱེད་ཀྱི་དབུ་ཞྭ་ཡིན་པས་ན་པཎ་ཞྭ་ཞེས་སུ་གྲགས་པ་དང་། ཡང་ན་པཎ་ཞྭ་ནི་མཁས་པའི་དབུ་ཞྭ་ཡིན་པས་དེ་ལྟར་བཏགས་པ་ཞིག་ཡིན། དེ་ཡང་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ནཱ་ལེནྡྲ་དང་། བི་ཀྲ་མ་ཤཱི་ལ། ཨོ་ཏནྟ་པཱུ་རིའི་གཙུག་ལང་ཁང་སོགས་གནའ་བོའི་རྒྱ་གར་འཕགས་པའི་ཡུལ་གྱི་ནང་པའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དག་ཏུ་བཅུ་ཕྲག་རིག་པའི་གཞུང་ལུགས་ལ་མཁྱེན་པ་ཕུལ་དུ་བྱུང་ཞིང་། མཁས་པའི་ཡང་རྩེར་སོན་པའི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་སོགས་ཀྱི་སྐུ་བརྙན་འབུར་གཟུགས་དང་། ལྡེབས་རིས། སྐུ་ཐང་སོགས་འབྲི་བཞེངས་གནང་སྐབས་པཎ་གྲུབ་དེ་དག་གིས་པཎ་ཞྭ་ཁ་དོག་དམར་པོ་མནབས་པ་འབྲི་བཞེངས་གནང་སྲོལ་ཡོད་པ་དེ་དག་གི་ཁྲོད་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་ལ་གཙུག་ཏོར་དང་། སྦྲུལ་གྱི་གདེངས་ཀ་འབྲི་བཞེངས་གནང་དགོས་སྟབས་དབུ་ཞྭ་མནབས་མེད་པ་འབྲི་བཞེངས་གནང་བ་གཙོ་ཆེ་ཞིང་། བྲིས་ཆ་ལ་ལར་མཆོག་གཉིས་ཏེ་སློབ་དཔོན་ཡོན་ཏན་འོད་དང་ཤཱཀྱ་འོད་རྣམ་གཉིས་བཅས་ཀྱིས་དབུ་ཞྭ་མནབས་མེད་པའང་འབྲི་བཞེངས་གནང་བ་ལས། དེ་འཕྲོས་པཎ་གྲུབ་རྣམས་ལ་དབུ་ཞྭ་དམར་པོ་རྩེ་མོ་རྣོ་ཞིང་། ཞྭ་རྣ་རིང་པོ་ཅན་མནབས་པ་ཤ་སྟག་འབྲི་བཞེངས་གནང་སྲོལ་ཡོད།

གཉིས་པ། པཎ་ཞྭ་ལ་དབྱེ་ན། ཞྭ་རྣ་རིང་ཐུང་རིགས་གཉིས་དང་། རྩེ་མོ་རྣོ་བ་དང་ཟླུམ་གཟུགས་ཅན་གཉིས། སྐེད་འཆིང་གཅིག་ཅན་དང་། སྐེད་འཆིང་གཉིས་ཅན། སྐེད་འཆིང་གསུམ་ལྡན་བཅས་གསུམ། ཡང་སྐེད་འཆིང་གཏན་ནས་མེད་པའི་པཎ་ཞྭ་བཅས་རིགས་བཞི་ཙམ་མཆིས་མོད། འགའ་ཞིག་བྲིས་འབུར་གྱི་སྐུ་བརྙན་བཞེངས་སྐྲུན་གནང་མཁན་བཟོ་རིག་ལག་རྩལ་བ་རྣམས་ཀྱིས་མཚོན་དོན་སོགས་དགོངས་དོན་ཞིབ་ཏུ་མ་རྟོགས་པར་རང་འདོད་ལྟར་འབྲི་བཞེངས་གནང་བའི་རིགས་ཀྱང་མེད་དམ་སྙམ།

དེ་ལྟར་པཎ་ཞྭ་ལ་ཞྭ་རྣ་རིང་ཐུང་གི་དབང་གིས་པཎ་རིང་དང་། པཎ་ཐུང་ཞེས་ཞྭ་འདབ་རིང་ཐུང་གཉིས་ཡོད་པ་ལས་ཞྭ་རྣ་རིང་བས་པཎ་ཆེན་དང་། ཞྭ་རྣ་ཐུང་བས་པཎ་ཆུང་ཡིན་པ་མཚོན་པ་ལྟར། བུ་སྟོན་ཐམས་ཅད་མཁྱེན་པ་དང་། རྗེ་བདག་ཉིད་ཆེན་པོས་བཞེས་པ་ནི་པཎ་ཞྭ་རྣ་རིང་དང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་བཞེས་པ་ནི་པཎ་ཞྭ་རྣ་ཐུང་ཡིན་པར་གསུང་སྲོལ་ཡོད།

དེ་ཡང་། བློ་བཟང་དགོངས་རྒྱན་མུ་ཏིག་ཕྲེང་མཛེས་ལས[1]། དེ་ཡང་པཎ་ཞྭ་ལ་པཎ་རིང་ཞེས་པ་ཞྭ་འདབ་རིང་བ་ཞིག་དང་། པཎ་རིང་ལས་ཞྭ་འདབ་ཅུང་ཐུང་བའི་པཎ་ཐུང་ཞེས་པ་སྟེ་རིགས་གཉིས་ཡོད་པ་དེ་དེང་སྐབས་འབུམ་རམས་པའི་སློབ་གནས་ཐོབ་པ་ལ་འབུམ་རམས་པའི་ཞྭ་ཞེས་པ་ཞིག་ཐོབ་ཀྱིན་ཡོད་པ་དང་འདྲ་བར། བཅུ་ཕྲག་རིག་པའི་གནས་ཚང་མར་ཆགས་ཐོགས་བྲལ་བ་ལ་མཧཱ་པཎྜི་ཏ་ཞེས་པའི་མཚན་སྙན་ཐོབ་ཀྱིན་ཡོད་པ་ལྟར་དབུ་ཞྭ་ཡང་པཎ་རིང་གསོལ་ཆོག་པ་ཡིན། རིག་པའི་གནས་བཅུ་ལས་ལྔར་མཁས་པ་ལ་པཎྜི་ཏའི་ཐ་སྙད་འཐོབ་ཅིང་། དེ་མཚུངས་དབུ་ཞྭ་ཡང་ཞྭ་འདབ་ཅུང་ཐུང་བའི་པཎ་ཐུང་ཞེས་པ་དེ་གསོལ་དགོས་པར་བཤད། ཅེས་ཀྱང་བྱུང་ངོ་།།

གསུམ་པ། པཎ་ཞྭ་བཞེས་སྲོལ་དང་། གོ་ཐོབ། པཎ་ཞྭའི་མཚོན་དོན་བཅས་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ (982-1054) རྣམ་ཐར་བཀའ་གདམས་ཕ་ཆོས་ལས[2]།གོས་ནི་ཚུལ་ཁྲིམས་མཛེས་པས་བརྒྱན། །སྐ་རགས་ངོ་ཚ་ཁྲེལ་ཡོད་བཅིངས། །ཞྭ་ནི་རྣམ་དག་ལྟ་བ་གྱོན། །ཟས་ནི་དམ་ཆོས་བསམ་གཏན་ཟ། ། ཞེས་དབུ་ཞྭས་ལྟ་བ་མཚོན་པར་གསུངས་པ་ལྟར། བཅུ་ཕྲག་རིག་པར་མཁས་པའི་པཎྜི་ཏ་དག་ལ་པཎ་རིང་ཞེས་ཞྭ་འདབ་རིང་བ་དང་། གནས་ལྔ་རིག་པར་མཁས་པ་དག་ལ་པཎ་ཐུང་ཞེས་ཞྭ་འདབ་ཅུང་ཟད་ཐུང་བ་བཞེས་སྲོལ་ཡོད་ལ། ཐུན་མོང་མ་ཡིན་པའི་སྡེ་སྣོད་རབ་འབྱམས་ལ་དབང་བསྒྱུར་བའི་ཆོས་ཀྱི་རྒྱལ་པོའི་ཅོད་པན་འཛིན་པའི་རྟགས་སུ་པཎ་ཞྭ་རྣ་རིང་མནབས་སྲོལ་ཡོད་པ་དང་། པཎ་ཞྭ་འདི་དག་གི་ཞྭ་རྩེ་མཐོ་ལ་རྣོ་བས་ལྟ་བའི་ཡང་རྩེ་དབུ་མ་མཚོན་པའམ་ཤེས་རབ་སྟོབས་ཀྱིས་ལོག་རྟོག་འཇོམས་པའི་མཚོན་བྱེད་རྩེ་མོ་ཅུང་ཟད་རྣོ་བ། ཞྭ་ལག་གཉིས་ཀྱིས་བདེན་གཉིས་མཚོན་ཞིང་། མཐའ་གང་ལའང་མི་གནས་པའི་དེ་ཉིད་མཚོན་བྱེད་དུ་དབུ་ཞྭའི་ལྟོ་བ་བྱིན་གྱིས་སྦོམ་པ། མདོ་སྔགས་ཀྱི་ཆོས་ཚུལ་གཞན་ལ་ལེགས་པར་འདོམས་ནུས་པ་མཚོན་བྱེད་དུ་ཅོད་པན་གཉིས་ནར་མར་འཕྱང་བ། འདུལ་བ་ལ་གཙོ་བོར་རྟོན་པ་དང་གཞན་དོན་དུ་ཆོས་འཆད་པ་ལ་ངལ་བ་མི་མངའ་བ་མཚོན་བྱེད་དུ་རི་མོ་གཅིག་གིས་བརྒྱན་པ། འདུལ་བ་དང་། མདོ་སྡེ་གཙོ་བོར་རྟོན་པ་དང་གཞན་དོན་དུ་ཆོས་འཆད་པ་ལ་ངལ་བ་མི་མངའ་བ་མཚོན་བྱེད་དུ་རི་མོ་གཉིས་ཀྱིས་བརྒྱན་པ། འདུལ་བ་མདོ་སྡེ་མ་མོ་འཛིན་པ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གང་ལ་ཡང་ངལ་དུབ་མི་མངའ་བ་མཚོན་བྱེད་དུ་རི་མོ་གསུམ་གྱིས་བརྒྱན་པ་བཅས་ཀྱི་མཚོན་དོན་ཟབ་མོ་ཡོད་པར་གསུངས་སོ།།

དེ་ཡང་སྙན་དགོན་སྤྲུལ་སྐུ་གསུང་རབ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ (1903-1957) མཛད་པའི་མཁན་ཆེན་བོ་དྷི་ས་ཏྭ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཐུབ་བསྟན་ཉིན་བྱེད་འདྲེན་པའི་སྐྱ་རེངས་ལས[3]།དབུ་ལ་སྡེ་སྣོད་གསུམ་མཚོན་པཎ་ཞུ་དང་། ། སྐུ་ལ་ངུར་སྨྲིག་ཆོས་གོས་རྣམ་གསུམ་གསོལ། །ཞེས་གསུངས་པ་ལྟར་ལོགས་སུ་ཞྭ་རིས་དམར་པོ་གསུམ་གྱིས་བརྒྱན་པ་དེ་དག་གིས་སྡེ་སྣོད་གསུམ་ལ་བྱང་ཆུབ་པའི་དོན་མཚོན་དང་། ཞྭ་རྣ་ཐུང་བས་ང་རྒྱལ་གྱི་གཉེན་པོ་མཚོན་པར་གསུངས་ཤིང་། དབུ་ཞྭ་འདི་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་སྐབས་གསོལ་བ་ལས་ཐོག་མར་བོད་དུ་དར་བ་ཞིག་ཡིན་ལ། རི་བོ་དགེ་ལྡན་པའི་ཞྭ་སེར་ཅོད་པན་ནི་པཎ་ཞྭ་ཡིན་ཀྱང་ཁུངས་ནི་བོད་ཡིན་ཅིང་། བླ་ཆེན་དཔོན་སློབ་ཀླུ་མེས་སོགས་འདུལ་བ་འཛིན་པ་བརྒྱུད་ནས་དར་བར་བཞེད་པས། ཞིབ་ཕྲ་འོག་ཏུ་འགོད་པར་འགྱུར་རོ།།

གཞན་ཡང་བློ་བཟང་དགོངས་རྒྱན་མུ་ཏིག་ཕྲེང་མཛེས་ལས[4]། འདིའི་མཚོན་དོན་ཡང་ཞྭའི་དབུ་རྩེ་མཐོ་ལ་རྣོ་བ་འདི་ལྟ་བའི་ཡང་རྩེ་དབུ་མ་མཚོན་ཞིང་། ཞྭ་ལག་གཉིས་ཀྱིས་བདེན་གཉིས་མཚོན་པ་སོགས་མཚོན་དོན་ཤིན་ཏུ་ཟབ། ལྷག་པར་པཎ་ཞྭ་ནི་ཤེས་ཡོན་གྱི་ཆེ་ཐོབ་ཅིག་ཡིན་པར་བརྟེན་གྲུབ་མཐའ་དང་ཆོས་ལུགས་ལ་ལྟོས་པ་མེད་པར་དགོན་སྡེ་དང་གདན་ས་ཁག་གི་ཁྲི་པའམ། ཡང་ན་མཁན་པོ་དང་སློབ་དཔོན་སོགས་ཀྱིས་མནབས་ཆོག་པ་ལས་དེ་མིན་རབ་བྱུང་དཀྱུས་མའི་རིགས་ཀྱིས་གང་བྱུང་དུ་ནམ་ཡང་སྤྱོད་མི་ཆོག་པར་བཤད། ཡིན་ནའང་དེང་སྐབས་དགོན་སྡེ་ཕལ་ཆེ་བར་བླ་སྤྲུལ་ཞིག་གི་མིང་ཡོད་ཚད་ཐམས་ཅད་ཀྱིས་ཆོས་ཀྱི་བྱེད་སྒོ་ཁག་ལ་པཎ་ཞྭ་འདི་ཕལ་ཆེར་གསོལ་བཞིན་ཡོད། ཅེས་ཀྱང་གསལ་ལོ།།

ཁ། རྒྱ་གར་པཎ་ཆེན་དག་གི་པཎ་ཞྭའི་བྱུང་འཕེལ།

༡ སློབ་དཔོན་ཆོས་བཤེས་ཀྱི་སྐུ་དུས་སུ་ཐོག་མར་དར་ཚུལ།

དེ་ཡང་དབུ་ཞྭ་འདི་ཉིད་ཐོག་མར་དར་འཕེལ་བྱུང་ཚུལ་ནི། རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་སོགས་སྐུ་འཚོ་གཞེས་ཀྱི་དུས་སྐབས་སུ་པཎ་ཞྭ་བཞེས་སྲོལ་ཡོད་མེད་དང་། དབུ་ཞྭ་འདི་ཉིད་དུས་ནམ་ཞིག་དར་སྲོལ་བྱུང་ངམ་ཞེ་ན། པཎ་ཞྭའི་རྩེ་མོའི་བཟོ་དབྱིབས་མི་འདྲ་བའི་དབང་གིས་ཤེས་རབ་སྟོབས་ཀྱིས་ལོག་རྟོག་འཇོམས་པའི་མཚོན་བྱེད་རྩེ་མོ་ཅུང་ཟད་རྣོ་བའི་པཎ་ཞྭ་དང་། གཞན་ལ་མི་གུས་པའི་ཁེངས་སེམས་ཀྱི་ང་རྒྱལ་མེད་པའི་མཚོན་བྱེད་དུ་པཎྜི་ཏའི་ཞྭ་ང་རྒྱལ་མེད་པ་སྟེ་རྩེ་མོ་ཅུང་ཟད་ཟླུམ་པོའི་དབྱིབས་ཅན་གྱི་པཎ་ཞྭ་གཉིས་དང་། གཞན་ཡང་པཎ་ཞྭའི་ཞྭ་ལག་ལ་རིང་ཐུང་གི་ཁྱད་པར་ལས། སྐེད་འཆིང་ཡོད་མེད་དང་། ཡོད་པ་ལའང་གཅིག་ནས་གསུམ་བར་ཡོད་པ་བཅས་ཀྱི་པཎ་ཞྭ་དེ་དག་གི་ཐོག་མའི་བྱུང་བ་ནི། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[5]། དེའི་ཚེ་ཐོ་གར་[6]དུ་བྱེ་སྨྲའི་འདུལ་འཛིན་དྷརྨ་མི་ཏྲ་ (ཆོས་ཀྱི་བཤེས་གཉེན་འགྲེལ་ཆུང་དོན་གསལ་འགྲེལ་པ་རྩོམ་པ་པོ་[7]མིན།) ཞེས་པ་བྱུང་ཞིང་། དེ་དུས་བྷཾ་ག་ལའི་ཙ་ཊི་གྷ་པོའི་གྲོང་ཁྱེར་གྱི་པཎྜི་ཏ་བི་ཧ་ར་ཞེས་པའི་གཙུག་ལག་ཁང་དུ་མུ་སྟེགས་པའི་རྒོལ་བ་ཞིག་བྱུང་བའི་ཚེ་རྒན་མོ་ཞིག་གི་ཁ་ལ་ཉན་ནས་ཚེར་མ་ལྟ་བུའི་རྩེ་ཅན་གྱི་ཞྭ་གྱོན་ནས་རྩོད་པས་རྒྱལ་བ་ལས་པཎ་ཞྭ་རྩེ་རིང་དར་རོ། །ཞེས་འབྱུང་ངོ་།།

དེ་བཞིན་པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་དམ་པའི་ཆོས་འདུལ་བའི་ཆོས་འབྱུང་དད་པའི་འབབ་སྟེགས་ལས[8]། སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བའི་མདོ་བམ་པོ་དགུ་པའི་བདག་ཉིད་ཅན་དང་། ཀརྨ་ཤ་ཏཾ་བམ་པོ་དགུ་ཡོད་པ་གཅིག་དང་གཉིས་མཛད། དེའི་སློབ་མ་སློབ་དཔོན་ཆོས་ཀྱི་བཤེས་གཉེན་ཏེ། འདིས་མདོ་རྩ་བའི་རྒྱ་ཆེར་འགྲེལ་པ་བམ་པོ་བདུན་ཅུ་པ་གཅིག་མཛད། ཅེས་སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི་སློབ་དཔོན་ཡོན་ཏན་འོད་ (དུས་རབས་ལྔ་པ་དྲུག་པ།) ཀྱི་སློབ་མ་ཡིན་པར་གསུངས་པས་སྐབས་དེ་ཙམ་ནས་པཎ་ཞྭ་དར་བ་མིན་ནམ་སྙམ།

འོན་ཀྱང་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[9]།  དེའི་ཚེ་སློབ་དཔོན་ཆོས་བཤེས་ (དྷརྨ་མི་ཏྲ།) བྱོན་ཏེ་འདུལ་བ་རྒྱ་ཆེར་འགྲེལ་བརྩམས། སྐབས་དེར་མུ་སྟེགས་ཀྱི་རྒོལ་བ་ཤིན་ཏུ་མང་བར་གྱུར་ནས། ནང་པ་རྣམས་ཐུགས་འཚབ་འཚབ་པོར་གནས་དགོས་པ་བྱུང༌། འདིས་ཞྭ་རྩེ་རིང་གྱོན་ནས་མུ་སྟེགས་ཀྱི་རྒོལ་བ་ཞིག་བརྩད་པས་རྒྱལ་བ་ན། དེ་ཕྱིན་ཆད་པཎྜི་ཏ་རྣམས་ཞྭ་རྩེ་རིང་གྱོན་པ་དར། རྒྱལ་པོ་གོ་སཱ་ལ་ཞེས་བྱ་བས་ལྷ་མོ་ཙུནྡའི་གྲུབ་པ་ཐོབ་སྟེ། གཙུག་ལག་ཁང་བཞེངས་ནས་དགེ་འདུན་གྱི་སྡེ་མང་དུ་བཙུགས་ཤིང་མཆོད་པ་ཆེན་པོ་བྱས་སོ།།འདིའི་དུས་སུ་སློབ་དཔོན་ཤཱཀྱ་འོད་བྱུང་ནས་ཁ་ཆེའི་ཡུལ་དུ་འགྲོ་དོན་ཆེར་མཛད། འདུལ་བ་སུམ་བརྒྱ་པ་བརྩམས། དེའི་ཚེ་ཁ་ཆེའི་ཡུལ་དུ་དཱ་ན་ཤཱི་ལ་ཆེན་པོ་སོགས་འདུལ་འཛིན་མཁན་པོ་མང་དུ་བྱོན། ཞེས་གསུངས་པ་ལྟར་སློབ་དཔོན་ཆོས་ཀྱི་བཤེས་གཉེན་དང་། དཱ་ན་ཤཱི་ལ། སློབ་དཔོན་ཤཱཀྱ་འོད་རྣམ་པ་གསུམ་སྐུ་དུས་མཉམ་པ་དང་། སྐབས་དེར་ཐོག་མར་སློབ་དཔོན་ཆོས་བཤེས་ཀྱིས་མུ་སྟེགས་པ་དང་རྩོད་པ་མཛད་སྐབས་པཎ་ཞྭ་བཞེས་པ་ནས་ཐོག་མར་དར་སྲོལ་བྱུང་བར་གསུངས་པས། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི་སློབ་དཔོན་ཤཱཀྱ་འོད་དང་སྐུ་དུས་མཉམ་པས་ན། ཤཱཀྱ་འོད་དུས་རབས་བརྒྱད་པའི་བྱོན་པར་གསུང་སྲོལ་ཡོད་པས་འདི་ལྟར་ན་པཎ་ཞྭ་ཡང་དུས་རབས་བརྒྱད་པ་ཙམ་ནས་བཞེས་སྲོལ་བྱུང་བ་ཞིག་ཆགས་ཡོད།

དེ་ཡང་བཤེས་གཉེན་རྣམ་གསུམ་གྱི་ཡ་གྱལ་སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[10]། ལོ་བཅུ་བདུན་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱས་པས། རྨི་ལམ་དུ་བྱམས་པས་རྗེས་སུ་བཟུང་ཞེས་འཆད་ཀྱང༌། སློབ་དཔོན་ཉིད་ཀྱིས་མཁས་པའི་འགྲེལ་པ་བཞི་ལས་རྙེད་ཅིང༌། ཁྱད་པར་འཕགས་པ་གཉིས་ཀྱི་འགྲེལ་པ་ལ་བརྟེན་པར་བཤད་དེ། འགྲེལ་ཆེན་དུ། འདི་ནི་འཕགས་པ་ཐོགས་མེད་ལ་སོགས་པ་རྣམས་ཀྱིས་བཤད་པ་བྲིས་པ་ཡིན་པའི་ཕྱིར་ཚད་མར་བྱའོ། །ཞེས་བཤད་པ་དང༌། འཕགས་པ་རྣམ་པར་གྲོལ་སྡེ་ཡི། །མཐུ་ཡི་དོན་མཐོང་སྒོ་ནས་ནི། ། ཞེས་སོ། །དེའི་སློབ་མ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཞེས་གྲགས་པ་འཇམ་པའི་དབྱངས་ལས་དབང་བསྐུར་བ་ཐོབ་པ་དེས་ཚོགས་སུ་སློབ་དཔོན་གསང་བས་མིག་ཐོན་ཡང་བཟོད་པར་གསོལ་བས་ཉིན་མཚན་གཉིས་ཀར་མཐོང་བའི་སྤྱན་བྱིན་པ་དེས་སློབ་མ་གུ་ཎ་མི་ཏྲས་བསྐུལ་ནས་སྡུད་འགྲེལ་བརྩམས། ཞེས་གསལ་བ་ལྟར། ཆོས་བཤེས་མཆོག་ནི་སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བླ་མ་ཡིན་པས་དེ་གཉིས་བར་དུ་བྱོན་པའོ།།

དེ་ལྟར་དུས་རབས་གང་དུ་བྱོན་མིན་ནི། རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[11]། དུས་རབས་ནི་འཕགས་པ་རྣམ་གྲོལ་སྡེའི་སློབ་ཚོགས་རྣམས་བརྒྱ་ཕྲག་ལྔ་པའི་སྨད་ཙམ་ནས་བྱོན་པར་སྣང་ཡང་། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་ལས། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སློབ་མར་གསུངས་པ་ལྟར་ན། བརྒྱ་ཕྲག་དགུ་པའི་ནང་བྱོན་པ་ཞིག་ཡིན་འདུག །ཅེས་གསུངས། འོན་ཀྱང་སློབ་དཔོན་སྔ་མ་གཉིས་དུས་རབས་བཅུ་གཉིས་པའི་ནང་བྱོན་ཚུལ་ཡིག་ཆ་འགའ་ཞིག་ཏུ་གསལ་བས་དེ་ལྟར་ན་སློབ་དཔོན་འདི་གསུམ་དུས་མི་མཉམ་པས་དཔྱད་དགོས་སོ།།

༢ མཁན་ཆེན་ཞི་འཚོའི་སྐུ་དུས་སུ་བྱུང་བར་འདོད་ཚུལ།

ཡང་པཎ་ཞྭ་འདི་ཉིད་མཁན་ཆེན་ཞི་འཚོའི་སྐུ་དུས་སུ་བྱུང་བ་དང་། དེ་ཡང་མཁན་ཆེན་བོད་ལ་ཕེབས་སྐབས་བོད་ས་བབ་མཐོ་ལ་གནམ་གཤིས་གྲང་ངར་ཆེ་བས། སྐུ་རགས་ཀྱི་སྣེ་མོ་གཉིས་བཅད་དེ་མཉམ་དུ་སྦྱར་ནས་དབུ་ལ་བཞེས་པ་ནས་བཟུང་བོད་ལ་པཎ་ཞྭ་བཞེས་སྲོལ་བྱུང་བར་གསུངས་ལ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་ལས[12]། མདོར་ན་པཎ་གྲུབ་བཅུ་བདུན་གྱི་གཞུང་ཧ་ཅང་མང་པོ་ཞིག་བོད་ཡིག་ཏུ་བསྒྱུར་བ་དང༌། དེའི་ཐོག་ནས་སློབ་སྦྱོང་སྤྲོད་རྒྱུ་ཡོད་པ་ནི་ཕལ་ཆེར་བོད་གངས་ཅན་གྱི་ལྗོངས་མ་གཏོགས་གཞན་ལ་མེད་པ་ལྟ་བུ་ཞིག་རེད་འདུག །རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་འབྲི་བཞེངས་གནང་བའི་ནང་མགོན་པོ་ཀླུ་སྒྲུབ་ལ་གཙུག་ཏོར་དང༌། སྦྲུལ་གྱི་གདེངས་ཀ་ཡོད་སྟབས་དབུ་ཞྭ་སྒྲོན་སྲོལ་མེད་པ་ལས། དེ་མིན་པཎ་གྲུབ་ཚང་མར་དབུ་ཞྭ་དམར་པོ་རེ་སྒྲོན་སྲོལ་ཡོད། དེ་ནི་པཎ་གྲུབ་དེ་དག་དཔལ་ནཱ་ལེནྡྲར་བཞུགས་སྐབས་དབུ་ཞྭ་དེ་ལྟར་བཞེས་སྲོལ་ཕལ་ཆེར་ཨེ་ཡོད་སྙམ། བོད་ས་བབ་མཐོ་ལ་གནམ་གཤིས་གྲང་བས་ཞྭ་མོར་དགའ་པོ་ཡོད། བོད་མི་རང་ཉིད་ཀྱིས་ཞྭ་མོ་གྱོན་དགོས་པར་བརྟེན་པཎ་གྲུབ་བཅུ་བདུན་རྣམས་ལའང་དབུ་ཞྭ་བསྒྲོན་པ་ཞིག་མིན་ནམ། ཡང་ན་མཁན་ཆེན་ཞི་བ་འཚོ་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་རྣམ་གསུམ་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་བཞུགས་གནང་སྐབས་བོད་ལ་གནམ་གཤིས་གྲང་ངར་ཆེ་བས་དབུ་ཞྭ་བཞེས་པ་དང་། དེ་ལ་བརྟེན་ནས་དུས་ཕྱིས་རིམ་བཞིན་རྒྱ་གར་ཚ་བའི་ཡུལ་གྱི་དཔལ་ནཱ་ལེནྡྲའི་པཎ་གྲུབ་མཁས་དབང་ཚང་མར་དབུ་ཞྭ་དམར་པོ་རེ་བསྒྲོན་པ་ཞིག་ཀྱང་མིན་ནམ་སྙམ།

དེ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་ཐོག་ཏུ་སྦྲུལ་གྱི་གདེངས་ཀ་ཞིག་ཡོད་པ་གང་ཞིག་ཡིན་ནམ། ཀླུ་ཡུལ་ནས་ཡུམ་མདོ་གདན་དྲངས་པའི་སྐོར་ནམ་རྒྱུན་གསུང་སྲོལ་ཡོད། སློབ་དཔོན་ཐོགས་མེད་སོགས་པཎ་གྲུབ་གཞན་རྣམས་ལ་དབུ་ཞྭ་སྒྲོན་བཞིན་ཡོད། མགོན་པོ་ཀླུ་སྒྲུབ་ལ་སྦྲུལ་མགོའི་གདེངས་ཀ་ལས་དབུ་ཞྭ་བཞེས་མེད། སྦྲུལ་མགོའི་གདེངས་ཀ་དེ་གང་ཡིན་ཞེས་འདྲི་སྐབས། མགོན་པོ་ཀླུ་སྒྲུབ་ལྷོ་ཕྱོགས་དཔལ་རི་སོགས་སུ་བཞུགས་སྐབས་དུག་སྦྲང་མང་བར་བརྟེན་དུག་སྦྲང་འགོག་བྱེད་དུ་སྦྲུལ་གྱི་གདེངས་ཀ་བྱུང་བ་རེད་ཅེས་ངོས་ཀྱིས་རྩེད་མོ་དང་བཅས་རྗོད་ཀྱི་ཡོད། མདོར་ན་ང་ཚོས་མགོན་པོ་ཀླུ་སྒྲུབ་ཀྱི་སྣང་བརྙན་འབྲི་སྲོལ་གང་ཞིག་ཡིན་ནའང་ཁྱད་པར་མེད། ཁོང་གི་གསུང་རྣམས་ལ་བལྟས་ན་ཧ་ལས་པ་ཞིག་རེད་འདུག

གཞན་ཡང་བོད་གངས་ཅན་གྱི་ལྗོངས་ནི་ས་བབ་མཐོ་ལ་གནམ་གཤིས་གྲང་ངར་ཆེ་བས། མཁན་ཆེན་ཞི་འཚོ་བོད་དུ་ཕེབས་སྐབས་སྐུ་བསིལ་ནས་གདིང་བ་ལྟེབ་ཚིགས་བསྐྱོན་ཏེ་སྐུ་སྟོད་ལ་བཞེས་ནས་བཞུགས་དགོས་བྱུང་བས། ད་ལྟ་ང་ཚོ་རབ་ཏུ་བྱུང་བ་དག་གིས་བཞེས་པའི་སྟོད་འགག་འདི་ཉིད་ཐོག་མ་དེ་ནས་བྱུང་ཞེས་གསུང་སྲོལ་ཡོད་ཀྱང་བདེན་མིན་མི་ཤེས། རྒྱ་གར་གྱི་དགེ་སློང་རྣམས་ལ་སྟོད་འགག་མེད་ལ། འདུལ་བའི་གཞུང་དུའང་སྟོད་འགག་སྐོར་གསལ་མེད། ཅེས་གསུངས་སོ།།

གཞན་ཡང་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་ (1698-1755) མཛད་པའི་གྲུབ་ཐོབ་ཆེན་པོ་བརྒྱད་ཅུ་རྩ་བཞིའི་འབྲི་ཡིག་ཤིན་ཏུ་དག་ཅིང་གསལ་བའི་ལེགས་བཤད་གསེར་ཐུར་ལས[13]། ཤཱནྟི་པ་ (རིན་ཆེན་འབྱུང་གནས་ཞི་བ་) ནི་དགེ་སློང་པཎྜི་ཏ། ཅུང་ཟད་བགྲེས་པའི་རྣམ་པ་ཅན་པཎ་ཞྭ་གསོལ་བ། ཞེས་གསལ་བ་ལྟར། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལས་བུད་མེད་ཀྱི་རྟེན་ཅན་ ༤ དང་། སྐྱེས་པའི་རྟེན་ཅན་ ༨༠ ཡོད་ལ། ཡང་སྐྱ་བོའི་རྟེན་ཅན་ ༧༦ དང་། རབ་བྱུང་གི་རྟེན་ཅན་ཤཱནྟི་པ་དང་། ཀླུ་སྒྲུབ། ཨརྱ་དེ་ཝ། ནཱ་ག་བྷོ་དྷི། ཙ་དྲ་པ། ཀམ་པ་ལའམ་ལྭ་ཝ་པ། བྷུ་སུ་ཀུ་པ། པ་ཀ་ར་པ་བཅས་ ༨ ཡོད་པ་ལས། སློབ་དཔོན་ཤཱནྟི་པ་ཁོ་ནའི་སྐུ་ཡི་ཆ་ལུགས་པཎ་ཞྭ་བཞེས་པ་བཞེངས་སྐྲུན་གནང་འདུག།།དེ་ཡང་དེ་ཉིད་ལས་རྗེ་བཙུན་ཆེན་པོ་སྒྲོལ་བའི་མགོན་པོའི་བཞེད་པ་ཇི་ལྟ་བ་ལས་རང་རྟོག་གིས་ཅུང་ཟད་ཀྱང་མ་བསླད་པར་བཀོད་པའོ། །ཞེས་བྱུང་བ་ལྟར། གྲུབ་ཆེན་བརྒྱད་ཅུའི་གྲས་སུ་པཎ་ཞྭ་བཞེས་པ་བཞེངས་སྲོལ་ཡོད་པ་སློབ་དཔོན་ཤཱནྟི་པ་ནི། ཕལ་ཆེར་ཕྱི་ལོའི་དུས་རབས་ ༡༡ ནང་བྱོན་པ་ཞིག་ཡིན་པས། ཁོང་རྒྱ་གར་འཕགས་ཡུལ་དུ་བཞུགས་སྐབས་ནས་པཎ་ཞྭ་དེ་ལྟར་བཞེས་སྲོལ་ཡོད་པ་དཔོག་ཐུབ་སྙམ་མོ།།

༣ ཇོ་བོ་རྗེ་ཨ་ཏི་ཤའི་སྐུ་དུས་སུ་བྱུང་བར་འདོད་ཚུལ།

དེ་ཡང་ཇོ་བོ་རྗེའི་རྣམ་ཐར་ཁག་ཏུ་པཎ་ཞྭ་མནབས་པའི་སྐོར་མང་དུ་བྱུང་བ་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར༌ལས[14]། དགུང་ལོ་རེ་གཅིག་བཞེས་དུས་ལི་ཡུལ་ཡིན་ཟེར་བའི་ལུང་པ་གསུམ་གཤིབ་འདུག་པའི་དབུས་མ་དེའི་དཀྱིལ་སྟོད་ན་ཕོ་བྲང་ཆེན་པོ་ཞིག་འདུག །ཕོ་བྲང་དེ་ན་སུ་བཞུགས་པ་ཡིན་དྲིས་པས། ཇོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བཞུགས་པ་ཡིན་གསུངས། ཇོ་བོ་དེ་དང་མཇལ་བ་ཞིག་བྱུང་ན་སྙམ་ནས་གསོལ་བ་འདེབས་ཀྱིན་ཕྱིན་པས་ཇོ་བོ་ཆེན་པོ་ཞལ་རས་དཀར་ལ་སྐུ་བོངས་ཆེ་བ་པཎ་ཞྭ་དམར་པོ་གསོལ་བ་ཞིག་བཞུགས་འདུག །ཐུགས་རྗེས་གཟུང་དུ་གསོལ་ཞེས་གསོལ་བ་བཏབ་པས་ཇོ་བོ་རྗེས་གདམས་པ་མང་དུ་སྩལ་ཏོ། །ཞེས་ཇོ་བོས་པཎ་ཞྭ་དམར་པོ་གསོལ་བར་གསལ་ལོ།།

འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཆོས་ཀྱི་འབྱུང་གནས་ལས་[15]ཀྱང་། གཙང་ཆོས་ནས་འབྱུང་བ་བཞིན་དུ་པཎ་ཆེན་གྱི་དབུ་ཞྭ་ཤིན་ཏུ་མཛེས་པ་དེ་ནམ་མཁའི་མཐོངས་བསྙེག་པ། དགེ་སློང་སུམ་ཅུ་རྩ་བཞི་ཐམས་ཅད་ལྟ་སྤྱོད་ན་བཟའི་ཆ་ལུགས་ཐམས་ཅད་ཁྱད་པར་མེད་ནའང་། ཇོ་བོའི་ན་བཟའ་རྡོ་ཚོས་མ་དེ་སྣུམ་ཞིང་དྲི་ཞིམ་པ། ཞེས་སོགས་ཇོ་བོ་མངའ་རིས་སུ་ཕེབས་སྐབས་ཀྱང་པཎ་ཆེན་གྱི་དབུ་ཞྭ་བཞེས་པར་གསལ་ཞིང་། དེ་བཞིན་ཇོ་བོའི་རྣམ་ཐར་ཁག་ཏུ་བི་ཀྲ་མ་ལ་ཤཱི་ལར། ནངས་པར་སྒོ་ཕྱེ་མ་ཐག་ཏུ་བྱིས་པ་གཞོན་ནུ་མ་ཞྭ་རྩེ་རིང་གྱོན་པ་ཞེས་དང་། ཇོ་བོས་གནང་བའི་པཎ་ཞྭ་གཅིག་ཡོད་པ་གསོལ་ཞེས་སོགས་གསལ་བ་ལྟར་རོ།།

གཞན་ཡང་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ (1901-1981) མཆོག་གིས་ཕྱོགས་བསྒྲིགས་མཛད་པའི་ལམ་རིམ་རྣམ་གྲོལ་ལག་བཅངས་ལས[16]། དེ་ནས་ཇོ་བོ་རྗེས་པཎྜི་ཏ་སའི་སྙིང་པོ་ལ་སོགས་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་དང༌། སྡེ་སྣོད་གསུམ་ལ་མཁས་པའི་དགེ་སློང་རྣམས་ཕྱགས་ལྷམ་འབྲིང་མིག་མ་གསོལ་བ། ཁ་ཆེ་གུར་ཀུམ་གྱིས་ལེགས་པར་ཁ་བསྒྱུར་བའི་ཆོས་གོས་རྣམ་གསུམ་ཕལ་ཆེན་སྡེ་པས་ལེགས་པར་བསྔགས་པ་མཛེས་པར་གསོལ་བ། ཐམས་ཅད་ཀྱང་རྟེན་འབྲེལ་གྱི་ཆེ་བས་ལྕགས་ཀྱི་ལྷུང་བཟེད་རབ་ཚད་བུག་རྡོལ་མེད་པ་བསྣམས་པ། ཟངས་ཀྱི་རིལ་བ་སྤྱི་བླུགས་མ་ག་དྷའི་བྲེ་གང་ཤོང་བ་དང༌། བསྟན་པའི་བདག་པོས་རབ་ཏུ་བསྔགས་པའི་འཁར་གསིལ་ལ་སོགས་པའི་རྟགས་མཚན་ཐམས་ཅད་ལེགས་པར་ཚང་བ་ཡོད་པ། ཐམས་ཅད་ཀྱང་པཎྜི་ཏའི་ཞྭ་ང་རྒྱལ་མེད་པ་གསོལ་བ། རྔ་ཡབ་དཀར་པོ་རེ་ཕྱག་ན་བསྣམས་པ་བརྒྱ་དང་ཉི་ཤུ་རྩ་ལྔས་ཇོ་བོའི་རྗེས་ལ་བར་དུ་མི་རེ་ཤོང་ཙམ་དུ་མ་འབྱར་བ། རྒྱང་ཆེས་མ་དྲགས་པ། བར་མ་ཆད་པར་འཇའ་ཚོན་སྣ་ལྔའི་གུར་བཞིན་དུ་མགོན་པོ་གསེར་གླིང་པ་གང་ན་བཞུགས་པ་དེར་བྱོན་པ་དང༌། ཐམས་ཅད་ཕུན་སུམ་ཚོགས་པ་ཤ་སྟག་ཏུ་གྱུར་པས་དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་ཞིང་མགུ་ནས་མེ་ཏོག་གི་ཆར་པ་ཕབ། གསེར་གླིང་ན་གནས་པའི་སྐྱེ་བོ་ཐམས་ཅད་བླ་མ་གཉིས་ཀྱི་མཛད་པ་ལ་ངོ་མཚར་རྨད་དུ་བྱུང་བའི་དད་པ་ཐོབ་བོ། །དེ་ནས་ཇོ་བོ་རྗེས་རིན་པོ་ཆེའི་བུམ་པ་ནང་ན་དངོས་པོ་ཅི་ཡོད་ཕྱི་ནས་གསལ་བ་ཞིག་རིན་པོ་ཆེ་གསེར་དང༌། དངུལ་དང༌། མུ་ཏིག་དང༌། བྱུ་རུ་དང༌། བཻཌཱུརྱས་བཀང་སྟེ་བླ་མ་གསེར་གླིང་པ་ཆེན་པོའི་ཕྱག་ཏུ་ཕུལ། བྱང་ཆུབ་སེམས་སྦྱོང་གི་གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་གསན་པའི་རྟེན་འབྲེལ་དེ་ནས་འགྲིག་པ་ཡིན་འདུག །ཅེས་འབྱུང་བ་ལྟར་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་པཎ་ཞྭ་དམར་པོ་གསོལ་བ་ཞེས་པ་དང་། རྣམ་གྲོལ་ལག་བཅངས་ལས་པཎྜི་ཏའི་ཞྭ་ང་རྒྱལ་མེད་པ་གསོལ་བ་ཞེས་པ་འདི་གཉིས་དོན་གཅིག་ཅིང་། པཎ་ཞྭ་འདི་ཉིད་ནི་པཎྜི་ཏའི་ཞྭ་ང་རྒྱལ་མེད་པ་ཞེས་པ་རྩེ་མོ་ཅུང་ཟད་ཟླུམ་པོའི་དབྱིབས་ཅན་ཇོ་བོ་རྗེ་སོགས་ཀྱིས་གསོལ་བ་དེ་ཉིད་ཡིན་འདུག །འོན་ཀྱང་པཎྜི་ཏའི་ཞྭ་ང་རྒྱལ་མེད་པ་འདི་ཉིད་ཐོག་མར་དུས་ནམ་ཞིག་དར་མིན་སོགས་ཀྱི་སྐོར་གསལ་བའི་ཡིག་ཆ་ལག་ཏུ་མ་སོན་ཞིང་། འདི་ཉིད་པཎ་ཞྭ་རྩེ་མོ་ཅུང་ཟད་རྣོ་བ་ལས་རིམ་བཞིན་འགྱུར་བ་ཕྱིན་པ་ཞིག་ཡིན་མིན་དང་། ཡང་ན་ཐོག་མའི་འབྱུང་ཁུངས་གཞན་ཞིག་ཡིན་མིན་སོགས་ལའང་དཔྱད་དགོས་པར་སྣང་ངོ་།།

གཞན་ཡང་འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[17]། ཇོ་བོ་དཔོན་གཡོག་ཀྱང་དཔལ་སྣར་ཐང་སྟོད་དུ་ཕེབས། དེར་བོད་སྟོན་རྣམས་དབུ་ཞྭ་སྣེ་རིངས་དང་། ན་བཟའ་བེར་དང་བཅས་པའི་རྟ་པ་མང་པོ་རྒྱང་མ་ནས་གཟིགས་ཏེ། ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་མི་མ་ཡིན་མང་པོ་བྱུང་གསུངས་ནས་དབུ་བཏུམས། དེ་ནས་བོད་སྟོན་རྣམས་ཀྱིས་ཞབས་དྲུང་དུ་ཉེ་བ་ནས་ཆིབས་ལས་བབས། བེར་དང་དབུ་ཞྭ་བཞག །སྣམ་སྦྱར་གྱོན་པ་ཤ་སྟག་ཏུ་བྱས་ནས་བྱུང་བ་ལ། ཇོ་བོ་ཡང་དགྱེས་ནས་དགེ་འདུན་ལ་སྤྱི་ཕྱག་མཛད། དེ་ནས་བོད་སྟོན་རྣམས་ཕྱིར་ཐེགས་ནས་ཇོ་བོ་དཔོན་གཡོག་རིམ་གྱིས་འབྱོན་པར་བྱས་ནས། རྒྱང་དུ་ཕེབས་པའི་ཚེའང་དགེ་འདུན་རྣམས་ཀྱིས་ལེགས་པར་བསུས་པས་མཉེས། ཞེས་གསལ་བ་ལྟར་མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་བརྩམས་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་[18]ཀྱང་། བོད་སྟོན་རྣམས་དཔལ་སྣར་ཐང་དུ་ཞྭ་སྣེ་རིང་དང་སེར་པོ་གྱོན་ནས་བསུ་བ་ལ་འོངས་པས། ཇོ་བོས་འདྲེ་བྱུང་གསུངས་ནས་འཇིགས་པའི་ཚུལ་གསུངས་མོད། འབྲོམ་སོང་སྟེ་ཞྭ་དང་བེར་འཇོག་ཏུ་བཅུག་ཅེས་སོ་སོའི་རྣམ་ཐར་ལ་བྲིས་པས། དེ་ན་ཇོ་བོ་འཇིགས་ལུགས་དེས་ཀྱང་ཞྭ་སྣེ་རིང་འདི་རྒྱ་གར་རམ་ཡུལ་དབུས་ན་མེད་དམ་སྙམ། འོན་ཀྱང་བྷངྒ་ལའི་ཤར་ཅི་ཊ་གྷོང་དུ་སྔ་དར་གྱི་བསྟན་པ་ནུབ་ནས་མི་ཐོག་གཅིག་ཀྱང་མ་སོང་བའི་རྒད་པོ་འགའ་རེས་ངེད་རྣམས་བྱིས་པའི་དུས་དགེ་སློང་རྣམས་ཞྭ་དམར་རྩེ་ཕུར་བུའི་གཟུགས་འདྲ་བ་གྱོན་པ་མཐོང་མྱོང་ཟེར། གཏམ་དེ་ཇོ་བོ་དང་ཀུན་མཁྱེན་གྱིས་ཀྱང་ཡུལ་དེ་ཀ་རང་དུ་ཚེར་མ་ལྟ་བུའི་ཞྭ་དར་བར་གསུངས་པ་དང་ཤིན་ཏུ་འབྱོར་བས། ཡང་ན་ནི་ཁོང་ལ་ཡང་བདེན་པ་ཞིག་ཡོད་མཆི། ཞེས་གསུངས་སོ།།

གཞན་ཡང་བློ་བཟང་དགོངས་རྒྱན་མུ་ཏིག་ཕྲེང་མཛེས་ལས[19]། དེ་ལྟར་པཎ་ཞྭ་འདི་ནི་ཐོག་མར་བོད་རང་དུ་དར་བ་ཞིག་མིན་ནའང་། དུས་རབས་བཅུ་གཅིག་པའི་ནང་ཇོ་བོ་རྗེ་དཔལ་མར་མེ་མཛད་བོད་དུ་ཕེབས་དུས་གསོལ་བ་ལས་རིམ་གྱིས་བོད་རང་གི་ལོ་པཎ་རྣམས་ཀྱིས་ཕྱག་བཞེས་རྒྱུན་བསྐྱངས་ཏེ། ད་ལྟའི་བར་སྲོལ་མ་ཉམས་པར་གནས་ཡོད་དོ། །ཞེས་བྱུང་བ་ལྟར་རོ།།

ལྷག་པར་ཞུས་ལན་ནོར་བུའི་ཕྲེང་བ་ལྷ་ཆོས་བདུན་ལྡན་གྱི་བླ་མ་བརྒྱུད་པ་རྣམས་ཀྱི་རྣམ་ཐར་ལས[20]། དེ་ནས་མ་གིར་འབྱོན་པར་ཞུ་ཞེས་གསོལ་བ་བཏབ་པས། ཇོ་བོ་རྗེའི་གདུང་ཁང་འདིའི་ནང་ན་པཎ་ཞྭ་གཅིག་ཡོད། དེ་ཐོན་ལ་བྱོན་གསུང་། པོ་ཏོ་བས་ཇོ་བོའི་གདུང་ཁང་དངུལ་གདུགས་ཅན་གྱི་རྩར་ཕྱིན་ནས་བལྟས་པས། གདུང་ཁང་དེ་སྔར་བས་ཁྱད་པར་གྱིས་ཆེར་སོང་འདུག །དེའི་སྒོ་གཅིག་ཀྱང་ཕྱེ་ནས་གདའ། ཕ་རིན་པོ་ཆེ་གཞོན་ནུ་མ་ཞིག་ན་རེ། དབུ་ཞྭ་འདི་དང་བཞུགས་གདན་ཁྱེར་ལ་བྱོན་གསུངས་ནས། ཁྲི་སྙན་ས་ལེའི་པགས་པ་གཅིག་དང་། པཎ་ཞྭ་ངར་ངུར་ཁ་ལ་གསེར་སྐུད་ཀྱི་སྐུད་རིས་དུང་གཡས་འཁྱིལ་གྱི་རྣམ་པ་བཞིན་དུ་བྱས་པ་ཞིག་བསྐུར་ནས་ཁྱེར་བྱོན་པ་དང་། བཙུན་ཆུང་དེ་ན་རེ་ནང་དེའང་མཐོང་དགོས་པ་ཡིན། ཞྭ་དེའང་ཚུར་འོན་ཅིག་གསུངས་ནས་པཎ་ཞྭ་དེ་གསོལ། ཞེས་ཇོ་བོ་རྗེའི་གདུང་ཁང་ནང་བཞུགས་པའི་པཎ་ཞྭའི་ཁ་དོག་དང་། སྐུད་རིས་སོགས་ཇི་ལྟ་བུ་ཞིག་ཡོད་པ་གསལ་བར་བྱུང་བ་ལྟར་རོ།།

ག པཎ་ཞྭའི་བཟོ་དབྱིབས་ཀྱི་ཁྱད་པར།

དང་པོ། མཚན་སྒྲའི་བསྟོད་པ་ཅན་གྱི་བྲིས་ཐང་ལྟར་ན། པཎ་ཞྭ་དེ་དག་ལ་རྩེ་མོ་ཅུང་ཟད་རྣོ་བ་དང་། རྩེ་མོ་ཟླུམ་གཟུགས་ཅན་གཉིས་ཡོད་ལ། རྩེ་མོ་ཅུང་ཟད་རྣོ་བ་དེ་ལའང་སྐེད་འཆིང་གཏན་ནས་མེད་པའི་དམར་རྐྱང་དང་། སྐེད་འཆིང་གསུམ་ལྡན་རིགས་གཉིས་ཡོད་པ་ལས། སློབ་དཔོན་ཨཱརྱ་དེ་ཝ་དང་། སློབ་དཔོན་དབྱིག་གཉེན། སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་ཤཱཀྱ་འོད་བཞི་ཡི་པཎ་ཞྭ་རྩེ་མོ་ཅུང་ཟད་རྣོ་ལ་སྐེད་འཆིང་མེད་པའི་དམར་རྐྱང་དང་། སློབ་དཔོན་ལེགས་ལྡན་འབྱེད་དང་། སློབ་དཔོན་སེངྒེ་བཟང་པོ། འཕགས་པ་ཐོགས་མེད། མཁན་ཆེན་ཞི་འཚོ། དཔལ་ལྡན་ཟླ་བ་གྲགས་པ། སློབ་དཔོན་ཀ་མ་ལ་ཤཱི་ལ། སློབ་དཔོན་ཕྱོགས་གླང་། དཔལ་ལྡན་ཆོས་གྲགས། སློབ་དཔོན་ཡོན་ཏན་འོད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་ཀྱི་པཎ་ཞྭ་ནི་ང་རྒྱལ་མེད་པའི་མཚོན་དོན་ཅན་གྱི་པཎ་ཞྭ་རྩེ་མོ་ཟླུམ་པོ་སྐེད་འཆིང་གསུམ་ལྡན་ཤ་སྟག་ཡིན། དེ་མིན་འཕགས་པ་གྲོལ་སྡེ་དང་། རྒྱལ་སྲས་ཞི་བ་ལྷ་རྣམ་གཉིས་ཀྱི་པཎ་ཞྭ་ནི་རྩེ་མོ་ཟླུམ་པོ་སྐེད་འཆིང་གསུམ་ལྡན་གྱི་དབུ་ཞྭ་དེ་ཉིད་པཎ་གྲུབ་གཞན་ལྟར་དམིགས་བསལ་དབུ་ལ་དྲང་ཐད་དུ་མ་བཞེས་པར་དབུ་སྟེང་དུ་ལེབ་འཇོག་མཛད་ཡོད། མདོར་ན་གོང་གསལ་གྱི་བྲིས་ཆ་ལྟར་ན། སྐེད་འཆིང་མེད་པའི་པཎ་ཞྭ་མནབས་པའི་པཎ་གྲུབ་བཞི་དང་། ང་རྒྱལ་མེད་པའི་པཎ་ཞྭ་མནབས་པའི་པཎ་གྲུབ་བཅུ། དེ་ཉིད་མ་བཞེས་པར་ལེབ་འཇོག་མཛད་པའི་པཎ་གྲུབ་གཉིས་བཅས་སོ།།

གཉིས་པ། ཞབས་འོག་ཏུ་མཚན་འགོད་གནང་བའི་བྲིས་ཆ་[21]ལྟར་ན། སློབ་དཔོན་འཕགས་པ་ལྷ་དང་།  སློབ་དཔོན་སངས་རྒྱས་བསྐྱངས།  སློབ་དཔོན་དབྱིག་གཉེན། སློབ་དཔོན་ཤཱཀྱ་འོད་བཅས་ཀྱི་པཎ་ཞྭ་རྩེ་མོ་ཅུང་ཟད་རྣོ་ལ་སྐེད་འཆིང་གསུམ་ཅན་བཞེས་པས་གོང་དང་མཚུངས་ཀྱང་གོང་གི་བྲིས་ཆ་དང་སྐེད་འཆིང་ཡོད་མེད་ཀྱི་ཁྱད་པར་འབྱུང་ལ། འཕགས་པ་ཐོགས་མེད་དང་། དཔལ་ལྡན་ཟླ་བ་གྲགས་པ། སློབ་དཔོན་པདྨའི་ངང་ཚུལ། སློབ་དཔོན་ཕྱོགས་གླང་། དཔལ་ལྡན་ཆོས་གྲགས། སློབ་དཔོན་ཡོན་ཏན་འོད། རྒྱལ་སྲས་ཞི་བ་ལྷ། སློབ་དཔོན་ལེགས་ལྡན་འབྱེད། རྒྱལ་སྲས་སེངྒེ་བཟང་པོ། མཁན་ཆེན་ཞི་བ་འཚོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་ཀྱིས་པཎྜི་ཏའི་ཞྭ་ང་རྒྱལ་མེད་པ་མནབས་པས། རྒྱལ་སྲས་ཞི་བ་ལྷའི་དབུ་ཞྭ་བཞེས་ཚུལ་གོང་དང་མི་འདྲ་བས། བྲིས་ཆ་འདིར་འཕགས་པ་གྲོལ་སྡེ་ཁོ་ནས་དབུ་ཞྭ་པཎ་གྲུབ་གཞན་ལྟར་མ་བཞེས་པར་དབུ་པཎ་ལེབ་ཞྭར་བཞེས་པའམ་དབུ་སྟེང་དུ་ལེབ་འཇོག་མཛད་པ་བཅས། མདོར་ན། གོང་གསལ་གྱི་བྲིས་ཆ་ལྟར་ན། པཎ་ཞྭ་རྩེ་མོ་ཅུང་ཟད་རྣོ་བ་མནབས་པའི་པཎ་གྲུབ་བཞི་དང་། ང་རྒྱལ་མེད་པའི་པཎ་ཞྭ་མནབས་པའི་པཎ་གྲུབ་བཅུ་གཅིག །དེ་ཉིད་མ་བཞེས་པར་དབུ་སྟེང་དུ་ལེབ་འཇོག་མཛད་པའི་[22]པཎ་གྲུབ་གཅིག་བཅས་སོ།།

པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ཐོག་མ་འཕྲེད་ཐང་གི་དབུས་སུ་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་དང་། གཡས་ཕྱོགས་སུ་ཟབ་མོ་ལྟ་བའི་བརྒྱུད་པ་མགོན་པོ་ཀླུ་སྒྲུབ་དང་། རྒྱལ་སྲས་འཕགས་པ་ལྷ། སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་ལེགས་ལྡན་འབྱེད། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨའི་ངང་ཚུལ་བཅས་བརྒྱད་དང་། གཡོན་ཕྱོགས་སུ་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་རྒྱལ་སྲས་འཕགས་པ་ཐོགས་མེད་དང་། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་ཀྱི་གླང་པོ། དཔལ་ལྡན་ཆོས་གྲགས། འཕགས་པ་གྲོལ་སྡེ། སློབ་དཔོན་སེངྒེ་བཟང་པོ། སློབ་དཔོན་ཡོན་ཏན་འོད། སློབ་དཔོན་ཤཱཀྱ་འོད་བཅས་བརྒྱད། གཤམ་དབུས་སུ་ཟབ་རྒྱས་སམ་ལྟ་སྤྱོད་གཉིས་ཀའི་གདམས་པ་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་མངའ་བ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་པཎ་གྲུབ་བཅུ་བདུན་གྱི་ཁྲོད་ནས་རྒྱལ་སྲས་འཕགས་པ་ལྷ་དང་། སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཤཱཀྱ་འོད་བཅས་པཎ་གྲུབ་རྣམ་པ་བཞིས་པཎ་ཞྭ་དམར་པོ་སྐེད་འཆིང་གཏན་ནས་མེད་པ་བཞེས་ཤིང་། སློབ་དཔོན་ལེགས་ལྡན་འབྱེད་དང་། འཕགས་པ་གྲོལ་སྡེ་རྣམ་གཉིས་ཀྱི་པཎ་ཞྭ་སྐེད་འཆིང་གསུམ་ལྡན་དབུ་སྟེང་དུ་ལེབ་འཇོག་གནང་བ་དང་། དེ་འཕྲོས་ཀྱི་པཎ་གྲུབ་ཞལ་གྲངས་ ༡༠ ཡིས་པཎ་ཞྭ་སྐེད་འཆིང་གསུམ་ལྡན་ཤ་སྟག་བཞེས་པ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་པཎ་ཞྭ་མ་བཞེས་པ་བཅས། མདོར་ན་པཎ་གྲུབ་བཅུ་བདུན་ལ་པཎ་ཞྭ་བཞེས་མིན་གྱི་རིགས་གཉིས་དང་། བཞེས་པ་ལའང་དངོས་སུ་བཞེས་པ་དང་དབུ་སྟེང་དུ་ལེབ་འཇོག་གནང་བའི་རིགས་གཉིས། པཎ་ཞྭ་དེ་དག་ལའང་སྐེད་འཆིང་ཡོད་མེད་ཀྱི་རིགས་གཉིས་ཡོད་པ་བཅས་སོ།།

གོང་གསལ་བྲིས་ཆ་གཉིས་པོ་གཤིབ་བསྡུར་ཞུས་པ་ལྟར་ན། པཎ་ཞྭ་དེ་དག་ཚང་མར་སྐེད་འཆིང་ཡོད་མེད་ཀྱི་ཁྱད་པར་དང་གཅིག །ང་རྒྱལ་མེད་པའི་པཎ་ཞྭ་བཞེས་མཁན་ལ་མང་ཉུང་གི་ཁྱད་པར་བྱུང་བ་དང་གཉིས། པཎ་ཞྭ་དངོས་སུ་མ་བཞེས་པར་དབུ་སྟེང་དུ་འཇོག་པ་གནང་མཁན་ལའང་མང་ཉུང་གི་ཁྱད་པར་བཅས་གསུམ་མཆིས་ལ། པཎ་ཞྭ་ཚང་མར་མཐའ་སྒྲིལ་སེར་པོ་གཅིག་མཚུངས་སུ་ཡོད་པ་ནི་གོས་དྲུབ་དང་། བྲིས་ཆ་སོགས་སྤྱི་ཡོངས་ཀྱི་མཛེས་ཆོས་དང་འགྲོ་ལུགས་ཡིན་པ་ལས། དམིགས་བསལ་གྱི་མཚོན་དོན་གང་ཡང་མེད།

གཞན་ཡང་ཕྱི་ལོ་ ༡༩༩༡-༡༩༩༢ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་དབྱིན་ཇི་བ་མའེ་ཁལ་ཨེག་ཤོན་ (Michael Action) ཞུ་བས་འབྲི་བཞེངས་གནང་བའི་རྒྱན་དྲུག་མཆོག་གཉིས་དང་། དེ་རྗེས་མ་སུ་རིར་གནས་བཞུགས་བསོད་ནམས་ཆོས་འཕེལ་ལགས་ཀྱིས་སྣུམ་ཚོན་རི་མོའི་ལམ་ནས་འབྲི་བཞེངས་ཁ་སྐོང་གནང་བའི་པཎ་གྲུབ་བཅུ་བདུན་དང་། དེ་མཚུངས་སྣུམ་ཚོན་རི་མོ་ཅན་གྱི་པཎ་གྲུབ་བཅུ་བདུན་གྱི་བྲིས་ཆ་གཞན་ (སེར་སྨད་འདུ་ཁང་དང་། སེ་ར་བླ་སྤྱི་གཉིས་ནང་སྣུམ་ཚོན་རི་མོ་ཅན་བཞེངས་ཡོད།) དུ་མཁན་ཆེན་ཞི་བ་འཚོས་ང་རྒྱལ་མེད་པའི་པཎྜི་ཏའི་དབུ་ཞྭ་མནབས་པ་ལས། དེ་མིན་པཎ་གྲུབ་རྣམས་ཀྱིས་པཎ་ཞྭ་རྩེ་མོ་ཅུང་ཟད་རྣོ་བ་ཤ་སྟག་གསོལ་ཞིང་། སྐེད་འཆིང་ཡང་གསུམ་ལྡན་གཅིག་མཚུངས་ཡིན་ཁར། དབུ་ཞྭ་ལེབ་འཇོག་མཛད་མཁན་གཅིག་ཀྱང་མེད་པ་བཅས་སོ།།

ང་། དགེ་སློང་གི་འཚོ་བའི་ཡོ་བྱད་དང་། པཎ་གྲུབ་ཀྱི་དབུ་ཞྭ།

དེ་ཡང་དགེ་སློང་གི་འཚོ་བའི་ཡོ་བྱད་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་  (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[23]། ཀ༽ དགེ་སློང་གི་ཉེར་ལྡན་གྱི་ཡོ་བྱད་དྲུག་ནི། ༡ སྣམ་སྦྱར་དང་། ༢ བླ་གོས། ༣ མཐང་གོས། ༤ གདིང་བ། ༥ ལྷུང་བཟེད། ༦ ཆུ་ཚགས་དང་དྲུག་གོ། ཁ༽ དགེ་སློང་གི་འཚོ་བའི་ཡོ་བྱད་དྲུག་ནི། ༡ ཆོས་གོས་རྣམ་གསུམ་དང་། ༤ ལྷུང་བཟེད། ༥ ཆུ་ཚགས། ༦ གདིང་བ་བཅས་སོ།། ག༽ དགེ་སློང་གི་འཚོ་བའི་ཡོ་བྱད་བཅུ་གསུམ་མམ། རབ་ཏུ་བྱུང་བ་རྣམས་ལ་ལུས་འཚོ་བའི་ཆེད་དུ་འཆང་བར་གནང་བའི་རུང་བ་ཚད་ལྡན་གྱི་གོས་ལ། ༡ སྣམ་སྦྱར། ༢ བླ་གོས། ༣ མཐང་གོས། ༤ ཤམ་ཐབས། ༥ ཤམ་ཐབས་ཀྱི་གཟན། ༦ རྔུལ་གཟན། ༧ རྔུལ་གཟན་གྱི་གཟན། ༨ གདོང་ཕྱིས། ༩ རྣག་གཟན། ༡༠ གཡན་དགབ། ༡༡ སྐྲ་བཟེད། ༡༢ གདིང་བ། ༡༣ དབྱར་གྱི་གོས་རས་ཆེན་ཏེ་ཡོ་བྱད་བཅུ་གསུམ། ཞེས་གསལ་བ་ལྟར་དགེ་སློང་གི་ཉེར་ལྡན་གྱི་ཡོ་བྱད་དྲུག་དང་། དགེ་སློང་གི་འཚོ་བའི་ཡོ་བྱད་དྲུག །དགེ་སློང་གི་འཚོ་བའི་ཡོ་བྱད་བཅུ་གསུམ་བཅས་ཀྱི་ཁྲོད་དུ་དབུ་ཞྭའི་རིགས་གཏན་ནས་མི་སྣང་བས་པཎ་ཞྭ་འདི་དག་བོད་གངས་ཅན་གྱི་ལྗོངས་སུ་པཎ་གྲུབ་རྣམས་ཀྱི་སྐུ་བརྙན་འབྲི་བཞེངས་གནང་སྐབས་དབུ་ཞྭ་བསྒྲོན་པ་ལས། པཎ་གྲུབ་དེ་དག་རྒྱ་གར་འཕགས་ཡུལ་དུ་བཞུགས་སྐབས་དབུ་ཞྭ་བཞེས་མེད་པར་འདོད་མཁན་ཡང་ཡོད།

སྤྱིར་ནང་པའི་དགེ་སློང་གི་འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་དུ་དབུ་ཞྭ་མེད་པ་བདེན་ནའང་། འདུལ་བའི་གཞུང་ལུགས་ཁག་ཏུ་དབུ་ཞྭའི་སྐོར་གཏན་ནས་མི་གསལ་བ་མིན་ཏེ། དེ་ཡང་བཀའ་འགྱུར་གྱི་འདུལ་བ་རྣམ་པར་འབྱེད་པ་ལས[24]། ཚེ་དང་ལྡན་པས་རང་གི་བཟོ་འདི་ལྟ་སྟེ། ཞྭ་དང་ཞྭ་སྒྲེ་བོ་ (ཞྭ་མོའི་བྱེ་བྲག་ཅིག་གི་མིང་།) དང་། བྱིས་པའི་གོས་དག་དང་། ཤི་ང་དཔུང་བཅད་དག་དང་། དོར་མང་དག་དང་། དོར་ཐུང་དག་དང་། བཟང་མཁན་གྱི་བཟོ་གཞན་གང་ཡིན་པ་དག་བསླབ་པར་བྱའོ། །ཞེས་རྒྱལ་བའི་བཀའ་འགྱུར་ལས་ཞྭ་དང་ཞྭ་སྒྲེ་བོའི་སྐོར་གསུངས་སོ།།

གཞན་ཡང་བསྟན་འགྱུར་ལ་མཚོན་ན། མདོ་སྡེ་འཛིན་པའི་སློབ་དཔོན་ཀ་ལྱཱ་ཎ་མི་ཏྲས་མཛད་པའི་དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ་ལས[25]། ཆུའི་ཕྱོགས་སུ་རྩ་བར་ཞྭ་གཟུང་བར་བྱའོ། །སྨད་ཤམ་ཐབས་ཀུན་ནས་ཟླུམ་པོར་བགོ་བར་བྱ་ཞིང༌། སྟོད་དུ་ཀུན་ནས་ཆོས་གོས་ཀྱང་ངོ་། །བྱ་བ་བྱེད་པའི་ཚེ་ཆོས་གོས་ཀྱི་མཐའ་མར་མདུད་པ་བཅིངས་ལ་ལས་བྱའོ། །རྣམ་པ་ཐམས་ཅད་དུ་ཁྱིམ་པའི་རྟགས་ཀུན་ཏུ་སྤྱད་པར་མི་བྱའོ། །ཞེས་དང་། ཡོན་ཏན་དང་ལྡན་པ་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོའི་འགྲེལ་པ་ལས་[26]ཀྱང་། ཆབ་བྲོམ་དུ་འགྱུར་བའི་ཡུལ་དུ་ཞྭ་དང་ཡུ་རིངས་ཀྱང་ངོ་། །ཡུལ་ལྷག་པ་ཆེ་སྟེ་ཆབ་བྲོམ་ཡོད་པའི་ཡུལ་དུ་ཞྭ་དང་ལྷམ་ཡུ་རིངས་བགོར་གནང་ངོ་། །དགེ་སློང་མ་ཡུལ་གྱི་དབུས་སུ་ན་ན་ཞྭ་དང་ལྷམ་དབང་ངོ་། །མཐའ་འཁོབ་ཆབ་བྲོམ་ཡོད་པའི་ཡུལ་དུ་ནི་ཞྭ་དང་ལྷམ་གྱོན་དུ་དབང༌། ཞེས་དང་། དེ་བཞིན་སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་མཛད་པའི་འདུལ་བ་བསྡུས་པ་ལས[27]། ལྷམ་སྒྲོ་གུ་ཅན་ཡང་བཅང་བར་བྱའོ། །གྲང་བས་གནོད་པ་སྤང་བའི་ཕྱིར་ཞྭ་དང་སྟོད་ཁོར་ནང་ཚངས་ཅན་དང༌། གདིང་བ་དང༌། སྟན་ཏེ་དེ་རྣམས་ཀྱང་ངོ་། །གྲང་བས་གནོད་པ་སྤང་བའི་ཕྱིར་བགོ་བར་བྱའོ། །ཞེས་སོགས་གསུངས་པ་ལྟར་བསྟན་པའི་རྩ་བ་དམ་ཆོས་འདུལ་བའི་གཞུང་ལུགས་ཁག་ཏུ་རབ་ཏུ་བྱུང་བའི་ཉེར་མཁོའི་ཡོ་བྱད་ཀྱི་ཁྲོད་དུ་ཞྭ་མོ་གྱོན་རུང་བ་གསལ་བར་གསུངས། འོན་ཀྱང་ཞྭ་དང་། ཞྭ་སྒྲེ་བོའམ་ཞྭ་སྒྲེའོ་ཞེས་གསུངས་ལ། གཞན་ཡང་ལོ་པཎ་མང་པོས་མཛད་པའི་བྱེ་བྲག་རྟོགས་བྱེད་ཆེན་མོ་ལས[28]། དགེ་སློང་གི་ཡོ་བྱད་ཀྱི་མིང་གི་སྐབས་སུ་ཁོ་ལཱ། ཞྭ། ཞེས་གསལ་ནའང་ཞིབ་ཕྲའི་འགྲེལ་བཤད་གང་ཡང་མི་གསལ་ལ། འདི་དག་པཎ་ཞྭ་ཡིན་མིན་དང་། བཟོ་དབྱིབས་ཇི་ལྟ་བུ་ཡོད་མེད་ཀྱི་གསལ་ཁ་ཡང་གཏན་ནས་མི་སྣང་ཡང་པཎ་ཞྭ་མིན་ནམ་སྙམ་པས་དཔྱད་གཞི་ཙམ་དུ་ཕུལ་བའོ།།

དེ་ཡང་རྩེ་ལེ་སྣ་ཚོགས་རང་གྲོལ་ (འཁྲུངས་དུས། 1608-?) གྱིས་མཛད་པའི་ཆོས་རྗེ་མི་ཕམ་མགོན་པོ་ནས་དྲི་བ་སྔ་ཕྱི་ཐ་དད་མཛད་པའི་དྲི་ལན་ཐོར་བུའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ལས[29]། གྲུབ་མཐའི་ཁྱད་པར་ལ་བརྟེན་པའི་ཞྭའི་ཁ་དོག་སོགས་ཐ་དད་པའི་རྒྱུ་མཚན་གྱིས་འཕྲོས་པ་གནང་བའི་སྐབས་དོན་ཕུལ་བ་ནི། སྤྱིར་ཐུབ་དབང་ཉིད་ཞལ་བཞུགས་པའི་དུས་སུ་ནི། ཞྭའི་གསུང་སྒྲོས་སོགས་ཀྱང་ཆེར་མི་འབྱུང་ལ། ལར་ཡང་སྤྲུལ་པ་སྐུའི་ཆ་ལུགས་ཐམས་ཅད་ལ་དབུ་རེག་ཞབས་རྗེན་ཁོ་ནས་ཁྱད་ཆོས་སུ་གྱུར་མོད་ཀྱི། སླད་དུ་འདུལ་བའི་བསྟན་བཅོས་མདོ་རྩ་སོགས་ལས་དབུ་ཞྭའི་ཚིག་སྒྲོས་ཙམ་འདུག་རུང་དབྱིབས་ཁ་དོག་གི་གསལ་ཁ་མི་སྣང་ཚེ། པཎྜི་ཏ་སྤྱི་མཐུན་གྱི་པཎ་ཞུ་དེ་ཉིད་ཡིན་པར་སེམས་ཤིང་། རྒྱན་དྲུག་མཆོག་གཉིས་སོགས་འཕགས་ཡུལ་གྱི་བསྟན་འཛིན་ཆེན་པོ་ཐམས་ཅད་ཀྱང་པཎ་ཞུ་གསོལ་བ་ཤས་ཆེར་གདའ་བ་དང་། ཁ་དོག་ཀྱང་རབ་བྱུང་ལ་རུང་བའི་ཚོན་གསུམ་ལས་གཞན་ནི་མ་གནང་ཚེ་དམར་སེར་གཉིས་དང་། དམར་པོ་ཉིད་ཀྱང་བཙོད་ཚོས་ནི་མི་རུང་བའི་ཚོས་ཆེན་དུ་གསུངས་ཕྱིར། བཙག་ཁ་ལས་འོས་མ་མཆིས་ཏེ་ངུར་སྨྲིག་ཉིད་དུ་གྲུབ་མོད། རྙིང་ལུགས་ལ་ནི། གུ་རུ་རིན་པོ་ཆེ་ཉིད་ཀུན་དགའ་བོ་ལ་རབ་བྱུང་མཛད་པའི་ཚུལ་བསྟན་ཚེ་དབུ་སྐྲ་བསིལ་བས་དབུའི་གཙུག་ཏོར་གསལ་བར་བྱུང་བ་ལ་སྐྱེ་བོ་ཕལ་གྱི་བློར་མི་ཤོང་བའི་སྒྲིབ་པ་གསོག་པ་སྤོང་ཕྱིར་གཙུག་ཏོར་ལ་ངུར་སྨྲིག་གི་ཚལ་བུས་དཀྲིས་པ་ལ་གཙུག་ཞྭ་རིན་ཆེན་གཙུག་ཏོར་དུ་གྲགས་སོ། །ཞེས་གུ་རུའི་རྣམ་ཐར་འགའ་ཞིག་ཏུ་འབྱུང་བ་དང་། གུ་རུ་ཉིད་སྤྲུལ་པའི་རྣམ་འགྱུར་མ་ངེས་ཤིང་། ཁྱད་པར་སྔགས་ཆས་གཙོ་བོར་མཛད་པ་རྣམས་ལ་ནི་མཐའ་གཅིག་ཏུ་ངེས་པ་མ་མཆིས་ནའང་། པདྨ་སམྦྷ་བའི་ཆ་བྱད་མཛད་པའི་སྐུ་ཚབ་ཆོས་དབང་གི་གཏེར་མའི་དཀར་ཆག་ཏུ། དབུ་ཞྭ་གསེར་གྱི་ཕྱེ་མས་བྱུགས། །བསྟན་པ་གསེར་དང་འདྲ་བའི་རྟགས། །ཞེས་དབུ་ཞྭ་གསེར་མདོག་ཏུ་སྣང་བ་དང་། དེ་བཞིན་དུ་སྔར་གྱི་བལ་རིས་རྙིང་པའི་པདྨ་སམྦྷ་ཝ། བོ་དྷི་སཏྭ། གཞན་ཡང་ལོ་པཎ་གྱི་སྐུ་ཕལ་ཆེར་ཡང་དབུ་ཞྭ་སེར་པོའམ་ངུར་སྨྲིག་ཤས་ཆེ་བ་དང་། ཇོ་བོ་རྗེའི་སྐུ་ཡང་རྙིང་པ་མ་འཆུགས་པ་ཐམས་ཅད་ལ་ངེས་པར་དབུ་ཞྭ་སེར་པོར་འབྱུང་བའི་ཕྱིར། དེའི་ཤུགས་ཀྱིས་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་ཐམས་ཅད་དབུ་ཞྭ་སེར་པོ་མཛད་ཅིང་། ཁྱད་པར་དགེ་བའི་བཤེས་གཉེན་ཆེན་པོ་པུ་ཏོ་བ་དེ་ཉིད་ནི་འདུལ་བའི་བཞེད་གཞུང་ཇི་ལྟ་བར། སྐུ་ཤམ་སོགས་ན་བཟའ་མཐའ་དག་ཆུ་རྩ་འབའ་ཞིག་གིས་མདོག་ལས་གཞན་མི་མཛད་པར་གྲགས་སོ། །ཞེས་ཀྱང་བྱུང་ངོ་།།  །།

ཅ། ཞྭ་སེར་ལུགས་བཟང་དང་། གསེར་མདོག་པཎ་ཞྭ།

༡ རྗེ་བླ་མས་ཞྭ་སེར་སྲོལ་བཏོད་ཚུལ།

དེ་ཡང་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་ལས[30]། ཟླ་སྐར་དབུས་ཀྱི་ཉིན་བྱེད་དང་མཚུངས་པའི། ། ཟླ་མེད་བློ་བཟང་གྲགས་པའི་ཐུགས་ཀྱི་བཅུད། ། ཆོས་ལུགས་གཞན་མང་ལས་ནི་རི་དབང་བཞིན། །ཁྱད་འཕགས་ཞྭ་སེར་ལུགས་བཟང་འདི་རྨད་བྱུང་། །ཞེས་བསྔགས་པ་མཛད་པ་ལྟར། བླ་མཆོད་བདེ་སྟོང་དབྱེར་མེད་མ་ལས་[31]ཀྱང་། གུར་ཀུམ་མདངས་ལྡན་ཆོས་གོས་གསུམ་གསོལ་གསེར་མདོག་པཎ་ཞྭས་དབུ་ལ་མཛེས། །ཞེས་གསལ་བ་ལྟར། རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ནི་རི་བོ་དགེ་ལུགས་པའི་གྲུབ་མཐའི་སྲོལ་གཏོད་པ་པོ་ཡིན་ལ། ཁོང་གིས་རྒྱུན་དུ་དབུ་ཞྭ་སེར་པོ་མནབས་པས། གྲུབ་མཐའི་སྲོལ་འབྱེད་མཁན་གྱི་དབུ་ཞྭའི་མདོག་གི་ཁྱད་ཆོས་ལས་ཞྭ་སེར་ཅོད་པན་འཆང་བ་ཞེས་མཚན་ཐོགས་ཤིང་། གཞན་གྱིས་དགེ་ལུགས་པ་ལ་ཞྭ་སེར་བ་དང་། དགེ་ལུགས་པའི་གྲུབ་མཐའ་ལ་ཞྭ་སེར་པོའི་གྲུབ་མཐའ་དང་། ཞྭ་སེར་ཅོད་པན་འཆང་བའི་གྲུབ་མཐའ་ཞེས་ཀྱང་གསོལ་བའོ།།

དེ་ལྟར་རི་བོ་དགེ་ལྡན་པའི་གསེར་མདོག་པཎ་ཞྭ་ནི། ༸མི་དབང་སྡེ་སྲིད་སངས་རྒྱས་མཚོས་ (1653-1705) མཛད་པའི་བཻ་སེར་ལས[32]། སེ་བའི་ར་བ་ཡོད་པའི་སེ་ར་ཆོས་སྡིངས་སུ་ཐེག་ཆེན་བཤད་སྒྲུབ་མ་ལུས་པའི་གླིང་འབྱུང་བའི་རྟེན་འབྲེལ་མཛད་པ་ལྟར། བྱམས་ཆེན་ཆོས་རྗེས་དགུང་ལོ་རེ་གཉིས་བཞེས་དུས་བཏབ། འདུལ་བ་དང་ཐལ་འགྱུར་གྱི་ལྟ་བ་གཙོར་གྱུར་གྱི་རྒྱལ་བའི་བསྟན་པ་སྤྱི་བྱེ་བྲག་ལ་བཀའ་དྲིན་ཆེ་ཞིང་། ཁྱད་པར་དུ་དྲི་མེད་བླ་མས་སྤྲུལ་པ་གཅིག་ནི་རྒྱ་གར་གནས་ཆེན་འགྲིམ་ཞེས་པའི་ཇོ་བོ་དཱི་པཾ་ཀ་ར་དང་། རྗེ་བླ་མ་འདིའི་ཡང་སྲིད་འབྲོམ་རྒྱལ་བའི་འབྱུང་གནས་རྔོག་ལེགས་པའི་ཤེས་རབ་ཡབ་སྲས་ཀྱི་ལྷ་ཆོས་བདུན་ལྡན་བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་སྟོང་ཉིད་ཀྱི་དོན་རྒྱས་པར་སྤེལ་བའི་རིང་ལུགས་བར་སྐབས་ཉག་ཕྲ་བ་གསོས་པ་དང་། འདུལ་བའི་བསྟན་པ་ས་ཀར་སོགས་དར་རྒྱས་ཆེ་ནའང་ལག་ལེན་གྱི་ཆ་བཅས་པ་ཕྲ་མོ་རྣམས་ཡུལ་དུས་ཀྱི་དབང་གིས་ཇི་བཞིན་ཕྱོགས་འདིར་མ་དར་བ་པཎ་ཆེན་རྒྱུད་ཀྱི་སྡོམ་རྒྱུན་རྣམ་དག་ལ་བརྟེན་ནས་བཅས་པ་རྣམ་པ་གསུམ་གྱིས་གཏན་ལ་ཕབ། ཚིག་ཙམ་མ་ཡིན་པར་ལག་ལེན་དུ་བཏབ་པ་སོགས་ཁྱད་པར་སྟོང་ཉིད་ཀྱི་ལྟ་བ་དང་། འདུལ་བའི་བསྟན་པར་བཀའ་དྲིན་ཆེ། འོན་ཀྱང་རབ་བྱུང་རྣམས་དྲས་དྲུབས་མ་དང་གདིང་བ་ལྷུང་བཟེད་སོགས་ཡོ་བྱད་དང་། ཕྱི་རོལ་སའི་རྡུལ་མ་སྤངས་ཏེ་ཟླ་གམ་གྱོན་པ་ལས་ཞྭ་དང་ལུགས་ཀ་སྒེར་འཛིན་ཐུགས་ལ་མེད་པ་ནི། ཉིད་ཀྱི་གསུང་ལས[33]། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། ། གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །ཞེས་སོགས་མཚུངས་པར། སྤྱིར་ནང་པའི་ཆོས་ཚུལ་ལ་བླང་བྱ་དང་དོར་བྱ་ཞེས་ཕྱོགས་འཛིན་མི་འཐད་པར་མ་ཟད། གཞན་གྱིས་ཕྲག་དོག་དང་། དེ་ལ་བརྟེན་ནས་རང་གཞན་མང་པོས་རྣམ་སྨིན་གྱི་ལས་མཐུག་པོ་གསོག་པར་དགོངས་ཏེ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་དང་། པཎ་ཆེན་དགེ་འདུན་གྲུབ་ཡབ་སྲས་ཀྱི་དགོངས་པར་མེད་ཀྱང་། སློབ་འཁོར་གཞན་གྱི་འདོད་པ་ལྟར་ཞྭ་མདོག་ཀྱང་ཟུར་པ་གསེར་བཙོ་མ་ལྟ་བུར་སྒེར་འཛིན་བྱེད་དུ་འཇུག་པ་གནང་། ཞེས་དང་། ཨཀྱཱ་འཇམ་དབྱངས་རྒྱ་མཚོས་ (1768-1816) མཛད་པའི་རྗེ་རིན་པོ་ཆེའི་བསྟོད་པ་དགེ་ལྡན་བསྟན་པའི་པད་ཚལ་རྒྱས་པར་བྱེད་པའི་ཉིན་བྱེད་ལས[34]། རྒྱན་གྱི་མཆོག་གྱུར་ངུར་སྨྲིག་མདངས་འཛིན་ཆོས་གོས་གསུམ་གྱིས་མཚན་དཔེའི་དཀྱིལ་འཁོར་ཡོངས་སུ་བརྒྱན་ཞིང་སུ་ཝརྞ་ཡི་ལྷུན་པོའི་མདངས་ཕྲོགས་པཎ་ཞྭ་སྣེ་རིང་རབ་ཏུ་མཛེས། །མཛེས་པ་གང་ཞིག་དབུ་ལ་གསོལ་བའི་མོད་ལ་གྲུབ་མཐའ་ངན་པའི་མི་གཙང་རོ་ལ་ཆགས་པའི་ལོག་སྨྲ་འབྱུང་བྱའི་ཚོགས་རྣམས་དུས་ཀུན་མུན་པའི་ཁུང་བུར་གནས་བཅས་བཞིན། །ཞེས་གསུངས་པ་ལྟར་རྗེ་ཙོང་ཁ་པ་ཆེན་པོ་རང་ཉིད་དང་། སློབ་མ་བགྲེས་པ་རྣམས་ཀྱི་དགོངས་པར་ཞྭ་མོ་དང་། ཆས་སོགས་ཆོས་ལུགས་བྱིངས་དང་མི་འདྲ་བ་ཞིག་བྱུང་ཚེ་གྲུབ་མཐའ་གཞན་དག་གིས་ཕྲག་དོག་དང་ངན་སྨྲས་སོགས་ཡོང་ཉེན་ཆེ་བས་རང་རང་གི་ལྟ་གྲུབ་གཙང་མར་སྐྱོང་ཞིང་། ཆས་གོས། ཞྭ་སོགས་ཆོས་ལུགས་སྤྱི་དང་མཐུན་ན་ལེགས་པར་དགོངས་ཀྱང་། སློབ་མ་ཕལ་ཆེ་བའི་འདོད་པ་ལྟར་ཞྭ་མོ་མདོག་སེར་པོ་དབྱིབས་ཀྱང་གཞན་དང་མི་འདྲ་བའི་སྒེར་འཛིན་བྱེད་དུ་འཇུག་པ་གནང་བར་གསུངས།

དེ་བཞིན་འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[35]། དེ་ནས་ལྷ་སྤུར་གྲུ་བཞི་བས་གདན་དྲངས་ཏེ་དེར་བཞུགས་པ་ན་ནམ་མཁའ་ལས་ལྷའི་གཎྜིའི་སྒྲ་དྲག་པོ་བྱུང་བས། དགེ་ལྡན་གཟིམས་ཁང་དུ་ཕེབས་ཏེ། དེར་ཆོས་ཀྱི་རྒྱལ་ཚབ་རིན་པོ་ཆེ་ལ་དབུ་ཞྭ་དང་ན་བཟའ་བེར་ཐུལ་ཞིག་གནང་སྟེ། གདན་སར་དོན་གྱིས་གོ་བར་མཛད་ནས་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས། ཞེས་དང་། ཡང་དེ་ཉིད་ལས། རྗེ་བཙུན་དེའི་བཀའ་དྲིན་ལས་ཞལ་མ་མཐོང་ཞིང་། ས་ཕྱོགས་རིང་ན་གནས་པའི་རབ་ཏུ་བྱུང་བ་དག་ཀྱང་དྲས་དྲུབས་མ་དང་། གདིང་ལྷུང་ལ་སོགས་པའི་ཡོ་བྱད་བསྲེལ་བ་དང་། ཕྱི་རོལ་ཡང་རྡུལ་མ་སྤངས་ཏེ་ཟླ་གམ་གྱོན་པ་དང་། ཞྭའི་ཁ་དོག་ཀྱང་གསེར་མདོག་ཏུ་བྱེད་པ་འདི་ཡིན་ནོ། །ཞེས་ཕྱོགས་མཚུངས་སུ་བྱུང་ངོ་།།

གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[36]། དེ་ནས་རྗེ་རིན་པོ་ཆེ་ཞིང་གཤེགས་པ་ལ་ཕྱོགས་པའི་ཚེ་ཇི་ལྟར་ལྷའི་བུ་དམ་པ་ཏོག་དཀར་པོས་འཛམ་བུའི་གླིང་དུ་འབྱོན་པ་ལ་ཕྱོགས་པའི་ཚེ། མི་ཕམ་མགོན་པོ་རྒྱལ་ཚབ་ཏུ་དབང་བསྐུར་བ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ཀྱང་པཎ་ཞྭ་སྣེ་རིང་དང་། ན་བཟའ་གོས་བེར་བཅས་བདག་ཉིད་ཆེན་པོ་འདི་ལ་གནང་སྟེ་རྒྱལ་ཚབ་ཏུ་དོན་གྱིས་བསྐོ་བར་མཛད། ཅེས་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་ཐར་སྐབས་གསལ་བ་ལྟར་དང་། དེ་བཞིན་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས་[37]ཀྱང་། བདེ་བ་ཅན་དུ་བྱོན་ནས་སྡེ་སྣོད་འཛིན་པ་མང་པོ་ལ་ལུང་ཁྲིད་མང་དུ་སྩལ་ཅིང་། རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པ་ལྟར་དུ་པཎ་ཞྭ་གསེར་མདོག་ཏུ་བསྒྱུར་ཏེ་བཞེས་པས་ཞྭ་སེར་ཅོད་པན་འཆང་བ་ཞེས་པའི་སྒྲ་དབྱངས་དེ་ནི་ལྷ་གནས་བར་དུ་ལྷང་ལྷང་གྲགས་པའོ། །ཞེས་གསུངས་ལ། རྒྱལ་དབང་ཆོས་རྗེས་ (དུས་རབས་བཅུ་དགུ་པའི་འགོ་ཙམ།) མཛད་པའི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ལས[38]། དབུ་ཞྭ་ལེབ་ཞར་བཞེས་པའི་རྩེ་ནས་ཕྱག་མཛུབ་ཀྱིས་བཟུང་ནས་རྒྱལ་ཚབ་ཀྱི་སྐུ་པང་དུ་རྒྱངས་ཀྱིས་འཕངས་ཤིང་། དེ་མཚུངས་གོས་བེར་ཞིག་ཀྱང་གནང་ནས་དོན་གྱིས་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བར་མཛད་དེ། བཀའ་ལས་ཀྱང་། དོན་དེ་གོ་བར་གྱིས་ལ། ཁྱེད་རྣམས་བྱང་ཆུབ་ཀྱི་སེམས་སྒོམས་ཤིག་ཅེས་གསུང་གི་མཐའ་མ་སྩལ། ཞེས་གསུངས་སོ།།

འོན་ཀྱང་འདི་ལྟར་མིན་པ་ནི་བླ་ཆེན་དགོངས་པ་རབ་གསལ་དང་། དབུས་གཙང་གི་མཁས་པ་མི་བཅུ་མཚོ་སྔོན་ནས་དབུས་སུ་ཕེབས་ཏེ་སངས་རྒྱས་ཆོས་ལུགས་དང་། འདུལ་བའི་བསླབ་ཁྲིམས་བསྐྱར་གསོ་གནང་སྐབས་དབུ་ཞྭ་སེར་པོ་བཞེས་པ་འདིས་སངས་རྒྱས་ཆོས་ལུགས་སྔར་ལས་དར་རྒྱས་བྱུང་བ་ལྟར། དེ་ལ་མིག་དཔེ་གནང་ནས་རྗེ་ཙོང་ཁ་པས་ཀྱང་དབུ་ཞྭ་སེར་པོ་བཞེས་པ་ཡིན། ཞེས་ཟང་ཟང་ནེ་རིང་པ་བདེ་ལེགས་རབ་རྒྱས་ཀྱིས་བརྩམས་པའི་རྗེ་ཙོང་ཁ་པའི་རྣམ་ཐར་གསེར་གྱི་མཆོད་སྡོང་ནང་གསལ་བ་ལྟར་ཡིན་ཞེས། དུང་དཀར་ཚིག་མཛོད་ཆེན་མོར་[39]གསུངས་ལ། དེ་བཞིན་འབྲུག་པ་པདྨ་དཀར་པོའི་ཆོས་འབྱུང་དང་། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན། སྟག་ཚང་ལོ་ཙཱ་བས་རྗེ་ལ་བསྟོད་པ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ་སོགས་སུའང་གཅིག་མཚུངས་ལྟ་བུར་གསལ་ཡང་དགེ་ལུགས་པ་ལ་སེར་པོའི་ཆོས་ལུགས་དང་། བཀའ་བརྒྱུད་པ་ལ་དཀར་པོའི་ཆོས་ལུགས། རྙིང་མ་བ་ལ་དམར་པོའི་ཆོས་ལུགས་ཟེར་བ་སོགས་ནི་ཤིན་ཏུ་འཁྲུལ་ཚབས་ཆེ་བ་ཞིག་གོ།

༢ ཞྭ་སེར་གྱི་ཐོག་མའི་འབྱུང་ཁུངས།

དེ་ཡང་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་ཞེས་པ་ནི། རི་བོ་དགེ་ལུགས་པའི་གྲུབ་མཐའི་མིང་དང་། དེའི་སྒྲ་བཤད་ནི། བླ་ཆེན་དགོངས་པ་རབ་གསལ་གྱིས་ཀླུ་མེས་དབུས་སུ་འབྱོན་ཁར་དབུ་ཞྭ་སེར་པོ་བཞེས་འཕྲོ་ཞིག་གནང་ནས་འདི་གྱོན་ལ། ང་རྗེས་སུ་དྲན་པར་གྱིས་ཞེས་གསུངས་པར་བརྟེན་སྔོན་གྱི་འདུལ་འཛིན་ཆེན་པོ་རྣམས་ཀྱིས་དབུ་ཞྭ་སེར་པོ་མནབས་པ་ཡིན་པས། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་ཀྱང་འདུལ་བའི་བསྟན་པ་ཉམས་པ་གཞི་ནས་གསོ་བའི་རྟེན་འབྲེལ་དུ་དབུ་ཞྭའི་ཁ་དོག་སྔོན་གྱི་འདུལ་འཛིན་རྣམས་དང་མཐུན་པའི་སེར་པོ་མཛད་པར་བརྟེན། རྗེའི་རིང་ལུགས་ལ་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་ཞེས་གྲགས་པ་ལྟར། བོད་ཀྱི་རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོས་བསྟན་པ་བསྣུབས་པར། སླར་འདུལ་བའི་བསྟན་པའི་མེ་རོ་གསོ་བར་མཛད་པའི་སེམས་དཔའ་ཆེན་པོ་བླ་ཆེན་དགོངས་པ་རབ་གསལ་གྱིས་དབུ་ཞྭ་སེར་པོ་བཞེས་པར་མཛད་པས་བསྟན་པ་གསོ་བའི་རྟེན་འབྲེལ་དུ་གསུངས།

དེ་ཡང་བསྟན་པ་ཕྱི་དར་འགོ་ཚུགས་སྐབས་སྨད་འདུལ་གྱི་བརྒྱུད་པའི་ཁུངས་གཏུག་སའི་དབུས་གཙང་གི་མི་བཅུ་སྟེ། ༡ ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང་། ༢ འབྲིང་ཡེ་ཤེས་ཡོན་ཏན། ༣ རག་ཤི་ཚུལ་ཁྲིམས་འབྱུང་གནས། ༤ རྦ་ཚུལ་ཁྲིམས་བློ་གྲོས། ༥ སུམ་པ་ཡེ་ཤེས་བློ་གྲོས་བཅས་དབུས་པའི་མི་ལྔ་དང་། ༦ ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་། ༧ ཚོང་བཙུན་ཤེས་རབ་སེངྒེ་། ༨ བོ་དོང་པ་ཨུ་པ་དེ་ཀར་བཅས་གཙང་པ་མི་གསུམ། ༩/༡༠ མངའ་རིས་པ་འོ་བརྒྱད་སྤུན་གཉིས་བཅས་དབུས་གཙང་གི་མི་བཅུ་པོ་མདོ་སྨད་དུ་ཕེབས་ཏེ་ས་སྟག་ཕྱི་ལོ་ ༩༧༨ ལོར་བླ་ཆེན་དགོངས་པ་རབ་གསལ་ལས་བསྙེན་རྫོགས་ཀྱི་བསླབ་སྡོམ་ཞུས། འདུལ་བའི་གཞུང་ལ་ལེགས་པར་བསླབས་ནས་སླར་དབུས་གཙང་དུ་བྱོན། དེ་ནས་རིམ་བཞིན་འདུལ་བའི་སྡོམ་རྒྱུན་སྤེལ་ཏེ་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་སླར་གསོ་མཛད།

དེ་ལྟར་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་དབུས་གཙང་གི་མཁས་པ་མི་བཅུ་མདོ་སྨད་དུ་ཕེབས་ནས་བླ་ཆེན་དགོངས་པ་རབ་གསལ་ལས་བསྙེན་པར་རྫོགས་ཏེ་ཕྱིར་ལོག་ཕེབས་ཁར། དེ་སྔོན་བླ་ཆེན་གྱིས་གནང་བའི་བོན་པོའི་འོབ་ཞྭ་སྔོན་པོ་ལ་ས་སེར་བྱུག་ནས་མདོག་སེར་པོར་བསྒྱུར་ཏེ། ཁྱེད་ཚོས་ཞྭ་འདི་གྱོན་ནས་ང་རྗེས་སུ་དྲན་པར་གྱིས་ལ་འདུལ་བའི་བསྟན་པ་སྤེལ་བར་གྱིས་ཤིག་ཅེས་གསུངས་པ་ལྟར། དབུས་གཙང་གི་མཁས་པ་མི་བཅུ་སོགས་འདུལ་འཛིན་རྣམས་ཀྱིས་དབུ་ཞྭ་སེར་པོ་མནབས་པའི་ཕྱག་སྲོལ་ཡོད་པར་བརྟེན། གངས་ལྗོངས་ཀྱི་ཚད་མའི་སྟོན་པ་ཆེན་པོ་རྗེ་བདག་ཉིད་ཆེན་པོས་ཀྱང་བསྟན་པའི་གཞི་མ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེའི་གཙོ་བོ་འདུལ་བའི་བསྟན་པ་བོད་དུ་ཉམས་པ་གཞི་ནས་གསོ་བའི་རྟེན་འབྲེལ་དུ་དབུ་ཞྭའི་ཁ་དོག་སྔོན་གྱི་འདུལ་འཛིན་ཆེན་པོ་རྣམས་དང་མཐུན་པར་སེར་པོ་མཛད་པས། རྗེའི་རིང་ལུགས་ལ་ཞྭ་སེར་འཆང་བའི་རིང་ལུགས་ཞེས་ཡོངས་སུ་གྲགས་ཤིང་། རྟེན་འབྲེལ་དང་དགོས་པ་ཆེན་པོ་ཡོད་པར་གསུངས་སོ།།

༣ བོན་གྱི་འོབ་ཞུ་ལས་ཞྭ་སེར་བྱུང་ཚུལ།

གཞན་ཡང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ (1859-1935) གྱིས་བརྩམས་པའི་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་[40]དུ་དྲངས་པ་ལྟར་ན། གཞན་སྡེའི་ཆོས་འབྱུང་ཀུན་གསལ་གནམ་ལྕགས་རྡོ་རྗེས་མཛད་པ་ལས་ཀྱང༌། བོན་དགོངས་པ་རབ་གསལ་ལ་དབུས་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་མང་པོས་གཏུགས་ཏེ་བསྙེན་པར་རྫོགས་པར་མཛད། དེར་ཀླུ་མེས་མཁན་པོ་བོན་ལ་བདག་དབུས་སུ་འགྲོ་བ་ལ་མཆོད་པའི་རྟེན་ཞིག་ཞུ་བྱས་པས། བོན་པོས་འོབ་ཞུ་ཕོག་ནས་ཞྭ་ལ་ས་སེར་ཞིག་བཏབ་ནས་འདི་གྱོན་ལ་ང་དྲན་པ་གྱིས་གསུངས། ཞྭ་སེར་སེར་གྱོན་པ་དེ་ནས་དར། དབུས་གཙང་བོད་དུ་འདུལ་གྲྭ་བསམ་གྱིས་མི་ཁྱབ་པ་འབྱུང༌། ཞེས་ལུང་བསྟན་ཏོ། །ཞེས་དང༌། མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་[41]ཀྱང་། བུ་སྟོན་ཆོས་འབྱུང་དུ་བླ་ཆེན་གྱིས་ཀླུ་མེས་འགྲོ་ཁར་བོན་པོའི་ཞྭ་འོབ་ཞུ་ཕོག་ནས་ས་སེར་བཏབ་པ་ཞིག་གནང་ནས་འདི་རྟག་ཏུ་གྱོན་གསུངས་པར་བྲིས། དེས་ན་ཞྭ་དེ་བོན་ཞུ་རྣ་ལེབ་བཅད་པ་ལ་ཚོས་སེར་བསྒྱུར་བ་ཞིག་ཡིན་པར་གསལ་ལ། འབྲུག་པ་པད་དཀར་གྱིས། བླ་ཆེན་གྱིས་ཞྭ་གནང་བ་དེ་ནས་བཟུང་ཞྭ་སེར་གྱོན་པའི་སྲོལ་བྱུང་གསུངས། དེས་ན་རང་རེའི་ཞྭ་སྣེ་རིང་གི་ཕྱི་མོ་དེ་བོན་ཞྭ་ཡིན་པར་ཡང་གསལ་ཞེས་དང་། ཡང་དེ་ཉིད་ལས[42]། གང་ལྟར་ཡང་རང་རེ་རྣམས་ཀྱིས་སྔོན་ཞྭ་སྣེ་རིང་དམར་སྨུག་སེར་པོ་སོགས་ཅི་རིགས་པར་གྱོན་པ་ལ། བུ་སྟོན་ཡབ་སྲས་རྣམས་ཀྱིས་ཆེད་དུ་ཞྭ་སེར་མནབས་ཤིང་། ཕྱིས་རྗེ་བླ་མ་སློབ་བརྒྱུད་དང་བཅས་པ་རྣམས་ཀྱང་ཞྭ་སེར་ངེས་ཅན་དུ་མཛད་པས་དགེ་ལྡན་པ་ལ་ཞྭ་སེར་པར་གྲགས། ལར་ཞྭ་སྣ་རིང་འདིའི་དབྱིབས་དང༌། རྩེ་མོའི་རྣོ་ཆ་ལྕགས་ཀྱུའི་དབྱིབས་སུ་གནས་པ་སོགས་གང་ལ་བལྟས་ཀྱང་སྔགས་བོན་གྱི་ཞྭ་ཞིག་ཡིན་པ་ཁོ་རང་གིས་ཁ་གྲག་པ་ལྟར་འདུག །ཅེས་གསལ་ལོ།།

ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[43]། ཕྱི་ལོ་ཀླུ་མེས་ཀྱིས་མཁན་པོ་ (བླ་ཆེན་པོ་) ལ་ཁོ་བོ་དབུས་གཙང་དུ་འགྲོ་བས་མཆོད་གནས་ཤིག་ཞུ་བྱས་པས་བོན་པོའི་ཞྭ་འོབས་ཞུ་ཕོག་ནས་ས་སེར་བཏབ་པ་གསོལ་འཕྲོ་ཞིག་གནང་ནས་འདི་གོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས་ཏེ་གསོལ་ནས་ཕྱིས་དབུས་སུ་ཚད་པ་ཚ་བས་རྒྱབ་བལྟབ་སྟེ་གསོལ་བས་ཞྭ་སྣེ་རིངས་སུ་གྲགས་པ་བྱུང་ལ། དབུས་གཙང་མི་བཅུ་ལས་མཆེད་པ་ཕལ་ཆེར་གྱི་ཞྭ་ཡིན། ཕྱིས་བཀའ་གདམས་ཀྱི་གཞུང་མན་ངག་པ་གཉིས་ལའང་འདི་ལས་གྱེས་པའི་ཞྭ་ཅུང་ཟད་མི་འདྲ་བ་རེ་ཡོད་ཅིང༌། དྭགས་པོ་སྒོམ་ཚུལ་གྱིས་འདིའི་རྒྱབ་བལྟབ་སྟེ་གསོལ་བས་སློབ་དཔོན་སྒོམ་ཚུལ་གྱི་ཞྭ་ཞེས་སྒོམ་ཞྭར་ཡང་གྲགས་སོ། །ཐོག་མའི་བྱུང་བ། བར་དུ་བསྒྱུར་བཅོས། མཐར་དེ་ལས་གྱེས་ཚུལ་བཅས་གསལ་བར་གསུངས་སོ།།

༤ ཞྭ་སེར་བུ་སྟོན་གྱིས་སྲོལ་བཏོད་པར་འདོད་ཚུལ།

གཞན་ཡང་ཞྭ་སེར་བྱུང་རིམ་ཐད་བོད་རྒྱ་ཚིག་མཛོད་ཆེན་མོ་ལས[44]། ཞྭ་སེར་བ་ཞེས་པ་ནི། སྔོན་གྱི་འདུལ་འཛིན་རྣམས་ཀྱིས་དབུ་ཞྭ་སེར་པོ་མནབས་ཤིང༌། ཕྱིས་སུ་འདུལ་ལུགས་ཉམས་པ་གསོ་ཕྱིར་རྗེ་ཙོང་ཁ་པས་དབུ་ཞྭ་སེར་པོ་མནབས་པར་བརྟེན་དགེ་ལུགས་པ་ལ་ཞྭ་སེར་བ་ཡང་ཟེར་ཞེས་དང་། ཡང་ཞྭ་སེར་ཐོག་མར་སྲོལ་བཟང་གཏོད་སྟངས་ཀྱི་སྐོར་ལ། བོད་རྒྱ་ཚིག་མཛོད་ཆེན་མོ་ལས[45]། ཞྭ་སེར། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་གྱོན་སྲོལ་བཏོད་ནས་ཙོང་ཁ་པ་བློ་བཟང་གྲགས་པའི་  (1357-1419)  རྗེས་སུ་དར་རྒྱས་ཆེ་བར་གྱུར་པའི་དགེ་ལུགས་པའི་བཙུན་ཞྭ་ཞིག །ཅེས་འབྱུང་ལ། སུམ་པ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་ལས[46]། དེ་ནས་སྙེ་ཐང་དངོས་གཞི་ཆོས་རྫོང་དུ་འཇམ་དབྱངས་ (བདུན་པ་) ཀྱི་སྤྲུལ་པར་གྲགས་པའི་དཔལ་ལྡན་བླ་མ་དམ་པ་ས་སྐྱ་བསོད་ནམས་རྒྱལ་མཚན་ (1312-1374) ལས་བདེ་མཆོག་ལུས་དཀྱིལ་དབང་ཨ་ར་པ་ཙ་དང་། གུར་མགོན་རྗེས་གནང་གསན་བཞེས་དེས་པཎ་ཞྭ་གནང་སྟེ་བུ་ལུགས་ཀྱི་བསྟན་པ་གཏད། ཅེས་གསུངས་པ་ལྟར། ཡོངས་གྲགས་ཀྱི་བྱུང་རབས་ལོ་རྒྱུས་ཁག་ཏུ་གསུང་ཚུལ་དང་མི་མཐུན་པས། བུ་སྟོན་རིན་ཆེན་གྲུབ་ཀྱིས་སྲོལ་གཏོད་ཇི་ལྟར་གནང་མིན་ལ་དཔྱད་དགོས་པར་སྣང་ངོ་།།

༥ གསེར་མདོག་པཎ་ཞྭའི་དམིགས་བསལ་གྱི་མཚོན་དོན།

དེ་ཡང་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ (1901-1981) མཆོག་གིས་ཕྱོགས་བསྒྲིགས་མཛད་པའི་ལམ་རིམ་རྣམ་གྲོལ་ལག་བཅངས་ལས[47]། གུར་ཀུམ་གྱི་མདངས་དང་ལྡན་པའི་ཆོས་གོས་རྣམ་གསུམ་གསོལ་བ། དེ་ཡང་གུར་ཀུམ་ལ་ཚོས་སེར་པོ་དང༌། དམར་སེར་དང༌། དམར་པོ་གསུམ་དུ་ཡོད་པའི་མདངས་ཅན་གྱིས་རིམ་བཞིན་སྣམ་སྦྱར། བླ་གོས། མཐང་གོས་བཅས་གསོལ་བ། པཎ་ཞྭ་གསེར་གྱི་མདོག་ཅན་རྩེ་མོ་རྣོ་ཞིང་མཐོ་བ་དབུ་ལ་གསོལ་བ། འདི་དག་གི་མཚོན་དོན་མང་དུ་ཡོད་ཀྱང་ད་ལམ་ཞུ་མ་ཁོམ་པས་དགའ་ལྷ་དང༌། བླ་མཆོད་ཀྱི་ཁྲིད་ལས་འབྱུང་བ་ལྟར་ཡིན། ཞེས་གསུངས་པ་ལྟར།

༡ སྤྲུལ་སྐུ་སྐལ་བཟང་བས་མཛད་པའི་དགའ་ལྡན་ལྷ་བརྒྱ་མ་དང་དམིགས་བརྩེ་མ་ལས་བརྩམས་པའི་ཆོས་ཀྱི་འབེལ་གཏམ་ལས། མཚོན་དོན་སོགས་ནི། སྒྲུབ་པ་པོ་ལ་ཐུགས་དགྱེས་པས་ཞལ་འཛུམ་དཀར་ཅན། ཐབས་ཤེས་ཟུང་དུ་འཇུག་པའི་རང་རྟགས་དཀར་ལ་དམར་མདངས་ཆགས་པ། མདོ་སྔགས་གཉིས་དང༌། སྣང་སྟོང་ཟུང་འབྲེལ་དུ་སྟོན་པས་ཕྱག་གཉིས་ཆོས་འཁོར་མཛད་པས་འཆད་པ། རལ་གྲིས་རྩོད་པ། གླེགས་བམ་གྱིས་རྩོམ་པ། ཨུཏྤལ་གྱིས་ཀུན་སློང་བྱམས་སྙིང་རྗེ། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པས་ཆོས་གོས་རྣམ་གསུམ། རྒྱལ་བའི་དགོངས་པ་གསལ་བར་མཛད་པས་པཎ་ཞྭ་གསེར་མདོག །ལྟ་བ་འགྲན་ཟླ་བྲལ་བས་རྩེ་མོ་རྣོ་བ། རྟོགས་པ་མཐར་ཕྱིན་པས་སྐྱིལ་ཀྲུང་ཅན་ནོ། །ཞེས་གསུངས་སོ།།

༢ དགེ་ལུགས་པའི་དབུ་ཞྭ་གསེར་གྱི་མདོག་ཅན་གྱི་འགྲེལ་བཤད་མདོར་བསྡུས་ནི། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཚོགས་གཏམ་ཆེན་མོ་ལས[48]། དེ་ཡང་དབུ་ཞྭ་ལྟ་བུ་ལ་མཚོན་ན། ཁ་གང་སེར་སེར་དགོས་པ་ལས་ནག་པོ་ཕོ་རོག་ལྟ་བུ་མནབས་མི་ཆོག་ཅིང་། (འདི་ཡོངས་གྲགས་རབ་བྱུང་བ་སྤྱིའི་དབུ་ཞྭ་ཡིན་པ་ལས། པཎ་ཞྭ་ཨེ་ཡིན་སྙམ་པས་དཔྱད་དགོས།) དེ་ཡང་ཞྭ་སྣམ་སངས་རྒྱས་ཀྱི་ཞིང་ཁམས་དང་། ཞྭ་སྒྲོ་སངས་རྒྱས་སྟོང་གི་མཚོན་དོན། ཞྭ་སྣམ་གྱི་ནང་ཤ་དཀར་པོ་དང་། ཞྭ་ལྷག་ནང་ཤ་སྔོན་པོ་དང་། ཕྱི་ཤ་དམར་པོ་བཅས་རིགས་གསུམ་མགོན་པོའི་མཚོན་དོན། ཞྭ་ལྷག་གི་གོང་ལ་ཚེམ་བུ་བཅུ་གཉིས་ཡོད་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མཚོན་དོན། ཞྭ་ལག་གི་སྟེང་དུ་ཕོད་སྔོན་པོ་གསུམ་ཡོད་པ་ནི་སྡེ་སྣོད་གསུམ་གྱི་མཚོན་དོན། སོ་སོ་གྲྭ་པ་གྲྭ་རྐྱང་ལ་སྐུ་གསུང་ཐུགས་རྟེན་སོགས་མཆོད་ཡུལ་གཞན་མེད་ཀྱང་དབུ་ཞྭ་མཆོད་ཡུལ་དུ་བྱས་ནས་དེ་ལ་མཆོད་པ་ཕུལ་ན་དེ་གས་འཐུས་ཤིང་དེ་ལས་ལྷག་པ་དགོས་པ་མ་རེད། ཅེས་གསལ་ལོ།།

༣ ཀིརྟི་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཀྱིས། ཞྭའི་རྩེ་མོ་རྣོ་ཞིང་མཐོ་བས་ལྟ་བ་རྟོགས་ཤིང་ས་མཐོན་པོར་གནས་པ་དང༌། ཁ་དོག་གསེར་མདོག་གིས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་གསུམ་གྱིས་དག་པའི་རང་ལུགས་འཁྲུལ་བ་དང་བྲལ་བ། རྩེ་མོ་ནང་དུ་ཅུང་ཟད་གུག་པས་ཁེངས་པའི་དྲི་མ་མེད་པ་སོགས་མཚོན་པར་གསུངས་སོ།།

༤ ཨ་འབུམ་བློ་བཟང་དམ་ཆོས་ཀྱིས་བརྩམས་པའི་ཚད་མ་རིག་པའི་ཁྱད་ཆོས་བཤད་པ་ལས། པཎ་ཞྭ་སྣེ་ཐུང་ནི་དེང་སང་ལ་ལར་པཎ་ཞྭར་གྲགས་པ་དང༌། ལ་ལར་པཎ་ཆེན་སྒོམ་ཞྭའམ་སྒོམ་ཞུ་ཞེས་གྲགས་པ་སྟེ། སྔོན་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོས་དགེ་ལྡན་པ་ལ་ངན་བྱེད་དུ་བསམས་ཏེ་རྩེ་དགུ་ནི་རི་དགུའི་འོག་ཏུ་མནན་པ་དང༌། མཐའ་ཐམས་ཅད་དམར་པོས་བཏུམས་ནས་བསྐོར་བས་ཞྭ་དམར་པས་མཐའ་ནས་རིམ་གྱིས་བསྐོར་ཏེ། དགེ་ལྡན་མེད་པར་མཚོན་པའི་མོས་པ་ངན་པ་བྱས་ཏེ། ༸པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་དད་མདོག་གིས་ཕུལ་བར་པཎ་ཆེན་ཐམས་ཅད་མཁྱེན་པས་དེ་མ་ཐག་དབུ་ལ་བཞེས་ཏེ། སྤྱིར་ཐུབ་བསྟན་ཡུན་རིང་གནས་པ་དང༌། །སྒོས་ཞྭ་སེར་ཅོད་པན་འཆང་བ་ཡི། ། དཔལ་མཉམ་མེད་རི་བོ་དགེ་ལྡན་པ། །ཕྱོགས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །ཅེས་ཐུགས་སྨོན་དང་བཅས་པ་མཛད་པས་དགེ་ལྡན་པའི་བསྟན་པ་སྤྱི་དང༌། ཁྱད་པར་དགེ་ལྡན་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འདི་དར་ཞིང་རྒྱས་པར་གྱུར། རྩེ་དགུས་གསུང་རབ་ཡན་ལག་དགུ་དང༌། ཞྭ་མཐའ་དམར་པོས་བསྐོར་བས་གཞན་ལུགས་པ་རྣམས་ལྕགས་རི་ལྟ་བུ་དང༌། རྗེ་བླ་མའི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་བསྟན་པའི་སྙིང་པོ་ཡིན་པར་མཚོན་སོང་བས་རྟེན་འབྲེལ་རྨད་དུ་བྱུང་བ་འགྲིགས་པ་ཡིན་ནོ། །དེ་ཡང་འཇིགས་བྱེད་ཀྱི་ཞལ་དགུ་དང་རྭ་གཉིས་མཚོན་ཟེར་བ་ཡང་ཡོད། ཅེས་དང་། དེ་ཉིད་ལས་དབུ་ཞྭ་བཞེས་པས་རང་གིས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཚུལ་ཁྲིམས་རྣམ་པར་དག་པ་གཞིར་བཟུང་སྟེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་ནུས་པའི་རྟེན་འབྲེལ་འགྲིགས་པ་མཚོན། ཞེས་གསལ་ལོ།།

གཞན་ཡང་བློ་བཟང་དགོངས་རྒྱན་མུ་ཏིག་ཕྲེང་མཛེས་ལས[49]། ལྷག་པར་ཞྭ་སེར་འདིའི་བཟོ་དབྱིབས་ལ་དོན་གྱིས་རྒྱུ་མཚན་དང་མཚོན་བྱེད་དུ་མ་ཡོད་དེ། ཇི་སྐད་དུ། བློ་བཟང་གྲགས་པའི་དབུ་ཞྭ་སེར་པོ་འདི། ། ཞྭ་མདོག་ཐལ་སྦྱར་ཟུང་འཇུག་ལོངས་སྤྱོད་རྫོགས། ། ཞྭ་གདོང་སེར་པོས་སྤྲུལ་སྐུ་ཐུབ་པ་མཚོན། ། ཞྭ་ཡི་སྤུ་འཁྱིལ་སྤྲུལ་སྐུ་ཐུབ་པ་མཚོན། ། ཞྭ་ཡི་སྤུ་ཉག་ཆོས་ཕུང་བརྒྱད་ཁྲི་མཚོན། ། ཞྭ་ཡི་གོང་སྦྱོར་ཚོགས་གཉིས་ཟུང་དུ་འཇུག །ཞྭ་འདབ་ཟུང་འབྲེལ་བདེན་གཉིས་ཟུང་འཇུག་མཚོན། ། ཞྭ་དར་དམར་པོ་མཁའ་འགྲོ་འདུ་བ་མཚོན། ། ཞྭ་འདབ་འཚེམ་དཀར་ཆོས་སྐྱོང་བསྐོར་བ་མཚོན། །ཞེས་པ་ལྟར་དབུ་ཞྭའི་བཟོ་དབྱིབས་ཀྱི་ཆ་ཤས་རེ་རེར་ཡང་དོན་གྱིས་ཕྱུག་ཅིང་རྟེན་འབྲེལ་གྱི་ཚོགས་སུ་མཛད་པ་ནི་ངོ་མཚར་རྨད་དུ་བྱུང་བའི་གནས་དམ་པ་ལགས་སོ། །ཞེས་གསལ་བ་ལྟར་རོ།།

ཆ། བོད་བརྒྱུད་ནང་བསྟན་དང་། དབུ་ཞྭའི་རྣམ་གྲངས།

རྒྱ་གར་འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་སོགས་ཀྱིས་པཎ་ཞྭ་བཞེས་པ་ལྟར། བོད་ཀྱི་ཆོས་ལུགས་ཁག་གི་དབུ་ཞྭ་ལ་ཡང་རྣམ་གྲངས་མང་ལ་ལོ་རྒྱུས་ཤིན་ཏུ་རིང་། དེ་ཡང་ཞྭའི་རིགས་ལ་མི་སྐྱའི་ཞྭ་མོ་དང་། དཔོན་པོའི་ཞྭ་མོ། ཆོས་པའི་ཞྭ་མོའི་རིགས་སོགས་ལས་ཆོས་ལུགས་གྲུབ་མཐའི་དབང་དུ་བྱས་ན། ཀ༽ སྔ་འགྱུར་རྙིང་མར་ཨོ་རྒྱན་པད་ཞྭའམ་པདྨ་མཐོང་གྲོལ་དང་། སྨིན་གླིང་གོང་ཞྭ། པད་ཞྭ། པཎ་ཞྭ་སོགས་དང་། ཁ༽ བཀའ་བརྒྱུད་པ་ལ་མཁའ་འགྲོའི་འབུམ་ཞྭ་དང་། ཞྭ་དམར། པཎ་ཞྭ། མཐོང་གྲོལ་ཞྭ་དམར། མཐོང་གྲོལ་སྒྲོན་ཞུ། དྭགས་ཞུ། ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱི་དབུ་ཞྭ། སྒོམ་ཞྭ། དབུ་སྒོམ་མཐོང་གྲོལ་རིན་པོ་ཆེ། སྒོམ་ཞྭའམ་ཞྭ་ཁྲ་སོགས་དང་། ག༽ དཔལ་ལྡན་ས་སྐྱ་པར་རྐྱང་ཞུ་དང་། ས་ཞུ། པཎ་ཞྭ། རྩེ་ཞྭ། སློག་ཞྭ། ང༽ རི་བོ་དགེ་ལུགས་པར་སྒྲོ་བཙེམས་མའམ་ལྟག་སྒྲོག་མ་དང་། རྩེ་ཞྭ། བྱང་ཆུབ་སེམས་ཞྭ། ཟླུམ་ཞྭ་སོགས་དང་། ཅ༽ དེ་བཞིན་གཅོད་ཞྭ་དང་། ཐུན་ཞྭ། མཐུ་ཞྭ། ཞྭ་ནག་གསེར་མདོངས་ཅན། བསྐལ་བཟང་བསིལ་གཡབ། ཐང་ཞུ། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཧར་གདོང་དང་བསམ་བློ་ཁང་ཚན་དགེ་རྒན་གྱི་གདན་ཞྭ་སོགས་དང་། ཆ༽ གཞན་ཡང་གཡུང་དྲུང་བོན་ལའང་ཞྭ་དཀར་ཁྱུང་ལྡིང་མ་དང་། པད་ཞུ། རིན་པོ་ཆེའི་པྲོག་ཞུ། གཤེན་ཞུ། དཀར་མོ་རྩེ་རྒྱལ། སྒོམ་ཞུ། དར་དཀར་ཅོག་ཞུ་སོགས་མང་དུ་ཡོད་པ་དེ་དག་གི་རྒྱུ་སྤུས་དང་། བཟོ་དབྱིབས། མཚོན་དོན་སོགས་ཐུན་མོང་མ་ཡིན་པ་རེ་རེ་མཆིས་སོ།།

མདོར་ན། ༸རྒྱལ་མཆོག་ལྔ་པ་ཆེན་པོས། གུར་ཀུམ་ཚོས་ཀྱིས་བཙོས་པའི་ལ་བའི་ཞྭས། ། རང་རིགས་བསྟན་པ་ཟིན་ན་ཆེས་ལེགས་ཀྱི། ། ཕ་མེས་ལུང་དང་རྟོགས་པའི་ཁྱད་ནོར་ཚོགས། ། རྣམ་གཡེང་རྐུན་པོར་ཤོར་བའི་ལག་སྟོང་མང་། །ཞེས་གསུངས་པ་ནི་དོན་ལ་གནས་པའི་རྨད་བྱུང་གི་ལེགས་བཤད་ལགས་སོ།།  །།

དཔྱད་ཡིག་དང་ཞབས་མཆན།

[1] བློ་བཟང་དགོངས་རྒྱན་མུ་ཏིག་ཕྲེང་མཛེས། ༼༤༧༽ འབྲས་བློ་གླིང་ཤེས་ཡོན་ལྷན་ཚོགས། ༢༠༠༠ ལོ། ཤོག་ ༩༦

[2] བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༧༢༠

[3] གཉན་དགོན་སྤྲུལ་སྐུའི་གསུང་འབུམ། པོད། ༼༢༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༣༧༨

[4] བློ་བཟང་དགོངས་རྒྱན་མུ་ཏིག་ཕྲེང་མཛེས། ༼༤༧༽ འབྲས་བློ་གླིང་ཤེས་ཡོན་ལྷན་ཚོགས། ༢༠༠༠ ལོ། ཤོག་གྲངས་ ༩༦

[5] སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༢༠༨

[6] ཐོ་གར་ནི་ Tukhara ཟུར་ཆག་པ་ཞིག་སྟེ། ཐོ་གར་གྱི་བཙུན་པ་ཆེན་པོ་དབྱངས་སྒྲོག་ཅེས་པ་ལྟར་ཀ་ཤི་སྨིར་ལའོ།།

[7] སློབ་དཔོན་སེང་བཟང་གི་འགྲེལ་ཆུང་ལ་འགྲེལ་བཤད་མཛད་པ་པོའི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི་དུས་རབས་ ༩ པའི་ནང་དུ་བྱོན་པའི་ཟེར་སྒྲོས་ཁུངས་དག་སྙམ།

[8] འདུལ་བའི་ཆོས་འབྱུང་། པཎ་ཆེན་བསོད་གྲགས་ཀྱི་གསུང་འབུམ། ༼ད༽ དཔེ་གཟུགས། ཤོག་གྲངས་ ༧ན༦

[9] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༧༢

[10] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༦༥

[11] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་གྲངས་ ༥༥༦

[12] པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད། རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་གྲངས་ ༢༥༢

[13] གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་དང་ཞལ་ཐང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༩༠

[14] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༣༠༥

[15] ཇོ་བོ་རྗེའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༤༢༦

[16] ལམ་རིམ་རྣམ་གྲོལ་ལག་བཅངས། ཡོངས་འཛིན་གླིང་ཚང་བླ་བྲང་། ༢༠༡༢ ལོ། ཤོག་གྲངས་ ༣༣

[17] དེབ་ཐེར་སྔོན་པོ། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༣༡༢

[18] གཏམ་རྒྱུད་གསེར་གྱི་ཐང་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༦༤

[19] བློ་བཟང་དགོངས་རྒྱན་མུ་ཏིག་ཕྲེང་མཛེས། ༼༤༧༽ བློ་གླིང་ཤེས་ཡོན་ལྷན་ཚོགས། ༢༠༠༠ ལོ། ཤོག་ ༩༦

[20] བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༣༡༤

[21] ༸རྒྱལ་བའི་གཟིམ་ཆུང་རྙིང་པའི་ཕུར་པའི་ཚོགས་ཁང་ནང་ཞལ་འགྲེམས་ཞུས་པའི་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་།

[22] འདི་ནི་ཐོག་མར་འདུལ་གཞུང་ལས་གསུངས་པ་ལྟར། པཎ་གྲུབ་རྣམས་ཀྱིས་ཚ་གདུང་ལས་སྐྱོབ་སླད་ཤིང་ལོ་དབུ་ལ་བཞེས་ཤིང་། དུས་ཕྱིས་བྲིས་ཆ་ཁག་ཏུ་པཎ་གྲུབ་རྣམས་ལ་པཎ་ཞྭ་བསྒྲོན་པ་ལྟར། ཤིང་ལོའི་དབྱིབས་ཅན་ལྟ་བུའི་པཎ་ཞྭ་འབྲི་སྲོལ་དར་འཕེལ་བྱུང་བ་དང་། ལྷག་པར་ཤིང་ལོ་དབུ་ཐོག་ཏུ་འཇོག་པའི་དཔེ་མཚོན་ནི་འཕགས་པ་གྲོལ་སྡེས་པཎ་ཞྭ་དངོས་སུ་མ་བཞེས་པར་དབུ་སྟེང་དུ་འཇོག་པ་ལས་རྟོགས་ཐུབ་བམ་སྙམ་ལ། ད་དུང་དབུ་ཞྭ་དངོས་སུ་མ་བཞེས་པར་དབུ་སྟེང་དུ་ལེབ་མོར་འཇོག་པ་དེ་དམིགས་བསལ་གྱི་མཚོན་དོན་ཡོད་མེད་ལའང་དཔྱད་དགོས་པར་སྣང་ངོ་།།

[23] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༦༡༤

[24] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཆ༽ དེབ་ཨང་ ༦ པ། ༢༠༠༩ ལོ། ཤོག་གྲངས་ ༥༥༣

[25] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼སུ༽ དེབ་ཨང་ ༩༣ པ། ༢༠༠༨ ལོ། ཤོག་གྲངས་ ༨༦༨

[26] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ལུ༽ དེབ་ཨང་ ༩༢ པ། ༢༠༠༨ ལོ། ཤོག་གྲངས་ ༡༣༨༩

[27] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ནུ༽ དེབ་ཨང་ ༨༤ པ། ༢༠༠༨ ལོ། ཤོག་གྲངས་ ༡༡༢༣

[28] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཅོ༽ དེབ་ཨང་ ༡༡༥ པ། ཤོག་གྲངས་ ༢༤༡

[29] རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་གསུང་འབུམ། པོད། ༼ལ༽ དྲི་ལན་ཐོར་བུའི་སྐོར། ཤིང་དཔར། ཤོག་གྲངས་ ༣༩བ༣

[30] སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༤༡༠

[31] དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། ༡༩༩༥ ལོ། ཤོག་ ༡༨༥

[32] སྡེ་སྲིད་སངས་རྒྱ་མཚོའི་གསུང་། ༼༡༽ བཻ་སེར། དཔེ་རིང་། ཤོག་གྲངས་ ༥༥བ༦

[33] རྗེ་ཙོང་ཁ་པའི་གསུང་འབུམ། ༼པ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༡༢

[34] བློ་བཟང་འཇམ་དབྱངས་རྒྱ་མཚོའི་གསུང་འབུམ། པོད། ༼༡༽ སྐུ་འབུམ་ཤིང་དཔར། ཤོག་ ༣ན༦

[35] དེབ་ཐེར་སྔོན་པོ། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༡༢༥༦

[36] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༣༨༨

[37] སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༤༣༣

[38] ཙོང་ཁ་པ་ཆེན་པོའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༧༢

[39] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༡༧༨༨

[40] ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོགག་གྲངས ༢༣༠

[41] གཏམ་རྒྱུད་གསེར་གྱི་ཐང་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༦༤

[42] གཏམ་རྒྱུད་གསེར་གྱི་ཐང་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༦༤

[43] མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༤༧༣

[44] བོད་རྒྱ་ཚིག་མཛོད་ཆེན་མོ། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༤༠༩

[45] བོད་རྒྱ་ཚིག་མཛོད་ཆེན་མོ། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༤༠༩

[46] སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༤༢༥

[47] ལམ་རིམ་རྣམ་གྲོལ་ལག་བཅངས། ཡོངས་འཛིན་གླིང་ཚང་བླ་བྲང་། ༢༠༡༢ ལོ། ཤོག་གྲངས་ ༡༤༦

[48] སེར་བྱེས་ཚོགས་གཏམ་ཆེན་མོ། སེར་བྱེས་གྲྭ་ཚང་། ༢༠༡༢ ལོ། ཤོག་གྲངས་ ༢༣

[49] བློ་བཟང་དགོངས་རྒྱན་མུ་ཏིག་ཕྲེང་མཛེས། ༼༤༧༽ འབྲས་བློ་གླིང་ཤེས་ཡོན་ལྷན་ཚོགས། ༢༠༠༠ ལོ། ཤོག་གྲངས་ ༩༦

– – – – –

Loading