[ནང་དོན་གནད་བསྡུས།] བཙན་པོ་འདུས་སྲོང་སྐབས་ཀྱི་ཆབ་སྲིད་འགྱུར་ལྡོག་གི་གནས་ཚུལ་དང་འབྲེལ་ཏེ། མགར་དང་མནོན། པ་ཚབ་སོགས་བཙན་པོའི་བར་གྱི་འགལ་བའི་བརྒྱུད་རིམ་དང་། ཅོག་རོ་ནི་རྩོད་གཞི་རུ་གྱུར་ཏེ་གཙང་པོའི་ལྷོ་བྱང་གི་འཐེན་རྩོད་བྱུང་ཚུལ། དེ་བཞིན་དུ་རྩལ་བོ་ཆེ་མི་བདུན་ཡང་འཐབ་རྩོད་འདི་ལས་རྒྱལ་ཕམ་གནས་ཚུལ་བྱུང་བ། གཞན་མགུར་གླུའི་སྒྱུ་རྩལ་གྱི་ཁྱད་ཆོས་དུ་མ་གསེད་བཀྲོལ་བྱས་ཏེ་དཔྱད་ཡོད།
[གནད་ཚིག] འདུས་སྲོང་། མགར། ཁེ་རྒད་རྒྱལ་ཏོ་རེ། ཅོག་རོ། མནོན། འགལ་བ།
གཅིག ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་གི་མགུར་གྱི་རྒྱབ་ལྗོངས་འཚོལ་བ།
བཙན་པོ་འདུས་སྲོང་དང་འབྲེལ་བའི་ལོ་རྒྱུས་ནི་བསྟན་པ་ཕྱི་དར་དུས་ཀྱི་ཡིག་ཆ་སོགས་སུ་རྩལ་བོ་མི་བདུན་གྱི་ཁྱད་ཆོས་བགྲང་བས་འཐུས་པར་བྱས་པ་ལས། བཙན་པོ་འདུས་སྲོང་དང་འབྲེལ་བའི་དཔྱད་གཞི་ཅུང་དཀོན་པར་གྱུར། སྟབས་ལེགས་པ་ཞིག་ལ་ཏུན་ཧོང་ཡིག་རྙིང་དུ་བཙན་པོ་འདི་དང་འབྲེལ་བའི་ལོ་ཚིགས་གནད་བསྡུས་དང་མགུར་ཚིག་སོགས་དཔྱད་གཞིའི་རྒྱུ་ཆ་དུ་མ་བྱུང་བས། བཙན་པོ་འདི་ཉིད་ཀྱི་ཆབ་སྲིད་ཀྱི་མངའ་ཁོངས་དང་འབྲེལ་བའི་དམག་དོན་དང་ཕྱི་འབྲེལ། རྒྱལ་བློན་སོགས་ཀྱི་ཆབ་སྲིད་གནས་བབ་མང་པོར་རྟོགས་ཐུབ། མགུར་འདི་བྱུང་བའི་དུས་ནི་བཙན་པོ་འདུས་སྲོང་མང་རྗེའི་སྐབས་ཏེ་ཕལ་ཆེར་སྤྱི་ལོ༦༩༨ ལོ་ནས༧༠༥ ལོའི་བར་དུ་ཁེལ་ཡོད། གཙོ་བོ་བཙན་པོའི་ཁྱིམ་རྒྱུད་དང་མགར་གྱི་ཁྱིམ་རྒྱུད་བར་དུ་གདོང་ཐུག་དང་འགལ་ཟླ་བྱུང་རྗེས། རྒྱལ་བློན་བར་གྱི་འགལ་བ་ཛ་དྲག་ཏུ་གྱུར་ཅིང་། རིམ་གྱིས་མནོན་དང་པ་ཚབ་ཀྱི་རུས་རྒྱུད་དུའང་འཕོས་ཡོད་དེ། ཏུན་ཧོང་ཡིག་རྙིང་ལས། མགར་ལསྩོགས་པ་བློན་པོ་ཁ་ཆིག་གློ་བ་འདྲྀང་ན།། ཞེས་བློན་པོ་ཁ་ཅིག་ཅེས་པ་ནི་མགར་ཁྲི་འབྲིང་དང་མཉམ་དུ་རང་སྲོག་དོར་བ་དང་རྒྱ་ལ་མགོ་བཏགས་པ་སོགས་མང་དུ་ཡོད་པར་མ་ཟད། དབུས་ཕྱོགས་སུའང་འགལ་བ་འདི་ལ་བརྟེན་ནས་གནད་དོན་མང་དུ་བྱུང་བ་ཉུང་ཉུང་མིན་པ་མགུར་འདི་རུ་བསྟན། འགལ་ཟླ་དེ་ཤུགས་ཆེ་རུ་གྱུར་བས་གཙང་བོའི་ལྷོ་བྱང་གི་འགལ་བ་ཞིག་ཏུ་བསྐྱེད་དེ། བཙན་པོའམ་བཙན་པོའི་ཁྱིམ་རྒྱུད་ཀྱིས་རྣོ་ངར་ལྡན་པའི་འགལ་བ་དེ་ཞི་དྲག་གི་ལམ་ནས་ཐག་གཅོད་དགོས་པའི་རྣམ་པ་ཞིག་ཀྱང་བྱུང་། བཙན་པོ་འདུས་སྲོང་གི་ཆབ་སྲིད་གནས་བབ་ནི་ཆེས་ཡོ་འཁྱོམ་ཆེ་བའི་དུས་ཤིག་ཏུ་ཁེལ་ཞིང་། སྤྱིར་ན་མང་སྲོང་གློ་བུར་དུ་སྐུ་གཤེགས་པ་དང་འདུས་སྲོང་འཁྲུངས་པ་ནི་དུས་གཅིག་ལྟ་བུར་གྱུར་བས། སྐབས་དེའི་ཆབ་སྲིད་ཀྱི་གནས་བབ་བརྟན་པོར་གྱུར་མེད་དེ། ཏུན་ཧོང་ཡིག་རྙིང་ལས། ཞང་ཞུང་ལོག་ཅྀང་་། ཞེས་པས་སྟོད་ཀྱི་མཐའ་མཚམས་ནས་ཞང་ཞུང་གིས་ཀྱང ༦༧༦ལོར་མང་སྲོང་མང་བཙན་སྐུ་གཤེགས་པའི་གོ་སྐབས་བཟུང་སྟེ་ངོ་ལོག་ཅིང་། བཙན་པོའང་ཁྱེའུ་ཞིག་ཡིན་པས་རྒྱལ་བློན་བར་གྱི་གནས་བབ་དོ་མི་མཉམ་པ་ལས། རིམ་གྱིས་ཕྱི་ནང་གི་གནས་ཚུལ་སྔར་ལས་དོགས་པ་དང་འགལ་བ་སོགས་རྒྱུ་རྐྱེན་སྣ་ཚོགས་མང་དུ་འཕེལ་འགོ་ཚུགས། ད་དུང་དྭགས་པོ་དང་འ་ཞ་ལའང་ཉེན་ཁ་ཆེ་བའི་གནས་ཚུལ་བྱུང་ཡོད་པ་འདྲ་སྟེ། བཙན་མོ་རེ་རེ་ས་གནས་དེ་དག་གི་རྗེ་ལ་བག་མར་བརྫངས་པའང་ཞི་བའི་ཐབས་ཇུས་ཀྱང་མི་བརྟེན་ག་མེད་བྱུང་ཡོད། དེ་ཙམ་དུ་མ་ཟད་མགར་སྟོང་བཙན་སྐུ་གཤེགས་མ་ཐག་ཏུ་ཁོང་གི་བུ་ཆེ་བ་མགར་བཙན་སྙ་ལྡོམ་བུ་འཕྲལ་དུ་བློན་ཆེན་དུ་བསྐོ་གཞག་མ་ཐུབ་པའང་ནང་ཁུལ་གྱི་དོགས་པ་དང་འགལ་བའི་ངོ་བོ་ཇེ་གསལ་དུ་འགྲོ་བཞིན་པའི་རྐྱེན་ཞིག་ཏུ་གྱུར་བར་མ་ཟད། འགལ་བ་དེའི་ས་བོན་ཅུང་སྔ་ས་ནས་སྦྲུམ་ཡོད་སྲིད་ཀྱང་། བཙན་པོ་འདུས་སྲོང་གི་དུས་སུ་གློ་བུར་བ་ལྟར་མགར་གྱི་ཁྱིམ་རྒྱུད་ཀྱི་མི་སྣ་མང་པོ་ཞིག་ཆབ་སྲིད་ཀྱི་སྡིངས་ཆ་ནས་འཕྲོ་རིམ་འཕྲོར་མངོན་འགོ་ཚུགས་པ་ནི། མགར་ཚང་གི་དབང་ཤུགས་རྒྱ་བསྐྱེད་པ་དང་འཕེལ་རྒྱས་ཀྱི་འགྲོས་ཚད་ཀྱང་ཆེས་ཆེར་མྱུར་བའང་ནང་ཁུལ་གྱི་ལྐོག་གྱུར་འགལ་ཟླས་རྐྱེན་བྱས་ཏེ་བསྐྱེད་པ་ཞིག་ཡིན་ངེས། དེ་ལྟར་རིམ་གྱིས་མགར་ཚང་གི་དབང་ཤུགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་བྱང་བ་མང་བོ་ཞིག་ཀྱང་བཙན་པོར་འཛིན་པའི་ལྟ་སྟངས་ལོག་པར་གྱུར་བས། གཙང་བོའི་ལྷོ་བྱང་གཉིས་ཀྱི་བར་དུའང་འགལ་བ་རིམ་གྱིས་མཆེད་འགོ་ཚུགས་ཡོད། ཏུན་ཧོང་ཡིག་རྙིང་གི་འདུས་སྲོང་གི་མགུར་ལས། བྱ་པུ་ནྀ་ལུང་ཆུང་ན།། ཞེས་དང་། ཙེང་ལྡེང་ནྀ་བྲ་གུ་དང། ཞེས་དང་། སྐྱི་ཅུ་ནྀ་སྔོན་མོ་དང་། གྲང་པོ་ནི་མཚོ་ལེ་གོང་། ཞེས་པའི་བྱ་ཕུ་དང་ཙེང་ལྡེང་བྲག་རི། སྐྱི་ཆུ། གྲང་པོ་མཚོ་སོགས་བྱང་གི་རི་ཆུ་དུ་མ་བགྲང་སྟེ། མགར་མཚོན་པར་བྱས་ཡོད་པས། རི་ཆུ་དེ་དག་ཀྱང་བྱང་གི་ས་ཁྱོན་ཆེ་ཙམ་ཡིན་པས། འདི་ལས་ཀྱང་བཙན་པོས་མགར་རྒྱུད་ཁོ་ནར་སྨད་པ་མ་ཡིན་པར། ཤུགས་སུ་བྱང་རྒྱུད་མང་ཤོས་བསྡུས་ཏེ་དམའ་ཕབ་སྟེ་མཚོན་པར་བྱས་ཡོད།
དེ་ལྟར་ཅོག་རོ་ནི་བྱང་བའི་ཁོངས་སུ་མ་ཆུགས་པའི་དཀའ་ངལ་ཞིག་ཀྱང་བྱུང་སྟེ། མགར་ཚང་གིས་ཀྱང་ཅོག་རོའི་ཁྱིམ་རྒྱུད་ཀྱི་བུད་མེད་བསུས་པའི་ཐབས་ཇུས་སོགས་ལ་བརྟེན་ཡང་། ཅོག་རོ་བ་མང་བོ་ཞིག་བཙན་པོའི་འཁོར་དུ་མཆིས་པས། ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་གིས་ཀྱང་ཅོག་རོ་ཟ་ལ་ཟུར་ཟ་དང་མཐོང་ཆུང་བྱེད་པའི་མགུར་འདི་བྱུང་དོན་ཡང་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པར་འདོད། ཅོག་རོ་ནི་གཙོ་བོ་བྱང་བ་གཅིག་གྱུར་མི་འོང་བའི་འགལ་རྐྱེན་ཞིག་ཏུ་གྱུར་ཡོད་པས་ཡིན།
སྐབས་དེའི་བཙན་པོའི་ཡིག་ཆར་ཡང་མགར་གྱི་ཁྱིམ་རྒྱུད་ལས་གཞན་གནུབས་དང་རྔེགས། ཁུ་དང་དབོན་སོགས་གཙོ་བོར་མངོན་པ་ལས་ཀྱང་དབུ་རུའམ་བྱང་ཕྱོགས་ཀྱི་ནུས་པ་ཅུང་ཟད་ཉམས་དམས་ཀྱི་རྣམ་པ་བྱུང་བའམ། བཙན་པོའི་ཁྱིམ་རྒྱུད་ཀྱིས་མགོ་མནན་པ་གང་རུང་ལ་བརྟེན་ཏེ། བཙན་པོའི་ཉེ་འཁོར་གྱི་རྩལ་བོ་ཆེ་མི་བདུན་དུ་གྲགས་པ་དག་ཀྱང་རྐྱེན་དེ་ལས་ནང་ཁུལ་གྱི་འགལ་བ་སྔར་བས་ཆེ་བར་ཕྱིན། ད་དུང་འགལ་རྐྱེན་གཙོ་བོ་ཞིག་ནི་འདུས་སྲོང་གི་ཡུམ་འབྲོ་བཟའ་ཁྲི་མ་ལོད་ཀྱི་གཡོ་ཇུས་ཀྱང་བརྒྱུད་རིམ་འདིའི་ཁྲོད་དུ་འདྲེས་ཏེ་ཡོད་པས། དེའི་མཇུག་འབྲས་ནི ༦༩༨ ལོར་མགར་གྱི་ཁྱིམ་རྒྱུད་སྲིད་སྟེགས་ནས་ཕྱུང་རྗེས། ༧༠༠ ལོ་ནས་བཟུང་བཙན་པོའི་ཡིག་ཆར་བློན་ཆེན་གྱི་ཚབ་ཏུ་ཁོ་མོའི་མཚན་ཡང་ཡང་བྱུང་བས་ཀྱང་ར་འཕྲོད་ཐུབ།
བཙན་པོའི་ཆབ་སྲིད་ནང་ཁུལ་གྱི་འགལ་བ་འདི་དག་ལ་བརྟེན་ནས་ཞང་ཞུང་ཡོངས་སུ་འགུག་པར་དུས་ཡུན་ངེས་ཅན་ཞིག་འགོར་ཨེ་ཡོད་སྙམ་སྟེ། ཏུན་ཧོང་ཡིག་རྙིང་ལས། (༦༨༤ལོ) རྩང་ཆེན་གྱྀ་མངན་བཞྀ་ལས། གཉིས་སུ་བཅོས་ཕར་ལོ་གཆིག ཅེས་པ་ལས་ཀྱང་ཞང་ཞུང་སོགས་མ་ཁུགས་པར་མངན་དཔོན་ཉུང་དུ་གཏོང་དགོས་པར་ཐུག་སྙམ། མང་སྲོང་གིས་དུས་སུ་ཞང་ཞུང་དུ་མངན་དཔོན་བསྐོས་མྱོང་སྟེ། ཏུན་ཧོང་ཡིག་རྙིང་ལས། ཞང་ཞུང་ཡུལ་གྱྀ་མངན་དུ་སྤུག་གྱྀམ་རྩན་རྨ་ཆུང་བཆུག། ཅེས་གསལ། སྐབས་འདིར་འདུན་མ་མང་ཤོས་ཀྱང་གཙང་ཕྱོགས་སུ་བསྡུ་བའང་། ཞང་ཞུང་དང་མཐའ་མཚམས་འབྲེལ་བའི་ས་གནས་དག་ཏུ་བརྟན་བརླིང་མ་བྱུང་བ་ཡིན་ངེས་ཏེ། ༦༨༥ལོར་མགར་བཙན་སྙ་ལྡོམ་བུའང་གཙང་གི་ཤངས་ཀྱི་སུམ་ཆུ་བོར་ནང་དམེ་བྱས་ཏེ་སྐུ་གཤེགས་པ་དང་། (ཁོང་དགྲོང་བའི་རྒྱུ་རྐྱེན་གནད་དོན་མང་བོར་འབྲེལ་ཡོད་ངེས།) ཏུན་ཧོང་ཡིག་རྙིང་ལས། (༦༨༦ལོར) ཤངས་མན་ཆད་དུ་ཞྀང་གྱྀ་ཕྱིང་རྀལད་བཏབ་ཕར་ལོ་གཅིག། ཞེས་པས་གཙང་གི་ཤངས་མན་ཆད་ལས་ཕྱིང་རིལ་འདེབས་མ་ཐུབ་པའི་གནས་ཚུལ་སོགས་ཕན་ཚུན་བསྡུར་ན་རྒྱུ་རྐྱེན་དེ་དག་ལ་འབྲེལ་ཡོད་པར་འདོད། ཡང་། ཏུན་ཧོང་ཡིག་རྙིང་ལས། (༦༩༢ ལོ།) མངན་ཆེན་པོ་དྲུག་དུ་བསྐོས། ཞེས་པའི་མངན་དཔོན་མང་དུ་བསྐོས་པའི་འགྱུར་རིམ་ཡང་ཞང་ཞུང་ཡོངས་སུ་མངའ་འོག་ཏུ་ཡོངས་སུ་བསྡུས་མིན་ལའང་འབྲེལ་མེད་ཅིག་ཡེ་ནས་མིན་པར་སྣང་། གཞན་དུ་ན། ཏུན་ཧོང་ཡིག་རྙིང་ལས།(༦༨༠) ཁུ་དང་ར་སང་རྗེའྀ་ནོར་བརྩྀས། ཞེས་པས་ཞང་ཞུང་ངོ་ལོག་སྟེ་རིང་བོ་མ་སོང་བར་ངོ་ལོག་པའི་རྒྱུ་ནོར་གཞུང་བཞེས་བྱས་པའི་གནས་ཚུལ་ལྟ་བུ་ཞིག་འདུག་ཀྱང་། ཆིངས་འདུམ་ལེགས་པོ་མ་བྱུང་བའམ་ཡོངས་སུ་དབང་དུ་བསྡུ་མ་ཐུབ་པའམ་གང་རུང་ལས་མུ་མཐུད་དུ་བརྟན་བརླིང་མ་བྱུང་བའི་དཀའ་ངལ་གྱི་ཁྲོད་དུ་ལུས་པར་འདོད། གང་ལྟར་གཙང་ཕྱོགས་སུ་འདུན་མ་སོགས་བཙན་པོའི་ཆབ་སྲིད་དང་འབྲེལ་བའི་ལས་དོན་མང་བོ་ཞིག་བསྒྲུབ་པའང་ཞང་ཞུང་གི་གནད་དོན་ཐག་གཅོད་ཡང་དག་པ་ཞིག་བྱུང་མིན་དང་འབྲེལ་བ་ཡོད་སྲིད། ད་དུང་མཐའ་འདུལ་གྱི་གནད་དོན་གཞན་ཡང་འཕྲལ་དུ་ཐག་གཅོད་མ་ཐུབ་པའང་ནང་ཁུལ་གྱི་འཐེན་འཁྱེར་ལ་ཤུགས་རྐྱེན་གང་འཚམ་ཐེབས་ཡོད་ངེས། དཔེར་ན། མང་སྲོང་སྐུ་གཤེགས་པའི་ལོ་སྟེ། ༦༧༦ལོར་མགར་བཙན་སྙ་ལྡོམ་བུས་དྲུ་གུའི་ཡུལ་དུ་དམག་དྲངས་ཏེ། ཁྲོམ་བཙུགས་པ་སོགས་དམག་སྲིད་ཀྱི་ལས་དོན་རྒྱ་ཆེར་བགྱིས་ཀྱང་། དེ་ནས་ལོ་ངོ་བཅུ་ཕྲག་ཙམ་གྱི་རྗེས་ཏེ། ༦༨༦ལོར། ཡང་བསྐྱར་མགར་ཁྲི་འབྲིང་གིས་མཐའ་མཚམས་ཀྱི་དྲུ་གུར་དམག་དྲངས་པའང་། ལོ་ངོ་བཅུ་ཡི་བར་སྐབས་དེ་དག་མཐའ་མཚམས་ཀྱི་སྲིད་དོན་ལ་འཐུས་ཤོར་བྱུང་སྟེ་ཡང་བསྐྱར་དམག་འདྲེན་དགོས་པའི་གནས་ཚུལ་བྱུང་། དེ་ཡང་ནང་ཁུལ་གྱི་གནད་དོན་དང་འབྲེལ་བ་མེད་མི་སྲིད། ད་དུང་ནང་ཁུལ་གྱི་དཀའ་ངལ་ལ་གནད་དོན་གཞན་ཡང་ཡོད་ངེས་ཏེ། བཙན་པོ་མང་སྲོང་བཀྲོངས་རྐྱེན་ལའང་དག་ཐེར་རྟིང་ཐག་མ་ཆོད་པར་དུས་ཡུན་གང་འཚམ་ལུས་པར་སྣང་སྟེ། ཏུན་ཧོང་ཡིག་རྙིང་ལས། (༦༨༥ལོ) སྣོམ་བུ་པས་དུག་མ་མང་པོ་བཟུང་ནས་བཀུམ་བར་ལོ་གཆིག ཅེས་པས། དུག་མ་ཚར་གཅོད་བྱས་པ་དེ་བཙན་པོ་མང་སྲོང་སྐུ་གཤེགས་པའི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་སྲིད་དེ། དེ་དང་འདྲ་བའི་གནས་ཚུལ་ཞིག་ནི། སྲོང་བཙན་སྒམ་པོས་ཡབ་ཀྱི་འདས་རྐྱེན་དང་འབྲེལ་བ་དག་ཚར་བཅད་པ་ནི། ཏུན་ཧོང་ཡིག་རྙིང་ལས། དུག་པ་རྣམས་རབས་བཆད་དོ།། ཞེས་པའི་ལས་འགུལ་འཕྲལ་དུ་སྤེལ་ཡང་། མང་སྲོང་གི་འདས་རྐྱེན་ཡང་དེ་དང་འདྲ་ཚེ་ལོ་ངོ་བཅུ་ཕྲག་ལྷག་གི་རྗེས་སུ་ཡོངས་སུ་གྲུབ་པར་སྣང་བས། ནང་ཁུལ་གྱི་གནད་དོན་མང་བོ་ཞིག་གིས་ཕལ་ཆེར་འགོར་འགྱངས་དུས་ཡུན་ངེས་ཅན་བྱུང་འདུག ད་དུང་། ཏུན་ཧོང་ཡིག་རྙིང་ལས། (༦༩༡ ལོ) རབས་ཅད་གྱྀ་རྩིས་བགྱྀས། ཞེས་པ་ཞིག་ཀྱང་གསལ་བས། གང་གི་རབས་བཅད་པའམ་རྒྱུ་རྐྱེན་ཅིའི་ཕྱིར་རབས་བཅད་པ་མི་གསལ་ནའང་། དེ་དག་གི་རྒྱུ་ནོར་གཞུང་བཞེས་བྱས་པ་སོགས་བཙན་པོའི་ལོ་ཚིགས་གནད་བསྡུས་སུ་གསལ་བས། གང་ལྟར་ནང་ཁུལ་གྱི་བཙན་པོའི་འདས་རྐྱེན་བརྩད་གཅོད་དང་། འགལ་ཟླ་འདུམ་པ། ངོ་ལོག་གནོན་པ། མཐའ་མཚམས་འདུལ་སྲུང་སོགས་དཀའ་ངལ་དཀྱུས་གཅིག་ཏུ་བྱུང་སྟེ་དུས་ཡུན་རིང་བོ་ལུས་པ་འདྲ། དཀའ་ངལ་དག་འཕྲལ་དུ་སེལ་མ་ཐུབ་པའི་རྒྱུ་རྐྱེན་གཅིག་ནི་འབྲོ་བཟའ་ཁྲི་མ་ལོད་ཀྱི་ཐོབ་དབང་དང་འབྲེལ་བའི་ཐབས་ཇུས་ངན་པ་ལས་བྱུང་བའི་འབྲས་བུ་རུ་ངོས་གཟུང་ཆོག དེ་ལྟ་ནའང་མཐའ་མཚམས་རྒྱ་བསྐྱེད་པ་དང་ནང་ཁུལ་ཞི་འཇགས་སུ་གཏོང་བའི་ནུས་པ་གཙོ་བོ་མགར་གྱི་ཁྱིམ་རྒྱུད་ཀྱིས་བཟུང་། དེ་ནི་འབྲོ་བཟའ་ཁྲི་མ་ལོད་གཙོ་བྱས་པའི་བཙན་པོའི་ཁྱིམ་རྒྱུད་ཀྱི་བློ་ཁ་མི་བདེ་བའི་རྒྱུ་རྐྱེན་འབའ་ཞིག་ཏུ་གྱུར་བས། འགལ་བ་མང་བོ་ཞིག་མངོན་ལ་མ་མངོན་པའི་ངང་ནང་དུ་འཁོར་སྐྱོད་བྱེད་བཞིན་པ་གསལ་བོ་རེད། འདི་ལྟར་འདུས་སྲོང་ནར་སོན་པའི་གོ་རིམ་ཁྲོད་ཀྱི་བཙན་པོའི་ཆབ་སྲིད་ཡོ་འཁྱོམ་འདྲ་མིན་བྱུང་ཞིང་། མཐར་འདུས་སྲོང་ན་ཚོད་དར་ལ་བབས་ཏེ། ༦༩༨ལོར་མགར་གྱི་ཁྱིམ་རྒྱུད་རྨེག་མེད་དུ་བཏང་བས། བཙན་པོའི་ཁྱིམ་རྒྱུད་དང་མགར་གྱི་ཁྱིམ་རྒྱུད་བར་དུ་དངོས་སུ་གདོང་ཐུག་བྱུང་སྟེ་མཇུག་བསྡུས་ཀྱང་། ད་དུང་འདུམ་མ་ཐུབ་པའི་གནད་དོན་ཤིན་ཏུ་མང་སྟེ། གཙང་པོའི་ལྷོ་བྱང་གི་འགལ་བ་ནི་འདུས་སྲོང་གིས་མགར་ལ་བླངས་པའི་མགུར་ལས་ཀྱང་བྱང་རྒྱུད་ཀྱི་གནས་རི་དང་ཆུ་བོ་སོགས་དཔེར་བླངས་པས་ཀྱང་རྟོགས་ཐུབ་ལ། མུ་མཐུད་དུ་འགལ་བ་དེ་ཉིད་སེལ་མ་ཐུབ་པར་ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་སོགས་ཀྱང་མགར་གྱི་ཕྱོགས་སུ་གཏོགས་པས། ཅོག་རོ་ནི་ཕལ་ཆེར་ཕྱོགས་གཉིས་ཀྱི་རྩོད་གཞི་ལྟ་བུར་གྱུར་བ་ཡོད། ད་དུང་བྱང་བའི་རྒྱབ་རྩ་རུ་མི་སྣ་གཙོ་བོ་གཞན་ཡང་ཡོད་དེ། ཏུན་ཧོང་ཡིག་རྙིང་ལས། (༧༠༥ལོར)པོང་ལག་རང་དུ་བཙན་པོ་གཅེན་ལྷ་བལ་ཕོ་རྒྱལ་ས་ནས་ཕབ། ཅེས་ཀྱང་གསལ་བས། བཙན་པོའི་གཅེན་ལྷ་བལ་པོས་ཀྱང་ནང་ཁུལ་གྱི་འགལ་ཟླའི་གོ་སྐབས་བཟུང་སྟེ་སྣེ་ཁྲིད་ཀྱི་ནུས་པ་ཞིག་བྱུང་བས། མཐར་ཁྲི་ལྡེ་གཙུག་བཙན་དུས་སུ་ཕམ་པར་བགྱིས། དེ་ལྟར་ནང་ཁུལ་གྱི་འགལ་ཟླ་དག་ནི་མགར་རྒྱུད་ཚར་བཅད་པས་སླ་བར་ཐག་གཅོད་ཐུབ་མེད་པས། ཕྱིའི་སོ་མཚམས་ཀྱི་ཛ་དྲག་གི་གནས་བབ་དང་ནང་གི་འགལ་འདུའི་གནད་དོན་མང་བོ་ཞིག་ཀྱང་མགུར་འདི་ལས་རྟོགས་ཐུབ་ཅིང་། ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་གི་མགུར་འདིའང་དོན་རྐྱེན་དེ་དག་འཚོལ་ཞིབ་དང་ཕྱིར་རྟོག་བྱེད་པའི་མེ་ལོང་ལྟ་བུར་གྱུར་བས། མགུར་གྱི་དངོས་་ཤུགས་ཅི་རིགས་སུ་བཙན་པོ་འདུས་སྲོང་སྐབས་ཀྱི་གནས་ཚུལ་མང་བོ་སིམ་སྟེ་ཡོད་པས་དཔྱད་གཞི་གལ་ཆེན་ཞིག་ཏུ་སྣང་ངོ་།།
གཉིས་པ། ཁེ་རྒད་ཏོ་རེ་མདོ་སྣང་མགུར་ཚིག་བཀྲོལ་བ།
མགུར་འདི་ནི་ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ P.T1287 གསལ་ལ། ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་གི་མགུར་ལ་ཚིག་རྐང༣༩ དང་། ཅོག་རོ་བཟས་ལན་དུ་བཏབ་པའི་མགུར་ལ་ཚིག་རྐང༡༠ མཆིས་པ་ལས་ཅོག་རོ་བཟའི་མགུར་དེ་རེ་ཞིག་བཞག མགུར་གོང་མར་འདུས་སྲོང་སྐབས་ཀྱི་ཆབ་སྲིད་ཀྱི་འགལ་འབྲེལ་གྱི་གནས་བབ་མཚོན་ཐུབ་ཅིང་། སྐབས་དེར་ཆབ་སྲིད་འགལ་ཟླ་གཙོ་བོ་བཙན་པོ་དང་མགར་གྱི་བར་དུ་བྱུང་ཞིང་། དེ་ནས་རིམ་གྱིས་མགར་གྱི་ཕྱོགས་གཏོགས་དང་མནོན་དང་པ་ཚབ་སོགས་ཀྱང་བཙན་པོར་སྡང་ཞིང་འཁྲུག་རྐྱེན་རྒྱ་ཆེ་བར་གྱུར་བས། རིམ་གྱིས་གཙང་བོའི་ལྷོ་བྱང་གི་འགལ་བའི་དོན་རྐྱེན་དུ་བསྲིངས། སྐབས་འདིར་ཅོག་རོའི་རུས་རྒྱུད་ནི་བྱང་དུ་གཏོགས་ཀྱང་བཙན་པོའི་མངའ་ཁོངས་སུ་གོ་གནས་ངེས་ཅན་ཡོད་པར་མ་ཟད། བཙན་པོའང་དེ་དག་ལ་རྩིས་ཐང་ཆེ་བས་ཅོག་རོའི་རྒྱུད་པ་ནི་ལྷོ་བྱང་གཉིས་ཀྱིས་རྩོད་གཞི་ལྟ་བུར་གྱུར། དེས་ན་ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་ནི་སྐབས་འདིའི་མི་སྣ་གཙོ་བོ་ཞིག་སྟེ། ཁོང་གི་རུས་ནི་པ་ཚབ་ཡིན་ཏེ། ཏུན་ཧོང་ཡིག་རྙིང་ལས། པ་ཚབ་རྒྱལ་ཏོ་རེས་ཀླུ་བླངས་པའ། ཞེས་པས་ཁོང་གི་རུས་པ་ཚབ་ཡིན་པ་ཤེས་ཐུབ། མཐར་པ་ཚབ(ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་།)ཁོང་ཡང་བཙན་པོར་གློ་བ་རིངས་ཏེ་ངོ་ལོག་ཡོད་དེ། ཏུན་ཧོང་ཡིག་རྙིང་ལས། (༧༠༥ལོ) ཁེ་རྒད་མདོ་སྣང་ལས་སྩོགས་པ་ལོག་སྟེ་་། ཞེས་པས་ཁེ་རྒད་ཏོ་རེ་མདོ་སྣང་དང་ཁོང་གི་ཕྱོགས་གཏོགས་ཀྱིས་ངོ་ལོག་བྱས་པ་གསལ་ལ། ཡང་། ཏུན་ཧོང་ཡིག་རྙིང་ལས། ་་ཚབ་རྒྱལ་ཏོ་རེ་རྒྱ་ལ་བྲོས་པ་འྀ་ཚེ་།། ཞེས་པའི་ཤོག་དྲིལ་འདི་རལ་ཏེ་ཚབ་ལས་པ་བོར་ཡང་པ་ཚབ་ཡིན་པ་རྒྱལ་ཏོ་རེ་ལས་ཤེས། ཕྱིས་སུ་ཁེ་རྒད་རྒྱལ་ཏོ་རེ་སོགས་ཀྱིས་རྒྱ་ལ་མགོ་བཏགས་ཟིན་པས། མགར་གྱི་དོན་རྐྱེན་དང་འབྲེལ་བའི་གནད་དོན་མང་བོ་ཞིག ༧༠༥ ལོའི་བར་དུ་རྒྱུན་མ་ཆད་པར་ལུས། མགུར་གླུ་འདིའང་གནས་བབ་དེ་ལྟ་བུ་ཞིག་ལས་བསྐྱེད་པའི་ཆབ་སྲིད་འགལ་འཐབ་མཚོན་པའི་གནད་དོན་མང་དུ་འདུས་ཡོད། ཏུན་ཧོང་ཡིག་རྙིང་གི་མ་ཡིག་དང་དཀྱུས་གཅིག་ཏུ་བཀོད་དེ་ཅུང་ཟད་འགྲེལ་ན། མ་ཡིག་ལས། རུ་ཐུང་ནྀ་བསར་ང་བ། ཁོང་ཁྱིམ་ནྀ་སྤྱན་བུ་ཅུང། ཞེས་པས། བཙན་པོ་འདི་དུས་སུ་ཅོག་རོ་ཁོང་ཁྲི་ཞེས་པ་དང་ཅོག་རོ་འབྲོང་ཤོར་གཉིས་འདུག་ཅིང་། སྐབས་འདིར་གང་ལ་ངོས་འཛིན་དགོས་པ་ཤེས་དཀའ་ནའང་། གལ་སྲིད་ཅོག་རོ་ཁོང་ཁྲི་ཡིན་པའི་དབང་དུ་བཏང་ན། སྐབས་འདིར་སྤྱན་བུ་ཆུང་ཞེས་པ་ནི་ཟུར་ཟ་མཚོན་པ་ཙམ་ལས་དོན་དུ་ཁོང་ནི་སྤྱན་ཆེན་པོའི་ཐོབ་ཡོད་པ་ཞིག་ཡིན་ངེས་ཏེ། བཙན་པོ་ཆབ་སྲིད་དུ་མྱྭ་ལ་ཕེབས་ཏེ་དགུང་དུ་གཤེགས་སྐབས་ཀྱང་། ས་སྐྱ་གྲགས་པ་རྒྱལ་མཚན་གྱི་བོད་ཀྱི་རྒྱལ་རབས་ལས། འཇང་གི་ཡུལ་དུ་འདས་ཏེ་པུར་གཉེར་ནི། ཅོག་གྲུ་ཁོང་ཁྲི་དག་གིས་བགྱིས་སོ་སྐད། ཅེས་དང་། ཡང་། ལྡེའུ་ཆོས་འབྱུང་ལས། འབྲུག་ལོ་ལ་ལྗང་དུ་སྐུ་གཤེགས། ཅོག་རོ་ཁོང་ཁྲོ་དང་ཅང་དཀར་སོར་བཞིས་རྒྱལ་པོའི་སྤུར་བསྲུངས། ཞེས་ཀྱང་གསལ་བས། མགུར་ཚིག་གི་ཁོང་ཁྱིམ་ནི་ཁོང་ཁྲིའམ་ཁོང་ཁྱི་ལས་འགྱུར་བ་ཡིན་པར་བྱེད་ཚེ། ལྡེའུས་ཁོང་ཁྲོ་ཞེས་སུ་གསུངས་པ་ནི་དེ་བས་ཀྱང་འགྱུར་བ་ཆེ་ཙམ་ཡིན་ངེས། སྐབས་འདིར་ཁེ་རྒད་ཀྱིས་འདུས་སྲོང་དང་འབྲེལ་ཐག་ཆེར་ཉེ་བའི་ཅོག་རོ་ཁོང་ཁྲི་འབྲོང་ཞིག་ཏུ་དཔེར་བཀོད་ཀྱང་། རུ་ཐུང་དང་སྤྱན་བུ་ཆུང་ཞེས་པ་ནི་ཆེད་དུ་ཟུར་ཟའི་དཔེ་ཞིག་སྟེ། དོན་དུ་ནུས་མེད་ཀྱི་རྣམ་པ་མཚོན་པར་བྱེད་ཡོད། གཙོ་བོ་ཅོག་རོ་ཁོང་ཁྲི་ནི་ཁོང་ཁྱིམ་དང་འབྲེལ་བ་ཡོད་པར་གཟས་པ་ཡིན། ཡང་ཕྱི་མ་ཅོག་རོ་འབྲོང་ཤོར་ཡིན་ཚེ། བཙན་པོ་འདིའི་དུས་སུ་རྩལ་བོ་ཆེ་མི་བདུན་ལས། ཡར་ལུང་ཇོ་བོའི་ཆོས་འབྱུང་ལས། ཅོག་རོ་འབྲོང་ཤོར་གྱིས་འབྲོང་ཐུར་ལ་དཀྱུས་པ་གྱེན་ལ་འཐེན་ནུས། ཞེས་པའི་ཅོག་རོ་འབྲོང་ཤོར་ཡང་རུས་ཅོག་རོ་ཡིན་པར་མ་ཟད། འབྲོང་ཤོར་ནི་ཁོང་གི་རྩལ་གྱི་ཆ་ནས་བཏགས་པ་ལས་མཚན་དངོས་ཅི་ཡིན་གསལ་ཁ་མེད་པས། གཅིག་བྱས་ན་ཅོག་རོ་ཁོང་ཁྲི་དང་མི་སྣ་གཅིག་ཡིན་ཡང་སྲིད། གལ་སྲིད་མི་སྣ་གཅིག་མིན་ཡང་ཅོག་རོ་བ་ཞིག་ཡིན་པས་ཁེ་རྒད་རྒྱལ་ཏོ་རེ་སྡང་ཡུལ་ཕྱོགས་སུ་གྱུར་ཡོད། དེ་ལྟར་སྡང་བའི་རྒྱུ་རྐྱེན་ནི་བྱང་གི་ཅོག་རོ་བཙན་པོ་དང་འབྲེལ་བ་ལེགས་པས། ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་གི་ཕྱོགས་སུ་མ་འདུས་པས་མི་འདོད་པའི་རྣམ་འགྱུར་ཆེས་ཆེར་བྱུང་ཡོད། གང་ལྟར་ཅོག་རོ་བ་འབྲོང་ཞིག་ཏུ་དཔེར་བཀོད་དེ། རུ་ཐུང་ནྀ་བསར་ང་བ། ཞེས་པའང་དོན་དུ་འབྲོང་ཞིག་ལ་དཔེར་བཀོད་པར་གོ་དགོས་པས་ཁ་འཕྲོད་པར་མཆིས། དོན་དུ་སྐབས་འདིའི་འགལ་ཟླ་ནི་གཙང་པོའི་ལྷོ་བྱང་བར་གྱི་འཐབ་རྩོད་ཅིག་ཏུ་བསྐྱེད་ཡོད་པས། ཅོག་རོའི་རུས་རྒྱུད་ནི་གཙང་ཕྱོགས་སོགས་ཡུལ་ཁག་དུ་མར་ཡོད་ཀྱང་། གཙོ་བོ་འདམ་ཕྱོགས་ཀྱི་ཅོག་རོའི་རྒྱུད་པ་ནི་བྱང་རྒྱུད་པར་མཚོན་ན་ཤིན་ཏུ་གལ་ཆེ་ཡང་རང་ཕྱོགས་སུ་མ་ཁུགས་པར་བཙན་པོའི་ཕྱོགས་གཏོགས་སུ་གྱུར་བར་མ་ཟད། བཙན་པོའི་སྲིད་དོན་དུའང་བྱས་རྗེས་དང་གོ་གནས་ངེས་ཅན་བྱུང་བར་སྣང་། སྔར་གནམ་རི་སྲོང་བཙན་དུས་སུའང་ཡིག་རྙིང་ལས། དབའས་དབྱྀ་ཚབ་དང།། ཚེས་པོང་ནག་སེང་གཉིས་ནྀ་། བཙན་པོ་འི་སྤྱན་འདྲེན་ནོ།། ཞེས་པ་བཞིན། སྐབས་འདིར་ཡང་མཐའ་འདུལ་འཇང་ལ་དམག་འདྲེན་སྐབས་ཅོག་རོ་བ་ནི་སྤྱན་ཆེན་པོ་ཡིན་ངེས་ཀྱང་། ཁེ་རྒད་ཀྱིས་སྤྱན་བུ་ཆུང་ཞེས་པའང་ཟུར་ཟ་ལས་མ་འདས། དེ་ལྟར་ཁེ་རྒད་རྒྱལ་ཏོ་རེས་ཅོག་རོའི་རྒྱུད་ལ་སྡང་བའང་རང་ཕྱོགས་ཆིག་སྒྲིལ་མ་བྱུང་བའི་ནང་སེམས་ཀྱི་ན་ཟུག་ཕྱིར་མངོན་པ་ཞིག་ཏུ་སེམས།
མ་ཡིག་ལས། རིས་བཀྲའ་ནྀ་བསར་ང་བ་། མོན་ཀ་འྀ་ནི་སྟག་གཆིག་པ། ཞེས་པས། དེ་བཞིན་དུ་བཙན་པོ་འདུས་སྲོང་སྟག་ཅིག་ཏུ་དཔེར་བཞག་པར་གོའམ། ཡང་ན། སྐབས་འདིའི་དཔའ་མཛངས་ལྡན་པའི་བློན་པོ་གཞན་གང་ཡིན་ཁ་ཚོན་གཅོད་དཀའ་ཡང་། དཔེ་སྟག་ལ་བཞག་པར་གཞིགས་ཚེ། ཡང་རྩལ་བོ་ཆེ་མི་བདུན་བགྲང་སྲོལ་ཞིག་ནི། རྒྱ་བོད་ཡིག་ཚང་ལས། མོན་ཁྲི་བཟང་གིས། སྟག་དར་མ་གཉིས་ལྕགས་ཐག་གིས་སྦྲེལ་ནས་ཁྲིད། ལུང་པ་ངུར་སྒྲས་ཁེངས་པ་བྱས་བྱུང་སྐད། ཅེས་མོན་ཁྲི་བཟང་ཡིན་ཡང་སྲིད་མོད། འོན་ཀྱང་། རྩལ་བོ་ཆེ་མི་བདུན་དྲངས་པའི་དཔྱད་གཞིའི་རྒྱུ་ཆ་གང་འཚམ་ཡོད་ཀྱང་། གཞན་དག་ཏུ་མོན་ཁྲི་བཟང་གི་མཚན་འདི་མཐོང་དཀོན་པོར་སྣང་བས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ། དེ་མིན་ཚེ་བཙན་པོ་སྟག་ཅིག་ཏུ་དཔེར་བཀོད་པའམ་བློན་པོའམ་དམག་གཞན་ཞིག་ཡིན་སྲིད། སྤྱིར་ན་མགུར་འདིར་རྒྱལ་བློན་བར་གྱི་འགལ་འབྲེལ་ཡང་རྩལ་བོ་ཆེ་མི་བདུན་དང་འབྲེལ་བའི་གནས་ཚུལ་ཡང་ཡང་བྱུང་། སྔར་གྱི་མགུར་དག་ཏུའང་མོན་ཀ་ནི་སྟག་གཅིག་པ་ཞེས་པའི་སྟག་དང་འབྲེལ་ཏེ་མགུར་བཞེངས་སྲོལ་ཞིག་ཡོད་པ་ལྟར་ཟློས་ཤིང་བླངས་པ་ཞིག་ཏུ་གོ་ཆོག་ཀྱང་། སྐབས་དོན་དམིགས་བྱ་དེ་གསལ་ཁ་འབྱེད་པར་དཔྱད་གཞིས་ལྕོགས་དཀའ་བས་མུ་མཐུད་དུ་དཔྱད་འོས།
མ་ཡིག་ལས། བཙན་ཏེ་ནི་མྱི་མཁས་པ་རྒྱ་དྲུག་ནྀ་དགུང་མཐའ་རྗེ།། ཞེས་པས། བཙན་ཞིང་དཔའ་སྟོབས་ལྡན་ཡང་ཐབས་ཇུས་ལ་མི་མཁས་པ་ནི་རྒྱ་དྲུ་གུ་ལྟ་བུ་ཡིན་ཚུལ་བརྗོད་ཅིང་། དྲུ་གུ་ལ་ཟུར་ཟ་བྱེད་དགོས་པར་རྒྱུ་མཚན་ངེས་ཅན་ཡོད་དེ། ༦༧༦ལོར་མགར་བཙན་སྙས་དྲུ་གུ་དབང་དུ་བསྡུས་ཤིང་། ཕྱིས་སུའང་མགར་ཁྲི་འབྲིང་གིས་ཀྱང་། ༦༨༦ ལོར་དྲུ་གུ་ཡུལ་དུ་ཡང་བསྐྱར་དམག་དྲངས་ཏེ་༦༨༩ ལོའི་བར་དུ་ཞི་དྲག་གི་ལས་དོན་མང་པོ་བསྒྲུབས་པས། ཏུན་ཧོང་ཡིག་རྙིང་ལས། དྲུ་གུ་ལ་སྩོགས་སྟེ་ཉྀ་ངོག་གཞན་འབངས་སུ་བཀུག་ཅིང་། དཔྱའ་ཕབ་པ་དང་། ཞེས་པའང་བཙན་པོའི་མཛད་རྗེས་སུ་བགྲང་བ་དག་ཀྱང་དོན་དུ་མགར་གྱི་མཛད་རྗེས་འབའ་ཞིག་ཏུ་གཏོགས་ཤིང་། ཏུན་ཧོང་ཡིག་རྙིང་ལས། (༦༩༤ལོ)ཏོན་ཡང་བགོ་ཁ་གན་པྱག་འཙལད། ཅེས་པས། དྲུ་གུ་འབངས་སུ་བཀུག་ཅིང་དཔྱ་འཇལ་དགོས་བྱུང་བ་དང་། འཚམས་ཞུ་བྱས་པའི་གནས་ཚུལ་བྱུང་བར་ངེས། དེ་ལྟར་དྲུ་གུ་མངའ་འོག་ཏུ་འཇུག་པར་མགར་གྱིས་སྔ་རྗེས་དམག་སྣ་དྲངས་པར་མ་ཟད་ལོ་རེ་འགར་བཞུགས་པས། དྲུ་གུའི་ཁ་གན་ནམ་རྗེ་བོའང་མགར་གྱི་ཁྱིམ་རྒྱུད་ལ་སྡང་སེམས་ཡོད་པས། ལོ་ཕྱག་གམ་འཚམས་ཞུའི་གོ་སྐབས་དང་བསྟུན་ཏེ་རྒྱལ་བློན་བར་དུ་ཕྲ་མའང་བཅུག་ཡོད་པ་ནི་ཁེ་རྒད་ཀྱང་དྲི་གུ་རྗེ་ལ་བློ་ཐག་རིང་བའི་གནས་ཚུལ་ལས་ཀྱང་ཤེས་ཐུབ། མགར་གྱི་ཁྱིམ་རྒྱུད་བརྩད་མེད་བཏང་རྗེས་ཏེ། ༦༩༨ལོ་ནས༧༠༠ ལོའི་བར་དུ་དྲུ་གུ་རྗེ་རང་ཡུལ་དུ་མ་བཏང་བར་གཏའ་མ་ལྟ་བུར་ཉར་བའང་། དྲུ་གུ་འདུལ་བ་ནི་ལས་སླ་བ་ཞིག་མིན་པ་ཤེས་ཐུབ། དེ་ལ་རྒྱུ་མཚན་གཞན་ཡང་ཡོད་དེ། བཙན་པོ་ཕྱི་མ་ཁྲི་ལྡེ་གཙུག་བཙན་སྐབས་སུའང་། ཏུན་ཧོང་ཡིག་རྙིང་ལས། དེ་ཙམ་ན་རྒྱའི་སྲིད་ཆེས་ནས། བྱང་ཕྱོགས་ཀྱི་དྲུ་གུ་ཀུན་ཀྱང་འདུས་ལ། ་་་་ཐམས་ཆད་བོད་ཀྱིས་ཕབ་སྟེ་བཞེས་པས། ཞེས་པས་དྲུ་གུའི་རྒྱབ་དཔུང་དུ་རྒྱ་ནག་ཡོད་པས། དྲུ་གུས་ཡང་ཡང་གྱེན་ལོག་བྱེད་པར་ཡང་རྒྱབ་དཔུང་དུ་རྒྱ་ནག་ཡོད་པས་ད་གཟོད་བཙན་ཞིང་གཏུམ་པ་ཞིག་ཡིན། དོན་དུ་དྲུ་གུ་ནི་བོད་དང་རྒྱའི་རྩོད་གཞི་ཆེ་ཤོས་ཤིག་ཀྱང་ཡིན། མགུར་ཚིག་ཏུའང་རྒྱ་དྲུག་ཅེས་སྦྱར་བའང་རྒྱུ་མཚན་དེ་དང་འབྲེལ་ཡོད། གང་ལྟར་མགར་དང་ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་བར་གྱི་འབྲེལ་བ་ནི་ཤིན་ཏུ་ལེགས་པར་སྣང་སྟེ། ཏུན་ཧོང་ཡིག་རྙིང་ལས། མགར་འབྲྀང་རྩན་རྩང་རྟོན་དང་། པ་ཙམ་རྒྱལ་ཙན་ཐོམ་པོ་གཉྀས་གྱིས་གཡོ་རུའྀ་ཞིང་གྱི་ཕྱྀང་རིལ་བཏབ་ཕར་ལོ་གཆྀག ཅེས་པ་ལས་དོན་གཉིས་རྟོགས་ཐུབ་སྟེ། གཅིག འདུས་སྲོང་དུས་སྐབས་སུ་གཙང་པོའི་བྱང་གི་མགར་དང་པ་ཚབ་གཉིས་ལས་རུས་རྒྱུད་གཞན་ཅུང་མཐོང་དཀོན་པོ་གྱུར་ཡོད། པ་ཚབ་ནི་གཅིག་བྱས་ན་མགར་གྱིས་རང་གི་ཕྱོགས་གཏོགས་གོ་གནས་སུ་འཐེན་ཏེ་བསྐོས་པའམ། གང་ལྟར་ཁེ་རྒད་ཀྱང་རུས་ཀྱི་ཆ་ནས་པ་ཚབ་ཀྱི་རྒྱུད་ཡིན་པས། མགར་དང་པ་ཚབ་གཉིས་ཀྱི་འབྲེལ་བ་ནི་རང་ག་བ་ཞིག་མིན་ཚོད་དུ་འདུག ཕྱིས་སུ་མགར་གྱི་ཡང་ཚ(མཐའ་བ་བཀྲ་དོན་གྱི་གསུང་ཚུལ)མགར་སྟག་བཙན་དང་མཉམ་དུ་རྒྱ་ཡུལ་དུ་ཡོད་ཚུལ་ཡང་གསལ། སྐབས་འདིར་མགར་འབྲིང་རྩན་རྩང་རྟོན་དང་པ་ཚབ་གཉིས་གཡོ་རུ་ཕྱོགས་སུ་ཁྲལ་སྡུད་པར་འགྲོ་བའང་དཔྱད་རིན་ཡོད་དེ། ཁོང་གཉིས་དབུ་རུའམ་བྱང་རྒྱུད་པ་གཉིས་ཆེད་དུ་ལྷོ་བའམ་གཡོ་རུའི་ཕྱོགས་སུ་མངགས་པའང་རྒྱུ་མཚན་ངེས་ཅན་ཡོད་པའང་ཤུགས་སུ་གོ་ཐུབ། བཙན་པོ་འདུས་སྲོང་གི་དུས་སུ་མགར་གྱི་གོ་གནས་ཤིན་ཏུ་མཐོ་བས་མཐའ་འདུལ་གྱི་མཛད་རྗེས་འཕྲོ་རིམ་འཕྲོར་བཞག་པས། བཙན་ཞིང་སྟོབས་དང་ལྡན་པ་དྲུ་གུའང་དམག་ཡང་ཡང་དྲངས་ཤིང་། ཁྲོམ་བཙུགས་པ་སོགས་ལས་དྲུ་གུའི་རང་དབང་གི་གོ་སྐབས་མང་བོ་ཤོར་བས། དྲུ་གུ་རྗེ་ཡང་མགར་ལ་མ་དགའ་བར། བཙན་པོའི་བློ་ཁ་དང་མཐུན་པར་ཕྲ་མ་བཅུག་ཡོད་ངེས་པས། མགུར་འདི་ལས་ཁེ་རྒད་ཀྱང་དྲུ་གུ་རྗེ་ལ་མི་དགའ་བས་བཙན་ཡང་མི་མཁས་ཚུལ་བརྗོད་པ་དེའོ།།
མ་ཡིག་ལས། མགྱོགསྟེ་ནྀ་མྱི་མཁས་པ་། ཤུ་མ་ནྀ་རྒྱལ་མ་གཉིས། འདུས་སྲོང་གི་ཆིབས་པ་གཙོ་བོ་ལ་ཤུ་མ་དང་རྒྱལ་མ་ཞེས་གཉིས་ཡོད་ཚོད་དུ་འདུག ད་དུང་མགུར་འདི་ལས། རྒྱལ་མ་ནྀ་མཐའ་བཞི་འདུལ།། ཞེས་པས་ཀྱང་བཙན་པོའི་ཆིབས་པ་ལ་རྒྱལ་མ་ཞེས་སུ་བཏགས་འདུག སྔར་བཙན་པོའི་དུས་སུ་རྟ་ནི་ཤིན་ཏུ་གལ་ཆེན་དུ་བརྩི་བས། རྒྱལ་ཕྲན་སིལ་མའི་དུས་སྐབས་ཀྱི་རྒྱལ་ཕྲན་རེ་རེའི་ཁྱད་ཆོས་བགྲང་སྐབས་ཀྱང་རྒྱལ་བློན་ཙམ་དུ་མ་ཟད། རྟ་ཡི་ཁྱད་ཆོས་ཀྱང་ཡང་ཡང་བགྲང་ཡོད། ཉག་ཁྲི་བཙན་པོའི་སྐབས་སུའང་། ཏུན་ཧོང་ཡིག་རྙིང་ལས། རྟ་མགྱོགས་སུ་འཕེལ་བའྀ་གནསུ། ཚུལ་གྱིས་བདམས་སྟེ་གཤེགསྰོ། ཞེས་རྟ་མགྱོགས་པ་འཕེལ་ཡུལ་ཞིག་ཏུ་བདམས་ཚུལ་བརྗོད་ཡོད། ཡང་། ཏུན་ཧོང་ཡིག་རྙིང་ལས། མགར་བཙན་སྙ་ལྡོམ་བུ་རྟ་དྔ། མཚུངས་རྀགས་ཀྱིས་བློན་ཆེར་བཅུག་གོ།། ཞེས་མགར་བཙན་སྙ་ནི་རྟ་ལ་དཔེ་བཞག་སྟེ་བློན་ཆེན་དུ་བདམས་ཡོད་པ་ལྟ་བུ་དང་། དེ་བཞིན་དུ། རྟ་རྐྱང་དབྱེ་བའི་རབས་ལྟ་བུ་སྒྲུང་སོགས་རྟ་དང་འབྲེལ་བའི་གནས་ཚུལ་ཤིན་ཏུ་མང་བར་མ་ཟད། ཡིག་རྙིང་དུ་རྟའི་སྨན་བཅོས་བྱེད་ཐབས་སོགས་ཀྱང་མཆིས། བཙན་པོའི་དུས་སུ་འགྲིམ་འགྲུལ་གཙོ་བོ་རྟ་ལ་བརྟེན་ཡོད་པས། རྟ་ཡིས་གོ་གནས་གལ་ཆེན་དུ་བཟུང་ཡོད་པས་བཙན་པོའི་ཆིབས་པར་འཁང་ཚིག་སྨྲ་བ་ནི་དོན་དུ་བཙན་པོ་ལ་མ་དགའ་བའི་རྣམ་འགྱུར་སྟོན་སྟངས་ཤིག་གོ།
ཡང་། མ་ཡིག་ལས། དྲག་སྟེ་ནྀ་མྱི་མཁས་པ་མཆོ་གར་ནྀ་འབྲོང་གི་རུ། འབྲོང་རྭ་ནི་ཤུགས་དྲག་ཀྱང་ཅི་ཡང་མི་ནུས་པར་བསྟན་པའི་ཤུགས་སུ་རྩལ་བོ་ཆེ་མི་བདུན་ལས་ཅོག་རོ་འབྲོང་ཤོར་ཞེས་པར་དམའ་འབེབས་བྱེད་པ་ཡིན་སྲིད་ཀྱང་། གོང་དུའང་ཁོང་གི་སྐོར་གླེང་ཟིན་ཀྱང་། ཅོག་རོ་ཁོང་ཁྲི་དང་ཅོག་རོ་འབྲོང་ཤོར་གང་ཡིན་ཆ་མ་འཚལ་ཡང་། དཔེ་ལ་ཐད་ཀར་དུ་གཞོལ་ཆེ་བ་ཅོག་རོ་འབྲོང་ཤོར་ཨེ་ཡིན་སྙམ། ཅོག་རོའི་རུས་ཚོའི་ཆ་ཤས་ཤིག་བྱང་གི་འདམ་གཞུང་དུ་ཡོད་པས། ནག་ཆུ་སོགས་བྱང་ཐང་དུ་འབྲོང་མང་སྟེ། ཏུན་ཧོང་ཡིག་རྙིང་ལས། ཡུལ་བྱང་ཁ་སྣམ་བརྒྱདུ་མཆིས་ན། ཕ་འབྲོང་གཡག་སྐར་བ་དང་དེ་རུ་མཇལོ། ཞེས་འབྲོང་གི་གཏམ་རྒྱུད་བརྗོད་སྐབས་ཀྱང་བྱང་ཀ་སོགས་ས་གནས་དག་ཏུ་འབྲོང་གི་གནས་གཞི་གཙོ་བོར་བྱས། དེས་ན་ཅོག་རོའི་རྒྱུད་པ་དག་ཀྱང་བྱང་ཐང་ཕྱོགས་སུ་གཏོགས་པས་འབྲོང་དང་འབྲེལ་བའི་མཚན་ཡང་མང་སྲིད། གང་ལྟར་ཅོག་རོ་འབྲོང་ཤོར་ཡིན་ན་ཁོང་ནི་ཤིན་ཏུ་རྩལ་ཆེ་བས་འབྲོང་ཐུར་དུ་རྒྱུག་པ་གྱེན་དུ་འཐེན་ནུས་པར་བརྗོད་ཡོད་མོད། ཁེ་རྒད་ཀྱིས་འབྲོང་རྭ་གྱོང་བོ་ཁེར་རྐྱང་ཞིག་ལ་ནུས་པ་མེད་ཚུལ་བསྟན་པས། དོན་དུ་མགར་གྱི་ཕྱོགས་སུ་མ་ཁུགས་པས་དེ་ལྟར་མགུར་བླངས་པ་ཡིན། འདིར་འབྲོང་རྭ་དཔེ་རུ་སྦྱར་བ་ནི་གནའ་འབྲོང་རྭའི་གཞུ་བཟོ་སྲོལ་ཡོད་པས། སྐབས་འདིར་མདའ་མེད་པར་འབྲོང་རྭས་བགྱིས་པའི་གཞུ་ཁོ་ནས་ཅི་ཡང་མི་འཕེར་ཚུལ་བརྗོད་ཡོད། དེས་ན་འདིར་མཆོ་གར་འབྲོང་གི་རུ་ཞེས་པའི་མཆོ་གར་ནི། ཏུན་ཧོང་ཡིག་རྙིང་གི་རྟ་རྐྱང་དབྱེ་བའི་རབས་ལས། མྱི་རྨ་བུ་ལྡམ་ཤར་གྱིས་མཆོག་གར་ནི་དྲ་བཁུག་གླུ་དམར་ནི་ལྡང་བཟར་ཏེ། ཞེས་པས། མཆོ་གར་རམ་མཆོག་གར་ནི་འབྲོང་སོགས་ཀྱི་ཁྱད་ཆོས་ཤིག་ཏུ་ཡིན་ངེས། དགའ་ཐང་འབུམ་པ་ཆེ་ལས། མཆོག་གར་དྲའ་བཀུག་ལུ་མར་ལྡོང་སྦྱར་དེ། ཞེས་པ་སོགས་ལས་འབྲོང་རྭ་གཞུ་རུ་བྱས་ཏེ་མདའ་ལྟོང་སྦྱར་བའི་གནས་ཚུལ་སོགས་ལས་མཆོ་གར་རམ་མཆོག་གར་འབྲོང་གི་ཁྱད་ཆོས་སུ་སྦྱར་བ་ཤེས། མཆོ་གར་ལ་འགྲེལ་ཚུལ་གཞན་མཆིས་ཀྱང་དོན་དང་རྒྱང་ཁད་རིང་བས་བཞག གང་ལྟར་དྲག་ཤུགས་ལྡན་ཡང་འབྲོང་རུ་རྐྱང་བ་ཙམ་ལ་ནུས་པ་མེད་པ་སྟེ། དོན་དུ་ཅོག་རོ་འབྲོང་ཤོར་ནི་ཁེར་རྐྱང་ངམ་ཁེར་རྒྱུག་ལས་བྱང་ཕྱོགས་པ་གཞན་དང་འབྲེལ་བ་མེད་པས་ནུས་མེད་ཡིན་པའི་བརྡ་རུ་གོ་ཆོག་གོ། འདི་ནི་ཅོག་རོའི་རྒྱུད་ཀྱི་མི་སྣ་གཙོ་བོ་འགའ་ཁེ་རྒད་རྒྱལ་ཏོ་རེའི་ཕྱོགས་སུ་མ་ཁུགས་པས་དམའ་འབེབས་བྱས་པར་མངོན།།
མ་ཡིག་ལས། རྣོ་སྟེ་ནི་མྱི་མཁས་པ་མདོ་ལྕགས་ནྀ་སྟེའུ་ཀ་མ། ཞེས་པས། དེ་རྗེས་རྣོ་ཡང་ཅི་ཡང་འཇོན་ཐང་མེད་པ་ནི་མདོ་སྨད་དམ་མདོ་ཕྱོགས་ཀྱི་མདའ་རྩེ་ལེབ་མོ་སྟེའུ་ཁ་མ་སྟེ། ཐད་ཀར་དུ་བསམ་ན་རྩལ་བོ་ཆེ་མི་བདུན་ལས་མདའ་རྩལ་ལ་ཆེས་ཆེར་མཁས་པ་རྒྱལ་མཚན་སྣང་གྲགས་ལ་གོ་དགོས་པ་འདྲ་སྟེ། ཟླ་རིགས་ཀྱི་རྒྱལ་རབས་ལས། གནོན་རྒྱལ་མཚན་སྣང་གྲགས་ཀྱིས་མདའ་སྟེ་ཁམས(ཁ་མས)བྱེ་ཁྲ་རྐེད་དུ་བཅད་ནས་ཆེ་ཆུང་མྱེད་པར་བྱུང་བ་དང་། ཞེས་མདའི་ཁྱད་ཆོས་སོགས་ལ་གཞིགས་ན་རྒྱལ་མཚན་སྣང་གྲགས་ལ་གོ་ན་འབྱོར་ཡང་། ཁོང་ནི་རུས་མནོན་དུ་གཏོགས་པའི་བྱང་པ་ཞིག་ཡིན་པར་མ་ཟད། ཁེ་རྒད་ཀྱི་ཕྱོགས་གཏོགས་ཀྱི་མི་སྣ་གཙོ་བོ་ཞིག་སྟེ། ཤགས་འདེབས་དགོས་དོན་མེད་པ་ཞིག་ཡིན་ཡང་། མནོན་རྒྱལ་མཚན་སྐབས་འདིར་དྲངས་པའང་དཔའ་རྩལ་ལྡན་པའི་རྩལ་བོ་ཆེ་དག་ཕན་ཚུན་མཉམ་འབྲེལ་མེད་པར་ཁ་འཐོར་བར་སྐྱོ་སྣང་དེ་བརྗོད་འདོད་པ་ཡིན་ཡང་སྲིད། སྤྱིར་ན་མནོན་རྒྱལ་མཚན་འོག་ན་མཚན་དངོས་སུ་བྱུང་ཡོད་ཀྱང། གོང་མ་གཞུ་ལ་དཔེར་དྲངས་ཤིང་། ཕྱི་མ་འདིར་མདའ་ལ་དཔེར་བཀོད་པས། མདའ་གཞུ་ཡ་བྲལ་དུ་གྱུར་བས་ཅི་ཡང་མི་འཇོན་ཚུལ་དང་མི་ནུས་ཚུལ་བརྗོད་ཡོད། སྔར་མདའ་རྩལ་ལ་མཁས་པ་མང་དུ་ཡོད་པས། དེ་ནི་མཐའ་གཅིག་ཏུ་འུ་ཅག་གི་རྒྱུ་ཆ་ཐར་ཐོར་ལས་རྙེད་པའི་མི་སྣའི་མཚན་གང་རུང་ཡིན་དགོས་པའི་ངེས་པའང་མེད། བཙན་པོ་འདུས་སྲོང་ཡང་མདའ་རྩལ་ལ་མཁས་པ་ཞིག་ཡིན་ཏེ། དབུས་ནས་ནྀ་འཕེན་པ་འདི། ཞེས་པས་ཁོང་གི་མདའ་རྩལ་གྱི་ནུས་པའང་རང་ག་བ་མིན་ཚོད་དུ་འདུག མ་གཞི་བཙན་པོ་འདི་ནི། སྐུ་ལ་རྩལ་ཆེད་པོས་བསྣན་ཏེ། ཞེས་ཕོ་རྩལ་གྱི་ཁོ་ལག་རྫོགས་པར་མ་ཟད། ཕག་རྒོད་ལ་བཤན་གྱྀས་མཛད། གཡག་རྒོད་སྒྲོག་དུ་བཅུག ཅེས་ཀྱང་བསྔགས་ཡོད། གང་ལྟར་སྔར་མདའ་སྟེའུ་ཁ་མ་ནི་རྒྱུན་ལྡན་གྱི་མདའ་རྩེ་རྣོ་ཞིང་འབིག་པའི་སྙུང་བུ་དང་མདའ་རྩེ་ཟུར་གསུམ་མ་སོགས་དང་མི་འདྲ་བར། མདའ་རྩེ་ལེབ་མོ་སྟེའུ་ཁ་མ་འཕེན་པ་ལ་ཐུན་མིན་མདའ་རྩལ་ལ་བྱང་བ་ཞིག་དགོས་པ་འདྲ་སྟེ། དགའ་ཐང་འབུམ་པ་ཆེ་ལས། གཤེན་རབ་མྱི་བོ་འིས། མཆོ་གར་དྲའ་བཀུག། ལུ་མར་ལྡོང་སྦྱར་ནས།། མདའ་སྟེའུ་ཁ་ར(མ)སོགས་ཙམ་ཅྀག། ཅེས་གཤེན་རབ་མི་བོས་ཀྱང་མདའ་སྟེའུ་ཁ་མ་སྤྱད་ཚུལ་སོགས་བཤད་པས་སོ།། གོང་གི་མགུར་ཚིག་འདི་དག་ལས་འདུས་སྲོང་གི་འཁོར་གྱི་རྩལ་བོ་ཆེ་མི་བདུན་ལས་འགའ་རེ་དང་རྒྱ་དྲུག་གི་རྗེ་སོགས་དམིགས་གཏད་དེ་དགག་པ་ནན་དུ་བྱས་ཡོད་དོ།།
མ་ཡིག་ལས། འཛངས་ཤིང་ནྀ་སྲི་ཞུ་བ་། ཡར་གྱྀ་ལྷོ་རྔེགས་ཟའ། ངན་ཞིང་ནྀ་ཕོ་ཆེ་བ། འདམ་གྱི་ནྀ་ཅོག་རོ་ཟ། དྲྀ་ངན་ནི་ན་འྀ་དྲི་། གཡའ་ངན་ནྀ་ཟངས་ཀྱི་གཡའ། ཞེས་པས། མཛངས་མའི་ཡོན་ཏན་དང་ལྡན་ཞིང་བཙན་པོར་བཀུར་སྟིའི་ཞབས་ཕྱི་བགྱིད་ཤེས་པ་ནི་ལྷོ་རྔེགས་ཀྱི་བུད་མེད་དག་ཡིན་པ་ལས། འདམ་གཞུང་གི་ཅོག་རོ་བཟའ་མིན་པར་མ་ཟད། ཅོག་རོ་བཟའ་ནི་ལུས་ལ་དྲི་ངན་ཉ་དྲིས་ཁྱབ་ཅིང་། གཟུགས་མདངས་ནི་ཟངས་ལ་གཡའ་ཆགས་པ་ལྟར་སྔོ་ཤས་ཆགས་པ་ལྟར་མི་མཛེས་པར་བརྗོད་དེ་ནན་དུ་དགག་པ་བྱས། འདི་ལས་ལྷོ་རྔེགས་ནི་བཙན་པོའི་གདུང་རབས་སྔ་མ་རྣམས་ནས་བརྒྱུད་པའི་ཕྱོགས་གཏོགས་ཤིག་ཡིན་པས། ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་ལ་མཚོན་ན། དེ་དག་ལ་དངོས་སུ་དགའ་བ་མིན་ནའང་། ཅོག་རོའི་རྒྱུད་པ་བཙན་པོའི་ཕོ་བྲང་དུ་འབྲེལ་བ་བྱུང་བར་ཡི་མ་རང་བའི་རྣམ་པ་སྟོན་ཕྱིར་དུ། བཙན་པོར་བྱང་བ་ལས་ལྷོ་བ་མཛའ་བར་བརྗོད་དགོས་པར་ཐུག་པའང་རྒྱུ་མཚན་དེ་འདྲ་ཡོད་ཆོག བཙན་པོ་དང་ཅོག་རོ་འབྲེལ་བ་བྱུང་བ་ནི་ཁེ་རྒད་ལ་མཚོན་ན་སེམས་ཀྱི་སྐྲན་རྡོ་ཞིག་ཏུ་གྱུར་བས། ཅོག་རོ་བཟའ་ལ་སྨད་ཕྱིར་དུ་ལྷོ་རྔེགས་བཟའ་ལ་བསྟོད་པ་ཙམ་དུ་ཟད། སྤྱིར་ན་མགར་དང་ཁེ་རྒད་ཕྱོགས་གཏོགས་སུ་ཅོག་རོའི་རུས་རྒྱུད་མེད་པའང་མིན་ཏེ། མགར་སྟོང་བཙན་གྱི་ཡང་ཚ་མགར་མང་པོ་རྗེ་སྟག་རྩན་གྱི་ཆུང་མའང་ཅོག་རོ་བ་ཞིག་ཡིན་ཚོད་དུ་སྣང་སྟེ། ཏུན་ཧོང་ཡིག་རྙིང་ལས། མགར་མང་པོ་རྗེ་སྟག་རྩན་གྱྀ་མཆིས་བྲང་།། ཅོག་རོ་ཟ་ཁྱོ་དང་ལྷན་ཆིག ཅེས་པའང་གསལ་བས། མགར་གྱི་ཆུང་མར་གོ་དགོས་པ་ཞིག་ཨེ་ཡིན་སྙམ། དེ་ལྟ་ན་མགར་དང་ཁེ་རྒད་ཀྱི་ཕྱོགས་སུའང་ཅོག་རོའི་རྒྱུད་ཡོད་ཚོད་དུ་འདུག་ཀྱང་། བཙན་པོ་འདུས་སྲོང་གི་འཁོར་དུ་ཅོག་རོའི་རྒྱུད་ཅུང་མང་ཚོད་དུ་སྣང་ལ། དེ་དག་རང་ཕྱོགས་སུ་ཡོངས་སུ་འགུག་མ་ཐུབ་པས་བྱང་རྒྱུད་པ་ཕམ་བྱེད་ཀྱི་རྒྱུ་རྐྱེན་གྱི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་འདྲ། དེ་ལྟར་སྐབས་འདིར་ཅོག་རོ་བཟའ་ཕོ་བྲང་ནང་དུ་འབྲེལ་བ་བྱུང་བར། མགར་གྱི་ཕྱོགས་གཏོགས་ལ་མཚོན་ན་ཆེས་མི་དགའ་བའི་སྣང་ཚུལ་ཡང་ཡང་མངོན་ཡོད།
མ་ཡིག་ལས། སྐུ་འྀ་ནི་རིང་སྟོད་དུ་། གཡང་གྀ་ནི་ཡུགས་བབ་བམ། སྐུ་འྀ་ནི་རིང་སྨད་དུ་ཚེར་ཀྱི་ནི་ཡུགས་ལྷུང་ངམ།། ཞེས་ཚིག་རྐང་གསུམ་གྱི་རྣམ་པར་ཡོད་ཀྱང་དོན་དུ་ཚིག་རྐང་བཞི་ཡིན། གོང་གི་ཚིག་རྐང་འདི་དག་ལ་འགྲེལ་ཚུལ་མང་ནའང་། གནའ་བོའི་གོམས་གཤིས་དང་རྗོད་པའི་བརྡ་ཐབས་འགའ་ཞིག་ད་ལྟ་དང་རྒྱང་ཁད་གྱེས་པས། དོན་དངོས་མཐུན་པའི་དཔྱད་པས་ཅུང་མི་ལྕོགས་པའི་སྣང་ཚུལ་ཡང་ཡང་འཕྲད་ནའང་། གཙོ་བོ་ཡིག་རྙིང་གི་རྒྱུ་ཆ་དག་ཕན་ཚུན་བསྡུར་ན་སྐབས་དེའི་བརྡ་ཐབས་སོགས་གང་ཐད་ནས་གོ་བ་གསར་བ་རེ་རྙེད་ཀྱང་སྲིད། དེས་ན་འདིར་ཡོངས་གྲགས་ཀྱི་འགྲེལ་དང་ཅུང་མི་འདྲ་བ་ནི། བཙན་པོ་འདུས་སྲོང་ནི་དཔའ་མཛངས་གང་ཡང་མི་ལྡན་པའི་ཤི་རོ་ལྟ་བུ་ཞིག་ཏུ་གོ་བ་མིན་ནམ་སྙམ། མགུར་ཚིག་ལས་གཡང་གི་ཡུགས་དང་ཚེར་གྱི་ཡུགས་ཞེས་པའི་ཡུགས་ནི་ཡུགས་སའི་དོན་དང་འབྲེལ་ཏེ་སྦྱར་ན། གནའ་བོ་འདུ་ཤེས་འཛིན་སྟངས་དང་འཆད་སྟངས་གང་ལ་གཞིགས་ན་ཅུང་འབྱོར་བར་སེམས་ཏེ། སྔར་གྱི་དུར་རྫས་སུ་ལུག་ལྤགས་དང་ར་ལྤགས་ཀྱང་འཇོག་སྲོལ་བྱུང་འདུག་སྟེ། པྲ་དུན་རྩེའི་རྡོ་རིང་བཤུས་ཡིག་ལས། ལུག་ར་ཡུགས་སའི་གོས་རིན་སྲང་རྒུ་། ཞེས་པའང་དུར་རྫས་སུ་ལུག་དང་ར་ཡི་པགས་གོས་དགོས་ཚུལ་འདུག་པས། འདིར་ཡང་དེ་དང་མཐུན་པར་འདོད། ད་ལྟའང་ལུག་ལྤགས་ཀྱི་སློག་པ་གྱོན་སྲོལ་ཡོད་པར་མ་ཟད། སྟོད་མངའ་རིས་སོགས་སུ་བུད་མེད་ཀྱིས་ར་ལྤགས་སྤུ་རིང་བ་གྱོན་པའང། གོམས་གཤིས་ཀྱི་ལྷག་རོ་དག་ཕན་ཚུན་སྦྲེལ་ན་གོ་བ་ཞིག་ཡོད། ཡུགས་ས་ཞེས་པ་ནི་གནའ་བོའི་དུར་རྫས་སྒྲུབ་སྟངས་སུ་ཡུགས་སའི་གོས་དགོས་པའང་ཆ་རྐྱེན་ཞིག་ཡིན་པར་འདུག དེས་ན་དོན་དུ་བཙན་པོ་ནི་ཤི་བོ་ཞིག་དང་འདྲ་བའམ་ཤི་སོང་བ་མིན་ནམ་ཞེས་ཟུར་ཟ་བྱས་པར་སེམས། ཡོངས་གྲགས་ལྟར་ན། འདུས་སྲོང་གི་སྐུ་ཡི་སྟོད་དུ་གཡང་མོ་ལུག་སྟེ་ཁྲོམ་བཞིན་ཆགས་པ་བྱུང་ངམ་འདུར་རྒྱུག་ལ་བྲེལ་ཞིང་། སྐུ་ཡི་སྐུ་སྨད་དུ་ར་བཞིན་རི་བྲག་གང་སར་འདུར་རྒྱུག་གིི་བར་དུ་ལྷུང་བ་ཅི་ཡིན་ནམ་ཞེས་མགུར་དུ་བླངས། སྐབས་འདིའི་ཡུགས་ཅེས་པར་འགྲེལ་བཤད་འདྲ་མིན་འདུག་ཀྱང་རྒྱུག་པ་ལ་གོ་ན། དབུས་བློ་གསལ་གྱིས་རྐང་བ་ལ་ཡུག་པ་ཞེས་འགྲེལ་ཞིང་། དེ་བཞིན་རྒྱུན་དང་ཡུན་གྱི་བར་དུ་འབྲེལ་བ་ཡོད་པས། ཡུགས་ནི་རྒྱུག་གི་འབྲི་ཚུལ་ལམ་བརྗོད་ཚུལ་ཞིག་ཏུ་གོ་བ་བླང་ཚེ། འདུས་སྲོང་ནི་ཕྱོགས་གང་སར་བྲེལ་ཞིང་རྒྱུག་པར་མི་དགའ་བའི་རྣམ་འགྱུར་ཆེས་ཆེར་བསྟན། ཚིག་རྐང་ཕྱི་མ་དག་དང་བསྡུར་ན་འགྲེལ་ཚུལ་འདི་འཐད་ལྡན་དུ་གཟུང་ཆོག་ཀྱང་། སྐབས་དེའི་སྔ་མོའི་འདུ་ཤེས་འཛིན་སྟངས་དང་སྐད་བརྡ། གོམས་སྲོལ། རིག་གནས་སྣང་ཚུལ་སོགས་ལ་གཞིགས་ཚེ་སྔ་མ་འཕྲོད་པར་མཆིས། ཁེ་རྒད་ཀྱི་མགུར་འདིར་སྐབས་རེར་བསྟོད་པའི་ཟོལ་གྱིས་སྨད་པ་བྱས་ཏེ་མཆོངས་ལྡིང་གི་རྣམ་པ་ཤུགས་ཆེར་ཡོད་དེ། བཞུགས་ཀྱང་ནྀ་འོད་མྱི་དྲོ། ཞེས་པའང་ལྡོག་ཕྱོགས་ཀྱི་གནས་ཚུལ་དུ་མ་ཡང་ཡང་སྦྲེལ་ཏེ་ཕན་ཚུན་གོ་བ་ལེན་དགོས་པ་མང་དུ་ཡོད། དེས་ན་བཙན་པོའི་མཐའ་འཁོར་དུ་མནོན་སོགས་དཔའ་ངར་ལྡན་ཞིང་རྩལ་བོ་ཆེ་སོགས་ཀྱིས་བསྐོར་ཡང་བཙན་པོ་ནི་ཅི་ཡང་མི་ནུས་པར་དུར་རྫས་ངང་གིས་བྱུང་བ་ལྟ་བུའི་ཤི་རོ་ཞིག་ཏུ་གོ་བར་བྱེད་ན་འཐུས་སྙམ།
མ་ཡིག་ལས། སྔུན་ན་ནྀ་འདྲེན་པ་འདྀ་། ཁྲི་གདའས་ནྀ་ཡུལ་བྱིན་དང། མདོ་གྲགས་ནྀ་དགུང་དང་ཉེ།། སླད་ནས་ནྀ་རྟོན་པ་འདི། རྒྱལ་ཚན་ནྀ་སྣང་གྲགས་དང། མུ་ཀེན་ནྀ་ཀླུ་ཅུ་རྨད།། ཅེས་པ་ལས་མི་སྣ་བཞི་ཙམ་གྱི་མཚན་མངོན་ཡོད་དེ། ཁྲི་གདའས་ཡུལ་བྱིན་དང་མདོ་གྲགས། རྒྱལ་མཚན་སྣང་གྲགས། མུ་ཀེན་ཀླུ་ཅུ་བཅས་པ་ཡིན། མི་སྣ་བཞི་ག་ནི་འདུས་སྲོང་གི་སྐབས་སུ་དཔའ་མཛངས་འཕྲུལ་གསུམ་ལྡན་པའི་མི་སྣ་ཤ་སྟག་ཏུ་འདུག་པར་མ་ཟད། ཁྲི་གདས་ཡུལ་བྱིན་དང་རྒྱལ་མཚན་སྣང་གྲགས་ནི་རྩལ་བོ་ཆེ་མི་བདུན་གྲས་སུའང་ཡོད། དཔེར་ན། ལྡེའུ་ཆོས་འབྱུང་ལས། གནོན་རྒྱལ་མཚན་གྱིས་མདའ་སྟེ་ཁ་མས་བྱ་ཁྲ་ནམ་མཁའ་ལ་མོ་འདེབས་པ་ལ་བརྒྱབ་པས་སྐེད་པ་བཅད། གནོན་ཁྲི་ལྡེ་ཡུལ་བྱིན་གྱིས་མ་ཐུབ་པའི་རྟ་རྒོད་གཡང་ལ་མཆོང་བ་ཡར་ལ་ཐེན་ནོ།། ཞེས་པས། གནོན་རྒྱལ་མཚན་དང་གནོན་ཁྲི་ལྡེ་ཡུལ་བྱིན་གཉིས་ཀྱི་མཚན་གྱི་འབྲི་སྟངས་དང་མཚན་བསྡུས་མིན་ཅི་རིགས་ཡོད་པ་ལས་དོན་གཅིག་ལ་འབབ། ཡར་ལུང་ཇོ་བོའི་ཆོས་འབྱུང་ལས། གནོན་རྒྱལ་མཚན་གྱིས་མདའ་མདེའུ་ཁ་མས་བྱ་ཁྲ་སྐེད་པ་བཅད། ཅེས་དང་། ཡང་། གནོན་ཁྲི་བདུན་གཡུ་སྦྱིན་གྱིས་རྟ་གཡང་ལ་མཆོངས་པ་གྱེན་ལ་འཐེན་ནུས་པ་རྣམས་བྱུང་། ཞེས་པའང་། མཚན་གྱི་འབྲི་སྟངས་ལ་ཁྲི་གདའས་ཡུལ་བྱིན་ལ་ཁྲི་བདུན་གཡུ་སྦྱིན་ཞེས་ཅུང་ཟད་མ་འདྲ་ཙམ་ལས་དོན་དུ་མི་སྣ་གོང་དང་མཚུངས། ཁོང་གཉིས་ཀྱི་ཁྱད་ཆོས་ནི་མདའ་རྩལ་ལ་བྱང་ཆུབ་པ་དང་ཤེད་མོང་གི་སྟོབས་རྩལ་རྫོགས་པས་རྩལ་བོ་ཆེ་རུ་བགྲང་ཡོད། དེ་མཚུངས་སུ། ཟླ་བའི་རིགས་ཀྱི་རྒྱལ་རབས་ལས་ཀྱང་། གནོན་རྒྱལ་མཚན་སྣང་གྲགས་ཀྱིས་མདའ་སྟེ་ཁམས(ཁ་མས)བྱེ་ཁྲ་རྐེད་དུ་བཅད་ནས་ཆེ་ཆུང་མྱེད་པར་བྱུང་བ་དང་། གནོན་ཁྲི་འདུས་ཡུལ་བྱིན་གྱིས་རྟ་རྒོད་གཡང་ལ་ལྷུང་བ་སླར་ཡང་ཐེན་ནུས་པ་ལ་སྩོགས་པའི་རྩལ་པོ་ཆེ་ཀུན་དེར་བྱུང་བ་དང་། ཞེས་པར། གནོན་རྒྱལ་མཚན་སྣང་གྲགས་ཞེས་མཚན་ཆ་ཚང་བ་དང་། གནོན་ཁྲི་གདའས་ཡུལ་བྱིན་གྱི་མཚན་ཡང་གདའས་ལ་འདུས་ཞེས་པ་ལས་དོན་དུ་མཚུངས། བཤད་མཛོད་ཡིད་བཞིན་ནོར་བུ་ལས། རྣ་གནོན་རྒྱལ་མཚན་རང་གཡེང་འཆོང་ནས་འདོག གནམ་གྱི་ཁྲི་སྟེང་རྟ་རྒོད་གཡག་གོང་ཟིན། ཅེས་པའང་། མཚན་དང་རྩལ་རྟགས་སོགས་ཅུང་ཟད་མི་འདྲ་ཡང་མི་སྣ་གཅིག་ཡིན། བོད་རྒྱ་ཡིག་ཚང་སོགས་སུ་རྩལ་བོ་ཆེའི་དཔའ་མཚན་ནམ་རྩལ་རྟགས་མི་འདྲ་བ་དུ་མ་ཡོད་ཀྱང་རེ་རེ་བཞིན་མ་དྲངས། དེ་བས་ཀྱང་དོ་སྣང་བྱ་འོས་པ་ཞིག་ནི་ཁོང་གཉིས་ཀྱི་རུས་གཅིག་པ་སྟེ། གནོན་ཏེ་དོན་དུ་མནོན་གྱི་རུས་སུ་གཏོགས་པ་ནི་གནད་འགག་ཅིག་ཡིན། གནམ་རི་སྲོང་བཙན་དུས་སུ་མྱང་དབས་མནོན་གྱི་མཛད་རྗེས་ཆེས་ཆེར་བཞག་མྱོང་བས། ཏུན་ཧོང་ཡིག་རྙིང་ལས། ཁོ་ན་འྀ་པུ་ནུ་པོ་མནོན་ལ་སྩོགས་པ་བྲན་ཁྱྀམ་སྟོང་ལྔ་བརྒྱའ་སྩལ་ཏོ།། ཞེས་བྱུང་། ཕྱིས་སུ་ཁྲི་ལྡེ་གཙུག་བཙན་གྱིས་དུས་སུ་མནོན་གྱི་ཁོར་ཡུག་ཏུ་འདུན་མ་བསྡུས་ཡོད་དེ། ཏུན་ཧོང་ཡིག་རྙིང་ལས། (༧༡༤ལོར) དགུན་འདུན་མནོན་དུ་བློན་ཁྲྀ་སུམ་རྗེ་རྩང་བཞེར་གྱྀས་བསྡུསྟེ། ཞེས་ཀྱང་མནོན་གྱི་རུས་སུ་གཏོགས་པའི་ཡུལ་དུ་མུ་མཐུད་དུ་བཙན་པོས་མགོ་གནོན་བཞིན་པ་ཤེས་ཐུབ། སྤུར་རྒྱལ་བཙན་པོའི་ཆབ་སྲིད་ཁྲོད་དུ་མནོན་གྱི་རུས་རྒྱུད་ཀྱིས་ཀྱང་གོ་གནས་འགངས་ཆེན་བཟུང་མྱོང་། གང་ལྟར་རྒྱལ་བློན་གྱི་འགལ་བ་དང་ཆབ་སྲིད་ཀྱི་འགྱུར་ལྡོག་འདྲ་མིན་ལ་རྐྱེན་བྱས་ཏེ། མནོན་གྱི་རུས་རྒྱུད་ཀྱང་ཤིན་ཏུ་རྒྱས་ཏེ་རིམ་གྱིས་རྒུད་པར་ཕྱོགས་པའི་སྣང་ཚུལ་ཞིག་ཀྱང་བྱུང་ཡོད། ཏུན་ཧོང་ཡིག་རྙིང་ལས། (༧༠༥ལོར) ལྡེག་རེན་པའ་མནོན་སྣང་གྲགས་དང། ཁེ་རྒད་མདོ་སྣང་ལས་སྩོགས་པ་ལོག་སྟེ་བོན་མོ་ན་ལ་ཙེར་ལྡེག་རེན་པ་ལོག་པ་རྣམས་བཀུམ། ཞེས་མགུར་ཚིག་འདི་ཉིད་གྱེར་མཁན་གྱི་ཁེ་རྒད་མདོ་སྣང་དང་ཁོང་གི་ཕྱོགས་གཏོགས་མནོན་རྒྱལ་མཚན་སྣང་གྲགས་སོགས་ངོ་ལོག་གསལ་བོར་ཤེས་པར་མ་ཟད། འདུས་སྲོང་སྐབས་ཀྱི་རྩལ་བོ་ཆེ་མི་བདུན་ཡང་བཙན་པོའི་ཕྱོགས་གཏོགས་དང་མགར་གྱི་ཕྱོགས་གཉིས་སུ་གྱེས་ཤིང་། རིམ་གྱིས་གཙང་བོ་ལྷོ་བྱང་གི་གནད་དོན་ཞིག་ཏུ་འཕོས་འགོ་ཚུགས་པ་གོང་ལྟར་རོ།། ཁེ་རྒད་ཀྱི་རུས་ནི་པ་ཚབ་ཏུ་གཏོགས་པས། མགར་དང་པ་ཚབ་ཀྱི་འབྲེལ་བ་ནི་མགུར་འདི་གཅིག་པུའང་མིན་པར། བཙན་པོའི་དུས་ཀྱི་ལོ་ཚིགས་གནད་བསྡུས་སུའང་། (༦༩༠ལོ) མགར་འབྲྀང་རྩན།རྩང་རྟོན་དང་། པ་ཙབ་རྒྱལ་ཙན་ཐོམ་པོ་གཉྀས་གྱིས། གཡོ་རུའྀ་ཞིང་གྱི་ཕྱྀང་རིལ་བཏབ་ཕར་ལོ་གཆྀག། ཅེས་པ་མགར་དང་པ་ཚབ་ཀྱི་འབྲེལ་བ་གོང་དུའང་བརྗོད་ཟིན། བཙན་པོ་དང་མགར་གྱི་བར་དུ་འགལ་བ་བྱུང་རྗེས་མགར་གྱི་ཕྱོགས་གཏོགས་ཀྱིས་ངོ་ལོག་རིམ་པར་བྱས་པ་ཤེས་པར་མ་ཟད། ཏུན་ཧོང་ཡིག་རྙིང་ལས། མང་པོ་རྗེ་སྟག་་་་་་ཚབ་རྒྱལ་ཏོ་རེ་རྒྱ་ལ་བྲོས་པ་འྀ་ཚེ། པ་ཚབ་རྒྱལ་ཏོ་རེས་ཀླུ་བླངས་པའ། ཞེས་པས་མགར་གྱི་དོན་རྐྱེན་དང་མཉམ་དུ་པ་ཚབ་རྒྱལ་ཏོ་རེས་ཀྱང་མཐར་རྒྱ་ལ་མགོ་བཏགས་པ་གསལ་བར་བྱས། སྐབས་འདིར་རུས་མནོན་དང་པ་ཚབ་གཉིས་ཀྱང་མགར་གྱི་རྒྱབ་རྩར་ལངས་ཏེ་མཐར༧༠༥ ལོར་བཙན་པོར་ངོ་ལོག་པ་འདི་དག་ཕམ་ཉེས་བྱུང་ཡོད། ཡིན་ནའང་། མགར་གྱི་ཁྱིམ་རྒྱུད༦༩༨ ལོར་བཙན་པོའི་སྲིད་སྟེགས་ནས་ཕྱུང་མ་ཐག་ནས་ནང་ཁུལ་དུ་བདེ་འཇགས་སུ་སོང་མེད་པ་ནི་ཁེ་རྒད་ཀྱི་གནད་དོན་འདི་དག་ལས་རྟོགས་ཐུབ། ད་དུང་མ་ཡིག་ཏུ་མདོ་གྲགས་དང་མུ་ཀེན་ཀླུ་ཅུ(རྨད)ཅེས་པའི་བློན་པོའང་འདུག་ཀྱང་། འདུས་སྲོང་གི་སྤུར་བཞུགས་ལའང་། ཏུན་ཧོང་ཡིག་རྙིང་ལས། བཙན་པོ་འདུས་སྲོང་གྱྀ་དཔུར། མེར་ཀེའི་རྀང་ཁང་ན་བཞུགས། ཞེས་པ་ལས། མུ་ཀེན་ནི་མེར་ཀེ་ཡི་འབྲི་ཚུལ་གཞན་ཞིག་ཡིན་ནམ། དེ་ལྟར་ཡིན་དུ་ཆུགས་ན་བློན་པོ་འདི་ཡང་ཡུལ་དེ་ནས་ཡིན་ཡང་སྲིད། མུན་ཀེན་ཀླུ་ཅུའམ་མུ་ཀེན་ཀླུ་ཅུ་རྨད་གཅིག་ཏུ་སྦྱར་དགོས་མིན་ཡང་དཔྱད་དགོས། དེ་མིན་བློན་པོ་གང་དང་གང་ཡིན་དཔྱད་གཞི་ཁུངས་ཐུབ་པ་མི་རྙེད་མོད། མདོ་གྲགས་ནི་གཅིག་བྱས་ན། ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་ཁོང་རང་ཉིད་ཡིན་ཡང་སྲིད་མོད་མུ་མཐུད་དུ་དཔྱད་འོས། མདོར་ན་འདུས་སྲོང་གི་སྔ་ཕྱིའམ་ཉེ་འཁོར་དུ་མནོན་དང་པ་ཚབ་རུས་རྒྱུད་ཀྱིས་ཀྱང་གོ་གནས་ངེས་ཅན་ཟིན་ཀྱང་། མགར་དང་བཙན་པོའི་བར་དུ་འགལ་བ་བྱུང་རྗེས་མནོན་གྱི་རྒྱུད་ཀྱིས་ཀྱང་ངོ་ལོག་གི་སྦྱོར་བ་ཆེས་ཆེར་བརྩམས་ཏེ། མཐར་བཙན་པོ་དང་འགལ་བ་རྣོ་ངར་དུ་འཕེལ་ཏེ་བཙན་པོ་དག་གིས་ཀྱང་རུས་རྒྱུད་འདི་དག་གི་མི་སྣ་གཙོ་བོ་དག་ཀྱང་རིམ་གྱིས་ཚར་བཅད་ཡོད། དེས་ན་གོང་ནས་ཅོག་རོ་བ་སྤྱན་བུ་ཆུང་ཞེས་མཐོང་ཆུང་བྱས་པའང་རྒྱུ་མཚན་ཡོད་དེ། ཁྲི་གདས་ཡུལ་བྱིན་ནི་བཙན་པོའི་སྔུན་འདྲེན་ཡིན་པས། དོན་དུ་སྤྱན་ཆེན་པོ་ཡིན་པར་ཤུགས་སུ་གོ་བར་བྱས་ཡོད། སྤྱིར་ན་སྤྱན་ཆེན་པོ་ནི་བཙན་པོའི་མདུན་ན་འདོན་ཙམ་མིན་པར། བཙན་པོས་དམག་དོན་ལ་ཞབས་ཀྱིས་འཛུགས་སྐབས་རུ་བསྟར་གྱི་སྤྱན་འདྲེན་པ་དང་། ནང་སྲིད་ཀྱི་ལྟ་རྟོག་པ་བཅས་དམག་སྲིད་གཉིས་ཀྱི་གོ་གནས་ངེས་ཅན་ཡོད་པ་ཞིག་ཏུ་གོ་ཆོག་སྙམ་མོ།།
མ་ཡིག་ལས། དབུས་ནས་ནྀ་འཕེན་པ་འདི།། ཆེ་འམ་ནྀ་ཆུང་མ་འཚལ།། འདུས་སྲོང་ནྀ་མང་པོ་རྗེ་། སྐུ་ལ་ནྀ་འཕྲུལ་ཡང་མངའ།། འོག་ན་ནྀ་བཆིབས་པ་འདི་།། རྒྱལ་མ་ནྀ་མཐའ་བཞི་འདུལ།། མགྱོགས་སམ་ནྀ་བུལ་མ་འཚོ་།། རྨྱིག་རྗེས་ནྀ་མྱིས་མྱི་མཐོང།། རྗེ་ཆིག་ནྀ་མང་པོ་རྗེ། གཤེགས་སོ་ནི་མང་པོ་རྗེ། བཞུགས་ཀྱང་ནྀ་འོད་མྱི་དྲོ། གཤེགས་ཀྱང་ནྀ་དང་མ་ཆགས།། ཞེས་པས་འདུས་སྲོང་མང་པོ་རྗེའི་སྐོར་བཀོད་ཡོད། མདུན་རྒྱབ་གཉིས་སུ་རྩལ་བོ་ཆེ་མི་བདུན་ལ་སོགས་རུ་བསྟར་ཤིན་ཏུ་རྔམ་བརྗིད་ལྡན་པ་ཡིན་ཚུལ་བརྗོད་ཅིང་། དེ་ལས་མནོན་སོགས་ཀྱི་གཟི་བརྗིད་དམིགས་སུ་བཟུང་སྟེ་ངོམ་སོ་བགྱིད་པ་ནི་ཁེ་རྒད་ཀྱིས་བཙན་པོའི་མཛད་རྗེས་ལ་དམའ་འབེབས་པའི་ཐབས་སུ་སྤྱད་ཡོད། མགུར་ཚིག་འདི་ལས་ཀྱང་། རྔམ་བརྗིད་ལྡན་པའི་གྲལ་བསྟར་དེའི་དབུས་ན་མདའ་འཕེན་པ་འདི་ནི་ཆེན་པོ་ཡིན་ནམ་ཆུང་ཆུང་ཞིག་ཡིན་པར་བཤད་མ་ཤེས་ཏེ། གང་ལྟར་འདུས་སྲོང་མང་པོ་རྗེ་ནི་སྐུ་རྩལ་དང་མཛངས་འཕྲུལ་ལྡན་ཞིང་། ཆིབས་རྟ་རྒྱལ་མའང་ཕྱོགས་མཐའ་ཀུན་འདུལ་ནུས་པའི་བང་རྩལ་རྫོགས་ཀྱང་། དོན་དུ་རྟ་དེ་མགྱོགས་པའམ་དལ་བ་གང་ཡིན་བརྗོད་མི་ཤེས་ཚུལ་བརྗོད་དེ་བསྟོད་པའི་ཚུལ་གྱིས་སྨད་དེ་ཟུར་ཟའི་གོ་བ་ཆེས་ཆེར་བསྐྱེད་ཡོད། གོང་དུའང་། ཤུ་མ་ནྀ་རྒྱལ་མ་གཉིས། ཞེས་པའི་རྒྱལ་མ་ནི་སྐབས་འདིར་བཙན་པོའི་ཆིབས་རྟ་ཡིན་པས་ཆེད་དུ་བརྗོད་ཡོད། སྔར་རྒྱལ་ཕྲན་སིལ་མའི་སྐབས་སུ། རྟ་རྩང་རྟ་དགོལ་ལོང་ལེགས་པའ། ཞེས་དང་། རྟ་སྐྱི་རྟ་སྐྱ་མ་ལན་ཀར། ཞེས་དང་། རྟ་རྔེགས་རྟ་སྔོ་མ་གཞུང་བཀྲའ། ཞེས་པ་སོགས་ཆིབས་རྟ་གཙོ་བོ་དག་གི་ཁྱད་ཆོས་བརྗོད་ཡོད། གང་ལྟར་སྐབས་འདིར་རྨིག་རྗེས་ཀྱང་མིག་གིས་ཟིན་དུ་མེད་པ་ལྟ་བུར་སྣང་ཞེས་བསྟོད་པའི་ཚུལ་བྱས་ཏེ། མགྱོགས་སམ་དལ་ལམ་ཞེས་ཐེ་ཚོམ་གྱི་དྲི་གཞི་འཕངས་ཏེ་ཚིག་ཟུར་གྱིས་ནན་དུ་རྡེག་ཡོད། རྗེ་གཅིག་ཡོད་ནི་འདུས་སྲོང་མང་པོ་རྗེ་ཡིན་ཡང་། གང་སར་ཕེབས་རྒྱུ་མང་ཞིང་དགོས་མིན་ལ་ཇུས་གཏོགས་བྱེད་པ་ཐལ་དྲགས་པས། གལ་སྲིད་རྒྱལ་སར་བཞུགས་ནས་བསྡད་ཀྱང་དྲོད་ཁོལ་སྟེར་མི་ཐུབ་པའམ་བརྩེ་བས་སྐྱོང་མི་ནུས་པར་གནོན་ཤུགས་ཆེ་བ་དང་། ག་ཤེད་དུ་ཕེབས་ཟིན་ཀྱང་ཞེན་ཆགས་མེད་པར་ཁོ་ཐག་ཆད་ཚུལ་སོགས་དངོས་སུ་བརྗོད་པ་ནི། བཙན་པོ་ལ་ཞེན་པ་ལོག་པའི་རྣམ་འགྱུར་མངོན་སུམ་དུ་བསྟན་པ་ལ་གཞིགས་ན། ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་ཡང་མི་སྣ་ཤིན་ཏུ་འགངས་ཆེན་ཞིག་ཡིན་པའི་སྤོབས་པ་ཡོད་ཚོད་དུ་འདུག འདི་ནི་རྒྱལ་བློན་བར་གྱི་འགལ་བ་ཛ་དྲག་ཏུ་གྱུར་ཏེ་མགར་གྱི་ཁྱིམ་རྒྱུད་ལ་གནོད་པ་ཚབས་ཆེན་བྱུང་བ་དང་། མནོན་དང་པ་ཚབ་ཕྱོགས་ཀྱང་གུམ་སྤྱུགས་བཏང་བའི་གནས་ཚུལ་དག་འབྱུང་བཞིན་པའི་སྐབས་སུ་འཁེལ་བས། མགུར་འདི་ཡང་༦༩༨ལོ་ནས༧༠༥ བར་དུ་བླངས་པ་ཤེས་ཐུབ་བོ།།
གསུམ་པ། ཁེ་རྒད་ཏོ་རེ་མདོ་སྣང་གི་མགུར་གྱི་སྒྱུ་རྩལ་ཁྱད་ཆོས་བཤད་པ།
༡ ཚེག་བར་དྲུག་མའི་ཁྱད་ཆོས།
གནའ་བོའི་བཙན་པོའི་དུས་ཀྱི་མགུར་མང་ཤོས་ཚེག་བར་དྲུག་མའི་རྣམ་པར་ཡོད། དེ་ཡང་དེང་དུས་ཀྱི་ཚངས་མགུར་ལྟ་བུའི་དྲུག་མའི་རྣམ་པ་མ་ཡིན་པར། ཚིག་རྐང་གི་མང་ཉུང་འདྲ་ཡང་ངལ་གསོའི་གཅོད་མཚམས་གཉིས་ཅན་ཏེ། ཚེག་བར་གསུམ་པ་དང་དྲུག་པར་ཆ་བགོ་བྱས་ཏེ་གྲུབ། དེ་ནི་གནའ་བོའི་དབྱངས་འགྲོས་ཀྱི་ཁྱད་ཆོས་ལ་རན་པའི་དང་ཚིག་འགྲོས་སྤེལ་སྟངས་དམིགས་བསལ་བ་ཞིག་ཡིན། དཔེར་ན། ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་གི་མགུར་ལས། རུ་ཐུང་ནྀ་བསར་ང་བ། ཁོང་ཁྱིམ་ནྀ་སྤྱན་བུ་ཅུང་། རིས་བཀྲའ་ནྀ་བསར་ང་བ་། མོན་ཀ་འྀ་ནི་སྟག་གཆིག་པ། ཞེས་པ་ལྟར། ཚེག་བར་གསུམ་པའི་ངལ་གསོའི་གཅོད་མཚམས་སུ་ནི་སྒྲ་སྟེ་བརྣན་པའི་སྒྲ་གཙོ་ཆེར་ཡོད་པ་ནི་བཙན་པོའི་དུས་ཀྱི་མགུར་གྱི་ཐུན་མིན་ཁྱད་ཆོས་ཤིག་ཡིན། ནི་སྒྲ་སྦྱར་སྟངས་ཀྱང་མི་འདྲ་བ་དུ་མ་ཡོད་ཀྱང་། ཚེག་བར་གསུམ་པར་ཁེལ་བ་ཅུང་མང་ཤོས་ཡིན། མཚམས་རེར་མི་སྣ་གཅིག་གི་མཚན་གྱི་བར་དུའང་ནི་སྒྲ་བཅུག་སྟེ། མཚན་གྱི་ངོ་བོ་སྒྲིབ་པར་མི་གནོད་པར་མགུར་ལེན་སྟངས་ལ་འཕྲོད་པའི་དབྱངས་ཀྱི་ལྡེམ་འགྲོས་ལ་རོགས་འདེགས་བྱས་ཡོད། མ་ཡིག་ལས། སྔུན་ན་ནྀ་འདྲེན་པ་འདི་། ཁྲི་གདའས་ནྀ་ཡུལ་བྱིན་དང། ཞེས་དང་། སླད་ནས་ནྀ་རྟོན་པ་འདི། རྒྱལ་ཚན་ནྀ་སྣང་གྲགས་དང། ཞེས་པར། ཁྲི་གདའས་ཡུལ་བྱིན། རྒྱལ་ཚན་སྣང་གྲགས་ཞེས་པ་རྩལ་བོ་ཆེ་མི་བདུན་གྲས་ཀྱི་མི་སྣའི་མཚན་ཆ་ཚང་ཡིན་ཡང་། མགུར་ཚིག་ལེན་བདེ་བ་དང་དབྱངས་འགྱུར་འོང་ཕྱིར་དུ། ནི་སྒྲ་མཚན་གྱི་བར་དུ་བཅུག་སྟེ་དབྱངས་ཀྱི་འདེགས་འཇོག་དང་འགྱུར་བག་ལ་རོགས་འདེགས་ཀྱི་ནུས་པ་ཐོན་ཡོད། ཚེག་བར་དྲུག་མའི་ནང་གསེས་ཀྱི་རྣམ་པ་འདི་ནི་བཙན་པོའི་དུས་ཀྱི་མགུར་སོགས་ལ་དར་སྲོལ་ཤུགས་ཆེར་སྣང་བར་མ་ཟད། གནའ་བོའི་རྩོམ་རིག་གི་རྣམ་པ་གཞན་དུའང་ཤུགས་རྐྱེན་གང་འཚམ་ཡོད་དེ། སྒྲུང་རབས་སོགས་སུའང་སྐབས་རེར་ཚེག་བར་དྲུག་མའི་རྩོམ་ཐབས་འདི་ཉིད་བྱུང་བ་ནི། ཏུན་ཧོང་ཡིག་རྙིང་གི་ཐང་ང་བརླ་མའི་རབས་ལས། རོ་གུ་ནི་སྤྱན་རྣོན་ལས། ཐན་ཏང་ནི་ཕྲིན་བཏང་སྟེ།། སྨྲ་གོལ་ནྀ་སྐྱི་མ་འིས།། སྙིང་ཡང་ནྀ་མ་རིངས་སོ། ཞེས་པ་ལྟ་བུ་སྒྲུང་གི་དཀྱུས་སུའང་ཚིག་རྐང་དྲུག་མའི་འབྲི་ཐབས་བྱུང་བ་ཡང་འགའ་རེ་མཆིས། དེ་མིན་གྱི་ཡིག་ཆ་ཅུང་ཟད་རྙིང་བ་དག་ཏུའང་ཡོད་དེ། སྲིད་པ་སྤྱི་སྐོང་ལས། ཨ་ཕྱི་ནི་གནམ་གྱི་ལྷ།། ཡང་ཕྱི་ནི་དགུང་རྒྱལ་མ།། ཞེས་པ་ལྟ་བུའང་རྣམ་པ་ཅུང་ཟད་སྔ་བའི་ཁྱད་ཆོས་ལྡན་པའི་མཚོན་བྱེད་ཅིག་ཏུ་གྱུར་ཡོད། དེ་བཞིན་དུ། ཏུན་ཧོང་ཡིག་རྙིང་གི་མོ་ཡིག་ལས། ཀྱེ། དྲུ་གུ་ནི་ཁྲི་སྣང་ཞིག། མ་འཚལ་ནི་མཆིད་མཆི་རན།། གློ་བ་ནྀ་གཡར་མྱྀ་བཟོད།། སྣང་འཙན་ནྀ་ཞ་བོ་ཞིག ཆབ་ལ་ནི་ཁང་དབུད་དུ།། གདུང་ཕྱམ་ནྀ་ཁོད་མྱི་སྙོམས།། ཞེས་པའང་། གནའ་བོའི་མགུར་ཚིག་གམ་ཚེག་བར་དྲུག་མའི་རྣམ་པ་ནི་གཅིག་གྱུར་དུ་ཡོད། དྲུག་མ་དེའང་ངལ་གསོའི་གཅོད་མཚམས་ཚེག་བར་གསུམ་པ་དང་དྲུག་པར་ཁེལ་བ་ཤ་སྟག་ཏུ་སྣང་། དེ་ལྟར་གནའ་བོའི་མགུར་ཙམ་དུ་མ་ཟད་སྒྲུང་རབས་དང་མོ་ཡིག་སོགས་སུའང་འབྲི་སྟངས་འདི་ཉིད་ཀྱི་ཁྱད་ཆོས་མི་ཉུང་བ་བྱུང་། དེ་ནི་བཙན་པོའི་དུས་ཀྱི་མགུར་དབྱངས་ལ་འདྲེན་བདེ་བའི་ཐུན་མིན་ཁྱད་ཆོས་ཤིག་ཏུ་གྱུར། ཕྱིས་སུ་ནང་པའི་བསྟོད་ཚོགས་དང་མགུར་རྟ་འདྲ་མིན་མང་བོ་བྱུང་བས། རིམ་གྱིས་མགུར་ཚིག་འདི་དག་གི་དབྱངས་ཀྱི་འགུག་རྟའང་བོན་རྟ་ཞིག་ཏུ་ངོས་འཛིན་པའི་སྣང་ཚུལ་བྱུང་བའམ། གང་ལྟར་དབྱངས་རྟ་འདི་དང་འབྲི་ཐབས་འདི་ཡང་བག་ལ་ཞ་བར་གྱུར། དེ་ཡང་བཙན་པོའི་དུས་ཀྱི་ཚིགས་བཅད་ལ་ཚེག་བར་དྲུག་མ་འབྲི་སྲོལ་དར་ཁྱབ་ཆེ་བ་མགུར་དག་བསྡུར་ན་དཔག་ཐུབ། སྔར་གྱི་ཚེག་བར་དྲུག་མ་དག་ནི་མཐའ་གཅིག་ཏུ་ཚིག་རྐང་བཞི་རེ་སྟེ། དེང་དུས་ལྟར་ཤོ་ལོ་ཀ་རེ་རེར་བརྩིས་ཏེ་གོ་བོ་ལེན་དགོས་པའི་ངེས་སྲོལ་ལམ་སྒྲིག་གཞི་མེད་པར། སྐབས་དོན་མཚོན་པའི་ཁྱད་ཆོས་རེ་རེ་ལ་ཚིག་རྐང་ཡང་མང་ཉུང་ཅི་རིགས་ལྡན་པས། དེའང་ཐོལ་བྱུང་ངམ་རང་བྱུང་གི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཚང་བའི་རྩོམ་ལུས་ཀྱི་རྣམ་པ་ཞིག་ཏུ་གྲུབ་ཡོད། གཞན་ཡང་ཚིགས་བཅད་མཐར་ཉིས་ཤད་ཡོད་མེད་ཅི་རིགས་སུ་ཡོད་པར་མ་ཟད། མཚམས་རེར་ཚིག་རྐང་གཉིས་ཀྱི་བར་དུ་ཤད་ཀྱིས་མ་བཅད་པར་སྦྲེལ་བ་ཡང་སྣང་སྟེ། དཔེར་ན། བཙན་ཏེ་ནི་མྱི་མཁས་པ་རྒྱ་དྲུག་ནྀ་དགུང་མཐའ་རྗེ།། ཞེས་ལྟ་བུ་ཚིག་རྐང་གཉིས་ཀྱི་བར་དུ་ཚེག་གིས་མཐུད་དེ་ཤད་ཀྱི་བཅད་མེད། འདི་ལྟ་བུ་གཞན་དུའང་རེ་ཟུང་ཡོད། གང་ལྟར་བཙན་པོའི་དུས་སུ་འདི་ལྟ་བུའི་ཐུན་མིན་གྱི་ཚེག་བར་དྲུག་མ་ཞིག་བྱུང་བ་ནི། མགུར་སོགས་ཀྱི་དབྱངས་འགྲོས་ཀྱི་འདེགས་འཇོག་ལ་འབྲེལ་བ་དམ་པོར་གྱུར་ཏེ་དར་ཁྱབ་བྱུང་ཞིང་། རིམ་གྱིས་རྩོམ་རིག་གཞན་དུའང་ཤུགས་རྐྱེན་ཐེབས་པ་ཞིག་ཏུ་བརྗོད་རིགས་པར་སྙམ། ཡང་སྐབས་འདིར་འབྲེལ་སྒྲ་འི་ནི་ཚེག་ལ་མ་ལྟོས་པར་མཚམས་རེར་ཡི་སྒྲ་ལྟར་ཚིག་གི་ཁ་སྐོང་དགོས་པ་དང་། ཡང་ལན་རེར་ཚེག་ཡོད་ཀྱང་འི་སྒྲ་ལྟར་མིང་གཞིར་བསྡུས་ཤིང་སྦྱར་དགོས་པ་འདྲ་མིན་མཆིས་ཏེ། མ་ཡིག་ལས། མོན་ཀ་འྀ་ནི་སྟག་ཆིག་པ། ཞེས་པ་འི་སྒྲ་ནི་ཚེག་ཡོད་ཀྱང་མོན་ཀའི་ཞེས་སུ་བསྡུ་དགོས་པ་དང་། ཡང་། མ་ཡིག་ལས། དྲྀ་ངན་ནི་ཉ་འྀ་དྲི་། ཞེས་དང་། སྐུ་འྀ་ན་རིང་སྟོད་དུ་། ཞེས་དང་། སྐུ་འྀ་ནི་རིང་སྨད་དུ་་། ཞེས་པའི་ཉ་འྀ་དྲི། སྐུ་འྀ། སྐུ་འྀ་ཞེས་པ་དག་ནི་དེང་གི་ཡི་སྒྲ་རུ་རྐང་བ་སྐོང་བར་སྦྱར་དགོས་པས། འདི་དག་ནི་སྐབས་ཐོབ་ཀྱི་ཚིག་རྐང་མང་ཉུང་གི་འགྲོས་ལ་བལྟོས་ཏེ་སྦྱོར་དགོས་པའང་ཡོད། གང་ལྟར་བཙན་པོའི་དུས་ཀྱི་མགུར་ཚིག་གི་ཚེག་བར་དྲུག་མའི་རྣམ་པ་འདི་ཤིན་ཏུ་གལ་ཆེ་བས། མུ་མཐུད་དུ་དབྱངས་འགྲོས་རྙིང་བ་དག་བསྡུར་ཏེ་གྱེར་སྟངས་དང་ཚིགས་བཅད་ཀྱི་ཁྱད་ཆོས་སོགས་འཚོལ་ཞིབ་བྱེད་རིགས་སོ།།
༢ དབྱངས་འགྲོས་ཀྱི་ཁྱད་ཆོས།
སྤྱིར་ན་ངག་ཐོག་རྩོམ་རིག་ཅིག་ཡིན་ན་དབྱངས་འགྲོས་མེད་པ་ཡེ་ནས་མེད་ཅིང་། ལྷག་པར་དུ་ཕྱིའི་སྣང་ཚུལ་དང་ནང་གི་འདུ་ཤེས་མཚོན་བྱེད་ཀྱི་མིང་བརྡ་དག་ཀྱང་མཐར་ཐུག་ན་སྒྲ་སྦྱོར་རང་བཞིན་གྱི་ཡི་གེའི་རྩ་བར་གྱུར་བའི་ངག་གི་རྣམ་འགྱུར་ལས་བྱུང་ཞིང་། དེ་བཞིན་དུ་ངག་གི་རྣམ་འགྱུར་འགྲུབ་བྱེད་ཀྱི་ཡི་གེར་མཚན་ཉིད་འཇོག་སྐབས་ཀྱང་། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་ཞེས་པས། ཡི་གེའི་ངོ་བོ་གདངས་ཤིག་ཏུ་ངོས་འཛིན་པར་མ་ཟད། བྱེ་བྲག་ཏུ་ཡི་གེ་ལའང་ཕོ་མོ་མ་ནིང་སོགས་སྒྲ་གདངས་དྲག་ཞན་གྱི་དབྱེ་བ་མང་དུ་ཕྱེས། ངག་གི་རྣམ་པ་མཚོན་བྱེད་ཡི་གེ་དང་མིང་བརྡ། ཚིག་གི་ལྷུ་རྐང་རེ་རེའི་ཁྲོད་དུའང་གདངས་ཀྱི་རྣམ་འགྱུར་འདྲ་མིན་དུ་གྲུབ་ཅིང་། སྐད་ཆའི་དབྱངས་འགྲོས་ཤིག་ཀྱང་ངང་གིས་བྱུང་ཡོད། དེས་ན་མགུར་གླུ་ནི་སྤྱིར་བཏང་གི་ངག་གི་བརྗོད་པའི་སྐད་ཆ་དཀྱུས་མའི་གདངས་དང་མི་འདྲ་བར། གདངས་སམ་དབྱངས་འགྲོས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ངག་རིག་གི་སྒྱུ་རྩལ་དུ་གཏོགས་པས། དེ་ལ་དབྱངས་ཀྱི་མཐོ་དམན་དང་ཕྲ་སྦོམ། འདེགས་འཇོག འགྱུར་ཁུགས་སོགས་ཀྱི་ཁྱད་ཆོས་སྣ་མང་གིས་ཕྱུག་ཅིང་། རང་བྱུང་ཁོར་ཡུག་དང་འདུ་ཤེས་འཛིན་སྟངས་སོགས་རིག་གནས་རྒྱབ་ལྗོངས་འདྲ་མིན་ལས་གདངས་ཀྱི་ཁྱད་ཆོས་སྣ་ཚོགས་བསྐྱེད་པའི་ངག་གི་སྒྱུ་རྩལ་ཞིག་ཡིན། ལྷག་པར་དུ་སྒྲ་འདྲ་བ་དང་སྐྱེས་གནས་འདྲ་བའི་བྱེད་ནུས་ལས་གདངས་ཀྱི་མཛེས་ཉམས་ལ་རོགས་འདེགས་བྱེད་པར་ཕན་ནུས་ངེས་ཅན་ཡོད་པས། སྔར་གྱི་མགུར་གླུ་སོགས་ལ་ཡི་གེ་དང་སྐྱེས་གནས་འདྲ་བའི་སྒྲ་མཚུངས་ལྟ་བུའི་རྒྱན་གྱིས་མཛེས་པ་ངོམ་པའི་སྲོལ་ཡང་དར་བར་གྱུར། དེ་ལྟར་དམངས་ཀྱི་ངག་རིག་སྒྱུ་རྩལ་ཁྲོད་དུ་མི་རིགས་གང་དེའི་སྙན་ངག་གི་ཐོག་མའི་འགོ་ཁུངས་འཚོལ་ཞིབ་བྱེད་པའི་ལྡེ་མིག་ཏུ་གྱུར་བས། གནའ་བོའི་མགུར་སོགས་ངག་རྩོམ་དག་ཡན་པོར་འཇོག་མི་རིགས་སོ།།
ད་ནི་དཀྱུས་སུ་བབས་ཏེ་བརྗོད་ན། མ་ཡིག་ལས། རུ་ཐུང་ནྀ་བསར་ང་བ། ཞེས་དང་། རིས་བཀྲའ་ནྀ་བསར་ང་བ་། ཞེས་ཚིག་རྐང་གཉིས་ལ་བསར་ང་བ་ཞེས་པའི་མིང་དང་ཚིག་འདྲ་བར་ཟློས་པས་དབྱངས་འགྲོས་དོ་མཉམ་པའི་ཁྱད་ཆོས་ལྡན་ཞིང་། དེས་ཀྱང་ཚིག་རྐང་གོང་འོག་གི་འབྲེལ་བར་དབྱངས་ཀྱི་ལྡེམ་འགྲོས་མཉམ་པས་ཚིག་རྐང་ཕན་ཚུན་བར་དུ་འབྲེལ་བ་གསལ་བར་བྱེད་པར་མ་ཟད། ཟློས་སྒྲས་དོན་གྱི་ནུས་པ་འདོན་པར་ནན་ཏན་དུ་དམིགས་པ་མཚོན་པར་མ་ཟད། སྙན་ཆའི་དབྱངས་འགྱུར་ལ་སྡེབ་དཀྲོལ་བྱེད་པར་རམ་འདེགས་ལ་དམིགས་བསལ་ནུས་པ་ཐོན་ཡོད། འདིར་ཡང་ཟུང་ལྡན་གྱི་རྒྱན་ལྟ་བུའི་ཐ་སྙད་མ་སྦྱར་བར། ས་པཎ་གྱིས་ཟློས་སྒྲ་ཞེས་གསུངས་པར་གནད་ཀ་ཆེ་བར་སྙམ། འུ་ཅག་གིས་བཙན་པོའི་དུས་ཀྱི་མགུར་རམ་སྙན་ངག་ལ་དཔྱད་སྐབས་ཕྱིས་ཀྱི་ཐ་སྙད་ལས་སྔར་གྱི་རྙིང་བ་སྤྱད་ན་སྐབས་དོན་མཚོན་པར་ཅུང་ལེགས་པར་འདོད།
ད་དུང་ཁེ་རྒད་རྒྱལ་ཏོ་རེའི་མགུར་ཚིག་རྐང་དག་ཏུའང་ཟློས་སྒྲའི་ཁྱད་ཆོས་ཡོད་དེ། ཟློས་ཤིང་གྱེར་བས་ཉན་བདེ་བ་དང་གོ་བ་བསྐྱེད་སླ་བར་བྱེད་པ་ནི། བཙན་ཏེ་ནི་མྱི་མཁས་པ་་་། ཞེས་དང་། མགྱོགསྟེ་ནྀ་མྱི་མཁས་པ་། ཞེས་དང་། དྲག་སྟེ་ནྀ་མྱི་མཁས་པ་་་། ཞེས་དང་། རྣོ་སྟེ་ནི་མྱི་མཁས་པ་་་། ཞེས་པ་དག་ཀྱང་ཚེག་བར་སྔ་མས་ཀྱང་། ཏེ(སྟེ)མི་མཁས་པ་ཞེས་གོང་གི་མིང་ཟློས་པ་ཙམ་མིན་པར་ཚིག་ཟློས་ཤིང་། ཐ་སྙད་ཐོག་མ་ལས་ཕལ་ཆེར་ཚིག་རྐང་ཧྲིལ་བོར་ཟློས་ཡོད་པས། ཚིག་རྐང་སྔ་མ་དག་ལས་དབྱངས་མཉམ་པའི་ཁྱད་ཆོས་ཕུན་སུམ་ཚོགས་པར་མ་ཟད། སྐད་ཆའི་ངོས་ནས་གཞིགས་ཚེ་ཡང་ཡང་ཟློས་པས་གལ་བོ་ཆེ་ལ་ནན་ཏན་ཞེས་པ་ལྟར་ནན་ཏན་ནམ་གཟབ་ནན་དང་གསལ་བཤད་ཀྱི་ནུས་པ་ཐོན། དེ་ལས་དོན་གྱི་གནད་འགག་ཅིག་ལ་ཆེད་དུ་དམིགས་ཏེ་བསྐྱར་ལྡབ་ཏུ་ཟློས་པས། མགུར་ལེན་པའི་དམིགས་ཡུལ་ལམ་ཆགས་སྡང་གི་ཕྱོགས་ལྷུང་གསལ་བར་མཚོན་པས། ཁེ་རྒད་རྒྱལ་ཏོ་རེས་དགག་པར་འདོད་པའི་མི་སྣ་དེ་དག་ཀྱང་རང་གི་ཆགས་སྡང་དུ་ལྷུར་བླངས་པས། གོ་བ་བསྐྱེད་སླ་ཞིང་དབྱངས་འགྲོས་གང་དེས་དོན་ཡང་འདྲེས་ཤིང་འཛིང་བར་མི་འགྱུར་བའི་ཁྱད་ཆོས་ལྡན་པ་དང་། ཚིག་གི་ཟློས་སྒྲ་དག་ནི་སྙན་ཆའི་རང་བཞིན་འབྱུང་བའི་རམ་དཀྲོལ་ལྟ་བུར་གྱུར། ད་ལྟའི་དམངས་གླུ་སོགས་སུའང་འདི་ལྟ་བུའི་ཟློས་སྲོལ་མ་ཉམས་པར་ཡོད་པ་དག་ཀྱང་། གླུ་ནི་རྣ་བའི་མཉན་བྱར་གཏོགས་པས། ཟློས་ཚིག་ལ་བརྟེན་ནས་དོན་གྱི་གནད་འགག་གང་ཞིག་ཐད་རྟོགས་བྱེད་པར་ཡང་གོ་སླ་བའི་ཁྱད་ཆོས་ལྡན་པར་བྱེད་དོ།། ད་དུང་ཡང་མགུར་ཚིག་འདི་ལས། མོན་ཀ་འྀ་ནི་སྟག་ཆིག་པ། ཞེས་པ་ལྟ་བུ་ཐད་ཀར་དུ་ཟློས་པའི་ཆ་མི་གསལ་ཡང་། བཙན་པོའི་དུས་ཀྱི་མགུར་དག་བཀླག་ཚེ། ཁྱུང་པོ་སྤུང་སད་ཟུ་ཙེའི་མགུར་ལས། མོན་ཀ་འྀ་ནི་སྟག་ཆིག་པ། སྟག་བཀུམ་ནྀ་ཟུ་ཙེས་བཀུམ། ཞེས་བྱུང་། འདུས་སྲོང་གི་མགུར་དུའང་། མོན་ཀ་འྀ་སྟག་ཆིག་པའ། བྱ་ལྡིངས་ནྀ་མྱིག་མྱི་ལྟ། ཞེས་པ་སོགས་ཀྱང་དོན་དུ་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པས། སྔར་གྱི་མགུར་གྱི་ཐུན་མིན་སྲོལ་དུ་ཆགས་པའི་རྒྱུན་དང་ཟླ་རུ་སྦྱར་ཏེ་ཟློས་པ་ལྟ་བུར་སྣང་བས། གོ་བདེ་བ་དང་སྙན་ཆ་ལྡན་པ། དོན་ལ་དམིགས་འབྱིན་གྱི་ནུས་པ་ལྡན་པ་སོགས་ཀྱང་ཆ་མཉམ་པའི་དབྱངས་འགྲོས་འདི་དག་ལས་འགུག་ཤུགས་ཆེས་ཆེར་ལྡན་ཡོད།
ཡང་། ངན་ཞིང་ནྀ་ཕོ་ཆེ་བ། ཞེས་པའི་ངན་དང་། ཡང་། དྲྀ་ངན་ནི་ཉ་འྀ་དྲི་། ཞེས་པའི་ངན་དང་། གཡའ་ངན་ནྀ་ཟངས་ཀྱི་གཡའ། ཞེས་ངན་གྱི་སྒྲ་ཟློས་ཏེ་ཟློས་སྒྲ་ཡང་ཡང་བྱུང་བས། ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་གི་རང་ཉིད་ཀྱི་ཆགས་སྡང་གི་མངོན་འདོད་མཚོན་པར་དབྱངས་འགྲོས་དེ་ལྟར་སྦྱར་བས། ཅོག་རོ་བཟའ་ནི་ཧ་ཅང་ངན་ཞིང་། དེ་བས་སྐྱུག་བྲོ་བའི་སྣང་ཚུལ་ཞིག་གསལ་རྗེན་དུ་བསྒྱུར་ཞིང་མངོན་པར་བྱས་པའི་ནུས་པ་ཐོན་ཡོད། ད་དུང་། གཡང་གྀ་ནི་ཡུགས། ཞེས་དང་། ཚེར་ཀྱི་ནི་ཡུགས། ཞེས་པའང་ཡུགས་ཀྱི་སྒྲ་འདྲ་བར་བསྡེབས་ཏེ། གོང་དང་ཅུང་མི་འདྲ་བར་ཚེག་བར་གྱི་གནས་གཞན་ཞིག་ཏུ་ཟློས་སྒྲ་སྦྱར་ཏེ་རོལ་དབྱངས་ཀྱི་རམ་དཀྲོལ་བགྱིས་པ་དང་མཚུངས་པར། དོན་ལ་གཞོགས་འདེགས་བྱེད་ཅིང་། དོན་གྱི་ཁྱད་ཆོས་ཐུན་མོང་དུ་སྟོན་སྐབས་ཟློས་སྒྲ་དག་གི་ཚིག་འདྲ་ལ་ཚེག་པར་གྱི་གནས་གཅིག་ཏུ་འཁེལ་བར་བྱེད་ཅིང་། ཡང་དོན་གཞན་ཞིག་སྟོན་སྐབས་ཟློས་སྒྲའི་ཐ་སྙད་བརྗེས་པ་དང་ཚེག་བར་གྱི་གནས་བསྒྱུར་བ་སོགས་ལས། དབྱངས་འགྲོས་ལའང་ལྡེམ་འགྱུར་གསར་བ་ཞིག་ཏུ་འཕོ་བ་སོགས་ཀྱི་འགྱུར་འགྲོས་དང་འདེགས་འཇོག་གི་ཁྱད་ཆོས་གསར་བ་འབྱུང་གི་ཡོད། དེ་བཞིན་དུ་དོན་སྟོན་པར་ཡང་དེ་ལྟ་བུའི་དབྱངས་ཀྱི་རླབས་རྒྱུན་ཞིག་དང་འགྲོགས་པས། བཞུར་ཏེ་བྱུང་བ་ལྟ་བུར་ཡིད་ངོར་འཕྲོད་པར་བྱས། གཞན་ཡང་། ཆེ་འམ་ནྀ་ཆུང་མ་འཚལ།། ཞེས་དང་། མགྱོགས་སམ་ནྀ་བུལ་མ་འཚོ་།། ཞེས་པའང་ཐད་ཀར་གོང་ལྟར་ཚིག་མང་དུ་ཟློས་པ་སོགས་ཀྱི་ཁྱད་ཆོས་མེད་ནའང་། འབྱེད་སྡུད་དེ། འམ་དང་སམ་སོགས་ལ་བརྟེན་ནས་དྲི་བའམ་ཐེ་ཚོམ་ཉམས་ཀྱིས་བརྟས་པའི་ཟློས་སྒྲ་ལས་ཁེ་རྒད་ཀྱི་མི་འདོད་པའི་རྣམ་འགྱུར་དང་མཐོང་ཆུང་གི་ཉམས་སྣང་ཞིག་མཚོན་པར་བྱེད། ཚིག་རྐང་གི་ཁྱད་ཆོས་འདྲ་བར་སྡེབ་པས་དབྱངས་འགྲོས་དོ་མཉམ་ལ་རོགས་འདེགས་ཤིན་ཏུ་ལེགས་པར་བགྱིས། གནའ་བོའི་དབྱངས་ལ་དོ་མཉམ་པའམ་ཆ་མཉམ་པའི་ཁྱད་ཆོས་ཆེས་ཆེར་ལྡན་པའང་། སྐབས་དེའི་དབྱངས་ཀྱི་མཛེས་དཔྱོད་ཀྱི་ལྟ་སྟངས་ལ་རང་བྱུང་ལས་བརྒལ་བའི་རྩལ་གྱི་ཁྱད་ཆོས་མངོན་སྟངས་ཤིག་ཏུ་འདོད་རིགས་ཤིང་། མགུར་འདིར་ཡང་དབྱངས་ཀྱི་གཞི་རྩའི་ལྡེམ་ཤུགས་ཀྱི་ཚེག་བར་དྲུག་མའི་གཞུང་རྟ་འདྲ་ཡང་། དེ་ལ་སྒྲ་འདྲ་བའམ་སྐྱེས་གནས་འདྲ་བ་དང་ཟློས་སྒྲའི་དབྱངས་གནས་འདྲ་བ་སོགས་བརྒྱན་པ་ལས་མགུར་གྱི་དབྱངས་འགྲོས་ཀྱི་མཛེས་པ་ཕན་ནུས་ཆེས་ཆེར་བྱུང་། སྤྱིར་ན་སྔར་གྱི་ཚེག་བར་དྲུག་མ་ཉིད་ལ་དབྱངས་རྟ་དམིགས་བསལ་བ་ཞིག་ཡོད་པ་སྨོས་མ་དགོས། གལ་སྲིད་བཙན་པོའི་དུས་ཀྱི་ཚིག་རྐང་དྲུག་མའི་རྣམ་པ་འདི་ཉིད་ཀྱི་དབྱངས་འགྲོས་ཀྱི་རྗེས་ཤུལ་འཚོལ་དགོས་ན། དམངས་ཀྱི་དབྱངས་རྟ་དང་བོན་རྟ་སོགས་སུ་མུ་མཐུད་དུ་འཚོལ་རིགས་པར་སྙམ་མོ།།
༣ འགལ་འབྲེལ་གྱི་ཁྱད་ཆོས།
བཙན་པོའི་དུས་ཀྱི་མགུར་ལ་འགལ་འབྲེལ་སྦྱོར་ཚུལ་ཤིན་ཏུ་མང་བའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན་ལ། སྒྱུ་རྩལ་གང་ཞིག་ཡིན་ཡང་འགལ་བའི་མཐུན་སྦྱོར་གྱི་ནུས་པས་ཁྱབ་ཡོད་དེ། སྒྲ་དོན་གཉིས་ཐད་ནས་འགལ་འབྲེལ་གྱི་བྱེད་ཐབས་བཀོལ་ཏེ་བསྡུར་བ་དང་བསྡུས་པའི་ནུས་པ་བྱུང་ཡོད། དེ་ཡང་ལྡོག་བརྗོད་ཀྱི་རྣམ་པའི་ཁྲོད་དུ་ཐ་དད་ཀྱི་བྱ་དངོས་སམ་བྱེད་ལས་གཅིག་ཏུ་སྦྲེལ་ལས་ཀྱང་འགལ་འབྲེལ་གྱི་རྩལ་ནུས་དམིགས་སུ་མངོན་ཏེ། སྒྱུ་རྩལ་གྱི་རིན་ཐང་ཁྱད་པར་བ་འབྱུང་བས། བཙན་པོའི་རྩོམ་རིག་ལའང་བྱེད་ནུས་འདི་ཆ་ཤས་གཙོ་བོ་ཞིག་ཏུ་གྱུར་ཡོད། འགལ་འབྲེལ་གྱི་ནུས་པ་ལས་དོན་གྱི་མཆོངས་སྟོབས་དང་གཅིག་སྡུད་ཀྱི་ཤོང་ཚད་ཤིན་ཏུ་ཆེ་ལ་ཁྱབ་ཁོངས་ཡངས་པ་ཞིག་ཏུའང་བསྐྱེད་ཅིང་། དོན་གྱི་གོ་བ་ཟབ་ཏུ་འགྲོ་བ་དང་སྤོབས་པའི་གདེང་མཐོ་བར་མཚོན་པ། བསམ་གཞིགས་ཀྱི་ཤོང་ཚད་ཡངས་པར་བྱས་པ་སོགས་ཀྱི་ཁྱད་ཆོས་ཀྱང་ངང་གིས་འབྱུང་། འདི་ལ་བྱེད་ཐབས་འདྲ་མིན་མཆིས་ཏེ། དཔེར་ན། ཏུན་ཧོང་ཡིག་རྙིང་ལས། དུས་ཀྱི་འགལ་འབྲེལ་སྟོན་པ་ལ། ཞང་སྣང་པེའུ་ཟུར་འབྲིང་པོའི་མགུར་ལས། སྔ་ན་ནྀ་འཕན་པ་ལ། ད་ཙམ་ནི་སྤྱན་ཡང་ཡས། ཞེས། སྔོན་ཆད་ཀྱི་དུས་དང་ད་ལྟའི་དུས་གཉིས་དོན་གྱི་གཞི་གཅིག་ཏུ་སྦྱར་ཞིང་འབྲེལ་ཏེ་འགལ་འབྲེལ་བསྟན་ཡོད། ཡང་། ཕྱོགས་སྟོན་པའི་འགལ་འབྲེལ་ལ། སྲོང་བཙན་གྱིས་དབས་དབྱི་ཚབ་ལ་བླངས་པའི་མགུར་ལས། ཡར་མོ་ནྀ་ཞེང་ཆུངས་ཀྱིས་། ལྷོ་ནས་བྱང་དུ་བསྐྱེད།། ཅེས་པའི་ལྷོ་དང་བྱང་གི་ཕྱོགས་གཅིག་ཏུ་བསྡུས་པར་མ་ཟད་ཆེ་ཆུང་ཡང་དངོས་ཤུགས་ཅི་རིགས་སུ་བསྟན་པ་དང་། ཡང་། མི་སྣ་སྟོན་པའི་འགལ་འབྲེལ་ལ། ཁྱོད་ཀྱིས་ནྀ་ང་མ་གཏང། ང་འྀས་ནི་ཁྱོད་མྱྀ་གཏང།། ཞེས་ཁྱོད་དང་ང་ལྟ་བུ་སོགས་ཡ་གི་དང་མ་གི གནམ་དང་ས་ལྟ་བུ་དབྱིབས་དང་ཁ་དོག བྱེད་ནུས་སོགས་འགལ་འབྲེལ་གྱི་སྟོན་ཐབས་ཤིན་ཏུ་མང་ངོ་།།
སྐབས་སུ་བབས་ཏེ་བརྗོད་ན། ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་གི་མགུར་གྱི་མ་ཡིག་ལས། རུ་ཐུང་ནྀ་བསར་ང་བ། ཞེས་རྭ་ཐུང་ཐུང་ལས་མེད་ཀྱང་རྫིག་ཉམས་སམ་ཁེངས་ཉམས་ཆེ་ཚུལ་སྟོན་པར་བརྗོད་ཅིང་། སྤྱིར་ན་འབྲོང་རྭ་རིང་བ་ནི་འབྲོང་རྔམ་བརྗིད་ལྡན་པའི་ཁྱད་ཆོས་ཤིག་ཏུ་བརྩི་བས་གཞི་མཐུན་དུ་སྦྱར་ན་འབྱོར་ཡང་། སྐབས་འདིའི་ཅོག་རོ་ཁོང་ཁྲིའམ་ཅོག་རོ་འབྲོང་ཤོར་གང་ཡིན་ཡང་། ཁེ་རྒད་ཀྱིས་རྔམ་ཤུགས་ལྡན་པའི་འབྲོང་རྒོད་ཅིག་ཏུ་དཔེར་བཞག་སྟེ། དེ་ལ་ཚང་འོས་པའི་ཁྱད་ཆོས་དང་མ་ཚང་བའི་ཆ་གཉིས་གཞི་གཅིག་ཏུ་སྦྱར་ཏེ། བརྗིད་པའི་སྣང་བརྙན་ལྡན་པ་ཞིག་ལ་ཉམ་ཐག་པའི་ཆ་ཞིག་ཀྱང་ཆེད་དུ་སྡེབ་པས། མྱོང་རོལ་བའི་ཡིད་ངོར་འཕར་མཆོངས་ཤིག་འབྱུང་བར་བྱེད། ཡང་བསྐྱར་དོན་གྱི་གོ་བ་གཞན་ཞིག་རྙེད་པར་བགྱིས། དེ་ནི་འགལ་འབྲེལ་གྱི་བྱེད་ཐབས་སྤྱད་དེ་རང་གི་ཆགས་སྡང་འགྲུབ་པའི་རྐྱེན་ཕུན་སུམ་ཚོགས་པར་གྱུར་བར་མ་ཟད། དོན་གྱི་གོ་བའི་ཁྱབ་ཁོངས་ཡངས་པར་བྱས་པའི་སྒྱུ་རྩལ་གྱི་གསང་ནུས་རྨད་དུ་བྱུང་བ་ཞིག་གོ།
ཡང་། མ་ཡིག་ལས། འཛངས་ཤིང་ནྀ་སྲི་ཞུ་བ་། ་་་། ངན་ཞིང་ནྀ་ཕོ་ཆེ་བ། ་་། ཞེས་ལྷོ་རྔེགས་བཟའ་དང་ཅོག་རོ་བཟའ་གཉིས་ལས། གཅིག་ནི་སྲི་ཞུ་སྒྲུབ་ཤེས་པའི་ཡ་རབས་ཀྱི་ལུགས་ལྡན་པར་བསྟོད་ཅིང་། ཅིག་ཤོས་དེ་ལས་ལྡོག་སྟེ་གཡོ་སྒྱུ་དང་འདོད་ཆགས་ཆེ་ཚུལ་དུ་འགལ་བའི་ཆ་གཉིས་དཀྱུས་གཅིག་སྤེལ་ཏེ། འཛངས་པ་དང་ངན་པ་གཉིས་གཅིག་ཏུ་བསྡུས་ཤིང་བསྡུར་ཏེ་འགལ་འབྲེལ་གྱི་ཐབས་ལས། རང་ཉིད་ཀྱི་ཞེན་ཕྱོགས་མཚོན་པར་བྱེད་པའི་ཐབས་སུ་སྤྱད་པས། འུ་ཅག་གི་རྩོམ་རིག་ཏུའང་ཕ་རོལ་བོ་དགྲ་ཡི་དཔུང་སྟོབས་ཆེ་ཚུལ་བརྗོད་དེ། དེ་ལས་རྒྱལ་བར་རྗོད་སྟངས་ཀྱི་ཐབས་ཚུལ་ཡང་ཡོད་པས། ལྡོག་བརྗོད་ལྟ་བུར་བརྟེན་པའི་ཐབས་ཚུལ་ནི་དོན་དུ་འགལ་འབྲེལ་གྱི་བྱེད་ཐབས་ཡིན་པས། ཅོག་རོ་བཟའ་ནི་མི་སྡུག་པ་ཞིག་ཏུ་བསྒྱུར་བར་ཡང་ལྷོ་རྔེགས་བཟའ་བཟང་ཚུལ་གྱི་རྗོད་ཐབས་བརྟེན་ཡོད། དེ་ཡང་ཁེ་རྒད་རྒྱལ་ཏོ་རེའི་མངོན་འདོད་འགྲུབ་པའི་ཐབས་སུ་ཆེས་ལེགས་པར་གྱུར་ཡོད། ཡང་མགུར་ལས། བཙན་ཏེ་ནི་མྱི་མཁས་པ་་། ཞེས་དང་། མགྱོགསྟེ་ནྀ་མྱི་མཁས་པ་། ཞེས་དང་། དྲག་སྟེ་ནྀ་མྱི་མཁས་པ་་། ཞེས་དང་། རྣོ་སྟེ་ནི་མྱི་མཁས་པ་པ་་། ཞེས་པ་ལས་བཙན་པ་དང་མགྱོགས་པ། དྲག་པ། རྣོ་བ་སོགས་ཀྱི་ཐ་སྙད་གདམ་གསེས་ནི་ཆེས་ཁྱད་དུ་འཕགས་པར་བགྱིས་ཏེ། དོན་དུའང་ཁྱད་གཞི་གང་དེ་བཙན་པའམ་དྲག་ཤུགས་ལྡན་པ། མགྱོགས་ཤིང་རྣོ་བ་སོགས་ཕུལ་དུ་བྱུང་གྱུར་ཀྱང་། ཁྱད་ཆོས་རེ་རེའི་སྟེང་དུ་དགག་སྒྲ་སྦྱར་ཏེ་ནུས་པ་དེ་ལྟར་མ་ཚང་བའམ་མི་ལྡན་པར་བརྗོད་དེ། དེ་མ་ཐག་ཏུ་ལྡོག་སྟེ་བརྗོད་པས་གོ་བ་གཞན་ཞིག་གིས་ནང་སེམས་སུ་རྡེག་པར་བྱས་ཏེ། ལྡོག་ཕྱོགས་ཀྱི་དོན་གཞན་ཞིག་བྱུང་བ་ནི། འགལ་འབྲེལ་གྱི་བྱེད་ཐབས་ཚགས་དམ་ལ་ལྷུ་འགྲིག་པ། གཅིག་ཏུ་དྲིལ་ཞིང་འགྱུར་ལྡོག་མང་བའི་ཐབས་ཚུལ་ལས་རྒྱལ་བློན་དག་ལ་བསྟོད་པའི་ཚུལ་དུ་སྨད་པ་བགྱིས་ཡོད།
ཡང་། མ་ཡིག་ལས། སྔུན་ན་ནྀ་འདྲེན་པ་འདྀ་། ཞེས་དང་། སླད་ནས་ནྀ་རྟོན་པ་འདི།། ཞེས་སྔུན་དང་སླད་ཅེས་པ་ལས། བཙན་པོ་འདུས་སྲོང་གི་སྔ་རྗེས་སུ་ཡོད་པའི་བློན་པོའམ་དམག་དཔོན་སོགས་ཀྱི་རུ་བསྟར་བརྗོད་པར་སྔུན་དང་སླད་ཅེས་གནས་ཀྱི་འགལ་འབྲེལ་གྱི་ཚིག་ཏུ་བསྡུས་ཏེ། བཙན་པོའི་ཉེ་འཁོར་གྱི་མི་སྣ་གཙོ་བོ་དག་ཁེ་རྒད་རྒྱལ་ཏོ་རེའི་རང་གི་མཐུན་ཕྱོགས་དག་ཡིན་པར་སྒྲུབ་ཐབས་སུ་བསྟན་པས། ཚིག་ཉོག་བསྟུང་ཞིང་དོན་གྱི་འགག་རྩ་ཟིན་པའི་སྡུད་ཤུགས་ཀྱི་ནུས་པ་ཆེས་ཆེར་ཐོན་ཡོད།
དེ་བཞིན་དུ་ཡང་། མ་ཡིག་ལས། ཆེ་འམ་ནྀ་ཆུང་མ་འཚལ།། ཞེས་དང་། མགྱོགས་སམ་ནྀ་བུལ་མ་འཚོ་།། ཞེས་པ་ལས། ཆེ་དང་ཆུང་། མགྱོགས་དང་བུལ་སོགས་ཚད་དང་བྱ་བའི་འགལ་འབྲེལ་བྱེད་ནུས་ལ་བརྟེན་ནས་བཙན་པོ་འདུས་སྲོང་དང་ཆིབས་པར་དགག་པ་བགྱིས་ཡོད། ཡང་། བཞུགས་ཀྱང་ནྀ་འོད་མྱི་དྲོ། གཤེགས་ཀྱང་ནྀ་དང་མ་ཆགས།། ཞེས་པ་ལས། བཞུགས་དང་གཤེགས་ཞེས་པའི་འགལ་བའི་ཚིག་གཉིས་བསྡུས་ཏེ་བཙན་པོ་འདུས་སྲོང་གི་མཛད་པ་ལ་འདོད་པ་མ་ཁེངས་པའི་རྣམ་འགྱུར་བསྟན་ཡོད། འདི་ལྟར་འགལ་འབྲེལ་གྱི་བྱེད་ཐབས་ལས་ཐེ་ཚོམ་དང་ཟུར་ཟ། དགག་པ། ཆེས་མི་འདོད་པའི་རྣམ་འགྱུར་མཚོན་པའི་ཚིག་གི་ཐབས་རྩལ་འདིའང་བཙན་པོའི་དུས་ནས་བཟུང་བྱུང་ཞིང་། སྒྱུ་རྩལ་གྱི་ཁྱད་ཆོས་མཚོན་པ་དང་དོན་གྱི་འདུས་ཤུགས་ཆེས་ཆེ་བའི་བྱེད་ཐབས་ལྡན་ལ་ཕན་ནུས་བླ་ལྷག་ཏུ་མཆིས་སོ།།
༤ མཚོན་བྱེད་ཀྱི་ཁྱད་ཆོས།
དོན་གང་ཞིག་སྣང་བརྙན་གསལ་ཞིང་གསོན་པོར་འགྲུབ་པར་དེ་མཚོན་བྱེད་ཀྱི་དཔེ་ཇི་བཞིན་དུ་འགོད་ཐུབ་མིན་གྱི་ཐབས་རྩལ་ལ་རག་ལས་ལ། དཔེ་དེའང་རང་གི་འཚོ་བ་དང་བར་ཐག་ཉེ་མིན་དེ་ཡང་དོན་ལ་འཇུག་སླ་མིན་གྱི་ཁྱད་པར་ཡོད། དོན་གང་དེའི་བྱེ་བྲག་གི་ཁྱད་ཆོས་རེ་རེ་དཔེ་དང་འབྱོར་སྟབས་ཆེ་ན་བྱེ་བྲག་གི་སྣང་བརྙན་བདེ་བླག་ཏུ་ཡིད་ལ་བཞུར་ནུས་པའི་ཁྱད་ཆོས་ཀྱང་འབྱུང་སླ་བའོ།། མགུར་འདིའི་དཔེར་བཀོད་པ་དག་ཀྱང་། འབྲོང་དང་སྟག གཞུ་དང་མདའ། ཉ་དང་ཟངས། ལུག་དང་ར། འོད་ལ་སོགས་བཙན་པོའི་དུས་ཀྱི་འཚོ་བ་དང་བར་ཐག་ཤིན་ཏུ་ཉེ་བའི་སྲོག་ཆགས་དང་མཚོན་ཆ། ཡོ་བྱད། རང་བྱུང་ཁོར་ཡུག་གི་སྣང་ཚུལ་སོགས་ལ་སྦྱར་བས། མཚོན་བྱའི་དོན་དག་ཀྱང་མཚོན་བྱེད་དཔེ་ལས་ར་འཕྲོད་སླ་ཞིང་སྣང་བརྙན་གསལ་བར་ཤར་བའི་ཁྱད་ཆོས་མངའ་སྟེ། བཙན་པོའི་དུས་སུ་འབྲོང་དང་སྟག་གི་ཁྱད་ཆོས་སེམས་ངོར་འཆར་སླ་ནི། སྐབས་དེར་རྔོན་པར་དགའ་ཞིང་འབྲོང་དང་སྟག་འདུལ་བ་ནི་དཔའ་བོའི་མཚོན་བྱེད་ཅིག་གམ་འཚོ་བའི་དགོས་མཁོ་ཞིག་ཏུ་གྱུར་བས། ཁོང་ཅག་གི་མགུར་དུའང་འབྲོང་དང་སྟག་ལ་འབྲེལ་བ་ཤིན་ཏུ་མང་བས། དེ་ནི་འཚོ་བའི་གྲུབ་ཆ་ལྟ་བུར་གྱུར་བའང་ཤེས་ཐུབ་ལ། རིམ་གྱིས་སྲོག་ཆགས་དེ་དག་རིག་གནས་དང་སྒྱུ་རྩལ་གྱི་གྲུབ་ཆ་དང་མཚོན་རྟགས་ཤིག་ཏུའང་གྱུར་ཡོད། དེ་ལྟར་རི་ཆུ་དང་མི་སྣའི་མཚན་དུའང་འབྲོང་དང་སྟག་ལ་འབྲེལ་བའི་མིང་བརྡ་འདྲ་མིན་བྱུང་ཞིང་། དཔའ་བོར་སྟག་ལྤགས་ཀྱི་མཚན་མས་བསྟོད་པའི་ཡིག་ཚང་རིམ་པ་སོགས་ཀྱང་བྱུང་། འབྲོང་གཡག་སོགས་གསོད་པའི་སྐབས་སུ་མདའ་ཕོག་པའི་སྔ་ཕྱི་ལྟར་ཤ་ཀོ་སོགས་བགོ་བཤའ་བྱེད་སྟངས་ལའང་ཁྲིམས་ཀྱི་རིང་ལུགས་བྱུང་ཡོད། དེ་ལྟར་བྲག་རིས་སོགས་གནའ་བོའི་རི་མོའི་སྒྱུ་རྩལ་དུའང་འབྲོང་སྟག་སོགས་མང་བར་མ་ཟད། མགུར་སོགས་སུའང་དེ་བཞིན་དུ་བྱུང་ཡོད། ཏུན་ཧོང་ཡིག་རྙིང་ལས། ཞང་སྣང་པེའུ་ཟུར་འབྲིང་པོའི་མགུར་ལས། ཕོ་མ་འྀ་ནི་འབྲོང་བཀུཾ་བ། ཞེས་འབྲོང་དང་སྦྱར་ཡོད་ལ། སད་མར་ཀར་གྱི་མགུར་ལས། ཕོ་མ་འི་ནྀ་འབྲོང་གཆིག་པ་།། བྱང་འབྲོག་ནི་འབྲོང་དགུམ་ན་།། ཅེས་འབྲོང་ནི་བཙན་པོའི་དུས་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་བས། འབྲོང་འདུལ་བ་ནི་དཔའ་བའི་མཚན་མར་འཛིན་པའི་སྲོལ་ཡང་བྱུང་། དེ་ལྟར་འབྲོང་གི་ཁྱད་ཆོས་སོགས་ལས་དོན་གཞན་མཚོན་པའི་སྒྱུ་རྩལ་གྱི་བྱེད་ནུས་ལྡན་པའི་མགུར་སོགས་བྱུང་། སྐབས་འདིའི་ཁེ་རྒད་རྒྱལ་ཏོ་རེའི་མགུར་མ་ཡིག་ལས། རུ་ཐུང་ནྀ་བསར་ང་བ། ཞེས་པས་ཀྱང་འབྲོང་གི་ཁྱད་ཆོས་བྱེ་བྲག་རྭ་ལ་བརྟེན་ནས་འབྲོང་ཤུགས་སུ་གོ་བར་བྱས་ཡོད། ཡང་། མཆོ་གར་ནྀ་འབྲོང་གི་རུ། ཞེས་པའང་འབྲོང་དང་འབྲེལ་བར་བྱེད། འབྲོང་དང་སྟག་སོགས་འབྲེལ་བའི་མགུར་མང་བའང་སྐབས་དེའི་མཛེས་དཔྱོད་འདུ་ཤེས་དང་མཐུན་ཞིང་འཚོ་བ་ཉེ་བར་མཚོན་ཞིང་། འཚོ་བའི་ཁོར་ཡུག་གི་སྣང་ཚུལ་དག་དཔེར་དྲངས་པས་མགུར་ཚིག་གི་སྣང་བརྙན་ལ་འཚོ་བའི་རོ་བཅུད་ཀྱིས་གཏམས་ཤིང་། འཚོ་བ་དང་གཅིག་ཏུ་འདྲེས་པར་མ་ཟད། སྲོག་ཆགས་དེ་དག་གི་མཚོན་བྱེད་ཐབས་སུ་བཀོལ་ནས་མགུར་གྱི་སྒྱུ་རྩལ་ལ་གསོན་ཤུགས་ལྡན་ལ། ཡང་ཤུགས་བསྟན་ལས་བསམ་གཞིགས་ཀྱི་གླགས་ཡངས་བསྐྱེད་ཡོད། དེ་ལས་བྱེ་བྲག་གི་སྣང་བརྙན་བཞེངས་པར་མཚོན་བྱེད་དཔེའི་ནུས་པ་ཆེས་ཆེར་བྱུང་བ་ནི། དཔེར་ན། ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་གིས་ཅོག་རོ་བཟའ་ལ་ཟུར་ཟ་བྱེད་པ་ལས། འདམ་གྱི་ནྀ་ཅོག་རོ་ཟ། དྲྀ་ངན་ནི་ཉ་འྀ་དྲི་། གཡའ་ངན་ནྀ་ཟངས་ཀྱི་གཡའ། ཞེས་པས། ཅོག་རོ་བཟའི་ལུས་ལ་དྲི་ངན་པ་ཉ་དྲི་ལྡང་བའི་སྣང་ཚུལ་བརྗོད་ཅིང་། ད་དུང་སྐུ་མདོག་ཟངས་ལ་གཡའ་ཆགས་པ་ལྟར་སྔོ་ཐིག་བབ་པའམ་སྔོ་ཤས་ཆེ་བར་བརྗོད་དེ། སྣོམ་ན་སྣ་ལ་གཟན་པའི་དྲི་ངན་དང་བལྟས་ན་མིག་མི་སྡུག་པའི་མདོག་ངན་ལ་རྫོབ་པའི་སྣང་བརྙན་གསོན་ཉམས་ལྡན་པར་བཞེངས་སྐྲུན་བགྱིས་ཡོད། དཔེར་འགོད་སྟངས་ཀྱང་སྐབས་དེའི་འཚོ་བ་དང་ཉེ་བའི་ཉ་དང་ཟངས་བཅས་མཚོན་བྱེད་དཔེ་འཚོ་བ་དང་ཉེ་བར་སྦྱར་ཏེ་གསལ་བར་བྱེད། ཏུན་ཧོང་ཡིག་རྙིང་ཞང་སྣང་པེའུ་ཟུར་འབྲིང་པོའི་མགུར་ལས། ཉ་ལས་ནྀ་ཁམ་དུ་བཀོང། ཁམ་ལས་ནྀ་རྨེག་དུ་བཏའ།། སྐྱི་ནས་ནྀ་ཉ་འདོན་པ། ཞེས་ཉ་ཡི་སྐོར་བཀོད་པ་མང་ལ། བཙན་མོ་སད་མར་དཀར་གྱི་མགུར་ལས། ཉ་དང་ནྀ་གྲོ་མཆིས་ཏེ། འཚལ་དུ་ནྀ་མ་ཐོ(འམ) ཉ་གྲོ་ནྀ་འཆའ་ཞིང་ཁའ།། ཞེས་སོགས་ཉ་དང་འབྲེལ་བ་བཀོད་པ་མང་། དྲི་གུམ་བཙན་པོའི་སྐོར་གྱི་ཡིག་རྙིང་ལས། སྤུར་ནི་ཟངས་བརྒྱའ་མ་ཁ་སྤྲོད་ཀྱྀ་ནང་དུ་བཅུག་སྟེ། རྩང་པོ་འི་གཞུང་ལ་བཏང་ངོ། ཞེས་ཟངས་ཀྱི་སྐོར་ཡང་ཡོད་པས། དོན་དུ་སྐབས་དེར་འཚོ་བ་དང་ཤིན་ཏུ་ཉེ་བའི་སྣང་ཚུལ་དག་དཔེར་བཀོད་པ་ཤེས་ཐུབ། གོང་ནས་ཉ་ཡི་དྲི་དང་ཟངས་ཀྱི་གཡའ་ལ་དཔེར་བཞག་པས་ཀྱང་། ཅོག་རོ་བཟའ་ནི་མི་སྡུག་པ་མཐར་སྡུག་པ་མཐར་ཐུག་ཅིག་གི་སྣང་བརྙན་དུ་བཀོད་པ་ལས། དོན་དུ་ཅོག་རོ་བཟའ་ལ་དེ་ལྟ་བུའི་མཛངས་མ་དང་མཛེས་མའི་ཡོན་ཏན་གྱི་ཆ་ཏིལ་ཙམ་ཡང་མེད་པ་ཞིག་ཡིན་མི་སྲིད་ཀྱང་། སྐབས་དེའི་ནང་ཁུལ་ཆབ་སྲིད་འགལ་ཟླ་དང་ཁེ་རྒད་རྒྱལ་ཏོ་རེའི་ཞེན་འདོད་འགྲུབ་ཕྱིར་དུ་ཆགས་སྡང་གི་རྣམ་པས་ཡོངས་སུ་བརྟས་པའི་མཚོན་བྱེད་ཀྱི་དཔེ་ལས་ཅོག་རོ་བཟའི་རྣམ་པ་མི་སྡུག་པས་ཡོངས་སུ་རྫོབ་པའི་སྣང་བརྙན་ཞིག་ཏུ་བསྒྱུར་བ་ནི། རྩོམ་རིག་གི་ངོས་ནས་བསམ་ན་མཚོན་བྱེད་འགོད་སྟངས་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་འཚོ་བའི་དཀྱུས་སུ་འཐིམ་པའི་དཔེ་ཆེས་ལེགས་པའི་རྩེར་སོན་པར་བྱས། འདི་ལྟར་མཚོན་བྱེད་ཀྱི་དཔེ་རེ་འགའ་མཚོན་བྱ་དངོས་སུ་བསྟན་ཏེ་སྦྱར་ཞིང་། དོན་གྱི་ཉམས་སྣང་ལ་གསོན་ཤུགས་ལྡན་ཞིང་གོ་སླ་བའི་ཁྱད་ཆོས་ལྡན་པར་མ་ཟད། བཙན་པོའི་དུས་ཀྱི་མཛེས་དཔྱོད་ཀྱི་འདུ་ཤེས་དང་གོམས་སྲོལ། རིག་གནས་ཀྱི་སྣང་ཚུལ་མང་བོ་རྟོགས་པར་གོ་བར་གསར་བ་རེ་བསྐྱེད་པའི་ནུས་པའང་ལྡན་ཡོད། ཡང་འགའ་རེ་མཚོན་བྱེད་ཙམ་ལས་དོན་ཤུགས་སུ་བསྟན་པས་ཡུལ་དུས་བསྐལ་བའི་དབང་གིས་བསམ་གཞིགས་ཀྱི་བར་སྟོང་སྐོང་བར་འོས་འཚམ་ཀྱི་དོན་གང་དུ་དམིགས་པ་ཁོང་དུ་ཆུད་དཀའ་བའང་ཡོད་པ་ནི། བཙན་པོ་དུས་ཀྱི་མཚོན་ཐབས་ཀྱི་སྐྱོན་མིན་པར། འཚོ་བ་དེ་དང་དུས་ཀྱི་ཁ་ཐག་རིང་བ་དང་སྐད་བརྡའི་འགྱུར་བ་མང་བ་སོགས་ལས་བྱུང་བ་ལས། སྐབས་དེར་བསམ་ན་མཚོན་བྱེད་ཀྱི་དཔེ་དག་ནི་ཤིན་ཏུ་གོ་སླ་བ་ཞིག་ཡིན་པའང་མགུར་གཞན་དག་ལས་ཀྱང་ཤེས་ཐུབ། དེས་ན་བཙན་པོའི་དུས་མཚོན་ཐབས་ཀྱི་ཁྱད་ཆོས་སོགས་ཤེས་པ་ལ། དེ་དུས་ཀྱི་འཚོ་བའི་གོམས་སྲོལ་དང་སྐད་ཆའི་ཐབས་རྩལ། རིག་གནས་ཀྱི་སྣང་ཚུལ་སོགས་ལ་རྒྱུས་ལོན་བྱ་རྒྱུའང་འདོར་མི་རུང་བའི་བསླབ་བྱ་ཞིག་གོ།
༥ བྱ་ཚིག་གི་ཁྱད་ཆོས།
བྱ་ཚིག་ནི་འགུལ་སྐྱོད་རང་བཞིན་ལྡན་པའི་བྱ་བའི་མིང་ཞིག་ཡིན་པས། མགུར་རམ་སྙན་ངག་གི་ཁྲོད་དུ་བྱ་ཚིག་ནི་ཉམས་འགྱུར་མཚོན་བྱེད་ཅིག་ཏུ་གྱུར་ཡོད། ད་དུང་སྙན་ངག་ཁྲོད་དུ་བྱ་ཚིག་བརྗེ་སྤོར་བྱེད་པ་ལས་འགུལ་སྐྱོད་ཀྱི་ནུས་པའང་གཞན་དུ་འཕོས་ཏེ། བྱ་ཚིག་གི་ནུས་པས་དོན་གྱི་འགུལ་སྐྱོད་རེ་རེ་དཔེའི་ཉམས་འགྱུར་དུ་འཕོས་ཏེ་དོན་མཚོན་པར་བྱ་ཚིག་གིས་མཆོངས་སྐྱོད་དང་ཐོད་བརྒལ་གྱི་རྣམ་པ་བརྒྱུད་དེ་གསོན་ཉམས་དོད་པར་བྱེད། དེ་ལྟ་བུའི་བྱ་ཚིག་ལ་མཚར་སྣང་དང་ཡིད་འགུག་གི་ནུས་པ་དམིགས་བསལ་བ་བྱུང་བ་ནི། དཔེར་ན། ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་གི་མགུར་གྱི་མ་ཡིག་ལས། གཡང་གྀ་ནི་ཡུགས་བབ་བམ། ཞེས་དང་། ཚེར་ཀྱི་ནི་ཡུགས་ལྷུང་ངམ།། ཞེས་པའི་བབ་དང་ལྷུང་གི་བྱ་ཚིག་ལ། ད་ལྟའི་འུ་ཅག་གིས་ཐད་ཀར་དུ་མྱོང་རོལ་བྱེད་ཚེ་གོ་དཀའ་བའི་ཆ་ཡང་མེད་པ་མིན་ཡང་། སྐབས་དེའི་རིག་གནས་སྣང་ཚུལ་ལ་ཕྱིར་རྟོག་བྱེད་ཚེ། བཙན་པོའི་དུས་སུ་ཤི་བའི་དུར་རྫས་སུ་ལུག་ལྤགས་དང་ར་ལྤགས་ཀྱང་འཇུག་སྲོལ་ཡོད་པའི་གོ་བ་ལ་གཞིགས་ཚེ། དོན་དུ་བཙན་པོ་ནི་ཤི་རོ་ལྟ་བུའི་ནུས་མེད་ཅིག་ཏུ་བརྗོད་པར་སྙམ། ར་ལུག་གི་པགས་པའི་དུར་རྫས་ཀྱིས་བཙན་པོའི་སྐུའི་སྟོད་སྨད་དུ་གཡོགས་པ་ལ། བབ་དང་ལྷུང་ཞེས་བྱེད་མེད་ལས་ཚིག་སྤྱད་དེ་བཙན་པོའི་སྐུ་ལ་བསྡོ་བ་གང་ཡང་མེད་པར། ངང་གིས་ཤི་བའམ་ལྷན་སྐྱེས་ནུས་མེད་དུ་གྱུར་བའི་རྗོད་སྟངས་ཀྱི་ཐབས་རྩལ་ཞིག་སྟེ། དེ་ནི་གཙོ་བོ་རོ་གོས་དེ་བཙན་པོའི་སྐུ་ལ་ངང་གིས་བབ་པའམ་ལྷུང་ལྟ་བུའི་ཉམས་འགྱུར་ལྡན་པའི་སྣང་བརྙན་དུ་གྱུར་བས། དོན་དུ་བཙན་པོ་འདུས་སྲོང་ནི་སྐུ་ལ་དཔའ་རྩལ་རྫོགས་པའི་རྗེ་བོ་ཞིག་ཡིན་མོད། ཁེ་རྒད་རྒྱལ་ཏོ་རེས་བཙན་པོ་མ་ཤི་ཡང་ཤི་བ་ལྟ་བུའི་སྣང་ཚུལ་བརྗོད་པར། བབ་དང་ལྷུང་གི་བྱ་ཚིག་ལ་ཐུན་མིན་སྒྱུ་རྩལ་གྱི་བྱེད་ནུས་བྱུང་བས་ད་གཟོད་དོན་ལ་གོ་བ་ཟབ་ཏུ་སྐྱེད་པའི་ཐབས་སུ་གྱུར་ཡོད།
ཡང་། མ་ཡིག་ལས། སྔུན་ན་ནྀ་འདྲེན་པ་འདྀ་། ཞེས་དང་། སླད་ནས་ནྀ་རྟོན་པ་འདི། ཞེས་དང་། དབུས་ནས་ནྀ་འཕེན་པ་འདི།། ཞེས་པའི། འདྲེན་པ་དང་རྟོན་པ། འཕེན་པ་ཞེས་པ་ནི། སྔར་གྱི་བཙན་པོ་དག་ས་གནས་གཞན་དུ་ཕེབས་བཞུད་བྱེད་སྐབས་རུ་བསྟར་དུ་ཕེབས་པའི་སྲོལ་མཆིས་ཤིང་། བཙན་པོའི་སྔ་ཕྱིར་རུ་སྒྲིག་པའི་བློན་པོའམ་དམག་དཔོན་དག་གི་གཟི་བརྗིད་སྟོན་ཕྱིར་དུ། འདྲེན་པ་དང་རྟོན་པའི་བྱ་ཚིག་གིས་ནུས་པ་ལ་བརྟེན་ནས་བརྗོད་དེ། བཙན་པོ་ནི་དབུས་ན་འཕེན་པའི་ནུས་པ་ཡོད་པའང་སྔ་ཕྱིའི་སྟོབས་ཤུགས་ལ་བརྟེན་ཏེ་བྱུང་བ་ལྟ་བུར་བརྗོད། དོན་དུ་བཙན་པོ་ཉམས་ཆུང་བ་ཞིག་ཏུ་ངང་གིས་བསྒྱུར་བ་བསྟོད་པའི་ཚུལ་དུ་སྨད་པའི་རྗོད་སྟངས་ཀྱི་སྒྱུ་རྩལ་ཞིག་ཀྱང་ཡིན། དེ་ལྟར་བྱ་ཚིག་འདྲེན་དང་རྟོན། འཕེན་བཅས་གོ་སྒྲིག་གི་ཁྱད་ནུས་ལ་བརྟེན་ནས་དོན་ལ་གོ་བ་གཏིང་ཟབ་ཅིང་རྒྱ་ཆེར་བསྐྱེད་ཡོད། བྱ་ཚིག་འདི་དག་ཀྱང་བཙན་པོ་ལ་འཕེན་ཞེས་པའི་བྱ་ཚིག་སྦྱར་བས་ཐད་ཀར་དུ་བལྟས་ན་མི་སྣ་དེ་དག་འདྲ་མཉམ་ལྟ་བུར་སྣང་ཡང་། ཚིག་གོང་འོག་དག་བསྡུར་ཏེ་གོ་བ་བླང་ན། དེ་ནི་བཙན་པོར་ཟུར་ཟའི་རྐྱེན་དུ་གྱུར་ཏེ་ལྡོག་ཕྱོགས་ཀྱི་ནུས་པ་བྱུང་བ་ནི། ཁེ་རྒད་ཀྱི་མགུར་གྱི་བྱ་ཚིག་ལས་ཐབས་རྩལ་ཐུན་མིན་མངོན་སྟངས་ཤིག་ཀྱང་རེད།
ཡང་། མ་ཡིག་ལས། བཞུགས་ཀྱང་ནྀ་འོད་མྱི་དྲོ། གཤེགས་ཀྱང་ནྀ་དང་མ་ཆགས། ཞེས་པའི་སྐབས་སུའང་། བཞུགས་དང་གཤེགས་ཞེས་པའི་བྱ་ཚིག་གིས། བཙན་པོ་འདུས་སྲོང་ནི༦༧༦ལོ་ནས་སྐུ་ན་མ་སོན་བར་དུ་ཉེན་ཀར་གཙོ་བྱས་ཏེ་བཞུགས་ཤིང་། ཡང ༧༠༠ ལོ་ནས་དངོས་སུ་ཕྱོགས་མཐའ་ཀུན་ཏུ་ཆབ་སྲིད་ཀྱི་ཕྱག་ལས་མཛད་པར་གཤེགས་འགོ་ཚུགས་ཤིང་། དེ་རྗེས་ཕལ་ཆེར་གཙང་བོའི་ཉེ་འགྲམ་དུ་སོས་དལ་དུ་བཞུགས་པའི་དུས་ཚོད་མ་བྱུང་བས། ཁེ་རྒད་ཀྱིས་ཀྱང་རང་གི་ཕྱོགས་གཏོགས་ཀྱི་འཁོན་སེམས་མཚོན་པའི་མགུར་ཚིག་འདི་ཉིད་ཀྱང་གནས་བབ་དེ་ལས་བྱུང་། དེ་ལྟ་བུའི་བཙན་པོའི་མཛད་པའང་བྱ་ཚིག་གཉིས་སུ་བསྡུས་པ་ནི། བཞུགས་དང་གཤེགས་གཉིས་ཡིན། བྱ་ཚིག་གི་འདི་གཉིས་ཀྱི་འགུལ་སྐྱོད་ཀྱི་ཉམས་འགྱུར་ལས་བཙན་པོའི་སྐུ་ཚེ་མཛད་པ་ལ། ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་ལ་མཚོན་ན་རིན་ཐང་མེད་པའི་ངོ་བོར་བསྒྱུར་ཏེ་སྡོམ་ཚིག་བཀོད་ཡོད། བྱ་ཚིག་དེ་གཉིས་ཀྱི་གཏིང་རིམ་ན་བཙན་པོའི་མཐའ་འདུལ་གྱི་རླབས་ཆེ་བའི་ཕྱག་ལས་མཚོན་པ་མིན་པར། ཅོག་རོ་བཟའ་ལྟ་བུའི་རྗེས་སུ་རྒྱུག་པའི་བྱ་སྤྱོད་མི་སྡུག་པའི་རྣམ་པ་མཚོན་པར་བྱས་ཏེ། བཙན་པོ་ནི་བཞུགས་ཀྱང་སྤྱི་ཕན་གྱི་ནུས་པ་མེད་པར་ཤི་རོ་དང་འདྲ་ཞིང་། གཤེགས་ནའང་སྤྱོད་པ་འཆལ་ཞིང་དོན་མེད་འདུར་རྒྱུག་བྲེལ་བར་བརྗོད། མདོར་ན་གཤེགས་བཞུགས་གང་དུའང་དོན་སྙིང་མེད་ཚུལ་ནི་བྱ་ཚིག་གཉིས་སུ་བསྡུས་ཏེ། བཙན་པོ་འདུས་སྲོང་གི་མཛད་པ་ལ་མི་དགའ་བའི་ཆགས་སྡང་གི་རྣམ་འགྱུར་བྱ་ཚིག་ཉུང་ངུའི་ནུས་པ་ལས་གསལ་བར་བྱས་སོ།།
མདོར་ན་མགུར་འདི་ནི་བཙན་པོ་འདུས་སྲོང་མང་པོ་རྗེའི་དུས་ཀྱི་རྒྱལ་བློན་བར་གྱི་འགལ་བ་སྟེ་མགར་དང་མནོན་དང་པ་ཚབ། ཅོག་རོ་སོགས་གནད་དོན་དང་། ཆབ་སྲིད་ཀྱི་གནས་བབ་སྟེ་དྲུ་གུ་དང་རྒྱ། འཇང་སོགས་ཀྱི་གནས་བབ་ཀྱང་རྟོགས་ཐུབ་པར་མ་ཟད། བཙན་པོའི་དུས་ཀྱི་མགུར་གྱི་སྒྱུ་རྩལ་ཁྱད་ཆོས་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཀྱང་ཡིན་ནོ།།
༢༠༢༢ ༤ ༢༦ ལ་ནེའུ་ཡོག་གྲོང་ཁྱེར་དུ།
དཔྱད་གཞིའི་རྒྱུ་ཆ།
[1] མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། མཁས་པ་ལྡེའུས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ༢༠༡༠ལོའི་ཟླ༡༢ པར་དཔར་ཐེངས་གཉིས་པ་བཏབ།
[2]+ བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་། གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོའི་ཟླ༤ བར་པར་གཞི་དང་བོ་བསྒྲིགས།
[3] ཞང་བོད་ལོ་རྒྱུས་ཏི་སེའི་འོད། ནམ་མཁའི་ནོར་བུས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༡༢ པར་པར་ཐེངས་གཉིས་པ་བཏབ།
[4] ཁུ་བྱུག་སྔོན་མོའི་སྒྲ་དབྱངས། (བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས།) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༧ ལོའི༤པར་པར་གཞི་དང་པོ་བསྒྲིགས།
[5] བཀའ་ཐང་སྡེ་ལྔ། གུ་རུ་ཨུ་རྒྱན་གླིང་པས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ༡༢ པར་པེ་ཅིན་དུ་པར་ཐེངས་༤པ་བརྒྱབ་པ།
[6] བཤད་མཛོད་ཡིད་བཞིན་ནོར་བུ། དོན་དམ་པ་སྨྲ་བའི་སེང་གེས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༢ པར་པར་ཐེངས་དང་པོ་བཏབ།
[7] བོད་བཙན་པོའི་རྒྱལ་རབས། སྒྲིག་རྩོམ་པ་འབྲི་གུང་སྐྱབས་མགོན་ཆེ་ཚང་། 2010 Printed at ARCHARNA, New Delhi.
[8] གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེའི་ཞིབ་འཇུག ལྕགས་མོ་མཚོས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༨ པར་པར་གཞི་དང་པོ་བསྒྲིགས་ཤིང་པར་ཐེངས་དང་པོ་བཏབ།
[9] ཉི་མའི་རིགས་ཀྱི་རྒྱལ་རབས་དང་ཟླ་བའི་རིགས་ཀྱི་རྒྱལ་རབས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ༧ པར་ཐེངས༡ བཏབ།
[10] ས་སྐྱ་བཀའ་འབུམ།། ༼ཏ༽ རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་རབ། གླེགས་བམ་བཞི་པ། ༢༠༠༩ ལོར་ཐེ་ཝན་དུ་དཔར།
[11] བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། རྒྱལ་དབང་ལྔ་པ་ཆེན་མོས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ལོའི་ཟླ༥ པར་པེ་ཅིན་ལ་པར་ཐེངས༤ པ་བརྒྱབ་པ།
[12] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ་གསུམ་པར་པེ་ཅིན་དུ་པར་ཐེངས་གཉིས་པ་བརྒྱབ།
[13] རྒྱལ་རབས་གསལ་བའི་མེ་ལོང་། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོའི་ཟླ་དང་པོར་པེ་ཅིན་དུ་པར་ཐེངས༦ པ་བརྒྱབ།
[14] དཔའ་བོའི་བཞུད་ལམ། མཐའ་བ་བཀྲ་ཤིས་དོན་འགྲུབ་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༡༠ པར་དཔར་ཐེངས་དང་པོ་བཏབ།
[15] མགར་གྱི་རུས་མཛོད་ཁ་བའི་ལྗོངས་ཀྱི་ཞབས་རྗེས་དཀར་པོ་ཞེས་བྱ་བ་བཞུགས་སོ།། ཀརྨ་མདོ་སྔགས་དབང་ཕྱུག་གིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡ པར་པར་ཐེངས་དང་པོ་དཔར།
[16] ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ། བཀྲ་བྷས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ༡༢ པར་དཔར་ཐེངས་དང་པོ་དཔར།
[17] བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན་བཞུགས་སོ།། ཀུན་དགའ་ཚེ་དབང་དོན་གྲུབ་ཀྱིས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༠ པར་པར་ཐེངས༡ བཏབ།
[18] ཚིག་མཛོད། གཙོ་སྒྲིག་པ། ཁ་སྒང་བཀྲ་ཤིས་ཚེ་རིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ལོའི་ཟླ༡༡ པར་པེ་ཅིན་དུ་དཔར་ཐེངས་དང་པོ་བརྒྱབ།
—–