གླེང་གཞི།
1983ལོར་རང་གྲོལ་གྱི《ལང་ཚོའི་རྦབ་ཆུ》སྤེལ་བ་ནི་ང་ཚོ་བོད་ཀྱི་སྙན་ངག་གསར་བ་དབུ་བརྙེས་པའི་མཚོན་རྟགས་ཡིན་ལ། དེ་ནས་བཟུང་ཚིག་རྒྱན་གྱི་ཕྲེང་བ་སྤེལ་བ་གཙོ་བོར་འཛིན་ཞིང་བསྟོད་པ་སྣ་ཚོགས་ཀྱིས་སྙན་ངག་གི་བརྗོད་བྱར་དབང་བསྒྱུར་བའི་ང་ཚོ་བོད་ཀྱི་སྙན་ངག་དེ་ཡང་སྐས་རིམ་གསར་བ་ཞིག་ཏུ་བགྲོད་མགོ་བརྩམས་ཤིང་། སྙན་ངག་པའི་ནང་སེམས་པའི་འགྱུར་བག་ནས་སྙན་ངག་གི་ཕྱིའི་ཚིག་གི་དབྱངས་འགྲོས། བརྗོད་བྱའི་ཁྱབ་ཁོངས་ནས་བརྩེ་བ་འདོན་ཚུལ་སོགས་ལ་བཅིངས་འགྲོལ་ཐེངས་ཤིག་ཐོབ་པ་དང་། དེ་ནས་བཟུང་། རང་གི་འཚོ་སྡོད་དང་རང་རིགས་ཀྱི་མ་འོངས་པའི་མདུན་ལམ་ལ་རྟག་ཏུ་རང་གི་མྱོང་སྟོབས་ཀྱིས་བསམ་གཞིག་བྱེད་པར་གོམས་པའི་ན་གཞོན་སྙན་ངག་པའི་སྡེ་ཞིག་ཀྱང་འཚར་ལོངས་བྱུང་བ་ཡིན།
གཅན་མེ་སྟག་གི་དངོས་མིང་ལ་བསོད་ནམས་བརྟན་པ་ཟེར་ལ། ལོ་རབས་བརྒྱད་ཅུ་བའི་དུས་དཀྱིལ་ནས་བཟུང་སྙན་ངག་གསར་རྩོམ་གྱི་ལས་ལ་ཐོག་མར་ཞུགས་ཤིང་། ཁོའི་སྙན་ངག་ལ་རང་གཤིས་དང་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་ཅིང་མཚོན་ཐབས་སྣ་མང་གིས་རྣམ་པར་བརྒྱན་ཡོད་པས། ཁོ་པ་ནི་ལོ་ངོ་ཉི་ཤུའི་ལོ་རྒྱུས་ལས་མེད་པའི་ང་ཚོ་བོད་ཀྱི་སྙན་ངག་གསར་བའི་བྱུང་འཕེལ་ཁྲོད་འཐུས་ཚབ་ཏུ་བགྲང་ཆོག་པའི་སྙན་ངག་པའི་གྲས་ཀྱི་གཅིག་ཡིན། ཁོང་གི་ལོ་ངོ་ཉི་ཤུ་ཙམ་གྱི་གསར་རྩོམ་གྱི་བགྲོད་ལམ་ནི་ཀྱག་ཀྱོག་དང་དཀའ་སྡུག་ཆེ་བ་ཞིག་ཡིན་ངེས་ལ། ཁོས་སྙན་ངག་ལ་བཅངས་པའི་ཉམས་པ་མེད་པའི་སྤོབས་པ་དང་རེ་སྙེག་རྒྱ་ཆེ་བ་དེས་ང་ཚོ་བོད་ཀྱི་སྙན་ངག་གསར་བའི་འཕེལ་རྒྱས་དང་སྐུལ་འདེད་ཀྱི་ཐད་ལ་ནུས་པ་ངེས་ཅན་ཐོན་ཞིང་། ཐ་ན་ཁོས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་དྲང་མོ་དང་། ནམ་ཡང་རང་གི་འཚོ་སྡོད་ཀྱི་ངོ་བོ་དང་སྙིང་བོར་ནན་ཏན་སྒོས་བསམ་གཞིག་གཏོང་བའི་མི་གཤིས་ནི་ང་ཚོས་རྗེས་སུ་ཡི་རང་བྱེད་རྒྱུའི་གནས་ཡིན་འདོད།
རྒྱུ་མཚན་དེ་དག་ལ་དམིགས་ནས། ད་ཐེངས་ཁོ་བོས་རང་གི་ནུས་ཚོད་ཀྱིས་གཅན་མེ་སྟག་གི་སྙན་ངག་ལ་བསམ་བློ་དང་སྒྱུ་རྩལ་གྱི་ཕྱོགས་ངོས་གཉིས་ནས་དཔྱད་པ་གཏོང་བའི་ངལ་བ་ལྷུར་ལེན་རྒྱུ་ཡིན། སྤྱིར་རྩོམ་རིག་བརྩམས་ཆོས་ཡོད་ཚད་ལས་སྙན་ངག་ནི་དཔྱད་པ་གཏོང་རྒྱུ་ཆེས་དཀའ་བའི་ལས་ཤིག་ཡིན་པས་ན། ཞོར་ནས་ངས་གླེང་བའི་སྣང་ཚུལ་ཡོད་ཚད་ཀྱང་རང་ཉིད་ཀྱི་བསམ་ཚུལ་རང་ག་བ་ཞིག་བརྒྱུད་སྒྲོག་བྱས་པ་ཙམ་ལས་ཅི་ཡང་མ་ཡིན་ལ། གལ་ཏེ་ནོར་འཁྲུལ་གྱི་ཆ་མཆིས་ཚེ་ཀློག་པ་པོ་དང་ལྷག་ཏུ་སྙན་ངག་པ་གཅན་མེ་སྟག་གིས་བཟོད་གསོལ་གནང་རྒྱུའི་རེ་བ་ཞུ།
དང་པོ། བསམ་བློའི་དགེ་མཚན།
དེ་ཡང་ཇི་སྐད་དུ།”སྙན་ངག་ནི་ཆེས་མཐོ་བའི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན”ཞེས་གསུངས་མོད། འོན་ཀྱང་ཀློག་པ་པོའི་ཡིད་དབང་འགུགས་ནུས་ཤིང་དགའ་བ་དང་བདེ་བ་སྦྱིན་པ་ལས་ད་དུང་སློབ་གསོའི་ཕན་ནུས་ཀྱང་སྟེར་ཐུབ་པའི་སྙན་ངག་ལེགས་པོ་ཞིག་ལ་མཚོན་ན། སྐད་ཆ་དང་རྣམ་པ། ཐབས་རྩལ་ལས་གཞན་བསམ་བློ་རང་བཞིན་ནི་སྙན་ངག་དེ་ཉིད་འགྲུབ་བྱེད་ཀྱི་སྲོག་དབང་ལྟ་བུ་ཡིན། གཅན་མེ་སྟག་ལ་མཚོན་ནའང་ལོ་རྒྱུས་ཀྱི་དཀྱོག་མཚམས་སམ་དུས་རབས་གཉིས་ཀྱི་བསྣོལ་མཚམས་སུ་འགྲེང་ཡོད་པས། ཁོའི་སྙན་ངག་ལ་རང་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས། འདུ་ཤེས་དང་བག་ཆགས་ཀྱི་ཆ་ནི་རང་བཞིན་སྒོས་གྲུབ་འདུག་པ་ལས། ད་དུང་ཁོས་སྨྱུག་ཁ་དེ་ནམ་ཡང་རང་རིགས་ཀྱི་འདས་སོང་གི་མཚར་སྡུག་དང་འབྱུང་འགྱུར་གྱི་དར་རྒུད་ལ་གཏད་ནས། རྒྱ་ཆེ་བའི་ཀློག་པ་པོ་ཚོར་བསམ་གཞིག་གི་གཤོག་པ་རྐྱོང་སའི་བར་སྟོང་ཆེན་པོ་ཞིག་ཕྱེ་ནས་ཡོད།
༡ བརྗོད་སྙིང་གི་ཆ།
སྙན་ངག་པ་ཞིག་ལ་མཚོན་ན་ཕུན་སུམ་ཚོགས་པའི་འཆར་སྒོ་དང་། མེ་རི་བཞིན་འཕྱུར་བའི་དུངས་སེམས་ནི་ཆེས་མེད་དུ་མི་རུང་བའི་མ་རྩ་ཡིན་མོད། འོན་ཀྱང་བརྗོད་སྙིང་གདམ་གསེས་དེ་ཡང་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། བརྗོད་སྙིང་གདམ་གསེས་དེ་ནི་སྙན་ངག་པས་ཅི་འདོད་གང་དྲན་ལྟར་བདམས་པ་ཞིག་མ་ཡིན་པར། དེ་ནི་སྙན་ངག་པས་དུས་རྒྱུན་གྱི་བློ་སྦྱོང་དང་དཔེ་ཆའི་ལྟ་ཀློག བསམ་གཞིག་བྱེད་ཡུལ། འདུ་ཤེས་འཛིན་སྟངས། འཚོ་བའི་ཁོར་ཡུག་སོགས་དང་དམ་དུ་འབྲེལ་ནས་ཡོད་པ་ཞིག་ཡིན། དེང་གི་ན་གཞོན”སྙན་ངག་པར”རློམ་པ་འགའ་ཞིག་ནང་བཞིན་ཚིག་སྦྱོར་ཡག་པོ་ཞིག་དང་ཡིད་བརྙན་མཚར་པོ་ཞིག་ལ་ཤི་འཐམ་རོ་འཐམ་བྱེད་པ་ལས་བརྗོད་སྙིང་གི་སྐོར་ལ་དང་དོད་ཆེར་མི་བྱེད་པ་ནི་ད་ལྟའི་སྙན་ངག་འཕེལ་རྒྱས་ཀྱི་ཕམ་ཉེས་ཤིག་ཏུ་འདོད་ལ། དེ་དག་དང་བསྡུར་ན། གཅན་མེ་སྟག་གིས་སྙན་ངག་གི་བརྗོད་སྙིང་གདམ་གསེས་མཛད་པར་དགེ་མཚན་ཅུང་མི་དམན་པ་བླངས་ཡོད་སྙམ།
གཅན་མེ་སྟག་གི་སྙན་ངག་ལ་བརྗོད་སྙིང་གི་ཐད་ནས་དབྱེ་ན། མི་རིགས་ཀྱི་ལས་དབང་ལ་སེམས་ཁུར་གནང་བའི་སྐོར་དང་། རང་གི་སྒེར་མིའི་བརྩེ་བ(ཕ་མ་དང་སྤུན་མཆེད་ཀྱི་བརྩེ་འདང་ནས་སྙིང་སྡུག་བར་གྱི་བརྩེ་དུངས་ཅི་རིགས་འདུས)སྟོན་པའི་སྐོར། འཚོ་གནས་ཀྱི་ཁོར་ཡུག་ལ་བསམ་གཞིག་བགྱིས་པ་ལས་ཐོན་པའི་རང་གི་མྱོང་སྣང་གི་སྐོར་སོགས་མང་ལ། དེ་དག་ལས་ཀྱང་བརྩེ་བ་སྟོན་པའི་སྐོར་ཏེ་དུངས་བརྗོད་སྙན་ངག་དག་ནི་ཆེས་འབུར་དུ་ཐོན་ཡོད་ཅིང་། ཕྱི་གསལ་ནང་གསལ་གྱི་སྐད་ཆ་དང་། བབ་ཆགས་པའི་ཚིག་གི་སྦྱོར་ལུགས། མཚར་སྣང་གིས་ཕྱུག་པའི་ཡིད་གཟུགས། ནང་སེམས་ལས་ཐོན་པའི་བརྩེ་བ་ངོ་མ་སོགས་ནི་སྙན་ཚིག་ལེགས་པོ་འགྲུབ་བྱེད་ཀྱི་རྒྱུ་དངོས་ཡིན་ལ། ཁོས《ཉི་ཟླ་རི་བོའི་སྙན་ཚིག》གི་ནང་དུ་བཙན་པོ་སྲོང་བཙན་དང་རྒྱ་བཟའི་གཏམ་རྒྱུད། གླང་རྫི་དང་འཐག་མཁན་བུ་མོའི་བརྩེ་དུངས་དག་སྙན་ངག་གི་རྒྱབ་ལྗོངས་སུ་དྲངས་ནས་བྲིས་པས་སྙན་ངག་གི་ཀློང་དེ་ཡངས་པ་ཅན་ཞིག་དང་སྙན་ངག་གི་ཁམས་དེ་ཆེས་མཐོ་ས་ཞིག་ཏུ་བསྐྱལ་ཡོད་ཅིང་། དྲན་པས་མནར་བའི་སྔོ་ཡོམ་ཡོམ་གྱི་ལྡོག་བཞུར་ཆུ་མོ་དང་། བརྗེད་པར་དཀའ་བའི་ཉི་ཟླ་རི་བོའི་མཚམས་སྤྲིན། ཉི་ཟླའི་གོང་ཁ་རུ་བླངས་པའི་རེ་སྒུག་གི་ཤུགས་གླུ་སོགས་ཀྱི་ཕུགས་སུ་དོན་དམ་དུ་རྩོམ་མཁན་ཁོང་གི་སྨྲ་བསམ་བརྗོད་འདས་ཀྱི་གདུང་ཡུས་ཅི་ཞིག་སྦས་ཡོད་པ་ཡིན་ནམ། དེ་ནི་གསང་བ་ཞིག་ཡིན་ལ། སྙན་རྩོམ་འདི་ལས་ཐོན་པའི་གབ་སྦེད་ཀྱི་རྩོམ་ཐབས་ཁྱད་པར་བ་ཞིག་ཀྱང་ཡིན། སྙན་རྩོམ་གྱི་མཇུག་ཏུ”ཡིན་ནའང་ད་ལྟ/ ཉི་ཟླ་གཉིས་ལྷན་འཛོམ་གྱི་སྐལ་བ་ཧ་ཅང་ཕྲ་བས/ ངས་སྨོན་ལམ་འདེབས་པ་ནི/ རི་བོ་ཁྱོད་ཁོ་ན་མིན”ཞེས་མཇུག་བསྡུ་བ་དེས་སྙན་རྩོམ་གྱི་དགོངས་པ་དང་དོན་སྙིང་དེ་སྙན་རྩོམ་རང་ལས་འགོངས་ཤིང་རྒྱ་ཆེ་ས་ཞིག་ཏུ་བསྐྱལ་ནས་ཡོད་པ་ཡིན། གཅན་མེ་སྟག་གི་དུངས་བརྗོད་སྙན་ཚིག་ཁྲོད་དུ་འདི་ལྟ་བུའི་དཔེར་མཚོན་ནི་ཆེས་མང་ཡང་འདི་ནས་སྙན་ཚིག་འདི་གཅིག་པུས་འཐུས་པར་བྱས་པ་ཡིན་ནོ།།
དེ་ཡང་ལོ་རབས་བརྒྱད་ཅུ་པའི་དུས་སྐབས་སུ་འཚར་ལོངས་བྱུང་ཞིང་། དགེ་ཆོས་དང་དོན་གྲུབ་རྒྱལ་སོགས་ཀྱི་བསམ་བློས་སྣེ་དྲངས་པའི་མི་རབས་གསར་བའི་ན་གཞོན་ཤེས་ཡོན་པ་དག་ལ་ང་ཚོ་བོད་ཀྱི་སྔ་མའི་ཤེས་ཡོན་པ་ཚོ་དང་མི་འདྲ་བའི་ཁྱད་ཆོས་ཤིག་ལྡན་པ་ནི། ཁོ་ཚོ་ལ་རང་གི་ཚོར་འདུ་གསོང་བོར་བརྗོད་པའི་སྤོབས་པ་ལྡན་པ་ལས། ཡོད་ཚད་ལ་ཐེ་ཚོམ་འཛིན་པའི་དོགས་བློ་ཞིག་དང་རང་དབང་ལ་བརྩོན་ལེན་བྱེད་ཕོད་པའི་སྙིང་སྟོབས་ཤིག་ཀྱང་རང་རྒྱུད་ལ་འཛོམས་ནས་ཡོད་པ་ཡིན། ང་ཚོ་བོད་ཀྱི་སྔ་མའི་ཤེས་ལྡན་པ་དག་ནང་བཞིན་སྔར་མིའི་གསུང་སྒྲོས་ཡོད་ཚད་ལེགས་བཤད་དུ་བསྒོམས་པ་དང་སྔར་མིས་གཏན་ལ་ཕབ་པའི་ཀུན་སྤྱོད་ཀྱི་ཚད་ཤིང་འོག་ནས་ཐར་མ་ཐུབ་ཚེ། རང་ཉིད་ཀྱི་འཚོ་བའི་བདེ་སྡུག་དང་དགའ་སྐྱོ་ཆགས་སྡང་སོགས་གླུ་རུ་འགུགས་པའི་གྲེ་བ་ཡོད་མི་སྲིད་ལ། རང་གི་བསམ་གཞིག་དང་བློ་གྲོས་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེ་དང་ཚེ་སྲོག་ལ་ཚང་རྩིས་རྒྱག་རྒྱུའི་བློ་ཡང་སྐྱེས་མི་སྲིད། ལོ་རབས་བརྒྱད་ཅུ་པའི་ན་གཞོན་ཤེས་ཡོན་ཅན་རྣམས་ནི་ཏག་ཏག་མི་རིགས་ཀྱི་ལས་སྐལ་དང་མདུན་ལམ་སྐོར་གྱི་གདོང་ཐད་དུ་ལངས་ཤིང་། མི་རིགས་ཀྱི་དར་རྒུད་དང་ཆགས་འཇིག་ལ་ཁ་གཏོད་ཐེངས་རེ་རེར། ཁོ་ཚོའི་སེམས་ཁོང་དུ་ཡུན་རིང་ལ་བརྣགས་པའི་གདུང་ཡུས་དེ་ཡང་ཤར་མར་བཞུར་གྱིན་གདའ། གཞན་ང་ཚོ་བོད་ཀྱི་ལོ་རྒྱུས་སྟེང་དུ་ཡུམ་བུ་བླ་སྒང་ནི་མཁར་གྱི་ཆེས་ཐོག་མ་ཡིན་ལ། ཤེས་རིག་མ་དར་གོང་རོལ་གྱི་རང་ཅག་གི་མེས་པོ་ཚོའི་བློ་གྲོས་ཀྱི་མཚོན་བྱེད་ཀྱང་ཡིན། གཅན་མེ་སྟག་ཁོང་ཆེས་ཐོག་མར་ཡུམ་བུ་བླ་སྒང་ལ་མཇལ་དུས་ཀྱི་སེམས་པའི་འགྱུར་བག་ནི་ཅི་ལྟ་བུ་ཞིག་ཡིན་ནམ། ཁོས《རྒས་འཁོགས་ཀྱི་ཡུམ་བུ་བླ་སྒང》ཞེས་པའི་སྙན་རྩོམ་གྱི་ནང་དུ་འདི་ལྟར་བྲིས་ཡོད་དེ། “དུས་ཡུན་ག་ཚོད་ཅིག་ལ/ང་རང་སྡོང་ཤུན་ལ་འབྱར་བའི་སྲིན་འབུ་ཞིག་དང་འདྲ་བར/ ཁྱེད་ཀྱི་རྒས་གཉེར་རེ་རེའི་སུལ་དུ་ཉུལ་ཞིང/ སྔོ་རྩྭ་དང་དྲེག་པས་གཡོགས་པའི/ ཁྱེད་ཀྱི་ཤུལ་རྗེས་རེ་རེར/ ལག་པས་སྙོབ་དུས/ བཟོད་དཀའ་བའི་སྐྱོ་སྣང་ཞིག/དབུགས་ལྒང་བཞིན་གས་ཤིང་། ག་སར་འཐོར་བྱུང/འོ། ངའི་ལག་པ་འདར་བྱུང/ངས་ད་དུང་རྡུལ་སྙིགས་ཀྱིས་མནན་པའི་སྐས་རིམ་འདི་དེད་ནས/སྡོམ་ཐག་བརྒྱབ་པའི་སྒོ་གླེགས་གང་ཞིག་རྡུང་འདོད་དམ”ཞེས”སྡོང་ཤུན”དང”སྲིན་འབུ”གཉིས་ཡུམ་བུ་བླ་སྒང་དང་སྙན་ངག་པ་གཉིས་ཀྱི་དཔེ་མཚོན་དུ་དྲངས་ཤིང་། དེ་འདྲའི་གསོན་ཉམས་ལྡན་པའི་ཡིད་གཟུགས་བཀོལ་ནས་སྙན་ངག་པ་རང་དང་ཡུམ་བུ་བླ་སྒང་གཉིས་བར་གྱི་བརྩེ་དུངས་ཀྱི་དར་སྐུད་དམ་ཞེ་འདང་ཟབ་མོ་དེ་མཚོན་པར་བྱས་ཡོད་ལ། མཇུག་མཐར་ཤེས་རིག་གི་གཉའ་བར་བཏེགས་པའི་ཁྲི་སྟེགས(ཡུམ་བུ་བླ་སྒང)དེ་ཉིད་རྩོམ་མཁན་རང་གི་སྙིང་སྟོབས་ཀྱི་རྒྱུ་རུ་བསྒྱུར་འདུག་པ་ལྟ་བུའོ།།
དེ་ལས་གཞན། གཅན་མེ་སྟག1989ལོར་སློབ་ཆེན་མཐར་ཕྱིན་རྗེས་སུ་རང་ཉིད་ཀྱི་ཕ་ཡུལ་རོང་ས་གཅན་ཚ་བསྐྱུར་ནས་ཐག་རིང་གི་མགོ་ལོག་ལ་བྱ་བ་སྒྲུབ་པར་ཆས་ཤིང་། ཡ་ང་བའི་འཚོ་གནས་ཀྱི་ཁོར་ཡུག་དང་། གདུག་རྩུབ་ཀྱིས་ཁེངས་པའི་གནམ་གཤིས། རང་བྱུང་ཁམས་ཆེན་མོའི་རྔམ་བརྗིད་དག་ལ་ཁ་གཏོད་དུས་སུ། ཁོའི་སྙན་ངག་གི་བརྗོད་སྙིང་ཐད་ལའང་འགྱུར་ལྡོག་བྱུང་ཡོད་པ་དང་། བསམ་བློའི་ངོས་ཟིན་དང་སྒྱུ་རྩལ་བློ་སྦྱོང་གི་ཕྱོགས་ནས་ཀྱང་ཐོད་རྒལ་འབྱུང་མགོ་བརྩམས། དུས་སྐབས་འདིར《རྨ་རྒྱལ་སྦོམ་རའི་ལེའུ》དང《ཨ་མྱེས་རྨ་ཆེན་གངས་རི》《མགོ་ལོག》སོགས་སྙན་རྩོམ་ཁག་ཅིག་བྲིས་ཡོད་ལ།”ལོ་རྒྱུས་དང་ཁ་གྱེས་པས། ཕ་ཡུལ་དང་ཁ་གྱེས་ཟིན་ལ/ རང་དབང་དང་གནས་ཚང་དྲོན་མོའང་རྒྱང་དུ་བསྐྱུར་ཟིན”ད་དུང”ང་ཚོས་ལོ་རྒྱུས་ཀྱི་འཁྱག་རླུང་ཁངས་འཚུབ་དེད་ནས/ སྔར་འདས་ཀྱི་གཟི་བྱིན་རྙེད་དགོས་ལ/ ང་ཚོས་ལོ་རྒྱུས་ཀྱི་ཕམ་ཉེས་དང་ན་ཟུག་ཁུར་ནས/ འབྱུང་འགྱུར་གྱི་བཤུལ་ལམ་ཡང་རྙེད་དགོས་སོ/ (《རྨ་རྒྱལ་སྦོམ་རའི་ལེའུ》)གཞན་ཡང”འོ། གསེར་གྱི་ཉི་མ/ དངུལ་གྱི་ཟླ་བ། རླུང་གི་རླུང་ཨ/ རྨ་རྒྱལ་སྦོམ་རའི་ཁ་གཏད་དུ་ཆས་པ་ནས/ ལྷགས་རླུང་གི་ཁ་ཕྱོགས་ནི་ལྷ་སྒྲུང་གི་ཁ་ཕྱོགས་ཡིན་པས/ སྐྱེ་བོ་གྲངས་མེད་ཅིག འདི་ལྟར་འོང་ཞིང་འདི་ལྟར་ལུས”(《མགོ་ལོག》)ཞེས་ཕྱིའི་ཁོར་ཡུག་དང་ནང་བསམ་པའི་སྦྱོར་བ་ལས་བྱུང་བའི་སེམས་རྒྱུད་ཀྱི་བྲག་ཅ་རེ་རེ་ནི་ཀློག་པ་པོ་རྣམས་ལ་བཏང་བའི་དྲན་སྐུལ་གྱི་ཅོང་བརྡ་རེ་རེ་ཡིན། ཅིའི་ཕྱིར་ལོ་རྒྱུས་དང་ཁ་གྱེས་པས་ཕ་ཡུལ་དང་ཁ་གྱེས་པ་ཡིན་ལ། རང་དབང་དང་གནས་ཚང་དྲོན་མོའང་རྒྱང་དུ་བསྐྱུར་ཟིན་པ་ཡིན་ནམ། ཞིབ་ཏུ་བཀླགས་ཚེ་འདིའི་ནང་དུ་གནས་ལུགས་དང་གཏན་ཚིགས་ཤིག་ང་ཚོར་བརྗོད་བཞིན་ལ། ལོ་རྒྱུས་དང་མི་རིགས། ཕ་ཡུལ་སོགས་ལ་གཏན་བྲལ་དུ་སོང་བའི་སྒེར་མི་ཡན་གར་བའི་རང་དབང་དང་གནས་ཚང་ཞིག་ཡོད་མི་སྲིད་པ་བསྟན་ཡོད།
མདོར་ན། གཅན་མེ་སྟག་གི་སྙན་རྩོམ་གྱི་བརྗོད་སྙིང་དེ་ང་ཚོ་འཚོ་སྡོད་ཀྱི་ཁོར་ཡུག་འདིའི་ཟ་ཟུར་ཡོངས་སུ་སིམ་ཞིང་། ཁོས”བདག་ལ་མཚོན་ན་སྙན་ངག་ནི་འཚོ་བའི་ཉམས་མྱོང་རིགས་ཤིག་ཡིན་པས་སོ”ཞེས་བཤད་པ་ནང་བཞིན། ཁོས་ནམ་ཡང་འཚོ་བ་དང་སྙན་ངག་གཉིས་གཞི་གཅིག་ཏུ་བསྡེབས་ཤིང་། འཚོ་བར་རྣམ་འགྱུར་ཅི་འདྲ་ཞིག་འཛིན་བཞིན་ན་དེ་ལྟར་དུ་སྙན་ངག་ལའང་དེ་འདྲ་བའི་རྣམ་འགྱུར་ཞིག་འཛིན་གྱིན་ལ། འཇར་མན་གྱི་མཚན་ཉིད་རིག་པ་མཁན་ཧེས་ཏེ་ཀེར་གྱིས(海德格尔)”འཛམ་གླིང་ཡོངས་རྫོགས་དབུལ་ཕོངས་ཀྱི་ཉེན་ཁའི་དུས་སུ་གནས་དུས། བདེན་ཐུབ་ཀྱི་སྙན་ངག་པས་ད་དུང་ཡང་འཚོ་སྡོད་ཀྱི་ངོ་བོ་དང་དོན་སྙིང་ལ་བསམ་གཞིག་གཏོང་ངེས”ཞེས་བརྗོད་མྱོང་ལ། དེང་དཔལ་འབྱོར་དང་ཚན་རིག་རིག་གནས་ཀྱི་འཕེལ་རྒྱས་ཡར་ངོའི་ཟླ་ལ་སོན་ཞིང་། ཕུན་སུམ་ཚོགས་པའི་དངོས་པོའི་ལོངས་སྤྱོད་ཀྱིས་མི་སེམས་སྒྱུར་གྱིན་པའི་དུས་སྐབས་འདིར་མཚོན་ནའང་། ང་ཚོ་ལ་རང་སེམས་ཀྱི་དྭངས་གཙང་དང་ཞི་འཇགས་སྲུང་བར་མོས་ཤིང་། འཇིག་རྟེན་གྱི་ཁེ་ཕན་སྣ་མང་ལ་རྒྱབ་གཏོད་ཕོད་པའི་ཚུགས་ཐུབ་ཀྱི་སྙན་ངག་པའི་དཔུང་སྡེ་ཞིག་ཅི་འདྲའི་མཁོ་བ་ལ་ཨང་།
༢ བསམ་གཞིག་གི་ཆ།
མི་དང་དུད་འགྲོའི་བར་གྱི་ཆེས་རྩ་བའི་ཁྱད་པར་ནི་མི་ལ་འདུ་ཤེས་འཛིན་སྟངས་ཡོད་པས་ཡིན་ལ། མི་ནི་མི་ཡིན་པའི་ཆའང་གཙོ་བོ་མིས་བསམ་གཞིག་གཏོང་ཤེས་པས་ཡིན། ལྷག་པར་དུ་རིག་པའི་རྫི་གསང་རྣོ་ཞིང་བློ་གྲོས་ཀྱི་སྒོ་མོ་ཡངས་པའི་སྙན་ངག་པ་ཞིག་ཡིན་ཚེ། ཁོས་བསམ་བཞིན་པ་དང་རྗོད་བཞིན་པ། འབྲི་བཞིན་པ་དག་ནི་མི་དམངས་མང་ཚོགས་ཀྱི་དཔེ་ལྟ་སའམ་ཚད་གཞི་འཛིན་ས་ཞིག་ཡིན་དགོས། གནའ་བོའི་ཀེ་རི་སེའི་ཨ་རི་སི་ཏོ་ཏལ(亚里士多德)གྱིས”སྙན་ངག་པའི་འོས་འགན་ནི་བྱུང་ཟིན་པའི་དོན་དག་དང་བྱ་དངོས་སོགས་བརྗོད་རྒྱུ་མ་ཡིན་པར། མ་འོངས་པར་ཅི་ཞིག་འབྱུང་ངེས་པ་དེ་སྤྲོས་བརྗོད་བྱེད་དགོས་པ་ཡིན”ཞེས་གསུངས་པ་ལྟར། མཐར་དེད་ན་སྙན་ངག་པ་ལ་ལེགས་ཉེས་དང་དགེ་སྐྱོན། སྤང་བླངས། བདེན་རྫུན། དཀར་ནག་སོགས་སོ་སོར་འབྱེད་རྒྱུའི་བློ་ཞིག་དགོས་པ་ལས། ད་དུང་ཡང་མ་འོངས་མངོན་སུམ་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་ཞིག་དགོས་པ་ཡང་ཞར་དུ་བསྟན་པ་ཡིན། དེ་འདྲའི་ཚད་མཐོན་པོའི་ངོས་ཐད་ནས་བལྟས་ཚེ། ངེས་པ་དོན་གྱི་སྙན་ངག་པ་ནི་ང་ཚོ་ལ་ཅི་འདྲའི་རྒྱང་ཐག་རིང་བའི་ཉམས་སྣང་ཞིག་སྟེར་ལ། ལྷག་པར་དུ་ལོ་ངོ་ཉི་ཤུའི་ལོ་རྒྱུས་ལས་མེད་པའི་ང་ཚོ་བོད་ཀྱི་སྙན་ངག་གསར་བར་མཚོན་ན། ད་དུང་ཡང་གཉོམ་ལག་མ་རྒྱས་པའི་བྱིས་པ་ཞིག་དང་འདྲ་ཞིང་། ཀྱལ་ཙེ་དང་གོམ་ལག་སྦྱོང་བའི་གོ་རིམ་ཁྲོད་ན་ཡོད་པ་ཞིག་རེད། ཡིན་ནའང་སྤྱིའི་ཆ་ནས་གླེང་ན། ལོ་ངོ་ཉི་ཤུའི་རིང་གི་ང་ཚོ་བོད་ཀྱི་སྙན་ངག་གསར་བའི་འཕེལ་རྒྱས་དེ་ཅུང་མགྱོགས་པོ་ཞིག་ཡིན། དེ་ནི་ན་གཞོན་རེ་འགས་རང་རིགས་ཀྱི་སྙན་ངག་གི་སྲོལ་བཟང་རྒྱུད་འཛིན་བྱས་པའི་རྨང་གཞིའི་ཐོག ད་དུང་ཡང་སྙིང་སྟོབས་ཆེར་བསྐྱེད་སྒོས་མི་རིགས་གཞན་དང་རྒྱལ་ཁབ་གཞན་པའི་སྙན་རྩོམ་གྱི་བཅུད་དང་ལེགས་པའི་ཐབས་རྩལ་སོགས་ནང་འདྲེན་བྱས་པས་རྐྱེན་ཡིན་ལ། དེའི་དབང་གིས་ད་ལྟའི་རང་ཅག་གི་སྙན་ངག་གསར་བའི་རྣམ་པ་འདི་གྲུབ་པའང་ཡིན།
དེ་ཡང་ཉམ་ཆུང་བའི་ང་ཚོའི་བོད་ཀྱི་སྙན་ངག་གསར་བའི་རྩོམ་སྟེགས་ལ་དམིགས་ནས་བཤད་ན། གཅན་མེ་སྟག་གི་སྙན་ངག་དག་ནི་བསམ་གཞིག་གི་འོ་མཚོ་དཀྲུགས་པ་ལས་ཐོན་པའི་མར་ལོ་ཡིན་ཞིང་། བསམ་གཞིག་གིས་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཏུ་འགྲེང་བའི་སྙན་ངག་པ་ཚོ་སྡུག་ལ་སྦྱོར་བཞིན་ལ། བསམ་གཞིག་གིས་དུས་ནམ་ཡང་འདོར་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཁུར་བོ་ལྕི་མོ་ཞིག་ཁོ་ཚོའི་ཕྲག་ཏུ་འགེལ་བཞིན་ཡོད། “ངར་སྐད་འཇགས་ཟིན་པའི་གངས་རི་ཁྱེད་མཐོང་ཐེངས་རེར/ སྣང་བརྙན་ཞིག ངའི་སེམས་ཁ་རུ་ལྗིད་ཏིག་གེར་བབས་བྱུང/ རྡོ་ལྟར་སྤུངས་པ་ནི་གངས་ཐང་གི་རྨི་ལམ་ཡིན་སྲིད་ཀྱང/ལོ་རྒྱུས་ཀྱི་རྨ་ཁར་སྙོབ་ཐེངས་རེ་རེར/ ཕངས་སེམས་ཤིག སུ་ལའང་བརྗོད་མི་བཏུབ་པའི་སྐྱོ་ཡུས་ནང་བཞིན་ངའི་སེམས་ཀྱི་གྲུ་ག་སོ་སོ་རུ་གཏིབས་བྱུང”འདི་ནི་ཁོ་གཅིག་པུར་མངའ་བའི་ཕངས་སེམས་དང་སྐྱོ་ཡུས་ཤིག་མ་ཡིན་པར། འདི་ནི་དུས་སྐབས་འདིའི་ན་གཞོན་སྙན་ངག་པ་ཚོ་སྤྱི་ལ་ལྡན་པའི་སེམས་ཀྱི་རྨ་ཁ་ཞིག་ཡིན།
དེ་ཡང་སྙན་ངག་པ་ཞིག་ཡིན་ཚེ། ངེས་པར་དུ་མིའི་རིགས་ཀྱི་གསང་བར་དགའ་ཞེན་འཛིན་དགོས་ཤིང་། བརྗིད་རྔམ་ཆེ་བའི་མཚན་སྨག་གི་ཀློང་ནས་ས་གཞི་ཆེན་པོའི་ཕང་བ་ཡང་བརྟོལ་དགོས། ད་དུང་མིའི་རིགས་ཀྱི་སྡུག་བསྔལ་དང་བདེ་སྐྱིད་ལ་དགའ་ཞེན་བྱེད་དགོས་ལ། བཟོད་བསྲན་བྱེད་དགོས་པ་ཡོད་ཚད་ལ་བཟོད་བསྲན་དང་བསྟོད་བསྔགས་བྱེད་དགོས་སར་བསྟོད་བསྔགས་ཀྱང་འབུལ་དགོས་པ་ཡིན། འོན་ཀྱང་ང་ཚོའི་སྙན་ངག་པ་དག་གི་བསམ་བློའི་གོ་རྟོགས་དེ་ད་དུང་ཡང་ཆེས་མཐོ་ས་ཞིག་ཏུ་སླེབ་ཐུབ་ཀྱིན་མེད་པའམ་ཡང་ན་མིའི་རིགས་ཀྱི་ལས་དབང་ལ་ཐུགས་ཁུར་དང་བསམ་གཞིག་བྱེད་པའི་སྟེང་དུ་ཐོན་མེད་པ་ནི་རང་མི་རིགས་ཀྱི་སྐྱ་ཟད་སྔོ་སྡུག་གི་དངོས་ཡོད་དང་འབྲེལ་བ་ཡོད་སྙམ་ལ། མི་རང་སྒེར་ལ་མཚོན་ནའང་ལྟོ་འགྲངས་ཤིང་རྒྱབ་དྲོ་བའི་རྗེས་སུ་ད་གཟོད་དོན་དག་གཞན་དང་གཞན་ལ་འདང་རྒྱག་ཐུབ་པ་ལྟ་བུ་ཡིན། རང་ཅག་གི་སྔ་མའི་ཆོས་པ་སྙན་ངག་པ་དང་ཡང་ན་ཚིག་རྒྱན་སྤེལ་བར་མཁས་པའི”སྙན་ངག་པ”སོགས་ཀྱི་བརྩམས་ཆོས་བཞིན་བརྗོད་བྱ་སྤྱི་བམ་པོ་ཞིག་དང་སྐམ་རིད་ཅན་ཞིག་མ་ཡིན་པར། གཅན་མེ་སྟག་སོགས་ཀྱིས་མཚོན་པའི་སྙན་ངག་པ་དག་གིས་དུས་རྒྱུན་པར་བསམ་གཞིག་བྱེད་ས་དང་སྨྱུག་ཁ་གཏོད་ས་ནི་མི་རིགས་ཀྱི་ལས་སྐལ་དང་འབྱུང་འགྱུར་གྱི་གདམ་བྱ་ཡིན། “འབྲོང་རྒོད་ཀྱི་རྨིག་རྗེས་ཡལ་བའི་ལོ་ཟླ/ སེང་གེ་ཡི་ང་རོ་འཇགས་པའི་དུས་རབས/ ངས། ཁྱེད་ཀྱི་རྨ་ཁ་ཡོད་ཚད་སྙན་ངག་བཞིན་གྱེར་ནའང/ མར་མེ་ཁྲི་ཕྲག་གི་མཚོན་དོན་ལ/འོད་སྣང་ཞིག་གི་ཕམ་ཉེས། ཡང་བསྐྱར་འགོད་དགོས་བྱུང”(《གངས་རི》)འདི་ནི་སྙན་ངག་པའི་བསམ་གཞིག་ལས་ཐོན་པའི་ལོ་རྒྱུས་ཀྱི་ཚང་རྩིས་ཐེངས་ཤིག་ཡིན་པ་དང་། མར་མེ་ཁྲི་ཕྲག་གི་མཚོན་དོན་ལ་ཕམ་ཉེས་ཤིག་འགོད་དགོས་པའི་རྒྱུ་རྐྱེན་དང་དེའི་གསེད་འགྲོལ་ཡང་ཡིན།
༣ ཕྱིར་རྟོག་གི་ཆ།
ལོ་རྒྱུས་ཀྱི་རྩིབས་སྟོང་འཁོར་ལོ་ནི་ནམ་ཡང་མདུན་ནས་མདུན་དུ་བསྐྱོད་པ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་གོམ་ཁ་རེ་རེའི་ནང་དུ། ང་ཚོའི་རྫོགས་མཐའ་བྲལ་བའི་ཕམ་ཉེས་དང་ཡང་ན་དང་ལེན་བྱ་དགོས་པའི་བསླབ་བྱ་ཡོད་པ་ཡིན། དེའི་རྒྱུ་མཚན་གྱིས། སྤྱི་ཚོགས་འདིའི་སྟེང་དུ་འཚོ་སྡོད་བྱེད་བཞིན་པའི་ང་ཚོ་མི་རེ་རེའམ་ལྷག་པར་མི་རིགས་དང་མིའི་རིགས་ཀྱི་འགན་འཁྲི་ཕྲག་ཏུ་བཞེས་པའི་སྙན་ངག་པ་དག་ལ་མཚོན་ན། ལོ་རྒྱུས་ལ་སློབ་སྦྱོང་དང་བསམ་གཞིག་བྱས་པ་བརྒྱུད་ནས་གལ་ཆེ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་དག་ད་ལྟའི་དངོས་ཡོད་ཀྱི་འཚོ་བའི་ཁྲོད་དང་རང་ཉིད་ཀྱི་ལུས་སྟེང་དུ་སྦྱོར་དགོས་ཤིང་། བློ་ཞིབ་མོས་དེ་ལ་བསམ་གཞིག་གནད་དུ་ཐིངས་པ་གཏོང་རྒྱུ་དང་ཕྱིར་རྟོག་བྱ་རྒྱུ་ནི་ཆེས་གལ་འགངས་ཆེ་བའི་བྱ་གཞག་ཡིན་ལ། དེ་ནི་མིའི་རིགས་དང་ཡང་ན་མི་རིགས་འདི་ཉིད་འཕེལ་རྒྱས་སུ་འགྲོ་བར་ཕན་པའི་གསོས་སུའང་འགྱུར་ངེས་ཡིན།
སྙན་ངག་ནི་རྣམ་ཤེས་ཀྱི་ཁེར་དཀྲོལ་རོལ་མོ་ཞིག་ཡིན་དགོས་ལ། ཐབས་རྩལ་དང་སྐད་ཆའི་གོང་རོལ་ཏུ་གནས་ཤིང་། རྣམ་ཤེས་དེ་ཉིད་རྗེན་གཟུགས་ཀྱི་རྣམ་པའི་ངང་ནས་སྙན་ངག་གི་ཁྲོད་དུ་མངོན་དགོས་པ་ཡིན། དེ་ཡང་དེང་གི་ང་ཚོ་བོད་ཀྱི་རྩོམ་སྟེགས་སྟེང་དུ་རྒྱུན་འབྱམས་ཀྱི་སྣང་ཚུལ་ཞིག་མཆིས་པ་ནི། ན་གཞོན་སྙན་ངག་པ་མང་པོ་ཞིག་གི་སྙན་རྩོམ་ཁྲོད་དུ་ཕྱིར་རྟོག་དང་བསམ་གཞིག་རྣོན་པོ་ལས་འཕྲོས་པའི་མེ་སྟག་མཐོང་རྒྱུ་མེད་ལ། སྙན་ངག་མང་ཆེ་ཤོས་ཤིག་གི་བརྗོད་སྙིང་ནི་ཧ་ཅང་སྤྱིར་བཏང་བ་སྟེ་འཚོ་བའི་ཁྲོད་ཀྱི་ཚྭ་སྒོག་གཡེར་གསུམ་སོགས་ཡིན་པ་དང་། སྙན་ངག་པ་མང་པོའི་སྙན་རྩོམ་ནི་ནད་མེད་འཁུན་སྒྲ་འདོན་པ་དང་གདངས་རྙིང་བསྐྱར་ཟློས་ཀྱིས་ཡོངས་སུ་ཟིན་ཡོད་པ་ལས། ཀློག་པ་པོར་ཡར་སྐུལ་གྱི་བསམ་བློ་སྦྱིན་ཐུབ་པའི་སྙན་ངག་གི་བརྩམས་ཆོས་ནི་ཤིན་ཏུ་ཉུང་བ་དེའོ།། “དེང་གི་ཆུ་དང་འདམ་སྙིགས་མཉམ་བཞུར་གྱི་སྙན་ངག་གི་དཔུང་སྡེ་འདི་རུ་ངའི་སྙན་རྩོམ་དག’རང་རློམ’དང’ཤེས་རློམ’ཁོ་ནས་རྒྱུན་བསྲིངས་པའི་སྐད་ཆ་རེ་གཉིས་ཤིག་ལས་ཅི་སྟེ། ཚོར་བ་ནི་ཅི། ཡིད་འགྱུར་ནི་ཅི། སྙན་ངག་གི་སྐད་ཆའམ་རང་གི་སྨྲ་མི་ནུས་པའི་སྐྱོ་ཡུས་དེའང་ཅི་སྟེ། ངའི་རྟོག་ཡུལ་གྱི་ཟབ་ས་ཞིག་ན་འཇམ་ཞིང་བག་ལ་ཉལ་བའི་འདུ་ཤེས་ཤིག་ད་དུང་འཕག་འཚག་དང་བཅས་འགུལ་བཞིན་པ་ནི་སྔར་འདས་ཀྱི་བག་ཆགས་མཐུག་པོའི་ཤེས་པ་རྐྱང་རྐྱང་ཞིག་མ་ཡིན་པར། ཟླ་དགུའི་མངལ་དུ་ཆགས་པའི་འཚོ་བ་དང་སྐད་ཆའི་བུ་ཆུང་ཁོ་ན་ལགས་པས་དེ་ལ་གདོད་མའི་རང་བྱུང་གི་རྒྱུ་ཆས་བརྒྱན་ཅིང་། གཏན་སྲོལ་དང་སྡོམ་ཚིག་གིས་མ་བཅིངས་པའི་རང་རྟོགས་ཀྱི་དབྱངས་ཀྱིས་ཁེངས་ཡོད། དེ་ནི་ངའི་སྙན་ངག་ཡིན་ལ། ངའི་ལས་སྐལ་ཡང་ཡིན་པ་འདྲ”(《དཔྱད་པ་ཕྲན་བུ》)འདི་ནི་གཅན་མེ་སྟག་གིས་རང་ཉིད་ཀྱི་སྙན་ངག་ལ་བཟུང་བའི་རྣམ་འགྱུར་ཡིན་ཞིང་། ཕྱིར་རྟོག་ལས་འཕྲོས་པའི་རང་ཉིད་ཀྱི་སྡོམ་ཐོ་ཡང་ཡིན། དེ་བས་མི་རིགས་འདིའི་འདས་སོང་གི་མཚར་སྡུག་དང་ད་ལྟའི་གནས་བབ་གཉིས་ལ་བསྡུར་བ་ཞིག་བྱས་ཚེ། རང་གྲོལ་གྱིས་བཤད་པ་བཞིན”མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་ཐུབ་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད”ཅེས་པ་བཞིན་ཕྱིར་རྟོག་གི་མཇུག་འབྲས་ནི་ཡ་ང་བའི་དངོས་ཡོད་ཀྱི་འཚོ་གནས་འདི་ལགས་པས་ན། གཅན་མེ་སྟག་གི་སྙན་ངག་མང་ཆེ་ཤོས་ཤིག་གི་བར་གསེང་དེ་ཕངས་སེམས་དང་སྐྱོ་གདུང་གིས་ཟིན་ཡོད་ལ། སྐྱོ་གདུང་ནི་ཁོའི་སེམས་ཁོང་གི་ན་ཟུག་ཅིག་ཡིན་པ་དང་། ན་ཟུག་ནི་བརྩེ་ཞེན་གྱི་མངོན་སྟངས་གཞན་ཞིག་ཀྱང་ཡིན། ཁོའི་སྙན་ངག་མང་པོ་ཞིག་ལ་ཁྱད་ཆོས་ཤིག་ལྡན་པ་ནི་ཕྱི་ཚུལ་ནས་རང་བྱུང་ཁམས་ཀྱི་བྱ་དངོས་ཀྱི་ཁྱད་གཤིས་དང་ངོ་བོ་སོགས་བྲིས་པ་ཡིན་མོད། སྙན་ངག་གི་ལྟག་རྒྱབ་དང་ཤུགས་སུ་མི་རིགས་ཀྱི་བརྩེ་ཞེན་ནམ་ཕྱིར་རྟོག་ལས་འཕྲོས་པའི་གདུང་སེམས་དེ་ཉིད་ཆེས་ཤུགས་དྲག་པོའི་སྒོ་ནས་མཚོན་ཡོད་པ་ཡིན།
གཉིས་པ། སྒྱུ་རྩལ་གྱི་དགེ་མཚན།
སྒྱུ་རྩལ་ཡོད་ཚད་ལས་སྙན་ངག་ནི་སྒྱུ་རྩལ་གྱི་ཏོག་དང་རྒྱལ་མཚན་ལྟ་བུར་ངོས་འཛིན་གྱིན་པ་དང་། འཇར་མན་གྱི་མཚན་ཉིད་རིག་པ་མཁན་ཧེ་གུར(黑格尔)གྱི《མཛེས་རིག》གི་ནང་དུའང”སྙན་ངག སྐད་ཆའི་སྒྱུ་རྩལ་དང་། སྒྱུ་རྩལ་རིགས་གསུམ་པ་ཞིག་ཡིན་ལ། དེ་ནི་དབྱིབས་བཟོའི་སྒྱུ་རྩལ་དང་རོལ་མོ་གཉིས་ཀྱི་ཆེས་མཐར་ཐུག་གཉིས་དུས་སྐབས་མཐོ་ཤོས་ཤིག་གི་སྟེང་དང་སྙིང་སྟོབས་ཀྱི་ཁོངས་གཏོགས་ཤིག་གི་ནང་ནས་མཉམ་གཅིག་ཏུ་བསྡེབས་པ་ལས་བྱུང་བའི་གཅིག་འདུས་ཀྱི་ཕུང་བོ་ཞིག་ཡིན”ཞེས་བཤད་ཡོད་པ་དང་། ཁོའི་བསམ་པར་རི་མོས་ཕྱིའི་སྣང་བརྙན་གསལ་བོ་ཞིག་མཁོ་སྤྲོད་བྱེད་ངེས་ཀྱང་། ནང་སེམས་ཀྱི་ཚོར་འདུ་མཚོན་པའི་ཐད་ནས་མ་འདང་བས་རོལ་མོ་བྱུང་བ་དང་། རོལ་མོས་ཀྱང་ནང་སེམས་ཀྱི་ཚོར་འདུའི་ཁྱད་གཤིས་དང་བྱེ་བྲག་སོགས་དེ་འདྲའི་གསལ་བོ་ཞིག་མཚོན་མ་ཐུབ་པས་སྙན་ངག་བྱུང་བ་ཡིན་པར་འདོད་ལ། སྙན་ངག་ནི་ད་རག་བར་གྱི་སྒྱུ་རྩལ་འཕེལ་རྒྱས་སྟེང་གི་རྩེ་མོ་ཡིན་པར་འདོད། ཡིན་ནའང་། སྙན་ངག་གི་ལོ་རྒྱུས་རིང་མོའི་འཕེལ་རིམ་གྱི་ཁྲོད་དུ་བལྟས་ན། སྙན་ངག་རིགས་གང་དང་གང་ཞིག་ཡིན་རུང”རྟ་ཚིགས”ཤིག་ཡིན་པ་ལས་ཡུན་ནས་ཡུན་དུ་འགྱུར་བ་མེད་པ་ཞིག་ཀྱང་གཏན་ནས་མ་ཡིན། སྤྱིར”གསར་གཏོད”ནི་སྙན་ངག་གི་སྲོག་ཤིང་དང་ཚད་ཐིག་ཡིན་ལ། གསར་གཏོད་གང་དང་གང་ཞིག་ཡིན་ཡང་དེ་རྙིང་བ་ཞིག་ལ་རྐང་བཙུགས་ནས་བྱུང་བ་ཞིག་ཡིན་པས་ན། ང་ཚོའི་བོད་ཀྱི་སྙན་ངག་གསར་བ་འདི་ཡང་བོད་རང་གི་སྲོལ་རྒྱུན་གྱི་རྩོམ་སྟངས་དག་དང《མེ་ལོང་མ》ལ་གཞི་རྐང་བཙུགས་ནས་བྱུང་བ་ནི་སྨོས་མ་དགོས་པ་ཞིག་རེད། ལྷག་པར་ད་ལྟའི་བོད་ཀྱི་སྙན་ངག་གསར་བ་དང་གཅན་མེ་སྟག་གི་སྙན་ངག་དག་གི”གསར་གཏོད”ཀྱི་ཆ་དེ་ནི་སྐད་ཆ་དང་། ཐབས་རྩལ། རྣམ་པ་སོགས་ཀྱི་སྟེང་ནས་སྲོལ་རྒྱུན་སྙན་ངག་དང་མི་འདྲ་བར་རང་གི་ཁྱད་ཆོས་ཤིག་བཟུང་ཡོད་པ་ལས་མངོན་པ་ཡིན་པར་འདོད།
༡ སྐད་ཆའི་སྐོར།
རྒྱའི་སྙན་ངག་པ་ཧེ་ཙིས(海子)”བདག་གིས་ཧིག་ཨར་ཏིག་ལིན(荷尔德林)བརྒྱུད་ནས། སྙན་ངག་ནི་ཆེམ་ཆེམ་དུ་འབར་བཞིན་པའི་མེ་དཔུང་ཞིག་ཡིན་པ་ལས། ཚིག་རྒྱན་གྱི་སྦྱོང་བ་ཞིག་མིན་པ་ཤེས་བྱུང”ཞེས་བཤད་མྱོང་བ་ནང་བཞིན། གཅན་མེ་སྟག་གི་སྙན་རྩོམ་ལ་སྐད་ཆའི་ཕྱོགས་ནས་བོད་ཀྱི་སྔ་མའི་སྙན་ངག་དང་མི་འདྲ་བའི་མངོན་གསལ་གྱི་ཁྱད་ཆོས་ཤིག་ལྡན་པ་ནི། མངོན་བརྗོད་དང་བརྡ་རྙིང་། ཚིག་རྒྱན་གྱི་ཕྲེང་བ་སོགས་སྤངས་ཤིང་། རང་གི་ནང་སེམས་ཀྱི་ཚོར་བས་བརླམས་ཤིང་ཕྱུག་པའི་སྐད་ཆའི་སྦྱོར་བ་ཞིག་དང་དུ་བླངས་ཡོད་པས་ཡིན་ལ། ཁོའི་སྐད་ཆ་ལ་དབྱངས་ཀྱི་འགྱུར་བག་གསལ་ཞིང་སྙན་པའི་ཁྱད་ཆོས་ཡོད་ལ། རྐྱོང་སྐུམ་རང་བཞིན་དང་། ལྡེམ་ཤུགས་རང་བཞིན། གཅིག་འདུས་རང་བཞིན་བཅས་འཛོམས་པ་ལས་ད་དུང་མཚོན་དོན(象征)དང་ཤུགས་བསྟན།(暗示) གབ་སྦེད(隐喻)སོགས་ཀྱི་ཁྱད་ཆོས་ཀྱང་ལྡན་པ་ཡིན།
རྩོམ་རིག་གི་རྣམ་པ་གང་དང་གང་ཞིག་ཡིན་རུང་བརྩམས་ཆོས་དེ་མཇུག་མཐར་སྐད་ཆ་ལ་བརྟེན་ནས་འགྲུབ་པར་བྱེད་པ་ཞིག་ཡིན་ལ། སྙན་ངག་ནི་ཆེས་ཚད་མཐོ་ཞིང་ལྷད་མེད་དྭངས་གཙང་གི་སྐད་ཆ་ལ་བརྟེན་ནས་གྲུབ་དགོས་པ་ཡིན། བོད་ཀྱི་སྔ་མའི《མེ་ལོང་མ》ཡི་ལུགས་ལྟར་བརྩམས་པའི་ཚིགས་བཅད་སྙན་ངག་བཞིན་དུ་སྙན་རྩོམ་ཡོད་ཚད་ཀྱི་སྐད་ཆའི་སྦྱོར་བ་དང་ཚིག་གི་སྤེལ་སྟངས་དེ་གཏན་སྲོལ་ཞིག་དང་སྤྱི་འགྲོས་ཤིག་ལ་བརྟེན་པ་མ་ཡིན་པར། གཅན་མེ་སྟག་གི་སྙན་ངག་ལ་མཚོན་ན། ཁོ་རང་ཉིད་ལ་རང་གི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་ཤིག་དང་སྐད་ཆའི་སྦྱོར་བ་ཡི་ཁྱད་ཆོས་ཤིག་ཆགས་ཡོད་པར་འདོད། དཔེར་ན། ཁོའི་སྙན་ངག་གི་ཁྲོད་དུ”ཚོར་བརྗེ”(移情)ལས་ཐོན་པའི་ཚིག་སྦྱོར་མང་པོ་ཞིག་རྒྱུན་དུ་འབྱུང་བཞིན་ཡོད་དེ།”རི་བོའི་ཚོགས་ཀྱི་སྒལ་རུས་ནག་པོ”དང”ཉི་འོད་ཀྱི་བསམ་གཞིག་དམར་པོ””རོལ་དབྱངས་ཀྱི་མགྲིན་པ””ཉི་འོད་ཀྱི་སོར་རྩེས་སྒུལ་བའི་ཕྱི་དྲོ””རྡོའི་ནགས་ཚལ”སོགས་བལྟས་ཚོད་ཀྱིས་སྐད་ཆའི་སྦྱོར་བའམ་གཏན་སྲོལ་དང་འགལ་བའི་ཚིག་སྦྱོར་འདི་དག་གིས་ཁོའི་སྙན་ངག་གི་ཉམས་དང་སྐད་ཆའི་ཕྱོགས་ལ་ལྡབ་འགྱུར་གྱི་ནུས་པ་ཐོན་གྱིན་ཡོད་པ་མ་ཟད། དེས་སྙན་ངག་གི་སྐད་ཆ་རྒྱུས་མེད་ཅན(语言陌生化)དུ་བཏང་ནས་ཀློག་པ་པོ་རྣམས་ཀྱི་བསམ་གཞིག་གི་བར་གླགས་འབྱེད་པར་བྱེད་ནུས་ཆེན་པོ་ཐོན་གྱིན་ཡོད། ད་དུང་ཁོའི《རྡོའི་ནགས་ཚལ》དང《ང་ཚོ་སྤྲིན་བཞིན་འཕྱོ》《བྱ་རྒོད》དག་ནི་མཚོན་དོན་དང་ཤུགས་བསྟན་རང་བཞིན་ཅན་གྱི་སྙན་ངག་ཡིན་ལ། སྐད་ཆའི་ཤུགས་དང་ལྟག་རྒྱབ་ལ་བསམ་གཞིག་མ་བཏང་ཚེ་སྙན་ངག་གི་སྐད་ཆའི་རང་ངོས་ལས་གོ་བ་ཅི་ཡང་བསྐྱེད་མི་ཐུབ་བོ། ། དཔེར་ན། “ང་ཚོ་ཇི་ལྟར་ཡང་། བྲག་རྡོའི་སྲ་མཁྲེགས་ལས་གྱེས་མ་ནུས/ མགོ་བརྩམས་པ་ནས། ང་ཚོ་རྒྱང་ཐག་རིང་བོ་ཞིག་ལ་ཕྱིན་ཅིང/ མཚན་མདོག་རབ་རིབ་གྱོན་ནས/ རྟོག་བཏགས་ཀྱི་བཤུལ་ལམ་ཟབ་མོའི་ཕ་མཐའ་བརྒལ/…ང་ཚོས་ཇི་ལྟར་ཡང/ ལུག་ཁྱུ/ དྲན་ཡུལ་གྱི་ནགས་མའི་ཚལ་དུ་འདེད་མ་ཐུབ་ལ/ ཇི་ལྟར་ཡང/ བྲག་རྡོ་དང་གྱེས་སའི/ མཚོ་ཁུགས་སམ། གླིང་ཕྲན་དུ་བགྲོད་མ་ནུས”(《ང་ཚོ་སྤྲིན་བཞིན་འཕྱོ》)ཞེས་པའི་ཚན་པ་འདིར་མཚོན་ན། “ང་ཚོ”དང”བྲག་རྡོ””ལུག་ཁྱུ”དག་གི་མཚོན་དོན་དངོས་ནི་ཅི་ཞིག་ཡིན་ནམ། དེ་དག་གི་མཚོན་དོན་དང་ཤུགས་བསྟན་མ་ཤེས་ཚེ་སྙན་ངག་འདི་ལ་ཚིག་འགྲོས་ཙམ་འདེད་རྒྱུ་ལས་ཅི་ཡང་མི་ནུས་སོ།།
དེ་ལས་གཞན། གཅན་མེ་སྟག་ལ་མཚོན་ན།”ཞིང་གྲོང”དང”དབྱར་སྡོང””གླང་རྒན””གཙང་ཆུ””ཁང་ཁྱིམ”སོགས་ནི་ཁོའི་སྙན་ངག་གི་ཁྲོད་དུ་རྒྱུན་པར་འབྱུང་བཞིན་པའི་བརྗོད་བྱ་སྐོར་ཞིག་ཡིན་ལ། གཏན་ཆགས་རང་བཞིན་གྱི་བརྗོད་བྱ་འདི་དག་རྒྱུན་པར་བདམས་པ་ལས་ཁོའི་སྙན་ངག་ལ་ཡིད་གཟུགས་ཀྱི་ཚོགས་སྤྱི་ཞིག་ཆགས་པ་ཡིན། དེ་ཡང་རང་གཤིས་མངོན་གསལ་ཅན་གྱི་སྙན་ངག་པ་སུ་ཞིག་ཡིན་རུང་། ཁོ་རང་ཉིད་སྒེར་ལ་དབང་བའི་ཡིད་གཟུགས་ཀྱི་བརྡ་རྟགས་དུ་མ་ཞིག་ཡོད་པ་ཡིན་ལ། རྒྱའི་སྙན་ངག་པ་ཧེ་ཙི་ལ་མཚོན་ནའང”གྲོ་ཞིང”དང”ཆུ་བོ”ནི་ཁོའི་སྙན་ངག་གི་ཁྲོད་དུ་རྒྱུན་པར་འབྱུང་བཞིན་པའི་ཡིད་གཟུགས་གཉིས་ཡིན་པ་དང་། དེ་ནི་ཁོ་རང་ཆུང་དུས་ནས་བཟུང་ཞིང་གྲོང་དུ་ནར་སོན་པའི་སྟབས་ཀྱིས་ཡིན་ལ། མིའི་རིགས་འདི་ཉིད་ཡུན་ནས་ཡུན་དུ་གནས་ཤིང་འཕེལ་དགོས་ན་གྲོ་ཞིང་དང་ཆུ་བོར་བརྟེན་དགོས་པའི་རྒྱུ་མཚན་གྱིས་ཀྱང་ལོས་ཡིན་སྙམ། ཁོས”བདག་ཉིད་ཞིང་གྲོང་དུ་ལོ་བཅོ་ལྔར་འཚོ་བ་རོལ་མྱོང་བ་དེ་ཁོ་ནའང་ལོ་བཅོ་ལྔའི་རིང་ལ་འབྲི་རིན་ཡོད་པ་རེད”ཅེས་བཤད་མྱོང་ལ། གཅན་མེ་སྟག་ལ་མཚོན་ནའང་ཆུང་དུས་ནས་ཞིང་གྲོང་དུ་ནར་སོན་པའི་རྐྱེན་གྱིས་སྔོ་ལྗང་གི་གྲོ་ནས་དང་། བ་གླང་གི་སྐེ་དྲིལ། ལྷུང་ལྷུང་གི་གཙང་ཆུ། བདེ་སྐྱིད་ཀྱི་ཞིང་གྲོང་དང་དབྱར་སྡོང་སོགས་ལ་ལྷད་མེད་ཀྱི་བརྩེ་བ་ཞིག་འདུག་པ་ནི་རྒྱུན་ལྡན་ཞིག་ཡིན་པ་ལས། དེ་དག་དུས་རྒྱུན་པར་སྙན་ངག་གི་ཁྲོད་དུ་ཡང་ཡང་བཀོལ་བ་དེས་ཁོའི་སྙན་ངག་ལ་སྲོག་དབང་གསར་བ་ཞིག་གནང་བ་ལས་ཚེ་སྲོག་གི་སྒྱུ་རྩལ་དེའི་རྣམ་པ་ངོ་མ་ཞིག་ཏུ་གྲུབ་པ་དང་། ཡང་ན་ཁོའི་ཁྲག་རྩའི་སྦུབས་སུ་རྒྱུ་བའི་སྙིང་སྟོབས་ཤིག་གི་མཚོན་བྱེད་ཀྱི་བརྡ་རྟགས་སུའང་གྱུར་པ་ཡིན། འདིའི་མཚོན་བྱེད་ཀྱི་སྙན་ངག་ལ《ས་སྲོད་ཀྱི་སྡེ་གྲོང》དང《ང་དང་ངའི་གླང་རྒན》《ཞིང་གྲོང་གི་སྙན་ངག》《རྨི་ལམ་དུ་སྙན་ངག་མཐོང་བྱུང》སོགས་མང་པོ་ཞིག་འདུག
གཞན་ཡང་། གཅན་མེ་སྟག་གི་སྙན་ངག་ཡོངས་ལ་ཞིབ་ལྟ་ཐེངས་ཤིག་བྱས་ཚེ། ཁྱོད་ལ་བག་ཆགས་ཆེས་ཟབ་མོ་འཇོག་ཅིང་འཛད་མཐའ་མེད་པའི་བསམ་གཞིག་གི་སྒོ་འཕར་འབྱེད་མཁན་ནི་ཁོའི་སྙན་ངག་གི་ཁོང་གསེང་ཀུན་ན་འུར་འུར་དུ་རྒྱུ་བའི”རླུང”དེ་དག་ཡིན། རླུང་ནི་ཁོ་རང་ཆེས་བཀོལ་རྒྱུར་དགའ་བའི་ཡིད་གཟུགས་ཤིག་ཡིན་ཞིང་། དེ་ལ་རིག་གནས་ཀྱི་སྲོག་དབང་གསར་བ་ཞིག་ཞུགས་ཡོད་པའམ་ཡང་ན་དེས་སྙན་ངག་པའི་ཚོར་ཤེས་སྐྱེན་པོའི་རང་གཤིས་ཤིག་མཚོན་གྱིན་ཡོད། གསལ་བོར་བཤད་ན། དེ་ནི་སྙན་ངག་པ་ཁོ་རང་གནས་ཤིང་འཚོ་སའི་མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་ཡང་ན་མགོ་ལོག་གི་གནམ་གཤིས་ལ་འབྲེལ་བ་ཡོད་ངེས་ཀྱང་། ཕྱོགས་གཞན་ཞིག་ནས་བཤད་ན། རླུང་གི་ངོ་བོ་དང་རྣམ་པ། ཆོས་ཉིད་དག་ནི་སྙན་ངག་པའི་སེམས་ཁམས་དང་གཤིས་ཀ སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་སོགས་དང་འདྲ་བོ་ཡོད་པའམ་ཡང་ན་ཐག་ཉེ་བས་ཡིན། ཁོའི་སྙན་ངག་གི་ཁྲོད་དུ”རླུང”ནི་གབ་བསྡུས་ཀྱི་དཔེ་གཟུགས་ཤིག་ཡིན་ལ། མ་ཚང་བ་མེད་པའི་འཇིག་རྟེན་གྱི་ལྡེབས་རིས་གསོན་པོ་ཞིག་ཀྱང་ཡིན། དེ་ཡང”རླུང”གི་ཞེ་སྡང་གི་ང་རོས་འཇིག་རྟེན་གྱི་རྣག་ཁྲག་འཇིབ་རྩིས་ཡོད་པ་འདྲ་ལ། མི་སེམས་ཀྱི་དད་པའི་མར་མེ་ཡང་གཞིབ་རྩིས་ཡོད་པ་མ་ཡིན་ནམ། འདིའི་སྐོར་ནི་ཁོའི《རླུང་ལྡང་བའི་སྔ་ཕྱིར》(སྙན་ཚོམ)དང《རླུང་དེ》སོགས་སྙན་རྩོམ་དག་ལ་བལྟས་ཚེ་མྱོང་ཚོར་ཟབ་མོ་འཐོབ་ངེས་ཡིན་པས་འདི་ཙམ་གྱིས་ཆོག་པར་བྱས་སོ།།
གོང་ནས་གཅན་མེ་སྟག་གི་སྙན་ངག་ལས་སྐད་ཆའི་སྐོར་ལ་གླེང་བརྗོད་ཙམ་བྱས་པ་ཡིན་ལ། ཞར་དུའང་གསལ་བཤད་བྱ་དགོས་པའི་གནད་ཅིག་འདུག་པ་ནི་དེང་དུས་བོད་ཀྱི་སྙན་ངག་གསར་བའི་རྩོམ་སྟེགས་སྟེང་དུ་ཧ་ཅང་རྒྱུག་ཆེ་བའི་སྐད་ཆའི་རོལ་རྩེད་དེ་ཡིན། སྐད་ཆའི་རོལ་རྩེད་མཁན་དེ་དག་གི་ལྟ་བ་མཐར་དེད་ན་ནི”སྙན་ངག་པས་སྐད་ཆ་གསར་གཏོད་བྱེད་པ་མ་ཡིན་པར། སྐད་ཆས་སྙན་ངག་པ་གསར་གཏོད་བྱེད་དགོས”ཞེས་པ་དེ་ཡིན། ཁོ་ཚོས་སྙན་ངག་ལ་རྣམ་པ་མཛེས་འཕྱོར་ཅན་ཞིག་མཁོ་སྤྲོད་བྱེད་ལ། ལྷག་པར་སྐད་ཆའི་བརྩེ་བ་འདོན་ཚུལ་ལམ་སྐད་ཆ་བཤད་སྟངས་ཀྱི་ཆ་ནས་ཀྱང་དེ་འདྲ་རེད། ཡིན་ནའང་ཕྱི་རྣམ་རིང་ལུགས་ཀྱི་བགྲོད་ལམ་སྟེང་གི་འཚོལ་སྙེག་གི་ཉེན་ཁས་སྐབས་ལ་ལར་ལོག་ལམ་གྱི་གཡང་དུའང་འཁྲིད་ངེས་ཡིན་པ་དང་། ད་དུང་ཁོ་ཚོས་བྲིས་པའི་སྙན་ངག་མང་པོ་ཞིག་གིས་སྐད་ཆའི་མཛེས་ཆོས་དང་ཚིག་གི་སྒྲིག་རྩལ་ཕྱོགས་ནས་བྱང་ཆར་སོང་བའི་སྣང་བ་ཞིག་སྟེར་བ་ལས་གཞན། ཁོ་ཚོའི་སྙན་ངག་ལ་རང་ཉིད་ཀྱི་ཚེ་སྲོག་གི་མྱོང་བ་དངོས་དང་དུངས་ཞེན་གྱི་བརྩེ་བ་རྣལ་མ་དེ་མེད་ལ། གཟབ་ནན་གྱི་གཏན་ཚིགས་དང་ཚད་གཞི་ནི་དེ་བས་ཀྱང་མེད་དོ།། སྙན་ངག་པ་ངོ་མ་ཞིག་ཡིན་ན་ཀློག་པ་པོར་རྩོམ་གྱི་ཚིག་རིས་མཚར་པོ་ཙམ་སྟེར་མཁན་ཞིག་མིན་པར། མི་ཚེ་ལ་ཚོར་སྣང་གསར་བ་སྟེར་མཁན་ནམ་ནང་སེམས་ཁོང་གི་ནག་ནོག་དང་ར་རི་ལ་བྱི་དོར་བྱེད་མཁན་ཞིག་ཡིན་དགོས། འདི་ཡང་རང་རེའི་སྙན་ངག་གསར་བ་འདི་ལོག་ལམ་དུ་མི་ཞུགས་པའི་ངང་ནས་འཕེལ་རྒྱས་འབྱུང་བར་དམིགས་ཏེ་ཅུང་ཙམ་འཕྲོས་པའོ།།
༢ ཐབས་རྩལ་གྱི་སྐོར།
གཅན་མེ་སྟག་གིས”ང་ཚོས་མི་རིགས་གཞན་པའི་ལེགས་ཆ་བསྡུ་ལེན་མ་བྱས་གོང་། རང་གི་གཞུང་ལུགས་སྔ་མ་དག་ན་ཁྱད་འཕགས་ཀྱི་སྒྱུ་རྩལ་མཚོན་སྟངས་གང་ཞིག་ཡོད་པ་རྒྱུད་འཛིན་དང་དར་སྤེལ་བྱེད་དགོས་ལ། དེས་མཚོན་པར་བྱས་པའི་རོ་མྱོང་དག་དེང་གི་སྙན་ངག་དག་དང་བསྡུར་ན་བར་ཁྱད་ཅི་ཞིག་ཡོད་པར་ཡང་བསམ་བློ་གཏོང་དགོས།”(《སྙན་ངག་གི་དག་སེལ》)ཞེས་བཤད་པར་གཞིགས་ན། ཁོ་རང་མི་ལ་ལ་ཞིག་ནང་བཞིན་མི་རིགས་གཞན་དང་ལྷག་པར་ཕྱི་གླིང་གི་རྩོམ་སྟངས་ཤིག་ཡིན་ཚེ། དེ་བོད་མི་རིགས་ཀྱི་འཚོ་བ་དང་གོམས་གཤིས། མཛེས་དཔྱོད་ཀྱི་ལྟ་བ་སོགས་དང་མཐུན་མིན་ལ་འདང་མི་རྒྱག་པར་ཡོད་ཚད་ལེགས་པོར་བསྒོམས་ནས་དང་ལེན་བྱེད་པ་ཞིག་མ་ཡིན་པར། གདམ་གསེས་དང་རྒྱུ་རྐྱེན་ཡོད་པའི་སྒོ་ནས་ནང་འདྲེན་བྱེད་པར་གོམས་ཡོད་སྙམ།
ང་ཚོ་བོད་ཀྱི《མེ་ལོང་མའི》ལུགས་ལྟར་བརྩམས་པའི་ཚིགས་བཅད་སྙན་ངག་ལ་མཚོན་ན། དེའི་ཁྱད་ཆོས་གཙོ་བོའམ་ཡང་ན་སྙན་ངག་གི་མཛེས་ཆོས་འདོན་ཚུལ་དངོས་ནི་ཚིག་མཛེས་པར་བྱེད་པའི་རྒྱན་སྣ་ཚོགས་ཀྱི་སྟེང་ན་ཡོད་ལ། དཔེ་རྒྱན་དང་། གཟུགས་རྒྱན། དོན་རྒྱན། སྒྲ་རྒྱན་ལ་སོགས་པ་ནི་སྙན་ངག་རྩོམ་པ་ལ་མེད་དུ་མི་རུང་བའི་ཐབས་ཤེས་དང་ལག་རྩལ་གྱི་ཆའང་ཡིན། སྲོལ་རྒྱུན་གྱི་སྙན་ངག་རྩོམ་མཁན་ཞིག་ཡིན་ཚེ་ཁོའི་སྙན་ངག་གི་བློ་དེ་སྨོན་པ་དང་གྲགས་པའི་རྗེས་སུ་འབྲང་རྒྱུར་དགའ་ཞིང་། རང་ཉིད་ཀྱི་ནང་སེམས་ཀྱི་འགྱུར་བ་དངོས་ལས་བྱུང་བའི་དགའ་སྐྱོ་ཆགས་སྡང་སོགས་ཅི་མི་སྙམ་པར་བཏང་སྙོམས་སུ་བསྐྱུར་ནས་ཚིག་རྒྱན་ཁོ་ནའི་ཕྱོགས་སུ་གཞོལ་བས་ན། སྔོན་གྱི་མཁས་པ་མང་ཆེ་ཤོས་ཤིག་གི་སྙན་ངག་ལ་བལྟས་ཚེ་མི་གཅིག་གིས་བྲིས་པ་དང་འདྲ་བའི་ཉམས་སྣང་སྟེར་ཞིང་། སྙན་ངག་གི་ཉམས་འགྱུར་གྱིས་ཕྱུག་ཅིང་རང་ཉིད་ཀྱི་རྩོམ་གཤིས་ཆགས་ཡོད་པ་ནི་རེ་འགའ་ཞིག་ལས་མི་འདུག དེས་ན་གཅན་མེ་སྟག་གི་སྙན་ངག་གིས་ཏག་ཏག་ཚིག་རྒྱན་གྱི་ཕྲེང་བ་ལྷུར་ལེན་པའི་སྦྱོར་བ་དེ་སྤངས་ཡོད་ལ། གཟུགས་རྒྱན་དང་། དཔེ་རྒྱན། རབ་རྟོག བསྡུས་བརྗོད་སོགས་རྒྱན་རེ་འགའ་ཞིག་ཀྱང་འོས་འཚམ་ཙམ་ལས་སྤྱད་མེད། ཡིན་ནའང་གཅན་མེ་སྟག་གི་སྙན་ངག་ལ་ཀློག་པ་པོའི་ཡིད་དབང་འགུགས་པའི་ཆ་དང་ཡང་ན་ཐབས་རྩལ་གྱི་ཕྱོགས་ནས་ལེགས་པའི་ཕྱོགས་གང་དག་ཡོད་ཅེ་ན། གཅིག་ནི་ཁོས་སྲོལ་རྒྱུན་གྱི་རྩོམ་སྟངས་ལས་ལེགས་པ་དང་དགེ་མཚན་ལྡན་པའི་ཕྱོགས་དེ་མ་དོར་བར་དེ་ཉིད་རང་གི་སྙན་ངག་གསར་བའི་རྐང་སྟེགས་སུ་གཞི་བཏིང་བ་དང་། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྙན་ངག་གསར་རྩོམ་ཁྲོད་དུ་རྒྱུན་འབྱམས་སུ་སོང་བའི་རྩོམ་སྟངས་ཡིད་གཟུགས་དང་། མཚོན་དོན། གབ་སྦེད་སོགས་ཀྱི་ཐབས་རྩལ་དུ་མ་ཞིག་རང་གི་སྙན་ངག་གསར་རྩོམ་གྱི་ཁྲོད་དུ་བཀོལ་སྤྱོད་བྱས་པས་ཡིན་ལ། གཉིས་ནི་ཁོའི་མྱོང་བ་དང་དུས་རྒྱུན་གྱི་འགྲོ་འདུག་ཉལ་འཆག་ལས་བྱུང་བའི་བསམ་ཡན་དེས་རང་གི་སྙན་ངག་གི་ཁྱད་ཆོས་བཟུང་འདུག་པ་དེའོ།། ཞིབ་ཏུ་བཤད་ན། ཁོས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་དྲང་མོ་དང་ལྷག་བསམ་རྣམ་དག་གི་ཆ་དེས་ཁོའི་སྙན་ངག་གི་རང་མདངས་བཟུང་ཡོད་སྙམ་ལ། ཁོའི་སྙན་ངག་གི་ཚིག་སྦྱོར་དག་ནི་རང་གི་ནང་སེམས་རྒྱུད་ཀྱི་འགྱུར་བག་རྗེས་སུ་འབྲངས་ཡོད་པ་ལས་འཇིག་རྟེན་གྲགས་ཚོད་དང་ཐ་སྙད་སྐམ་པོའི་རྗེས་སུ་འབྲངས་མེད་ལ་དེ་ནི་ཁོའི་སྙན་ངག་དང་ཡང་ན་དེང་གི་སྙན་ངག་གསར་བའི་ཁྱད་ཆོས་གཙོ་བོ་ཞིག་རེད། ཁྱད་ཆོས་འདི་གཉིས་ལས་ཀྱང་ཕྱི་མ་ནི་གཅན་མེ་སྟག་གི་སྙན་ངག་ལ་ཀློག་པ་པོའི་དགའ་བསུ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་ལ། ཐབས་རྩལ་མིན་པའི་ཐབས་རྩལ་གྱི་མཆོག་ཅིག་ཀྱང་རེད། དེ་ཡང་ཁོའི་ལྷག་བསམ་རྣམ་དག་གི་ཆ་དེ་ཕྱོགས་མང་པོ་ཞིག་གི་སྟེང་ནས་མཚོན་ཐུབ་མོད། འོན་ཀྱང་ཞོར་གྱི་ཚིག་འདི་དག་ལས་ང་ཚོས་ཁོའི་ནང་སེམས་ཀྱི་རི་མོ་མཐོང་ཐུབ། “མཆི་མ་ཉིལ་ཉིལ་དུ་བཞུགས་པའི་སྙན་ངག་པ/རླབས་ཆེན་དང་མནོག་ཆུང་གི་ཐ་སྙད་མང་པོ་ཇི་ལྟར་བསྒྲིགས་ནའང/ཉིན་མཚན་གཉིས་ནི་ནམ་ཡང་ཁ་གཏད་དུ་འགྲེང་བའི/མཐའ་མཇུག་གི་ལྕགས་ཟམ་དེ་ག་ལ་ཡིན/ དོན་དངོས་ཐོག་རྨི་ལམ་གྱི་ནམ་མཁའ་དཀྲོགས་པའི/སྤྲིན་ཚོམ་དེ་ངས་སྔར་ནས་ཕྱགས་ཟིན་ལ/སེམས་ངོས་སུ་འབྱར་བའི་ཁེ་དྲགས་དང་རྨོངས་མུན་གྱི་རྡུལ་ཉག་དེ་དག་ཀྱང/ངས་སྔར་ནས་ཕྱི་དོར་བྱས་ཟིན/ … སྙན་ངག་པ། ད་ལྟ་ང་ཚོར་ལྷག་པ་ནི/ དག་གཙང་གི་སེམས་པ་ཞིག་ལས་ཅི”(《སྙན་ངག་པ》)ངོ་མ། ཁེ་ཕན་སྣ་མང་གི་རྩོད་ལེན་གྱིས་མི་གཤིས་སྣུབ་ཀྱིན་པའི་དེང་གི་དུས་སྐབས་འདིའི་སྙན་ངག་པ་ཞིག་ལ་མཚོན་ན། དྭངས་གཙང་གི་སེམས་པ་ཞིག་ལས་ཅི་ཞིག་མཁོ། རྩོམ་རིག་དཔྱད་བརྗོད་མཁན་ཁཱ་ལར(卡莱尔)གྱིས་ཀྱང་ཕིན་སུའི(彭斯)སྙན་ངག་གི་དགེ་མཚན་གཙོ་བོ་ནི་ཁོའི”ལྷག་བསམ་རྣམ་དག”དེ་ཡིན་ཞེས་བཤད་མྱོང་བ་ཡིན་ལ། སྙན་ངག་ལ་བཅངས་པའི་ལྷག་བསམ་རྣམ་དག་དང་ཚེ་སྲོག་གི་མྱོང་བ་དངོས་སོགས་ནི་གཅན་མེ་སྟག་གི་སྙན་ངག་གི་ཐབས་རྩལ་དང་སྲོག་དབང་ཡིན་ཞེས་བཤད་ཆོག་པ་ཡིན་ནོ།།
༣ རྣམ་པའི་སྐོར།
ཕྱི་གླིང་གི་སྙན་ངག་གཞུང་ལུགས་ཁྲོད”རྣམ་པ་ནི་མ་གཞི་ནས་ནང་དོན་ཡིན་ནོ”ཞེས་པའི་བཤད་སྲོལ་ཡོད་ལ། ཧེ་གུར་གྱིས་ཀྱང《གཏན་ཚིགས་རིགས་ཆུང》གི་ནང་དུ”ནང་དོན་བྱ་བ་ནང་དོན་མ་ཡིན་པར་རྣམ་པ་ནང་དོན་དུ་གྱུར་པ་དང་། རྣམ་པའང་རྣམ་པ་མ་ཡིན་པར་ནང་དོན་རྣམ་པར་གྲུབ་པའོ”ཞེས་གསུངས་ཡོད། དེ་དག་གིས་ནང་དོན་དང་རྣམ་པ་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཞིག་ཡིན་པ་བསྟན་ཞིང་། ནང་དོན་ཇི་འདྲ་བ་ཞིག་མཚོན་པར་དེ་དང་མཚུངས་པའི་རྩོམ་ལུས་ཀྱི་རྣམ་པ་ཡང་གསར་བ་ཞིག་འགོད་དགོས་ཚུལ་བསྟན་པ་ཡིན། གཅན་མེ་སྟག་ལ་མཚོན་ན་ཁོའི་སྙན་ངག་ཡོད་ཚད་ཀྱི་རྣམ་པ(རྩོམ་ལུས) ནི་སྲོལ་རྒྱུན་གྱི་ཚིག་གི་སྡེབ་སྟངས་མཉམ་པ་དང་རྐང་བའི་ལྷུ་ལག་འཕྲོད་པའི་ཚིགས་སུ་གཅོད་སྟངས་ལས་བརྒལ་ནས། ཚིག་སྦྱོར་ལ་རིང་ཐུང་ཅི་རིགས་ཡོད་ཅིང་ནང་སེམས་ཀྱི་འགྱུ་བག་དང་དབུགས་ཀྱི་ངལ་གསོ་ལ་འཚམ་པའི་རང་མོས་ཀྱི་རྣམ་པ་ཞིག་དང་དུ་བླངས་ཡོད་པ་ཡིན། རྒྱ་ནག་ལ་མཚོན་ནའང་དུས་སྐབས་རིམ་བྱུང་གང་མང་བརྒྱུད་པ་ནས་སྙན་ངག་ནི་ལི་པེ་དང་ཏོའུ་ཕུ་སོགས་ཀྱི་སྐབས་སུ་འཕེལ་རྒྱས་ཀྱི་རྩེ་མོར་སོན་པ་དང་། མའོ་ཙེ་ཏུང་དང་ལུའུ་ཞུན་དག་ལ་མཚོན་ནའང་། སྙན་ངག་གི་རྩོམ་སྲོལ་རྙིང་བ་འདིའི་ཚད་བཀག་རང་བཞིན་མཁྱེན་ནའང་ཁོང་ཚོ་རྣམ་པ་འདི་ལ་ཆ་རྒྱུས་ཡོད་པའི་དབང་གིས་འདི་བཀོལ་ནས་བྱ་དངོས་གསར་བ་གང་མང་མཚོན་མྱོང་། ཡིན་ནའང་ཁོང་ཚོ་སྙན་ངག་གི་རྩོམ་སྲོལ་རྙིང་བ་འདིར་བྱང་གོམས་སུ་སོང་བའི་སྟབས་ཀྱིས་དེ་ཉིད་ཚང་མར་དར་སྤེལ་དང་ཁྱབ་གདལ་དུ་གཏོང་བའི་ལྟ་ཚུལ་བཏོན་པ་མིན་ལ། མའོ་ཙེ་ཏུང་གིས《སྙན་ངག་དུས་དེབ》(《诗刊》)ཀྱི་རྩོམ་སྒྲིག་པར་སྤྲིངས་པའི་འཕྲིན་ཡིག་ཅིག་གི་ནང་དུ”སྙན་ངག་ནི་ངེས་པར་དུ་སྙན་ངག་གསར་བའི་རྩོམ་ལུས་འདི་གཙོ་བོར་འཛིན་དགོས། རྩོམ་སྲོལ་རྙིང་བའི་སྙན་ངག་ཀྱང་བྲིས་ཆོག་མོད། འོན་ཀྱང་ན་གཞོན་གྱི་ཁྲོད་དུ་དེ་ཉིད་དར་སྤེལ་བྱེད་པར་མི་འཚམ། རྒྱུ་མཚན་ནི་རྩོམ་ལུས་རྙིང་བས་བསམ་བློར་བཀག་རྒྱ་བཟོ་ངེས་པ་ལས་དེ་སྦྱངས་སླ་བ་ཞིག་ཀྱང་མ་རེད”ཅེས་བཤད་མྱོང་། དེ་དག་ལ་དཔྱད་ན་ང་ཚོ་བོད་ལ་དར་ནས་ཡུན་རིང་མ་འགོར་བའི་སྙན་ངག་གསར་བའི་རྣམ་པ་འདིར་མཚོན་ནའང་། དེ་ཉིད་ཕྱིའི་ལུས་ཀྱི་རྣམ་པའམ་ཚིག་སྦྱོར་གྱི་བཅིངས་འགྲོལ་ཁོ་ན་ཙམ་མ་ཡིན་པར། དེ་ནི་ཕྱིའི་རྣམ་པ་དང་ནང་བསམ་སྦྱོར་གཉིས་ཀྱི་ཆ་མཉམ་པའི་བཅིངས་འགྲོལ་ཐེངས་ཤིག་ཡིན་པ་ཤེས་ཐུབ་བོ།།
སྤྱིར་རྩོམ་རིག་གི་རྣམ་པ་གང་དང་གང་ཞིག་ཡིན་རུང་དེ་ནི་རྩོམ་གྱི་ནང་དོན་དང་བརྗོད་སྙིང་ལ་ལྟོས་ནས་བྱུང་བ་ཡིན་ལ། དུས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལའང་འབྲེལ་བ་ཆེས་དམ་པོ་ཡོད་པ་ཡིན། རང་ཅག་གི་སྙན་ངག་གསར་བའི་རྣམ་པ་འདིར་མཚོན་ནའང་། དུས་སྐབས་གསར་བའི་གཞོན་ནུ་རྣམས་ཀྱི་སེམས་གཏིང་དུ་བག་ལ་ཉལ་བའི་འདུ་ཤེས་དང་རང་གི་ཚེ་སྲོག་གི་མྱོང་གོམས་དངོས་ལས་ཐོན་པའི་བསམ་བློ་དེ་མཚོན་པར་ཆེས་འཚམ་པ་ཡིན་པས། དུས་ཡུན་འདི་འདྲའི་ཐུང་ཐུང་ཞིག་གི་ནང་དུ་ཚང་མས་དགའ་བསུ་དང་དང་ལེན་མཛད་ནས་འཕེལ་རྒྱས་སུ་སོང་བ་ཡིན།
གཅན་མེ་སྟག་གིས་ཀྱང”རྣམ་པ་ཚིགས་བཅད་དུ་བསྡེབས་མ་བསྡེབས་དང་། ཆ་ཡའི་སྲོལ་འགྲོས་ལས་ཟུར་དུ་བུད་མ་བུད་ཙམ་གྱིས་སྙན་ངག་ལ་གསར་རྙིང་ཕྱེ་པ་ནི་མིག་རྒྱང་ཐུང་བའི་བྱིས་པའི་ཧུར་གཏམ་ཙམ་དུ་ཟད་དོ”(《སྙན་ངག་གི་དག་སེལ》)ཞེས་བཤད་ཡོད་ལ། དེང་སྐབས་མི་མང་པོ་ཞིག་གིས་ཀྱང་སྙན་ངག་གསར་རྙིང་གི་ཁྱད་པར་དེ་རྣམ་པ་དང་ཚིག་གི་སྦྱོར་ལུགས་ཤིག་གི་སྟེང་ཁོ་ན་ནས་འབྱེད་པ་ནི་མི་རུང་སྟེ། དེ་ལས་གཞན་སྙན་ངག་གསར་རྙིང་གཉིས་ཀྱི་ཁྱད་པར་ནི་གཙོ་བོ་ནང་དོན་ཕྱོགས་ཀྱི་བསམ་བློ་དང་སྙན་ངག་མཁན་གྱི་དགོངས་གཞིའི་སྟེང་ནས་དབྱེ་ན་ཡང་དག་པ་ཞིག་འོང་ངེས་སྙམ། དེ་མ་གཏོགས་སྙན་ངག་པའི་འཚོ་བ་དང་བསམ་བློའི་བརྩེ་དུངས་སོགས་ལ་ཐོད་བརྒལ་ཅི་ཡང་མེད་པར་རྣམ་པ་དང་རྩོམ་ལུས་བསྒྱུར་པ་ཙམ་གྱིས་སྙན་ངག་གསར་བའི་མཚན་ཉིད་ཚང་ཐབས་མེད་དོ།།
མདོར་ན། བསམ་བློ་དང་སྒྱུ་རྩལ་གཉིས་ཀྱི་ཆ་ནས་སྙན་ངག་ལེགས་པོ་ཞིག་འབྱུང་དགོས་ཚེ། ངེས་པར་དུ་ནང་དོན་དང་རྣམ་པ། མཚོན་སྟངས་སོགས་ཕྱོགས་ཡོངས་ནས་མཐོར་འདེགས་དང་འཕེལ་རྒྱས་སུ་འགྲོ་བར་འབད་དགོས། ནང་དོན་གསར་བར་རྣམ་པ་རྙིང་བས་བཅིངས་པ་དང་ནང་དོན་རྙིང་བར་རྣམ་པ་གསར་བས་བརྒྱན་པ་སོགས་གང་ཡིན་རུང་། དེ་ནི་སྙན་ངག་ལེགས་པོ་ཞིག་མ་འཁྱོངས་པའི་རྟགས་མཚན་ཡིན་སྙམ།
མཇུག་བྱང་།
གོང་ནས་གཅན་མེ་སྟག་གི་སྙན་ངག་ལ་སྤྱིའི་ཆ་ནས་དགེ་མཚན་ཇི་འདྲ་ཞིག་ལྡན་པར་གླེང་སློང་ཙམ་བྱས་པ་ཡིན། ཡིན་ནའང་ཉེ་བའི་ལོ་འགའི་རིང་གི་ཁོའི་སྙན་ངག་ཁ་ཤས་ཤིག་ལ་བལྟས་ན། ཡར་སྔོན་གྱི་བརྗོད་སྙིང་རྒྱ་ཆེ་བ་དེ་མི་རང་སྒེར་གྱི་གདུང་ཡུས་ཐན་ཐུན་དང་སྡུག་ཡུས་ཁོ་ན་བརྗོད་པའི་སྟེང་དུ་བབས་ཡོད་པའམ། ཡང་ན་སྙན་ངག་གི་དབྱངས་འགྲོས་དང་མཛེས་པ་འདོན་ཚུལ་སོགས་སྔོན་དང་བསྡུར་ན་ཅུང་ཉམས་ཉེས་སུ་འགྲོ་བཞིན་པའི་སྣང་ཚུལ་ཞིག་འདུག་པ་འདྲ། དེ་ནི་ཁོའི་འཚོལ་སྙེག་གི་སྙིང་སྟོབས་དེ་ཅུང་ལྷོད་བགས་སུ་སོང་བའི་རྐྱེན་ཡིན་ནམ་གཞན་ཅི་ཞིག་ཡིན། ཁོས《གངས་རྒྱན་མེ་ཏོག》གི་ན་གཞོན་སྙན་ངག་པ་ངོ་སྤྲོད་བྱེད་པའི་མཚམས་སྦྱོར་གྱི་ནང་དུ”སྟེས་དབང་གི་ནོར་འཁྲུལ་ཅིག་གིས་སྙན་ངག་གི་ལམ་ལ་འཛོལ་ཏེ་ཕྱིར་ལྡོག་ཏུ་མེད་པར་གྱུར། སྙན་ངག་ལ་མཚོན་ན། རང་ཚོད་ཀྱིས་འབད་བརྩོན་བྱས་མྱོང་། འཚོལ་སྙེག་བྱས་མྱོང་། བསྐྱུར་མྱོང་ལ་ཕྱིར་བླངས་ཀྱང་མྱོང”ཞེས་བཤད་ཡོད་པ་ནི། ཁོའི་སེམས་གཏམ་ངོ་མ་ཞིག་ཡིན་པ་ལས། སྤྱིར་ན་སྒྱུ་རྩལ་འཚོལ་སྙེག་གི་ལམ་བུའི་ཁྲོད་ནས་ཡོད་འོས་པའི་སེམས་བྱུང་རིགས་ཤིག་ཀྱང་ཅི་ལ་མིན་སྙམ།
མདོར་ན། གཅན་མེ་སྟག་གི་མི་ལོ་ཉི་ཤུའི་སྙན་ངག་གསར་རྩོམ་གྱི་བགྲོད་ལམ་ལ་ཕྱི་མིག་ཅིག་བལྟས་ཚེ། དེ་ནི་སྲོལ་རྒྱུན་གྱི་སྙན་ངག་རྩོམ་སྟངས་ལ་རྐང་བཙུགས་ནས་རིམ་བཞིན་དུ་སྙན་ངག་གསར་བའི་འབྲི་སྦྱོང་གི་ཁྲོད་དུ་ཞུགས་ཤིང་། གསར་རྩོམ་གྱི་བློ་སྦྱོང་དང་གོ་རིམ་སྣ་ཚོགས་བརྒྱུད་ཅིང་བརྒྱུད་ནས་ད་ལྟའི་སྙན་ངག་གི་རང་གཤིས་འདི་གྲུབ་པ་ཡིན་ལ། ཁོའི་སྙན་ངག་གི་རང་གཤིས་འདི་ཆགས་པར་རིག་གནས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་ཤུགས་རྐྱེན་ཡང་སྣ་ཚོགས་ཤིག་ཡོད་ངེས་ཀྱང་། ད་ཐེངས་བདག་གིས་དེ་དག་ཕྲ་ཞིང་ཞིབ་པ་ཞིག་སྤྲོས་བརྗོད་བྱེད་མ་ཐུབ་པ་ནི་ཡིད་ཕངས་པ་ཞིག་ཡིན་ལ། ཁོའི་སྙན་ངག་ལ་བསམ་བློ་དང་སྒྱུ་རྩལ་གྱི་ཕྱོགས་གཉིས་ནས་དཔྱད་པ་ཙམ་བཏང་བ་ཡང་། ཕྱིའི་སྣང་ཚུལ་ཙམ་ལས་སྙན་རྩོམ་ནང་ངོས་ཀྱི་མཛེས་པ་དངོས་འཛིན་མ་ཐུབ་པ་ཡང་ཕངས་སེམས་ཀྱི་གནས་ཤིག་ཡིན། གང་ལྟར་ཡང་ཁོའི་སྙན་ངག་གསར་རྩོམ་གྱི་བགྲོད་ལམ་མདོར་དྲིལ་ནས་བཤད་ན། དེ་ནི་ཕྱིར་རྟོག་དང་འཚོལ་སྙེག་གི་ལམ་བུ་ཞིག་ཡིན་པ་དང་། རྗེས་སུའང་གཅན་མེ་སྟག་གིས་ཕྱིར་རྟོག་དང་འཚོལ་སྙེག་གི་ལམ་བུའི་ཁྲོད་ནས་རང་ཉིད་ཀྱི་སྙན་ངག་ལ་གཡུར་དུ་ཟ་བའི་འབྲས་བུ་ཞིག་བླངས་ནས། ང་ཚོའི་བོད་ཀྱི་རྩོམ་རིག་གི་སྐྱེད་ཚལ་ཁྲོད་སྔར་མེད་ཀྱི་བཀྲག་མདངས་གསར་བ་ཞིག་སྣོན་ཐུབ་པར་རེ་བ་སྙིང་ནས་འཛིན།
2005.10.3 ~ 10.17ཉིན་བར་ལན་གྲུ་ནས།
རྩོམ་གྱི་ཡོངས་ཁུངས། མི་རྒོད་འཕྲིན་སྟེགས།
– – – – –