“ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ”ཞེས་པའི་བོད་བསྒྱུར་བསྟན་བཅོས་ཀྱི་སྐོར་གླེང་བ།

0
1214

རྩོམ་ཡིག་འདིར་རྒྱ་ནག་གི་ལོ་ཙཱ་བ་ཆེན་པོ་བློ་བཟང་ཆོས་འཕགས་ཀྱིས་དུས་རབས་ཉི་ཤུའི་དཀྱིལ་དུ་རྒྱ་ནག་གི་སྐད་ནས་བོད་སྐད་དུ་བསྒྱུར་པའི་“ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་”ཡི་དཔེ་དེབ་གསར་དུ་ཐོན་པ་དེའི་ངོ་སྤྲོད་མདོར་བསྡུས་ཤིག་སྡེ་ཚན་ཁ་ཤས་ཀྱི་ལམ་ནས་ཞུ་རྒྱུ་ཡིན།

བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོའི་ནང་དོན་ངོ་སྤྲོད།

བསྟན་བཅོས་འདི་ཆོས་ཁུངས་གང་ལ་ཐུག་པ་ནས་འགོ་བརྩམས་པའི་ཐོག་གླེང་བར་བྱ་སྟེ། བསྟན་བཅོས་འདི་ཆེས་སྔ་དུས་སུ་བརྩམས་པའི་ནང་པའི་དཔེ་རྙིང་གལ་ཆེན་ཡིན་པ་མ་ཟད། བསྟན་བཅོས་འདི་བྱེ་བྲག་སྨྲ་བའི་ལྟ་གྲུབ་ཀྱི་རྨང་གཞི་ཡིན་པས་ནང་པའི་ལྟ་གྲུབ་སྨྲ་བ་པོ་སྤྱི་ལ་བསྟན་བཅོས་འདི་ཉིད་མཁྱེན་དགོས་པ་ཤིན་ཏུ་ནས་གལ་ཆེ་བ་མངོན། ནང་པའི་ཉན་ཐོས་སྡེ་པ་དེང་གྲགས་ཆེ་བ་གནས་བརྟན་སྡེ་པ་དང་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཞེས་གཉིས་ལས་བསྟན་བཅོས་འདི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་ཕབ་པའི་གཞུང་མངོན་པ་སྡེ་བདུན་ལས་དང་པོ་ཡེ་ཤེས་ལ་འཇུག་པ་དང་། དེའི་དགོངས་འགྲེལ་དུ་བརྩམས་པའི་བསྟན་བཅོས་བྱེ་བྲག་བཤད་པ་ཆེན་པོ་ཡིན། ཕྱི་མ་འདི་ལ་སྐབས་འགར་བྱེ་བྲག་བཤད་མཚོ་ཆེན་མོ་དང་བྱེ་བྲག་བཤད་མཛོད་ཆེན་མོ་ཞེས་མཚན་བྱང་གི་མཐའ་ཚིག་མི་འདྲ་བ་བྱུང་ཡང་བསྟན་བཅོས་ནི་གཅིག་རང་ཡིན་པ་དཔེ་དེབ་གསར་ཐོན་འདིའི་པར་སྐྲུན་གླེང་གཞིར་གསལ་བ་ལྟར་ལགས། ལེགས་སྦྱར་དུ་འདིའི་མཚན་ལ་གཅིག་མཚུངས་སུ་མཧཱཝིབྷཱཥཱ་ཞེས་ཡོད་པས་བོད་སྐད་ཀྱི་མཚན་བྱང་མི་འདྲ་བ་རྣམས་ནི་སྒྱུར་མཁན་གྱི་ལོ་ཙཱ་བ་སོ་སོས་གོ་བ་ལེན་ཕྱོགས་ཀྱི་ཁྱད་པར་ཡིན་སྲིད་ཀྱང་དཔྱད་དགོས་པ་ཞིག་ཏུ་སྣང་། དེ་བཞིན་ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ལས་གཞན་པ་འདུལ་བ་བྱེ་བྲག་ཏུ་བཤད་པའང་ཡོད་ཆོག་པ་ཡིན་ཡང་དེ་ལྟར་མཇལ་རྒྱུ་མེད། ཉན་ཐོས་སྡེ་བའི་ཆོས་མངོན་པའི་ཆོས་ཚན་ཐོར་བུ་འགའ་མ་གཏོགས་བོད་དུ་འགྱུར་མེད་པར་བོད་ཀྱི་བཀའ་བསྟན་གཉིས་ཀྱི་དཀར་ཆག་ལ་གཟིགས་ན་མཁྱེན་ཐུབ།[1] དེང་དུས་རབས་ཉི་ཤུ་པའི་དཀྱིལ་དུ་བསྟན་བཅོས་འདི་གཉིས་བོད་སྐད་དུ་བསྒྱུར་ཅིང་དུས་རབས་ཉེར་གཅིག་པའི་བཅུ་ཕྲག་གཉིས་པའི་ནང་གློག་ཡིག་ཏུ་པར་སྐྲུན་ཞུས་ཏེ་ཀུན་གྱི་སྤྱན་ལམ་དུ་འགྱུར་ཐུབ་པ་ནི་བོད་ཡིག་ཀློག་པ་པོ་རྣམས་ལ་རིན་ཐང་བྲལ་བའི་རྣམ་དཔྱོད་ཀྱི་སྐྱེས་ཤིག་ཐོབ་ཡོད་པར་སེམས། འོན་ཀྱང་འདིར་དཔྱད་དགོས་པ་ཞིག་ལ། དེབ་ཕྲེང་འདིའི་པར་སྐྲུན་གླེང་བརྗོད་དུ་བྱེ་བྲག་བཤད་པ་ཆེན་པོ་འདི་ནང་པའི་བསྟན་བཅོས་ཀྱི་ཐོག་མ་ཡིན་ཞེས་ཞལ་འཕངས་མཛད་འདུག་ཀྱང་དེ་ལྟར་སྒྲུབ་དཀའ་བ་སྣང་སྟེ། གནའ་དེང་གཉིས་ཀའི་ལོ་རྒྱུས་སྨྲ་བ་ལྟར་ན་ཐོག་མར་གནས་བརྟན་སྡེ་བའི་ཆོས་མངོན་པ་དང་དེ་དག་གི་འགྲེལ་པ་སྔོན་ལ་བརྩམས་ཤིང་། དེའི་རྗེས་སུ་གཞི་ཐམས་ཅད་ཡོད་པར་སྨྲ་བ་སོགས་ཀྱི་མངོན་པའི་བསྟན་བཅོས་རྣམས་རིམ་གྱིས་བྱུང་བར་འདོད་ལ་[2]དོན་དུ་ཡང་དེ་ལྟར་གནས་པར་སེམས་ཏེ། དེབ་ཕྲེང་འདིའི་དཔེ་དེབ་གཉིས་པར་བསྟན་བཅོས་ཡེ་ཤེས་ལ་འཇུག་པའི་ལེའུའི་གོ་རིམ་བཤད་པའི་དགག་བཞག་སྤོང་གསུམ་གྱི་སྐབས་སུ་ཁ་ཅིག་གི་འདོད་པ་མི་འདྲ་བ་སུམ་ཅུ་ཙམ་བཀོད་ནས་མཇུག་ཏུ་ཁ་ཅིག་དེ་རྣམས་ངོས་འཛིན་གྱི་སྐབས་འདི་ལྟར་གསུངས་ཏེ། “དེ་སྐད་སུས་སྨྲ་ཞེ་ན། ཆོས་མངོན་པ་བ་སྔོན་མ་དག་གོ།”[3] ཞེས་གསུངས་པས་ཀྱང་བསྟན་བཅོས་འདིའི་སྔོན་དུ་ཆོས་མངོན་པའི་དགོངས་འགྲེལ་གྱི་བསྟན་བཅོས་གཞན་ཞིག་ཡོད་པ་དོན་གྱིས་གྲུབ་བོ།།

ད་ནི་བསྟན་བཅོས་འདི་གཉིས་ཀྱི་ནང་དོན་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་བ་ལ། དེབ་ཕྲེང་འདིར་ཁྱོན་དེབ་གྲངས་བརྒྱད་དང་བམ་པོ་ཉིས་བརྒྱ་ཡོད་འདུག་ཅིང་། དེ་ནི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་ཕྱི་ལོ་ ༢༠༡༧ ཟླ་བ་༧ པར་པར་དུ་བསྐྲུན་ཏེ་འགྲེམས་སྤེལ་ཞུས་པ་ཡིན་འདུག། དེབ་ཕྲེང་བརྒྱད་པོ་དེ་གཞི་རྐང་ཆོས་ཚན་གཉིས་སུ་ཕྱེ་ཡོད། དང་པོ་དེ་“ཆོས་མངོན་པའི་བསྟན་བཅོས་ཡེ་ཤེས་ལ་འཇུག་པ་བཞུགས་སོ།།” ཞེས་དཔེ་དེབ་དང་པོ་ལ། གཞུང་ཚད་བམ་པོ་ཉི་ཤུ་འདུག་ཅིང་། དེ་འཕྲོས་དེབ་ཕྲེང་གཉིས་པ་ནས་བརྒྱད་པ་བར་དང་། བམ་པོ་ཉེར་བཅིག་ནས་ཉིས་བརྒྱ་བར་ཡོད་པ་རྣམས་ནི་ “ཆོས་མངོན་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་བཞུགས་སོ།།” ཞེས་བསྟན་བཅོས་སྡེ་ཚན་གཉིས་པ་དེ་ཡིན། སྤྱིར་བོད་བརྒྱུད་ནང་བསྟན་གྱི་མཁས་པ་རྣམས་ལ་བྱེ་བྲག་བཤད་པ་ཆེན་པོ་དེ་མངོན་པ་སྡེ་བདུན་གྱི་དགོངས་འགྲེལ་བསྟན་བཅོས་ཡིན་པར་ཐུགས་རྒྱུས་ཡོད་པར་གདོན་མི་ཟ་ཡང་། གཞུང་འདི་དེ་སྔ་བོད་སྐད་དུ་མ་བཞུགས་པར་བརྟེན། མངོན་པ་སྡེ་བདུན་གྱི་དགོངས་པ་ཇི་ལྟར་འགྲེལ་ཡོད་པ་རྟོགས་དཀའ་བས། སྐབས་འདིར་གུས་པར་དཔེ་དེབ་ཆ་ཚང་བ་ཞིག་དུས་ཚོད་ཐུང་ངུ་ཞིག་ནང་ཉམས་ཞིབ་བྱེད་རྒྱུའི་གོ་སྐབས་ཐོབ་སོང་བས་འདིར་དེའི་སྐོར་མདོ་ཙམ་ཞུ་རྒྱུ་ཡིན།

བསྟན་བཅོས་ཡེ་ཤེས་ལ་འཇུག་པ་དང་ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་འདི་གཉིས་བསྟན་བཅོས་ཀྱི་བརྗོད་བྱ་ཐ་དད་པ་མ་ཡིན་པར་བརྗོད་བྱ་གཅིག་ལ་སྔ་མ་དེ་རྩ་བ་དང་། ཕྱི་མ་དེ་དེའི་འགྲེལ་པ་ཡིན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོའི་དབུར་། “ཆོས་མངོན་པ་ཡེ་ཤེས་ལ་འཇུག་པའི་བྱེ་བྲག་ཏུ་བཤད་པ་ཆེན་པོའི་གླེང་གཞི།”[4]ཞེས་ཡོད་པ་ཙམ་གྱིས་ཀྱང་རྟོགས་ཐུབ། སྔ་མ་དེའི་ནང་དོན་བསྟན་བཅོས་ཀྱི་ལུས་རྣམ་གཞག་ཡོངས་སུ་རྫོགས་པ་ནི་ལེའུ་བརྒྱད་དུ་བསྡུས་ཏེ་བསྟན་འདུག་ལ། ལེའུ་བརྒྱད་པོ་དེར་ཐར་པ་སྒྲུབ་བྱེད་ཀྱི་སྤང་བླང་གི་གནས་རྣམས་བསྡུས་ཏེ་བསྟན་འདུག་པས་ཆོས་མངོན་པའི་གཞུང་རང་རྐང་པ་ཞིག་ཏུ་ངོས་འཛིན་ཞུས་ཆོག་པ་ཡིན། གཞུང་འདིར་ལེའུའི་སྐད་དོད་དུ་ཕུང་པོ་ཞེས་པའི་ཚིག་གིས་བསྟན་ཡོད། ཕུང་པོ་ཞེས་གཏགས་པའི་རྒྱུ་མཚན་ནི་དེབ་གཉིས་པ་བྱེ་བྲག་བཤད་པ་ཆེན་པོའི་གླེང་གཞིར། “དེ་ཡང་སངས་རྒྱས་ཀྱིས་རྣམ་པ་སྣ་ཚོགས་གསུངས་པ་རྣམས་ཀྱི་ནང་ནས་དོན་ཚན་བཞག་པ་དང་། བསྡུས་སྡོམ་བཀོད་པ་དང་། སྡེ་ཚན་དུ་བྱས་པ་དང་། ཕུང་པོ་སྤྱིའི་མིང་དུ་བཏགས་ཏེ།”[5] ཞེས་ཡོད་པས་ཚིག་དོན་གོ་སླ། དེ་ལྟར་ན་ཕུང་པོ་བརྒྱད་པོ་ནི། དང་པོ་ཕྲན་ཚེགས་ཀྱི་ཕུང་པོ་བསྟན་པ་དང་། གཉིས་པ་ཀུན་ཏུ་སྦྱོར་བའི་ཕུང་པོ་དང་། གསུམ་པ་ཤེས་པའི་ཕུང་པོ་དང་། བཞི་པ་ལས་ཀྱི་ཕུང་པོ་དང་། ལྔ་པ་འབྱུང་བ་ཆེན་པོའི་ཕུང་པོ་དང་། དྲུག་པ་དབང་པོའི་ཕུང་པོ་དང་། བདུན་པ་སྙོམས་པར་འཇུག་པའི་ཕུང་པོ་དང་། བརྒྱད་པ་ལྟ་བའི་ཕུང་པོ་བསྟན་པའོ། །སྐབས་འདིར་ལེའུ་མཚན་དོན་གཞན་རྣམས་གོ་སླ་ལ་དང་པོ་ཕྲན་ཚེགས་ཞེས་པའི་དོན་ནི་གོང་བཀོད་ཀྱི་འགྲེལ་པ་དེ་ཉིད་ལས། “འདི་ལྟར་རྣམ་པ་ཐ་དད་པ་སྣ་ཚོགས་སུ་གསུངས་པ་རྣམས་བསྡུས་ནས་ཕྲན་ཚེགས་ཀྱི་ཕུང་པོར་ཞེས་བཏགས་སོ།།”[6] ཞེས་སོ།།

གཉིས་པ་བསྟན་བཅོས་དེའི་འགྲེལ་པ་ནི་ཆོས་མངོན་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ཡིན། འདིར་འགྲེལ་ཚུལ་ཡང་རྩ་བའི་ཚིག་དོན་འགྲེལ་བ་ཙམ་མ་ཡིན་པ་དགག་གཞག་སྤོང་གསུམ་དང་བཅས་ཡོད་པས་ན་བསྟན་བཅོས་འདི་རྒྱ་ཆེར་འགྲེལ་པ་ཡིན། དེ་ལྟར་ཡིན་པ་ཡང་བསྟན་བཅོས་ཀྱི་མཚན་གྱི་མཐར་བཤད་པ་ཆེན་མོ་ཞེས་ཡོད་པ་དེས་མཚོན་ཐུབ། འགྲེལ་ཚུལ་ཡང་གོང་བཀོད་ཀྱི་ཕུང་པོ་བརྒྱད་པོ་རྣམས་འགྲེལ་པའི་དེབ་དང་པོར་ཕྲན་ཚེགས་ཀྱི་ཕུང་པོ་དང་། གཉིས་པ་ཀུན་ཏུ་སྦྱོར་བའི་ཕུང་པོ་བསྟན་ལ། དེ་མིན་དེབ་ལྷག་མ་དྲུག་ཏུ་ཕུང་པོ་ལྷག་མ་རེ་རེར་བསྟན་ཡོད། འདིར་འགྲེལ་པའི་དེབ་ཕྲེང་རྣམས་ཀྱི་མཚན་བྱང་དུ་“ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་བཞུགས་སོ།།” ཞེས་བཀོད་ཡོད་ཀྱང་སྐབས་འདིའི་ཆོས་མངོན་པ་དེ་བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ཡིན་པ་ལས་ཆོས་མངོན་པ་སྤྱི་ལ་གོ་རྒྱུ་མ་ཡིན་པ་ནི། གོང་བཀོད་བཞིན་འགྲེལ་པའི་དབུར་“ཆོས་མངོན་པ་ཡེ་ཤེས་ལ་འཇུག་པའི་བྱེ་བྲག་ཏུ་བཤད་པ་ཆེན་པོའི་གླེང་གཞི།”[7]  ཞེས་ཡོད་པས་མཁྱེན་ཐུབ།

དེབ་འདིའི་བསྒྱུར་གཞིའི་མ་དཔེའི་སྐད་ཡིག་ནི་རྒྱ་ནག་གི་སྐད་ཡིན་ཡང་ཐོག་མར་བསྟན་བཅོས་འདི་གཉིས་ལེགས་སྦྱར་གྱི་སྐད་དུ་ཡོད་པ་ཡིན་ལ། དེ་ལས་རྒྱ་ནག་གི་སྐད་དུ་ཕབ་བསྒྱུར་ཞུས། དེ་ལྟར་ཡིན་པ་ཡང་དེབ་འདིའི་དེབ་ཕྲེང་བརྒྱད་པར་བསྟན་བཅོས་འདིའི་མཇུག་བྱང་དུ་“ཤིང་མོ་བྱ་ལོའི་དགུན་ཟླ་ར་བ་ནས་བསྒྱུར་བའི་དབུ་བཙུགས། དེ་ནས་ས་མོ་གླང་གི་སྟོན་ཟླ་ཐ་ཆུང་གི་བར་ལོ་ངོ་མཐོང་ལྔའི་རིང་ལ། གནའ་དུས་སུ་བྱུང་བའི་ལོ་ཙྪ་བ་ཆེན་པོ། ༧ཐང་ཟན་གཙང་སྡེ་སྣོད་གསུམ་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས། རྒྱ་གར་གྱི་སྐད་ལས་རྒྱ་ཡིག་ཏུ་བསྒྱུར་བའི་བསྟན་བཅོས་ཀྱི་སྡེ་སྣོད་རྣམས་ཀྱི་གཞུང་ཆེན་དཔེ་ཞུས་ཏེ་བསྒྱུར་བའི་མཇུག་རྫོགས་པར་བགྱིས་པ་ལགས་ཤིང་།”[8] ཞེས་ཡོད་པ་ལས་མཁྱེན་ཐུབ། འོན་ཀྱང་དེབ་འདིའི་པར་སྐྲུན་གླེང་གཞིའི་ནང་[9]བསྟན་བཅོས་འདི་གཉིས་རྒྱ་གར་གྱི་ལེགས་སྦྱར་གྱི་སྐད་ནས་རྒྱ་ནག་གི་སྐད་དུ་སྒྱུར་མཁན་གྱི་ལོ་ཙཱ་བ་དེའི་མཚན་ལ་“ཤུན་དྲུང་ཞབས་(སྤྱི་ལོ་༦༠༠–༦༦༤)” བཅས་དང་སློབ་དཔོན་དབྱིག་གཉེན་དང་དུས་མཚུངས་པར་གྲགས་པ་ནི་དཔྱད་གཞིའི་གནས་སོ་ཞེས་པའི་སྡེ་ཚན་དང་པོ་ཞུས་ཟིན།།

བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་རྒྱ་སྐད་ནས་བོད་སྐད་དུ་ཕབ་སྒྱུར་སྐོར།

སྡེ་ཚན་གཉིས་པ་དཔེ་དེབ་འདི་རྒྱ་ནག་གི་སྐད་ནས་བོད་སྐད་དུ་སྒྱུར་བ་པོ་སུ་ཡིན་པའི་ངོ་སྤྲོད་མདོར་བསྡུས་ཞུ་རྒྱུ་ཡིན། དེ་ཡང་དེབ་འདི་ཡི་པར་སྐྲུན་གླེང་གཞིའི་ནང་དུ་བྱུང་བ་ལྟར་དཔེ་དེབ་འདི་དབུ་ནས་མཇུག་བར་དུ་རྒྱ་ནག་གྱི་སྐད་ནས་བོད་སྐད་དུ་སྒྱུར་བ་པོ་ནི་རྒྱ་ནག་གི་ལོ་ཙཱ་བ་ཆེན་པོ་བློ་བཟང་ཆོས་འཕགས་སམ་ཧྥ་ཙུན་ཡིན། ལོ་ཙཱ་བ་དེའི་སྐུ་ཚེའི་ལོ་རྒྱུས་དང་མཛད་བྱས་རྣམས་དགེ་ལུགས་པའི་དྲ་བ་(http://www.tb1025.cn/)ཞེས་པའི་ནང་དུ་ “ལོ་ཙཱ་བ་ཆེན་མོ་བློ་བཟང་ཆོས་འཕགས་མཆོག་གི་རྣམ་ཐར་མདོར་བསྡུས་” ཞེས་ཡོད་པ་དེར་གསལ་ཞིང་། དེ་ལྟར་ན། ཁོང་ནི་རྒྱ་ནག་དང་བོད་གཉིས་ཀའི་ནང་ཆོས་ལ་མཁས་པ་དང་ཡུལ་དེ་གཉིས་ཀའི་སྐད་ཡིག་ལ་བྱང་ཞིང་ཆུབ་པ་ཞིག་ཡིན་པ་མ་ཟད། རྒྱ་བོད་གཉིས་ཀྱི་ནང་པའི་གསུང་རབ་དུ་མ་བསྒྱུར་འདུག་ཅིང་། ཁྱད་པར་དུ་ལོ་ཙཱ་བ་གང་ཉིད་དགེ་ལུགས་པའི་བསྟན་པ་ལ་དད་པར་བརྟེན་རྗེ་ཙོང་ཁ་པའི་གསུང་རྩ་ཆེན་བྱང་ཆུབ་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་ལ་སོགས་པ་རྣམས་ཀྱང་རྒྱ་ནག་གི་སྐད་དུ་བསྒྱུར་འདུག་ཅིང་། ཁོང་ཕྱི་ལོ་༡༩༠༢ ཟླ་བ་ ༡༢ པའི་ཚེས་ ༡༤ ཉིན་རྒྱ་ནག་ཧོ་པེ་ཞིང་ཆེན་གྱི་ཧྲིན་ཞན་ནན་ཀྲིག་པོ་སྡེ་བ་ཞེས་པར་སྐུ་འཁྲུངས་ཤིང་། རྒྱ་བོད་གཉིས་ཀའི་ནང་པའི་དགེ་བའི་བཤེས་གཉེན་དུ་མར་བསྟེན་ཏེ་ནང་ཆོས་དང་དེ་འབྲེལ་སྐད་ཡིག་ཐོག་ལ་མཁས་པར་གྱུར་ཅིང་རིམ་གྱིས་ལོ་ཙཱ་བའི་བྱ་བར་ཞུགས་ནས་མདོ་སྔགས་ཀྱི་གཞུང་མང་པོ་བོད་སྐད་ནས་རྒྱ་ནག་སྐད་དུ་ཕབ་བསྒྱུར་གནང་འདུག་ཅིང་། བོད་སྐད་དུ་མེད་པའི་ནང་ཆོས་རྣམས་ཀྱང་རྒྱ་ནག་གི་སྐད་ནས་ཚུར་བོད་སྐད་དུ་བསྒྱུར་བའང་ཡོད།

སྐབས་དེར་ཕྱི་ལོ་ ༡༩༤༥ ནས་ ༡༩༤༩ སྟེ་ལོ་ལྔའི་ནང་བྱེ་བྲག་བཤད་པ་ཆེན་པོ་འདི་བཞིན་རྒྱ་ནག་གི་སྐད་ནས་བོད་སྐད་དུ་རྫོགས་པར་བསྒྱུར། ཕྱི་ལོ་ ༡༩༥༤ ལོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་ཏུ་ཕེབས་སྐབས་ཁོང་མཇལ་ཁར་བཅར་ཏེ་སྐུ་ཉིད་ནས་བོད་སྐད་དུ་བསྒྱུར་པའི་བྱེ་བྲག་བཤད་པ་ཆེན་པོ་ཡོངས་རྫོགས་ཕུལ་བས། ༸གོང་ས་མཆོག་གིས་ཀྱང་ཐུགས་དགྱེས་ཚོར་ཆེན་པོས་བཞེས་ཏེ་ཕྱིས་སུ་ཤིང་པར་དུ་འདེབས་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་འདུག ལོ་ཙཱ་བ་ཆེན་པོ་དེ་ནི་རིག་གནས་གསར་བརྗེ་ཡི་དུས་འགྱུར་གྱི་རྗེས་སུའང་ཀྲུང་གོའི་ནང་བསྟན་སློབ་གླིང་གི་ཚོགས་གཙོའི་ཐུགས་འགན་བཞེས་པ་སོགས་སྐུ་ངལ་འཛེམས་མེད་ཐོག་ཤེས་རིག་དར་རྒྱས་དང་འབྲེལ་བའི་ནང་ཆོས་ཐོག་ལ་འཆད་རྩོམ་གྱིས་དུས་འདའ་བར་མཛད། རིམ་གྱིས་སྐུ་ན་བགྲེས་པ་དང་རྒྱ་ནག་ཏུ་རིག་གནས་གསར་བརྗེའི་སྐབས་ཉེས་རྡུང་གི་རྐྱེན་པས་སྐུ་ཁམས་མི་བདེ་བར་གྱུར། མཐར་ཕྱི་ལོ་༡༩༨༠ ལོའི་ཟླ་བ་༡༢ པའི་ཚེས་ ༡༥ ཉིན་པེ་ཅིང་གི་ཐེ་ཡོན་དགོན་པར་སྐུ་གཤེགས། ཁོང་གི་སྐུ་གདུང་མཆོད་རྟེན་དེ་བཞིན་རྒྱ་ནག་རི་བོ་རྩེ་ལྔའི་ཀུན་ཁྱབ་གླིང་དུ་བཞུགས་སུ་གསོལ། ཁོང་གིས་གསུང་རྩོམ་དང་འགྱུར་ཡིག་སྣ་མང་ཡོད་པ་རྣམས་དྲྭ་རྒྱ་འདིར་བཀོད་ཡོད་པས་མཁྱེན་འདོད་པ་རྣམས་ཀྱི་དེར་གཟིགས་པར་ཞུས།

བྱེ་བྲག་བཤད་པ་ཆེན་མོ་པར་སྐྲུན་ཇི་ལྟར་ཞུས་སྐོར།

ད་ནི་སྡེ་ཚན་གསུམ་པ་འདིར་ལོ་ཙཱ་བ་དེས་བོད་སྐད་དུ་བསྒྱུར་གནང་བའི་བྱེ་བྲག་བཤད་པ་ཆེན་པོ་འདི་བཞིན་པར་སྐྲུན་ཇི་ལྟར་ཞུས་པའི་སྐོར་ལ་དཔྱད་པ་དང་འབྲེལ་ཅུང་ཟད་གླེང་སྟེ་དཔེ་དེབ་ངོ་སྤྲོད་འདི་བཞིན་མཇུག་བསྡུ་རྒྱུ་ཡིན། གུས་པར་དཔེ་དེབ་གསར་ཐོན་འདིའི་ངོ་སྤྲོད་ཐོག་མ་གནང་མཁན་ནི་གུས་པའི་ཕྱིར་བསྐྱོད་ཀྱི་ཉམས་ཞིབ་སློབ་སྟོན་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ཡིན། ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཞི་འཚོ་དཔེ་མཛོད་ཁང་དུ་པར་ཐེངས་སྔ་མ་ཡོད་ཁར་པར་སྐྲུན་གསར་པ་དེ་ཡང་འབྱོར་ཙམ་རེད་འདུག་པས་གུས་པས་དེབ་སྔ་ཕྱི་གཉིས་ཀར་བདུན་གཅིག་རིང་ཞིབ་འཇུག་བྱ་རྒྱུའི་གོ་སྐབས་ཐོབ་ཅིང་། དེབ་ཕྲེང་སྔ་མ་དེ་ལ་དེབ་གྲངས་བཅུ་ཡོད་ལ། ཕྱི་ལོ་ ༢༠༡༡ ལོར་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་གནང་སྟེ་འགྲེམས་སྤེལ་ཞུས་འདུག  སྐབས་དེར་དེབ་ཀྱི་རྒྱབ་ཤ་དང་། དཔེ་སྐྲུན་གསལ་བཤད་དང་། པར་སྐྲུན་གླེང་གཞི་གསུམ་གསར་དུ་བསྣན་པ་ལས་གཞན་རྣམས་ལོ་ཙཱ་བ་བློ་བཟང་ཆོས་འཕགས་ཀྱི་ཕྱག་བྲིས་རང་སོར་བཞག་ཏེ་གློག་འཕྲུལ་དུ་པར་ལོག་བརྒྱབས་ཏེ་པར་སྐྲུན་གནང་འདུག པར་སྐྲུན་གཉིས་པ་དེ་བཞིན་ཕྱི་ལོ་ ༢༠༡༧ ལོར་གོང་སྨོས་དཔེ་སྐྲུན་ཁང་དེ་ག་རང་ནས་འགྲེམ་སྤེལ་གནང་འདུག པར་སྐྲུན་དང་པོ་དང་གཉིས་པ་གཉིས་ཀའི་པར་སྐྲུན་གླེང་བརྗོད་དེ་དེང་བོད་ཀྱི་མཁས་དབང་གཟན་དཀར་ཐུབ་བསྟན་ཉི་མ་མཆོག་གིས་བྲིས་གནང་བ་དེ་རང་བཞག་པར་སྣང་། དེ་བཞིན་དེབ་ཕྲེང་སྔ་ཕྱི་གཉིས་ཀའི་ཞུ་སྒྲིག་པ་གཙོ་བོ་ཡང་ཚངས་པོ་ཡིན་པ་འཁོད་ཡོད། པར་སྐྲུན་སྔ་ཕྱི་གཉིས་ཀྱི་མི་འདྲ་བའི་ཁྱད་པར་ཆེ་ཤོས་དེ་ནི། གོང་དུ་ཞུས་ཟིན་པ་ལྟར་པར་ཐེངས་སྔ་མ་དེ་ལོ་ཙཱ་བའི་ཕྱག་བྲིས་འཁྱུག་ཡིག་སོར་བཞག་རེད་འདུག་ལ། པར་ཐེངས་གཉིས་པ་དེ་གློག་འཕྲུལ་གྱི་ཡི་གེའི་ཐོག་ཕབ་འདུག་པས་ངོས་གཙང་བ་དང་ཀློག་བདེ་བའི་ཁྱད་ཆོས་མངོན། ཁྱད་པར་གཞན་ཞིག་ནི་པར་སྐྲུན་དང་པོ་དེར་དེབ་ཕྲེང་བཅུ་དང་གཉིས་པར་དེབ་ཕྲེང་བརྒྱད་ལས་བཞུགས་མེད། མ་དཔེ་བྲིས་མ་དེའི་བར་བར་དུ་དཔེ་ཆ་ཐོར་ཏེ་བམ་པོ་མི་ཚང་བ་ང་བཞི་པོ་[10]རྣམས་མཆན་བཀོད་ཙམ་ལས་པར་སྐྲུན་སྔ་ཕྱི་གཉིས་ཀའི་ནང་ཁ་བསྐང་ཐུབ་མེད། འདིར་གུས་པས་མཚུངས་བསྡུར་ཆེད་པར་སྐྲུན་སྔ་མ་དང་ཕྱི་མ་ཞེས་སྨྲས་པ་ལས་པར་སྐྲུན་ཡིག་བྱང་དུ་འདི་གཉིས་ཀར་པར་སྐྲུན་རང་རྐང་བ་དང་པོར་ངོས་འཛིན་གནང་ཡོད། གང་ལྟར་ཡང་ཞིབ་འཇུག་གནང་མཁན་ལ་པར་སྐྲུན་དང་པོ་དང་གཉིས་པ་གཉིས་ཀར་མཚུངས་བསྡུར་ཆེད་གཟིགས་ན་དགེ་མཚན་ཆེ་བ་སྣང་།

ནང་པའི་ཆོས་འབྱུང་དང་ལྟ་གྲུབ་གཉིས་ཀར་གལ་ཆེ་བའི་བསྟན་བཅོས་འདི་རྒྱ་ནག་གི་ལོ་ཙཱ་བ་ཞིག་གིས་སྐུ་ངལ་ཁྱད་དུ་བསད་དེ་བོད་ལ་ཕན་ཕྱིར་༸གོང་ས་སྐུ་ཕྲེང་བཅུ་བཞི་པའི་ཕྱག་ཏུ་ཕུལ་ནས་གློག་ཡིག་སྟེང་པར་སྐྲུན་ཞུས་པའི་བར་མི་ལོ་དྲུག་ཅུ་རེ་བརྒྱད་ (ཕྱི་ལོ་ ༡༩༥༤–༢༠༡༧) འགོར་ཡོད་པ་དང་། རྒྱ་ནག་དང་བོད་ནས་བྱུང་བའི་དཔེ་དེབ་དེའི་མ་དཔེ་གར་ཡོད་དང་ཐོབ་ཁུངས་དེ་ཕྱི་རྒྱལ་དུ་བཞུགས་པའི་ལོ་རྒྱུས་སྨྲ་བའི་མཁས་དབང་ཞིག་ཡིན་པ་པར་སྐྲུན་གྱི་གླེང་གཞི་རུ་འཁོད་ཡོད་པས། དེའི་སྐོར་གནས་ཚུལ་ཇི་བཞིན་ཤེས་རྒྱུའི་ཆེད་འབད་བརྩོན་བྱས་སྐོར་གཤམ་གསལ་ལྟར་ལགས། དེ་ཡང་དེབ་ཕྲེང་དང་པོའི་པར་སྐྲུན་གླེང་གཞི་ནང་གི་དོན་ཚན་གསུམ་པར་“མ་དཔེ་འཚོལ་བསྡུ་དང་བཀའ་དྲིན་རྗེས་དྲན་ཞུ་བ།” ཞེས་པའི་སྐབས་“བསྟན་བཅོས་ཆེན་པོ་འདི་ཉིད་སློབ་དཔོན་བློ་བཟང་ཆོས་འཕགས་ཀྱི་ཞལ་སྔ་ནས་བོད་ཀྱི་སྐད་དུ་བསྒྱུར་ཡོད་པ་སྔར་ནས་ཡོངས་སུ་གྲགས་ཀྱང་། བར་སྐབས་དུས་འགྱུར་དང་རིག་གནས་གསར་བརྗེ་སོགས་ཀྱི་རྐྱེན་གྱིས་དཔེ་གར་བཞུགས་ནི་རྒྱ་མཚོའི་ནང་དུ་རྡོ་བ་བྱིངས་པ་བཞིན་གྱུར་པ་ལ། ང་ཚོས་གཞུང་སྒེར་མང་པོ་བརྒྱུད་དེ་ལོ་མང་པོར་འབད་བརྩོན་ཆེན་པོས་བཙལ་ཀྱང་འབྲས་བུ་སྨིན་པ་མ་བྱུང་། རྗེས་སུ་སྟབས་ལེགས་པ་ཞིག་ལ་ཕྱི་རྒྱལ་དུ་བཞུགས་པའི་གྲོགས་མཆོག་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ལ་བཀའ་འདྲི་ཞུས་པར་ཁོང་གིས་མ་དཔེ་གར་བཞུགས་མཁྱེན་པ་དང་། ཁོང་བརྒྱུད་ནས་མ་ཡིག་ཕྱག་བྲིས་མ་བསྐྱར་པར་བྱུང་བ་དང་།”[11] ཞེས་འཁོད་ཡོད།

པར་སྐྲུན་གླེང་གཞིའི་ནང་དོན་སྐོར་ལ་བཅར་འདྲི།

པར་སྐྲུན་གླེང་གཞིའི་ནང་དོན་སྐོར་ཐོག་མར་གུས་པས་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལ་བཀའ་འདྲི་ཞུས་པས། ཁོང་ནས་གསུངས་དོན། “པར་སྐྲུན་གླེང་བརྗོད་དུ་དེབ་འདིའི་མ་དཔེ་དེ་བཀྲ་ཤིས་ཚེ་རིང་ལགས་བརྒྱུད་ནས་རྒྱ་ནག་ཏུ་འབྱོར་ཡོད་པ་ངས་ཀྱང་མཐོང་བྱུང་། མ་དཔེ་དེ་བོད་ཤོར་སྐབས་ཕོ་བྲང་པོ་ཏ་ལར་ལུས་པའི་སྐད་ཆ་ཡོད་ལ། ཕྱིས་སུ་དགེ་བཤེས་ཤིག་གིས་བོད་ནས་གསང་ཏེ་རྒྱ་གར་དུ་བསྣམས་ཕེབས་ཏེ་༧གོང་ས་མཆོག་ལ་ཕུལ། ༧གོང་ས་མཆོག་ནས་ལེགས་སོ་དང་བཅས་བམ་པོ་ཆད་པ་རྣམས་ཁ་བསྐོང་ཆེད་ཐའི་ཝན་དུ་དེའི་རྒྱ་སྐད་ཀྱི་མ་དཔེ་ཞིག་ལ་གཞི་བཅོལ་ཏེ་ཁ་བསྐང་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར་དགེ་བཤེས་དེ་རང་ལ་ཁ་སྐོང་རྒྱུ་དང་པར་བསྐྲུན་ཆེད་འགན་རྣམས་བསྐུར། རྒྱུ་མཚན་གང་ཡིན་མ་ཤེས་ཀྱང་དུས་ད་བར་ལས་དོན་དེ་གྲུབ་ཐུབ་མེད། ཕྱིས་སུ་ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་ནས་མ་དཔེ་དེ་པར་གློག་རྒྱབ་ནས་འགྲེམས་སྤེལ་ཞུས། ངའི་གོ་ཐོས་ལྟར་ན་༧གོང་ས་མཆོག་ལ་དེབ་ཕྲེང་དེ་རྒྱ་ནག་ནས་ཐོན་ཡོད་པའི་སྐོར་སྙན་གསེང་ཞུས་སྐབས་བདག་དབང་ཡོད་བཞིན་པའི་དཔེ་དེབ་དེའི་ཞུ་སྒྲིག་དང་པར་བསྐྲུན་གྱི་ལས་དོན་ཇི་ལྟར་ཐུགས་བཞེད་ཡོད་པ་ལྟར་མ་གྲུབ་པར་ཐུགས་ཕམ་བྱུང་ཡོད་ཚོད་འདུག” ཅེས་གསུངས། དགེ་བཤེས་རབ་གླིང་ལགས་ཀྱིས་མཇུག་བསྡོམས་སུ། “གང་ལྟར་ང་སྒེར་གྱི་ངོས་ནས་ཞུས་ན་དེབ་འདི་པར་དུ་ཐོན་པ་དེ་ཡག་པོ་བྱུང་བཞག་བསམ་བྱུང་། གང་ཡིན་ཟེར་ན་ཕྱག་དཔེའི་སྐོར་དོ་སྣང་གནང་མཁན་དང་ཞིབ་འཇུག་གནང་མཁན་ཚོར་ཕྱག་དཔེ་དེ་མཇལ་རྒྱུ་བྱུང་བ་རེད།” ཅེས་ཕྱི་ཚེས་ཕྱི་ལོ་ ༢༠༢༢ ༠༤ ༠༥ ཆུ་ཚོད་ ༡༢་ ༥༠ ཐོག་ཉམས་ཞིབ་པ་དགེ་བཤེས་རབ་གླིང་ལགས་ཀྱི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་མཐོ་སློབ་ཁང་དུ་ཁོང་གི་ལས་ཁུངས་སུ་བཅར་འདྲི་ཞུས་སྐབས་གསུངས་སོང་།

བྱེ་བྲག་བཤད་མཛོད་ཆེན་མོའི་མ་དཔེ་ཇི་ལྟར་ཐོབ་སྐོར་གྱི་དོགས་སེལ།

དགེ་བཤེས་ལགས་ཀྱི་བཅར་དྲི་ཞུས་པ་འདིས་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ལ་མ་དཔེ་དེ་ཇི་ལྟར་ཐོབ་པའི་སྐོར་གྱི་དོགས་གནས་དེ་བསལ་མེད་པས་བཀྲ་ཤིས་ཚེ་རིང་ལགས་ལ་ཐད་ཀར་ཁ་པར་བརྒྱུད་བཅར་འདྲི་ཞུ་རྒྱུའི་འབད་རྩོལ་བྱས་ཏེ་གོ་སྐབས་ཐོབ་སོང་། ཁོང་ལ་དེབ་འདིའི་མ་དཔེ་ཐད་བཀའ་འདྲི་ཞུས་སྐབས་ཁོང་གི་གསུང་ལན་དུ། “ངས་ཁོང་རྣམ་པར་མ་དཔེ་གར་ཡོད་ཀྱི་རོགས་པ་བྱས་པ་ཙམ་རེད། ངས་ཆོས་མངོན་པའི་སྐོར་ཤེས་ཀྱི་མེད། དཔེ་དེབ་འདིའི་བདག་པོ་ནི་༧རྒྱལ་བ་རིན་པོ་ཆེ་རེད། ཕྱིས་སུ་མ་ཚང་བ་རྣམས་ཁ་སྐོང་ཆེད་འདིའི་མ་དཔེ་དེ་ཐའི་ཝན་(Taiwan) སྐུ་ཚབ་དོན་གཅོད་ཀྱི་ཆོས་དགེ་དགེ་བཤེས་བྱམས་པ་རྒྱ་མཚོ་ལ་གནང་བ་རེད། ལས་ཀ་དེ་ད་ལྟ་ཚར་ཡོད་མེད་ངས་ཧ་མི་གོ། ཁྱེད་རང་དེབ་འདིའི་མ་དཔེ་མཇལ་དགོས་ན་དེར་འབྲེལ་བ་ཞུ་དགོས།” ཞེས་ཕྱི་ལོ་ ༢༠༢༢ ཟླ་བ་ ༤ ཚེས་ ༡༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༢ སྐར་མ་༤༠ གསུངས་ལན་གནང་སོང་།  དེབ་ཕྲེང་འདིའི་པར་སྐྲུན་སྔ་ཕྱི་གཉིས་ཀར་པར་སྐྲུན་གྱི་བདག་དབང་བཀོད་མི་འདུག།

མ་དཔེ་འཚོལ་ཞིབ་ཀྱི་གྲུབ་འབྲས།

མ་དཔེ་འཚོལ་ཞིབ་ཀྱི་གྲུབ་འབྲས་ནི། སྤྱིར་ཕྱག་དཔེ་འདི་པར་སྐྲུན་ཞུ་བར་ལོ་ངོ་ ༦༨ འགོར་བའི་རྒྱུ་མཚན་གཙོ་བོ་ནི་བོད་དེ་རྒྱ་དམར་གྱིས་བཙན་བཟུང་རྗེས་བྱུང་བ་དེས་ཡིན་པ་དང་། པར་སྐྲུན་གྱི་བདག་དབང་ངོ་མ་དེ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཉིད་ཡིན་པ་ཤེས་ཐུབ། རྒྱུ་མཚན་དེས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་གིས་གསར་སྐྲུན་ཞུས་སྐབས་དེབ་ཕྲེང་སྔ་ཕྱི་གཉིས་ཀའི་ནང་དུ་པར་སྐྲུན་གྱི་བདག་དབང་དེ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་ཡིན་པ་བྲིས་མེད་པ་དེ་ཕལ་ཆེར་རྒྱུ་མཚན་དེས་ཡིན་ནམ་སྙམ་ཏེ་དཔྱད་དགོས། ཞེས་པ་འདིས་དཔེ་དེབ་ངོ་སྤྲོད་དང་འབྲེལ་བའི་དཔྱད་རྩོམ་འདིའི་དངོས་གཞི་གྲུབ།

ཐུགས་རྗེ་ལེགས་གསོལ།

རྩོམ་ཡིག་འདི་ལ་ཐོག་མཐའ་བར་གསུམ་དུ་སློབ་སྟོན་གནང་མཁན་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ཡིན་པས་ཁོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་དེ་གའི་མཐོ་སློབ་ཀྱི་ཞི་འཚོའི་དཔེ་མཛོད་ཁང་གིས་རྩོམ་ཡིག་གི་རྒྱུ་ཆ་མ་དཔེ་རྣམས་ཅི་དགོས་ལྟ་རུ་བཅུག་པར་འབྲེལ་ཡོད་ཚང་མར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གཞན་ཡང་དཔེ་མཛོད་འདི་ཡི་བཀའ་བསྟན་དཔེ་ཀློག་ཁང་གི་ལས་བྱེད་བཀྲ་ཤིས་ལྷ་མོ་ལགས་ནས་ཕྱག་དཔེ་ཅི་མཁོ་རྣམས་བཙལ་ཏེ་གུས་པར་གནང་བར་ཡང་ཐུགས་རྗེ་ཆེ་བཅས།

སྨྲྀཏི་ཛྙཱནའམ་ཚུལ་ཁྲིམས་གུ་རུང་གིས་ཝཱརཱཎསཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ལོ་༢༠༢༢ ཟླ་བ་ ༠༤ པའི་ཚེས་ ༡༡ ཉིན་ཆོས་མངོན་པའི་སྐོར་ལ་ཞིབ་འཇུག་བྱེད་སྐབས་ལོགས་སུ་བྲིས་པ་དགེ་བའོ།། །

ལུང་ཁུངས་མ་དཔེ་ཁག་གི་མཚན་བྱང་།

[1] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། ༢༠༡༣ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ་པོད་ལྔ་པ་བཞུགས་སོ། །པར་ཐེངས་དང་པོ། དེབ་ཕྲེང་༡༠ ལས། ༥ པའི་སྟོད་ཆའི་ལུང་ཁུངས་ཡོད། ཞུ་སྒྲིག་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ནས་བཀྲམ། རྒྱ་ནག་སི་ཁྲོན།

[2] སྒྱུར་བ་པོ། བློ་བཟང་ཆོས་འཕགས། ཞུ་སྒྲིག་པ། ཚངས་པོ། ༢༠༡༧ ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་བཞུགས་སོ། །པར་ཐེངས་དང་པོ། ཁྱོན་དེབ་ཕྲེང་༨ ལས། ༡།༢།༨ རྣམས་ཀྱི་ལུང་ཁུངས་ཡོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ། རྒྱ་ནག་པེ་ཅིང་།

[3] སྒྱུར་བ་པོ། བློ་བཟང་ཆོས་འཕགས། ཞུ་སྒྲིག་པ། ཚངས་པོ། ༢༠༡༡ ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་བཞུགས་སོ། །པར་ཐེངས་དང་པོ། ཁྱོན་དེབ་ཕྲེང་ ༡༠ ལས། ༡ ཡི་ལུང་ཁུངས་ཡོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ།

དཔྱད་ཡིག

[1] ཕྱི་ལོ་ ༢༠༡༧ དེབ་ཕྲེང་ ༢། པར་སྐྲུན་གླེང་གཞི། ཤོག ༢

[2] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། ཕྱི་ལོ་ ༢༠༡༣ ཤོག ༢༦༨ ནས་ ༢༧༢ བར་གཟིགས།

[3] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ཕྱི་ལོ་ ༢༠༡༧ དེབ་ཕྲེང་ ༢ ཤོག ༢༨ ནས ༣༩ བར

[4] ཕྱི་ལོ་ ༢༠༡༧ དེབ་ཕྲེང་ ༢ ཤོག་ ༡

[5] གོང་མ་བཞིན།  ཤོག ༤

[6] གོང་མ་བཞིན། ཤོག ༤

[7] ཕྱི་ལོ་ ༢༠༡༧ དེབ་ཕྲེང་ ༢ ཤོག ༡

[8] ཕྱི་ལོ་ ༢༠༡༧ དེབ་ཕྲེང་ ༨ ཤོག ༧༤༤

[9] ཕྱི་ལོ་ ༢༠༡༧ དེབ་ཕྲེང་ ༡ ཤོག ༥

[10] བམ་པོ་མ་ཚང་བ་ཁག་ནི། བམ་པོ་ལྔ་པ་དང་།  དགུ་པ་ནས་བཅོ་བརྒྱད། ཉི་ཤུ་ནས་ལྔ་ཅུ། ང་དགུ་ནས་རེ་གཅིག རེ་དགུ་ནས་བདུན་བཅུ།  བརྒྱ་དང་ཉེར་གསུམ་ནས་ཉེར་བཞི། བརྒྱ་དང་སོ་གཉིས་བཅས་བམ་པོ་ང་བཞི་ཡིན།

[11] ཕྱི་ལོ་ ༢༠༡༧ དེབ་ཕྲེང་ ༡ ཤོག ༦

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།