– – – – –
བརྗོད་གཞི་དངོས་སུ་མགོ་མ་བཙུགས་གོང་ལ་ངས་ཨ་མདོར་རྟོག་མྱུལ་བྱེད་མཁན་གྱི་ཨ་རིའི་མཁས་པ་རྣམས་ལ་གུས་འདུད་ཞུ་བར་འདོད་ཅིང་། རྟོག་མྱུལ་མཁན་འདི་དག་ལས་ཆེས་གལ་ཆེ་བ་ནི་ཝེའི་ལིམ་རོ་ཁུ་ཧེ་ལི་(William.W.Rockhill)དང་། ཇོ་སེ་ཧྥུ་རོ་ཁུ་(Joseph F.Rock)། ཨེཀ་ཝ་ལི་(Robert B. Ekvall)བཅས་ཡིན་པ་སྨྲ་ག་ལ་དགོས། ཁོ་ཚོས་ཨ་མདོ་དང་དེའི་མི་རྣམས་ལ་རྟོག་མྱུལ་དང་ཞིབ་འཇུག་བྱས་པའི་རྐྱེན་གྱིས་རྒྱ་ནག་དམར་པོའི་བཙན་འཛུལ་སྔོན་གྱི་ཨ་མདོ་མི་དམངས་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། ཆབ་སྲིད་འཚོ་བ་བཅས་ལ་རྒྱུས་ལོན་གཏིང་ཟབ་མོ་ཞིག་བྱ་ཐུབ་ཅེས་བརྗོད་ནུས། ཁོ་ཚོའི་དཔེ་དེབ་དེ་དག་པར་བསྐྲུན་བྱས་པས་ཡུལ་དེའི་རིག་གཞུང་དང་ལོ་རྒྱུས་ཀྱི་གོ་རྟོགས་ཇེ་མཐོར་བཏང་ཞིང་ང་ཚོ་བོད་མི་རིགས་ལ་མཚོན་ན་དེ་དག་ནི་ང་ཚོའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པར་འབད་པའི་ཨ་རིའི་བྱས་རྗེས་རླབས་ཆེན་ཞིག་རེད།
སྤྱིར་ཨ་མདོ་ཅེས་པའི་མིང་འདི་ས་ཁྲ་དང་ཡིག་ཐོག་དུ་བཀོད་པའི་ཞིང་ཆེན་འདིའི་ཤར་དང་ལྷོའི་ཆ་ཁོ་ན་མ་ཡིན་པར་བོད་མི་བྱིངས་ཀྱིས་ཞིང་ཆེན་ཡོངས་ལ་གོ། བོད་སྐད་དུ་མཚོ་སྔོན་ཞེས་པའི་ས་ཁོངས་དེར་སོག་སྐད་དུ་ཁོ་ཁོ་ནོར་(Korkor་Nor)དང་རྒྱ་སྐད་ཆིན་ཧད་(青海)ཞེས་འབོད་ཅིང་། དེ་དག་གི་དོན་ནི་མཚོ་སྔོན་པོ་ཡིན་པས་མདོ་སྨད་ཡུལ་གྱི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད། ཨ་མདོའི་ཡུལ་ཕྱོགས་འདི་ལ་བོད་བཙན་པོའི་དུས་སྐབས་སུ་ཙོང་ཁ་ཞེས་གྲགས་ཤིང་དུས་རབས་བཅོ་ལྔའི་རྗེ་ཙོང་ཁ་པ་བར་མིང་འདི་རྒྱུན་འཇགས་ངང་གནས།
ཨ་མདོ་སྟེ་བྱང་ཤར་གྱི་བོད་ནི་བོད་མི་ཚོས་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་དུ་བགྲང་ལ་ཡུལ་དེའི་བྱང་ངོས་དེ་བྱང་མཐའི་ཚ་འདམ་དང་ཐུག་ཅིང་། ཤར་ཁོག་ལུང་འདབས་ཀྱི་ཟུང་ཕན་ཞེས་པའི་རྒྱ་གྲོང་དེ་ལྷོ་ཤར་མཐའ་ཁུལ་གྱི་ཟི་ཁྲོན་ས་མཚམས་སུ་འབྲེལ། དེ་ཡང་ནུབ་ཀྱི་མགོ་ལོག་ཁུལ་ནི་ཁམས་ཏེ་བོད་ཤར་ཕྱོགས་ཀྱི་མདོ་སྟོད་དང་ས་འབྲེལ་ཡིན་ལ་ཤར་ངོས་སུ་རྒྱ་ནག་གི་ཀན་སུའུ་ཞིང་ཆེན་དང་ས་ཆུ་དབྱེ། བོད་དེ་རྒྱ་ནག་ལས་ཐ་དད་དུ་དབྱེ་མཁན་ནི་བོད་མཐོ་སྒང་གི་རང་བྱུང་ས་མཚམས་ཡིན་ལ་ས་བབ་དེ་རྒྱ་ནག་ནས་བོད་ཀྱི་ཕྱོགས་སུ་རིམ་གྱིས་འཕགས་དུས་བོད་ཀྱི་ས་གཤིས་དེ་གྱོང་ཞིང་བརླན་གཤེར་བྲལ། ཡུལ་སྐོར་བས་བར་མ་ཆད་པར་གོང་དུ་འཕགས་ཀྱིན་པ་དེ་མངོན་གསལ་ངང་རྟོགས་ཐུབ་ཞིང་། ས་བབ་ཀྱི་ཁྱད་པར་འདི་དུས་རབས་བདུན་པའི་ནང་བོད་ཡུལ་བརྒྱུད་དེ་རྒྱ་གར་དུ་བསྐྱོད་པའི་རྒྱ་ནག་གི་གནས་མཇལ་བ་དང་ཡུལ་སྐོར་བ་ཀུན་གྱིས་སྣང་འཇོག་བྱས་ཡོད་ལ། འདི་ནི་ཤར་ཕྱོགས་ཀྱི་ལན་ཀྲུའུ་ནས་ཨ་མདོ་འམ་ཁྲུའུ་ཏུའུ་ནས་ལྷོ་ཤར་གྱི་ཤར་ཁོག་ཕྱོགས་སུ་སླེབས་ཀྱིན་ཡོད་པ་དེ་ཡིན། བོད་མཐོ་སྒང་དུ་སླེབས་ལ་ཉེ་དུས་ཁྱོད་ཀྱི་མཐོང་ཡུལ་དུ་གྱུར་བའི་བོད་མིའི་རྟགས་མཚན་ནི་རི་བོའི་ཟོམ་དང་ཁང་པའི་མདུན་དུ་བསླངས་བའི་ལ་བཙས་དང་དར་ལྕོག་ཡིན། གནའ་བོའི་ཡོ་རོབ་ཀྱི་ཡུལ་སྐོར་བ་རྣམས་ཀྱིས་ནམ་ཞིག་ཁྱེད་ཉིད་ས་མཚམས་འདི་བརྒལ་ཚེ་བཟའ་བཏུང་དང་ཞག་འདུག་བྱེད་ས་རིན་མེད་ཡིན་པས་ཇ་ཁམ་གང་ཡིན་ཡང་རིན་མི་སློང་ཞེས་བཀོད་འདུག
ཨ་མདོའི་བོད་མི་རྣམས་བོད་མི་གཞན་དང་ཐ་དད་དུ་འབྱེད་པའི་རིག་གཞུང་གི་ཆ་ནི་ས་བབ་ཀྱི་རྐྱེན་ལས་གཞན་ད་དུང་ཡུལ་སྐད་ཀྱང་ཡིན། དེ་ནི་བོད་སྐད་ཡིན་ཡང་དབུས་བོད་ཡུལ་ལས་མངོན་སུམ་གྱི་ཐ་དད་དང་གནའ་བོའི་བོད་སྐད་ཀྱི་གཞི་རྩའི་རྣམ་པ་དེ་རྒྱུན་འཛིན་བྱས་ཡོད། ཨ་མདོའི་ནང་ཁུལ་དུའང་ནུབ་དང་བྱང་གི་འབྲོག་སྐད་དང་ཤར་ཁུལ་དང་ལྷོ་ཤར་ཕྱོགས་ཀྱི་རོང་སྐད་བཅས་མཆིས་ཀྱང་རྩ་བའི་ཆ་ནས་དེ་ཚང་མ་གཅིག་མཚུངས་རེད།
ཚོང་པའི་དཔུང་དང་ཚོང་ལས་ཀྱི་ལྟེ་གནས།
སྔར་སྲོལ་ལ་མདོ་སྨད་དུ་རྒྱ་ནག་གི་ཚོང་འབྲེལ་ལྟེ་གནས་གཙོ་བོ་གཉིས་མཆིས་ཤིང་། མདོ་སྨད་བོད་མི་རྣམས་ཀྱིས་དེ་ལ་བརྟེན་ནས་ཚོང་ལས་རྒྱ་ཆེན་པོ་བྱེད། དེ་གཉིས་ནི་ཤར་ཕྱོགས་ཀྱི་ཟི་ལིང་དང་ལྷོ་ཤར་ཕྱོགས་ཀྱི་ཟུང་ཆུ་མཁར་རེད། རྒྱ་གྲོང་འདི་དག་ནི་ཐོག་མར་དཔོན་གཞུང་གི་སྡོད་གནས་དང་དམག་དཔུང་གི་ས་ཚིགས་ཡིན་ཞིང་ས་ཚིགས་འདི་དག་གི་ཕ་རོལ་ཏུ་ཚོང་ལས་བྱེད་འདོད་པའི་རྒྱའི་ཚོང་བ་དག་གིས་དམིགས་བསལ་གྱི་ལག་འཁྱེར་བཟོ་དགོས། ཡུལ་འདི་དག་གི་ཨ་མདོ་བས་ཚྭ་དང་། བལ། གླ་རྩི། ཤྭ་རྭ། པགས་པ་སོགས་རི་དྭགས་ཀྱི་ཐོན་རྫས། ད་དུང་ལྕུམ་རྩ། རྩྭ་སྨན་སོགས་ཕྱིར་གཏོང་བྱེད་བཞིན་ཡོད། ཟུང་ཕན་ནི་ཤར་ཁོག་ཁུལ་གྱི་ཆེས་མཐའ་ཁུལ་གྱི་རྒྱ་གྲོང་ཡིན་ཞིང་ཡུལ་དེ་ལ་ཤར་ཁོག་དང་ཡུལ་མི་ལ་ཤར་བ་ཞེས་འབོད་ཅིང་བོད་དབུས་ཁུལ་དང་གནའ་བོའི་ཏུན་ཧོང་གི་ཡིག་ཆའི་ནང་དུ་ཟུང་ཆུ་ཟེར། ཟི་ལིང་དང་ཟུང་ཆུ་གཉིས་ཀ་ཚོང་དོན་གྱི་ལྟེ་གནས་ཁོ་ན་མ་ཡིན་པར་སྔར་ནས་གནད་གལ་ཆེ་བའི་ཡུལ་ཏུ་ངོས་འཛིན་བྱེད། ཏུན་ཧོང་ཡིག་ཆ་ལྟར་ན། སྤྱི་ལོ་༧༠༡་ལོར་ཟུང་ཆུ་ཁུལ་དུ་རྒྱ་བོད་ཀྱི་དམག་དཔུང་གིས་ཐོག་མར་གཡུལ་འགྱེད། ཟུང་ཕན་ནི་སྔར་ལྕགས་རིས་བསྐོར་བའི་མཁར་གྲོང་ཞིག་ཡིན་ལ་ད་ལྟ་རྒྱའི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་གྱུར་ཡོད། ཟུང་ཆུའི་བོད་ཁུལ་དུ་གསེར་གྱི་གཏེར་ཁ་ཐོན་པས་ཡུལ་དེ་རྒྱ་ཡུལ་ཏུ་ཤིན་ཏུ་གྲགས་ཆེ།
ཟུང་ཕན་ནི་རྒྱ་ཆུའི་གཞུང་གི་ལུང་པ་གསུམ་གྱི་མདོ་རུ་ཆགས་ཤིང་། ཟི་ལིང་ནི་ལུང་པ་བཞི་བསྣོལ་མཚམས་ཀྱི་ཙོང་ཆུའི་རྒྱུད་དུ་གནས། ཟུང་ཕན་བོད་ཁུལ་དེ་དུད་འགྲོ་དོམ་ཁྲ་དང་མཚན་སྙན་འབར་བའི་རང་བྱུང་མཛེས་སྡུག་གི་ས་ཆ་གཉིས་ཀྱི་ཡུལ་ཡིན་པས་དེས་ཧོང་ཀོང་དང་ཐའེ་ཝན་གྱི་སྤྲོ་འཆམ་པ་སྟོང་ཕྲག་དུ་མའི་ཡིད་སེམས་བཀུག་ཡོད། ཨེ་ལད་ཁུ་སན་ཏིར་ངྷེ་ཝེ་ནེ་ལི་(Alexandra David-Neel)་དང་། ཧྥ་རན་སིའི་བུད་མེད་ཞིག དབྱིན་ཇི་བ་གྷེ་ལི་(Captain Gill)། རོ་ཁུ་(J.F.Rock)བཅས་༡༩༢༧ལོར་ཅོ་ནེ་ནས་ཁྲུའུ་ཏུའུ་བར་ཡུལ་འདི་བརྒྱུད་དེ་བསྐྱོད་པ་ཙམ་ལས་དུས་རབས་འདིའི་དུས་མགོར་དེ་རུ་སླེབས་མཁན་གྱི་ནུབ་ཕྱོགས་ཀྱི་ཡུལ་སྐོར་བ་རེ་གཉིས་ལས་མེད།
ད་ནི་ངས་ཤར་བ་རྣམས་ཀྱིས་ཟུང་ཕན་གྱི་རྒྱ་མི་དང་ལྷན་དུ་ཚོང་རྫས་གང་དག་དབོར་གྱིན་པ་བརྗོད་པར་བྱ། རྒྱ་ནག་དམར་ཕྱོགས་ཀྱི་བཙན་འཛུལ་མ་སླེབས་པའི་སྔོན་དུ་འབྱོར་ཕྱུག་ལྡན་པའི་དུད་ཁྱིམ་བཞི་བཅུས་ལོ་རེར་ཚོང་དོན་གྱི་འགྲུལ་བསྐྱོད་རེ་བཀོད་སྒྲིག་བགྱིད་བཞིན་ཡོད་ལ། ཁྱིམ་ཁ་རེས་མཛོ་སུམ་ཅུ་ནས་བརྒྱ་ཙམ་ལ་བདག་ཉར་བྱེད་ཅིང་དུད་ཁྱིམ་འདི་དག་གིས་རྒྱ་ཡུལ་ནས་སྤྱི་རྒྱ་སུམ་ཅུ་ཅན་གྱི་ཇ་བག་མངགས་ཤིང་ཚོང་ལས་ཀྱི་དུས་སུ་སླེབས་ཚེ། དུད་ཁྱིམ་འདི་རྣམས་བྱང་ཕྱོགས་ཀྱི་སྤྱི་ལེ་༦༠༠་ཙམ་གྱི་སར་མཆིས་པའི་ཨ་རིག་སོག་པོར་བསྐྱོད་ཅིང་ལམ་བར་དུ་ཟླ་བ་བཞི་དགོས་ལ། ཚོང་པའི་དཔུང་ཁག་འདི་སྐྱེས་པ་ཉིས་བརྒྱ་དང་ཇ་བག་བཀལ་བའི་ཁལ་མ་ཉིས་སྟོང་གིས་གྲུབ། ཁོ་ཚོ་ཨ་རིག་སོག་པོར་བསླེབས་རྗེས་ཇ་རྣམས་འབྲོག་པའི་བལ་དང་ཚྭ་རུ་བརྗེས་ཤིང་ཕྱིར་ཟུང་ཕན་དུ་ལོག་སྟེ་རྒྱ་མི་རྣམས་ལ་ཁེ་སྤོགས་མཐོན་པོས་ཕྱིར་བཙོང་བྱེད།
གཏུམ་ཞིང་རྒོད་པའི་མགོ་ལོག་གི་ཇག་ཚོགས་ལ་ཞུམ་མེད་ཀྱི་སྙིང་སྟོབས་ངོམ་ཞིང་། དགུན་ཟླ་གསུམ་གྱི་ཙག་ངར་རྣོན་པོ་གདོང་གིས་བསུས་ཏེ་ཕོ་སྐྱེས་དར་མའི་དཔའ་རྟགས་མངོན་འདོད་པའི་སྐྱེས་པ་དག་ལ་མཚོན་ན་འདི་ཡང་གོ་སྐབས་ཤིག་ཡིན་ལ། འདི་ནི་དུས་རབས་བཅུ་དགུ་བའི་ཨ་རིའི་གླང་རྫི་(Cowboy)དང་ཀུན་ནས་མཚུངས།
ཚོང་ལས་ཀྱི་འགྲུལ་བསྐྱོད་འདིས་བྱང་ཁུལ་གྱི་འབྲོག་པ་དང་ཤར་དང་ལྷོ་ཤར་ཕྱོགས་ཀྱི་རོང་པ་གཉིས་བར་གནས་བའི་དཔལ་འབྱོར་གྱི་འཚོ་བ་དེ་མཚོན། རོང་པས་སྒོ་ཕྱུགས་མང་པོ་གསོ་ཉར་བྱེད་མོད་འབྲོག་པ་ལྟར་གཡག་ལུག་སོགས་གཏོས་ཆེ་བ་གསོ་ཉར་མི་བྱེད། ཨ་མདོ་ཤར་ཕྱོགས་ཀྱི་རོང་པའི་དུད་ཁྱིམ་རྣམས་ཀྱི་རྩྭ་སའི་སྟེང་དུ་རྟ་ལུག་རྭ་གསུམ་དང་། གཡག་དང་། ཕག་དང་། ཁྱིམ་བྱ་བཅས་བདག་ཉར་བྱེད་ཡང་མཛོ་དང་ཁལ་མ་རྣམས་ཚོང་ལས་འགྲུལ་བསྐྱོད་འགོ་མ་བཙུགས་བར་ལོ་ཧྲིལ་བོར་རྫ་མགོར་འཚོ་བཞིན་ཡོད།
དུས་རབས་དགུ་བའི་བོད་བཙན་པོའི་རྒྱལ་ཁབ་རྒུད་པ་ནས་བཟུང་ཨ་མདོ་བ་རྣམས་དཔོན་པོ་སུས་ཀྱང་གཅིག་གྱུར་གྱི་དབང་བསྒྱུར་བྱས་མྱོང་མེད། དུས་རབས་བདུན་པ་ནས་བརྒྱད་པའི་བར་གྱི་ལྷ་སའི་བོད་བཙན་པོའི་གཞུང་ལ་སྐབས་དེའི་ཨ་མདོ་ནི་ཙོང་ཁའམ་མདོ་སྨད་ཡིན་ཞིང་དེར་དམག་དོན་དང་ས་བབ་སོགས་ཀྱི་ཐད་ནས་གོ་གནས་འགངས་ཆེན་ལྡན་ལ། བོད་ཀྱི་ཤར་ཕྱོགས་དམག་དཔུང་གི་རྟེན་གཞི་གཙོ་བོར་མཐོང་ཁྱབ་ཞེས་སུ་གྲགས། བོད་ཀྱི་བཙན་པོ་དང་རྒྱའི་ཐང་གོང་མ་གཉིས་དབར་གྱི་དམག་འཐབ་གྲགས་ཅན་རྣམས་མཚོ་སྔོན་པོའི་བྱང་ཤར་ནས་བཟུང་ཀན་སུའུ་དང་། ཅོ་ནེ། ཐེ་བོ། འཕན་ཆུ། ཁོད་པོ(གཟི་ཚ་སྡེ་དགུ་ཡང་ཟེར)། ཤར་ཁོག་གི་ཟུང་ཕན་ས་མཚམས་བཅས་སུ་བྱུང་།
རྒྱ་བོད་འདུམ་ཆིངས་ཐེངས་གསུམ་པོ་དེ་དུས་སྐབས་འདིའི་ནང་དུ་བཞག་ཅིང་། རྒྱའི་གནའ་བོའི་ཡིག་ཆ་ལྟར་ན་རྒྱ་བོད་འདུམ་ཆིངས་དེ་སྤྱི་ལོ་༧༣༠་ལོར་བཞག་ཅིང་དེས་རྒྱ་བོད་གཉིས་ཀྱི་ས་མཚམས་གུང་གེ་དམེ་རི་སྟེ་(རྒྱའི་ཡིག་ཚང་དུ་赤岭་ཞེས་འབོད)མཚོ་སྔོན་ཤར་ཕྱོགས་ཀྱི་རྡོ་ཉི་ཟླ་ཡིན་པར་བརྗོད། རོ་ཁུ་ཧེ་ལི་(Rockhill)སྤྱི་ལོ་༡༨༩༢་ལོར་བོད་དུ་བསྐྱོད་དུས་རི་བོ་འདི་བརྒལ་ཅིང་དེ་ཉིད་རྒྱ་བོད་ཀྱི་ས་མཚམས་ཡིན་པ་གསལ་བོ་སྨྲས་འདུག རྒྱ་བོད་འདུམ་ཆིངས་ཨང་གཉིས་པ་དེ་སྤྱི་ལོ་༨༢༡་ལོར་ཁྲང་ཨན་ནམ་དེང་གི་ཞིས་ཨན་ཏེ་ཐང་གི་རྒྱལ་སར་བཞག་ཅིང་། སྤྱི་ལོ་༨༢༢ལོར་ལྷ་སར་མིང་རྟགས་བཀོད་པ་དང་ས་མཚམས་འབྱེད་པའི་དམིགས་བསལ་གྱི་མིང་རྟགས་བཀོད་མེད་པ་དེས་ནན་གྱིས་བརྗོད་པ་ནི་རྒྱ་རྒྱ་ཡུལ་ཏུ་སྐྱིད་དང་བོད་བོད་ཡུལ་ཏུ་སྐྱིད་ཅེས་པ་དེ་རེད། འདུམ་ཆིངས་ཀྱི་ཡི་གེ་རྣམས་རྡོ་རིང་གི་སྟེང་དུ་བརྐོས་ཤིང་དེ་ཉིད་ད་དུང་ལྷ་སའི་ཇོ་ཁང་མདུན་དུ་བསླངས་ཡོད། རྒྱ་བོད་གཉིས་དབར་གྱི་འདུམ་ཆིངས་འདི་ལ་རྗེས་དྲན་བྱ་ཆེད་བདེ་དགའ་གཡུ་ཚལ་ཟེར་བའི་ནང་བསྟན་གྱི་ལྷ་ཁང་ཞིག་འདུམ་ཆིངས་གྲུབ་རྗེས་ཙོང་ཁར་བཞེངས་བསྐྲུན་མཛད་ཅིང་། ལྷ་ཁང་འདིའི་འདེབས་ཡུལ་ངེས་གཏན་ཞིག་ད་དུང་ཤེས་རྟོགས་མ་གྱུར་རུང་། སྤྱིར་དེང་གི་སྐུ་འབུམ་དགོན་གྱི་ཕྱོགས་ཡིན་པར་འཁུམས། འདི་ནི་ཏུན་ཧོང་ཡིག་རྙིང་སོགས་སྐབས་དེའི་ཡིག་ཆ་ནང་གསལ་པའི་ཨ་མདོ་ཡུལ་གྱི་ནང་བསྟན་གྱི་ལྷ་ཁང་ཐོག་མ་རེད། འདུམ་ཆིངས་ཐེངས་གསུམ་པ་དེ་གོང་གི་འདུམ་ཆིངས་གཉིས་ལས་གལ་གནད་ཆེ་བ་གདོན་མི་ཟ།
སྤྱིར་སྤྱི་ལོ་༨༢༢་ལོའི་གཞུང་འབྲེལ་འདུམ་ཆིངས་མཛན་སྟོན་སྟེང་རྒྱ་ནག་ཐང་གི་གཞུང་ཚབ་པ་ལིས་ཡོན་ཏིན(刘元鼎)་ལ་སྣང་འཇོག་བྱེད་རྒྱུ་དེ་དོན་སྙིང་ཆེ་བར་མཐོང་། ཁོ་ལྷ་ས་ནས་ཕྱིར་རྒྱ་ཡུལ་དུ་ཕེབས་པའི་ལམ་བར་དུ་ཨ་མདོར་བཞུགས་སྐབས་ཁོ་བོད་ཀྱི་མཛད་སྟོན་ཞིག་གི་སྟེང་དུ་བཞུགས་ཤིང་དེ་ཨ་མདོར་བཞུགས་པའི་བློན་ཆེན་དང་དམག་སྤྱི་ཆེན་མོ་འབྲོ་ཞང་ཁྲི་སུམ་རྗེ་ཡིས་འདུམ་ཆིངས་ལ་གཙིགས་ཆེན་གནང་ཕྱིར་དམག་སྤྱི་བརྒྱ་ལྷག་གི་མདུན་དུ་འདུམ་ཆིངས་ཀྱི་ཡི་གེ་ལྗགས་ཀློག་མཛད་ཅིང་ཁོང་ནི་འདུམ་ཆིངས་འདི་མཛད་མཁན་ཡང་ཡིན།
སོག་པོ་དང་མན་ཇུ།
བོད་བཙན་པོའི་རྒྱལ་ཁམས་ནུབ་པའི་རྗེས་ནས་དུས་རབས་བཅུ་གསུམ་གྱི་སོག་པོ་བཙན་རྒྱལ་(Mongol Empire)བར་དུ་ཨ་མདོའི་ཡུལ་ཕྱོགས་ཀྱི་ཆབ་སྲིད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཏིལ་ཙམ་ལས་མ་བྱུང་། དེ་ཡང་རྒྱལ་དབང་སྐུ་ཕྲེང་གསུམ་པས་༡༥༧༨ལོར་སོག་པོ་ཚོ་བ་འགའ་ཤས་ནང་བའི་བསྟན་པའི་སྒོར་བཙུད་པ་ནས་བཟུང་ཡུལ་ཕྱོགས་འདིའི་ལོ་རྒྱུས་ཅུང་ཁ་གསལ་དུ་ཕྱིན། སྐབས་དེ་ཤེད་དུ་རྒྱལ་དབང་སྐུ་ཕྲེང་གསུམ་པ་མཆོག་རྗེ་ཙོང་ཁ་པ་འཁྲུངས་སའི་གནས་སུ་ཕེབས་ཏེ་བླ་མ་ཞིག་ལ་སྐུ་འབུམ་ཞེས་སུ་གྲགས་པའི་དགོན་པ་དེ་གསར་བཞེངས་བྱེད་དུ་བཅུག དེ་ནི་ཨ་མདོའི་ཕྱོགས་ཀྱི་དགེ་ལུགས་པའི་དགོན་ཆེན་གཉིས་ཀྱི་ཡ་གྱལ་ཡིན། དགོན་པ་གཞན་དེ་ནི་བླ་བྲང་དགོན་པ་སྟེ་མཚོ་སྔོན་པོ་ལྷོ་རྒྱུད་ཀྱི་ཀན་སུའུ་ཁུལ་དུ་མཆིས། དགོན་དེ་༡༧༠༨་ལོར་བཞེངས་བསྐྲུན་མཛད་ཅིང་ཅུང་མ་འགྱངས་བར་མདོ་སྟོད་སྨད་གཉིས་དང་། ད་དུང་སོག་པོའི་གྲྭ་བཙུན་རྣམས་ཀྱིས་སློབ་གཉེར་བྱེད་སའི་གནས་ལྟེ་བར་གྱུར་ཅིང་། དེ་ལས་ཐོན་པའི་རམ་འབྱམས་གཙུག་ལག་སྨྲ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཤིན་ཏུ་མང་། གྲྭ་ཚང་མི་འདྲ་བའི་ནང་དུ་ནང་པའི་ཚད་མ་རིག་པའི་གཞུང་རྣམས་ལ་ཐོས་གསམ་སློབ་གཉེར་བྱེད་པར་མ་ཟད། བཟོ་རིག་པ་དང་། གསོ་བ་རིག་པ་དང་། སྐར་རྩིས་རིག་པ་དང་། སྙན་ངག་རིག་པ། ཐང་ག་སྒྱུ་རྩལ། འབག་བཟོ་སྒྱུ་རྩལ་སོགས་རིག་གནས་ཆེ་ཆུང་དག་ཀྱང་དར་སྤེལ་བྱེད་བཞིན་ཡོད། དགོན་དེར་དགེ་འདུན་སུམ་སྟོང་ལྷག་འདུས་ཤིང་། རིན་ཐང་བྲལ་ཞིང་རྒྱུན་དཀོན་པའི་གནའ་དཔེ་རྣམས་དང་དེ་རུ་པར་བསྐྲུན་བགྱིས་པའི་དཔེ་ཆ་དག་ལ་ཡུལ་དབུས་ལྷ་སའི་གདན་ས་ཆེན་པོ་རྣམས་ཀྱང་འགྲམ་ཆུ་ལྡང་བཞིན་ཡོད་ཞེས་སྒྲོགས། དགོན་པའི་ནང་རོལ་དུ་ཤིང་དཔར་ཁང་ཡང་མཆིས་ལ་དགོན་པའི་ནུབ་མཐར་ཆགས་པའི་དར་ཞིང་རྒྱས་པའི་གྲོང་བརྡལ་དེ་རུ་བོད་མིང་ལ་ཤེས་རབ་བསྟན་འཕེལ་ཟེར་བའི་ཨ་རིའི་ཡེ་ཤུ་ཆོས་ལུགས་སྤེལ་མཁན་སྐུ་ཞབས་གྷི་རིན་ཁྲི་གྷི་རེ་བྷེ་ནོ་(Grant Griebenow)སྤྱི་ལོ་༡༩༢༡་ནས་༡༩༤༩་བར་གནས་སྡོད་བྱས་ཤིང་དགེ་འདུན་ཆོས་འཕེལ་མཆོག་ཁོང་ལ་གཟིགས་བསྐོར་བྱས་མྱོང་ཞིང་དགེ་ཆོས་མཆོག་ངས་རྗེས་སུ་གླེང་བར་བྱ།
གང་ལྟར་རྒྱལ་དབང་ལྔ་བ(༡༦༡༧-༡༦༨༢)ནས་བཟུང་ང་ཚོས་ཨ་མདོའི་སྲིད་དོན་ལོ་རྒྱུས་ཅུང་གསལ་བོར་རྟོགས་མགོ་ཚུགས། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་འདྲ་མིན་གྱི་རྗེས་སུ་འབྲང་བར་ཁས་འཆེས་བའི་སོག་པོའི་ཚོ་བ་རྣམས་ཀྱི་ཡུན་རིང་གི་ནང་དམེ་འཁྲུག་རྩོད་དེ་ཁོ་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ས་བྷེ་རེ་ཡ་(Siberia)དང་བོད་ཁམས་བཅས་སུ་སླེབས། སོག་ཡུལ་ནུབ་ཁུལ་གྱི་འོ་རེད་ཏ་(Oirat)ཚོ་བའི་ཚོ་ལག་ཏུ་གྱུར་བའི་གུ་ཤོརཏེ་(Qoshot)ཚོ་བ་དེ་འོ་རེད་ཏ་(Oirat)ཚོ་བའི་ཚོ་ལག་དུ་གྱུར་བའི་ཚོ་བ་གཞན་ཏེ་རྫུང་ཀར་(Dzungar)ཚོ་བས་གཏོར། དུས་རབས་བཅུ་དྲུག་གི་དུས་མཇུག་ཙམ་ལ་གུ་ཤོར་ཏེ(Qoshot)ཚོ་བ་འགའ་ལྷོ་ཤར་ཕྱོགས་སུ་གནས་སྤར་ཏེ་མཐར་མཚོ་སྔོན་པོའི་བྱང་ཁུལ་དུ་གཞིས་སྡོད་བྱས། དེ་ནི་བཙན་པོའི་དཔུང་འཇུག་མིན་པར་དེ་ལས་ཁོ་ཚོའི་རིགས་མཐུན་གྱི་སྤུན་ཟླས་བསླངས་པའི་བོད་ཡུལ་དུ་གནས་སྡོད་བྱེད་པའི་འགྲུལ་བཞུད་ཞིག་རེད། སྤྱི་ལོ་༡༦༤༢་ལོར་ཚོ་བ་དེའི་དཔོན་གུ་ཤྲི་ཁན་དགེ་ལུགས་པའི་ཡོན་བདག་རྣལ་མར་གྱུར་ཏེ་དགེ་ལུགས་པའི་སྤྱི་དོན་དང་རྒྱལ་དབང་ལྔ་བར་རྒྱལ་ས་ལྷ་སར་ཆོས་སྲིད་ཟུང་འབྲེལ་ཀྱི་གཞུང་གསར་བ་འཛུགས་པར་རོགས་འདེགས་མཛད་དེ་བོད་ཀྱི་མིང་གི་རྒྱལ་པོར་གྱུར་ཞིང་སྐུ་ཚེ་ཧྲིལ་པོར་དབུས་ལྷ་སར་བཞུགས་མོད། ཁོང་དང་མཚོ་སྔོན་གྱི་སོག་པོའི་བར་གྱི་འབྲེལ་ལམ་དེ་རྒྱུན་མ་ཆད་ལ་ཁོང་གི་བུ་རབས་ཚ་རྒྱུད་འགའ་ཕྱིར་མཚོ་སྔོན་པོའི་ཚོ་བའི་ཁྲོད་དུ་ལོག སྤྱི་ལོ་༡༦༩༧་ལོ་ནས་བཟུང་མཐར་མན་ཇུར་བློ་སེམས་དཀར་བའི་ཨ་མདོའི་ཡུལ་གྱི་ས་གནས་དཔོན་ཆུང་དུ་གྱུར།
འདི་ནི་མན་ཇུ་སྟོབས་ཤུགས་དེ་ཨ་དོར་གནས་སྡོད་བྱས་པའི་སོག་པོ་བརྒྱུད་ནས་མདོ་སྨད་བོད་ཡུལ་དུ་ཐོག་མར་བརྡོལ་བའི་ཁུངས་མིག་ཡིན་ལ། དབུས་གཙང་ཁུལ་གྱི་གུ་ཤྲི་ཁན་གྱི་གཟི་བརྗིད་དང་རྒྱལ་དབང་ལྔ་བའི་བསྒྲུན་མེད་ཀྱི་ཆབ་སྲིད་དབང་ཤུགས་བཅས་ཀྱི་རྐྱེན་ལས་མདོ་སྨད་ཡུལ་གྱི་གུ་ཤྲི་ཁན་གྱི་བུ་རབས་ཚ་རྒྱུད་རྣམས་ཀྱིས་སྤྱིར་ཨ་མདོ་དང་། སྒོས་སུ་འབྲོག་ཕྱོགས་སུ་དབང་ཐང་མི་དམན་པ་ཞིག་ལོངས་སྤྱོད་བྱེད་དུ་བཅུག་ཡོད་མོད། དེ་དག་གིས་རྡོག་རྩ་གཅིག་སྒྲིལ་ངང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་གཅིག་འདྲ་ཞིག་ལའང་མཐུན་འགྱུར་མ་བྱས་པས་རྫོགས་རྒྱུ་མེད་པའི་ནང་དམེ་ཡིས་ཚོ་བ་དེའི་ཆ་ཤས་ཤིག་སླར་ཡང་རྨ་ཆུའི་ལྷོ་ཁུལ་དུ་གནས་སྤོར་མི་བྱེད་ཐབས་མེད་བྱུང་ཞིང་། ཡུལ་དེའི་ཨ་མདོ་བའི་ཁྲོད་དུ་ཁོ་ཚོར་ཨ་རིག་སོག་པོ་ཞེས་འབོད་ཅིང་ཕྱིས་སུ་ཤར་བའི་མི་ཡི་ཚོང་ཤག་དུ་གྱུར། རོ་ཁུ་(J.F.Rock)ཡིས་གནས་སྤོར་སོག་རིགས་འདི་དག་ཨ་མདོའི་འབྲོག་པའི་སྦྲ་རུ་མི་སྡོད་པར་སོག་གུར་ནང་འདུག་ཀྱང་འདི་ནི་བོད་རིགས་རྣམས་ཀྱི་ཁྲོད་དུ་སྔར་བཞིན་ལུས་པའི་མངོན་གསལ་ཅན་གྱི་སོག་པོའི་ཁྱད་ཆོས་རེད་ཅེས་བཀོད་འདུག སོག་པོ་རྣམས་ཁོང་ཚོའི་མངའ་བདག་མན་ཇུ་མི་རིགས་རྒྱ་མིར་གྱུར་བ་དེ་བཞིན་དུ་ཁོ་ཚོའང་ཨ་མདོ་བར་གྱུར་ལ་དེ་དག་ཨ་མདོའི་ཡུལ་གྱི་དགེ་ལུགས་པའི་ཡོན་བདག་དངོས་སུ་གྱུར་ཡང་། ཡུལ་དེར་སྤེལ་བའི་མན་ཇུ་གོང་མའི་སྲིད་ཇུས་ཀྱིས་སུ་ཡང་ཡུལ་ཁམས་ཡོངས་ལ་དབང་བསྒྱུར་བའི་རྗེ་བོར་གྱུར་མ་ཐུབ།
ཨ་མདོའི་ཡུལ་དུ་དགེ་ལུགས་པའི་བསྟན་པ་མགྱོགས་མྱུར་ངང་དར་བའི་རྒྱུ་རྐྱེན་གཉིས་མཆིས་ཏེ། གཅིག་ནི་དུས་རབས་བཅུ་དྲུག་གི་སྨད་དུ་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་སོག་པོའི་མི་རྣམས་ནང་པའི་འཇུག་སྒོར་བཙུད་པ་དེ་དང་། གཉིས་ནི་གུ་ཤྲི་ཁན་གྱི་བུ་རྒྱུད་ཚོས་མདོ་སྨད་འབྲོག་ཁུལ་དུ་ཐེབས་པའི་ཆབ་སྲིད་ཀྱི་ཤུགས་རྐྱེན་བཅས་རེད། དུས་རབས་བཅོ་བརྒྱད་པའི་སྐབས་ཀྱི་མདོ་སྨད་དེ་བོད་དུ་གྱུར་པའི་སོག་པོའི་མི་རྒྱུད་ལྕང་སྐྱ་རོལ་པའི་རྡོ་རྗེ་(༡༧༡༧་ནས་༡༧༨༦)སོགས་ཀྱིས་དབང་བསྒྱུར་བྱེད་ཅིང་ཁོང་ནི་མན་ཇུ་གོང་མ་ཆན་ལུང་(乾隆)གི་དབུ་བླ་དང་བོད་དང་མན་ཇུ་གཉིས་འཁྲུག་པའི་སྐབས་དེར་ཁོང་ལ་གོང་མའི་ཕོ་བྲང་དུ་དབང་ཤུགས་མི་དམན་པ་ཞིག་མཆིས། དེ་མིན་བོད་དུ་གྱུར་པའི་སོག་པོའི་མི་རྒྱུད་ནི་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་(༡༧༠༤ནས་༡༧༨༨)སོགས་སྐྱེས་ཆེན་དག་གོ།
མན་ཇུ་གོང་མ་ཧྲིན་ཀྲིས་(顺治)ཀྱི་གདན་ཞུ་ལྟར། སྤྱི་ལོ་༡༦༥༢་ལོར་རྒྱལ་དབང་ལྔ་བ་པེ་ཅིན་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཤིང་། ཁོང་མཚོ་སྔོན་བརྒྱུད་དེ་རྒྱ་ཡུལ་དུ་ཕེབས་སྐབས་དེར་ཁོང་གིས་མཚོ་སྔོན་དེ་བོད་དང་། རྒྱ། སོག་པོ། མན་ཇུ། ས་ལར། ཀན་སུའུ་ཤར་ལྷོའི་ཁུལ་ཏུ་སྡོད་པའི་རྒྱ་དང་དྲུ་གུ་འདྲེས་མའི་ཁ་ཆེ་སོགས་འདུས་སའི་དམག་དོན་གྱི་དགེ་མཚན་འགངས་ཆེན་ལྡན་པའི་ཡུལ་ཞིག་ཡིན་པ་གསལ་བོར་རྟོགས། སྤྱི་ལོ་༡༦༨༠ཡས་མས་སུ་རྒྱལ་དབང་ལྔ་བས་རང་གི་སྲིད་ཚབ་བླ་མ་ངག་དབང་ཕྲིན་ལས་སྐབས་དེར་འཐབ་རྩོད་འཁྲུག་ལོང་གི་རྒྱ་རུ་ཚུད་པའི་སོག་པོའི་ཚོ་བ་ཚོར་ཡུལ་ཁམས་བགོ་བཤའ་བྱེད་པའི་འགན་དང་བཅས་མཚོ་སྔོན་དུ་བརྫངས། ཟི་ལིང་ནི་ནམ་ཡང་ཁ་ཆེ་རྣམས་འདུས་སྡོད་ཀྱི་གནས་ལྟེ་བ་ཞིག་ཏུ་གྱུར་ཞིང་དེ་དག་མང་ཆེ་ཤོས་ནི་རྒྱ་ཁ་ཆེའི་གནས་སྡོད་པ་ཡིན་ལ་འདི་དག་གིས་ད་ལྟ་བོད་ཀྱི་ཡུལ་ཁམས་འདི་ཁྱུར་མིད་གཏོང་བཞིན་འདུག
གནའ་བོའི་དུས་སུ་མདོ་སྨད་ཀྱི་མི་འབོར་མང་ཆེ་བས་བོན་ཆོས་ལ་དད་མོས་བྱེད་ཅིང་ཆོས་ལུགས་དེ་ནི་དུས་རབས་བདུན་པ་དང་དགུ་བ་བར་རྒྱ་དང་། དབུས་གཙང་། ཏུན་ཧོང་བཅས་ཀྱི་ནང་བའི་ཆོས་ལུགས་དེ་གནས་འདིར་མ་དར་སྔོན་ཀྱི་གདོད་མའི་ཆོས་ལུགས་ཤིག་རེད། ཕྱིས་སུ་དགེ་ལུགས་པའི་གྲུབ་མཐའ་ཐོག་མར་བྱང་ནས་མཆེད་ཅིང་དེ་ནས་རིམ་གྱིས་ཡུལ་འདིའི་ཤར་ནུབ་ཁུལ་དུ་དར་ཏེ་རྐང་མ་ཚུགས་པའི་ཡར་སྔོན་དུ་ཡུལ་འདིར་ས་སྐྱ་དང་བཀའ་བརྒྱུད་པའི་དགོན་པ་རེ་འགའ་བཞེངས། མདོ་སྨད་ཤར་ཁུལ་དང་། ལྷོ་ཁུལ། ད་དུང་ལྷོ་ཤར་ཁུལ་གྱི་རེབ་གོང་དང་། ཅོ་ནེ། ཐེ་བོ། འཕན་ཆུ། ཁོད་པོ།(གཟི་ཚ་སྡེ་དགུ་ཡང་ཟེར)རྟོལ་པོ། ཤར་ཁོག ཚ་ཁོ། རྒྱལ་རོང་། རྔ་ཁོག་བཅས་སུ་གཞིས་སྡོད་བྱེད་པའི་མི་འབོར་རྣམས་ལ་སོག་པོའི་ཐེ་གཏོགས་ཅུང་བྱེད་དཀའ་བས་དགེ་ལུགས་པའི་ཤན་ཞུགས་མ་ཐུབ་པར་ད་ལྟའི་བར་ད་དུང་བོན་ཆོས་ལ་དད་པ་བྱེད་མཁན་ཡོད།
མི་རིགས་དང་ཆབ་སྲིད་ཀྱི་ངོ་བོ།
བོད་མདོ་སྨད་ཀྱི་ཆབ་སྲིད་སྒྲིག་འཛུགས་དེ་དུས་རྒྱུན་རུ་སྡེ་དུ་མའམ་སྦྲ་ཁྱིམ་འགའ་ཕྱོགས་གཅིག་ཏུ་བསྒྲིལ་ཏེ་གྲུབ་པའི་ཚོ་བའི་མནའ་འབྲེལ་གྱི་ཕྱོགས་སུ་གཏོགས་ཤིང་འབྲོག་པ་རྣམས་ལ་མཚོན་ན་ལུང་པའམ་ས་ཁམས་འདྲེས་ལུགས་དང་བསྟུན། ཚོ་བ་ཤོག་པ་ཚོར་རང་རང་གི་རིག་གཞུང་གི་ལྟེ་བ་ལྟ་བུའི་དགོན་པ་དང་སྔོན་ལ་ཨ་མྱེས་ཀྱི་མིང་བཏགས་པའི་རང་གི་ཡུལ་ལྷ་གཞི་བདག་གི་གནས་རི་རྩ་ཆེན་ཡོད་ལ་ཚོ་བ་རྣམས་དུས་རྒྱུན་རྒྱལ་པོའམ་ཚོ་དཔོན་གྱིས་དབང་བསྒྱུར་བྱེད།
མདོ་སྨད་ཀྱི་ཡུལ་འདིར་དགེ་ལུགས་པའི་དབང་ཐང་ཤིན་ཏུ་ཆེ་ཞིང་བོན་ཆོས་ལ་དད་ཅིང་མོས་པའི་དམངས་ཁྲོད་དང་བསྡུར་ཚེ་སྐྱ་བོའི་ཚོ་དཔོན་རྣམས་ལ་ཆབ་སྲིད་དབང་ཤུགས་དེ་ཅུང་གཉོམ་པོ་ལས་མེད། གོམས་སྲོལ་འདིས་ཨ་མདོའི་མི་མང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཆགས་གྲུབ་ལ་ཤུགས་རྐྱེན་ཟབ་མོ་ཐེབས། དུས་རབས་བཅུ་བདུན་པ་ནས་བཟུང་མདོ་སྨད་ཀྱི་ཡུལ་ཁམས་ཡོངས་རྫོགས་མན་ཇུའི་བཙན་རྒྱལ་འོག་ཚུད་(དམིགས་བསལ་གྱི་སོག་པོའི་ཚོ་དཔོན་རྣམས་བརྒྱུད་ནས་)ཅིང་མདོ་སྨད་ཕྱོགས་ཀྱི་མན་ཇུའི་དབང་བསྒྱུར་དེ་བོད་དབུས་ཁུལ་ལས་རྒྱ་ཆེ་ཞིང་བྱེད་ནུས་ལྡན་པ་བརྗོད་ག་ལ་དགོས། དུས་རྒྱུན་ལྡན་ལྟར་མན་ཇུ་གཞུང་གིས་ཡུལ་དང་ཁུལ་གྱི་ཚོ་དཔོན་དང་ས་ཆ་རྣམས་ལ་རྒྱ་མིང་སྤྲད་འགོ་ཚུགས་མོད་ཆབ་སྲིད་ཀྱི་ཆགས་གྲུབ་དེ་མཚོ་སྔོན་པོ་ལྟ་བུའི་ངེས་གཏན་གྱི་ས་ཆར་མ་གཏོགས་འཕོ་འགྱུར་བཏང་མེད། འདི་ནི་ཕྱོགས་གང་མང་གི་ཐད་ནས་ཨ་མདོ་བ་རྣམས་རྒྱ་རིགས་སུ་བསྒྱུར་བར་ཆེས་བྱེད་ནུས་ལྡན་པ་ཞིག་རེད་ལ་མཚོ་སྔོན་པོའི་ཡུལ་དང་ཉེ་འཁོར་གྱི་ས་ཆ་རྣམས་སུ་ལྷག་ཏུ་ཤུགས་ཆེ། བོད་མི་རྒྱ་རུ་བསྒྱུར་བའི་སྲིད་བྱུས་འདི་རྒྱལ་དམངས་སྲིད་གཞུང་གིས་སྤེལ་ཅིང་དེས་མདོ་སྨད་ཁུལ་བདག་ཏུ་བཟུང་བར་ཁས་འཆེས་བ་དེ་ནི་གང་ལྟར་མིང་ཙམ་ལས་དོན་མེད་མོད་རྒྱ་ནག་དམར་ཕྱོགས་པས་ཕྱིས་སུ་དེ་ཉིད་སྔར་བས་ཀྱང་ཤུགས་ཆེ་རུ་བསྐྱེད། དེ་ཡང་བོད་ཁུལ་དུ་རྒྱ་རིགས་གནས་སྡོད་པ་ཟམ་མ་ཆད་པར་འཕེལ་བ་དེ་སྲོལ་རྒྱུན་གྱི་ཕྲུ་གུ་བཙའ་ཚད་དང་སྲིད་གཞུང་གིས་བཙན་འགེལ་སྲིད་ཇུས་བཅས་ཟླ་གཅིག་ཏུ་སྒྲིག་པའི་སྐྱེས་ཚད་དམའ་བོ་འདི་དང་ཐོད་ཐུག་རྐྱེན། བོད་མི་ཁོ་ཚོ་རང་ཉིད་ཀྱི་ཁྲོད་ནས་ཨ་མདོ་བ་རྒྱ་རིགས་སུ་བསྒྱུར་བའི་ལམ་ཁ་ངང་གིས་བསྐྲུན་འདུག་པས། ཡུལ་འདི་ཉིད་རྒྱའི་མི་འབོར་གྱིས་ནུབ་ལ་ཉེ་འདུག་ལ་དེ་ནི་ཏག་ཏག་མན་ཇུའི་ཡུལ་དུ་བྱུང་བ་ལྟར་མི་རིགས་རང་ཉིད་ཀྱི་ངོ་བོ་ལྡན་པའི་མན་ཇུ་མི་དམངས་ཉམས་པར་གྱུར། རྒྱ་ནག་དམར་ཕྱོགས་པས་མདོ་སྨད་བཙན་འོག་ཏུ་བཅུག་པ་ནས་བཟུང་སྔར་ཆབ་སྲིད་ཀྱི་དབྱེ་འབྱེད་དེ་ཧ་ལམ་མུ་མཐུད་མོད་ནང་ཁུལ་དོ་དམ་བསྐྱར་སྒྲིག་དེ་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་མིང་ཐོག་ནས་རྨང་གཞི་དམ་པོར་གཞི་བྱས་ཏེ་བྱུང་འདུག མགོ་ལོག་ཧྲིལ་པོ་དང་མཚོ་སྔོན་པོ་ཉེ་འཁོར་གྱི་ས་ཆ་གཞན་དག་མཚོ་སྔོན་ཟི་ལིང་གི་སྲིད་འཛིན་དབང་ཁོངས་སུ་སླེབས་ཤིང་བླ་བྲང་། ཅོ་ནེ། ཐེ་བོ་བཅས་ས་ཁུལ་རྣམས་དང་། མཛོད་དགེའི་ཆ་ཤས་ཤིག་ཀན་སུའུ་ལན་ཀྲུའུ་ཁོངས་སུ་སྦྱར། དེ་ཡང་ཚ་ཁོ་དང་། རྔ་ཁོག མཛོད་དགེའི་ཆ་ཤས་ཤིག དམེ་པ། ཐེ་པོ། འཕན་ཆུ། ཁོད་པོ། རྟོལ་པོ། ཤར་ཁོག་བཅས་ས་ཆ་རྣམས་དང་རྒྱལ་རོང་ཡོངས་རྫོགས་ཟི་ཁྲོན་ཁྲིན་ཏུའུའི་སྲིད་འཛིན་དབང་ཁོངས་སུ་བསྡུས། ཡུན་རིང་ལ་སྤྱད་པའི་དབྱེ་འབྱེད་དང་དབང་བསྒྱུར་(Divide & Rule)གྱི་བྱེད་ཐབས་འདི་མི་རིགས་ཧྲིལ་པོ་ཁ་འཐོར་དགུ་འཐོར་དུ་གཏོང་བར་བྱེད་ནུས་ཆེ་ཞིང་རང་སྐྱོང་ཁུལ་རིམ་པའི་བོད་རིགས་ཕན་ཚུན་བར་གྱི་འབྲེལ་འདྲིས་དེ་སྔར་མེད་ཀྱི་དཀའ་ཁག་ཅན་དུ་གྱུར།
དཔེ་ཞིག་བཞག་ཚེ་རང་སྐྱོང་ས་ཁུལ་གྱི་སློབ་གྲྭ་ལ་ལར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་དུ་བཅུག་ཡོད་ལ། རེ་འགར་མི་ཆོག་སྟེ་འདི་ནི་ཤར་ཁོག་ས་ཁུལ་གྱི་གནས་བབ་དེ་ས་དེའི་སློབ་གྲྭ་རྣམས་སུ་བོད་སྐད་ཡིག་སློབ་ཁྲིད་བྱས་མེད་ལ་ཕ་མ་ཚོས་ཀྱང་རང་གི་བུ་ཕྲུག་ས་ཁུལ་གཞན་དུ་བསྐྱལ་ཏེ་བོད་སྐད་ཀྱི་འབྲི་ཀློག་སློབ་མི་ཆོག ངས་དོན་གནད་དེ་ས་གནས་དཔོན་པོ་རྣམས་ལ་བརྗོད་མྱོང་ལ་ཧྥ་རན་སི་རྒྱལ་ས་ཕཱ་རེ་སིས་ནས་ཡང་བསྐྱར་གླེང་མྱོང་། ལོ་ངོ་གཉིས་ཀྱི་རྗེས་ཏེ་༡༩༨༧ལོར་ཁོང་ཚོས་ཟུང་ཕན་དུ་བོད་སྐད་སྦྱང་སའི་དམིགས་བསལ་སློབ་གྲྭ་ཞིག་བཙུགས་པའི་ལན་གནང་བྱུང་བས་རྒྱ་གཞུང་གི་དཔོན་རིགས་ཚོས་སྐབས་ལ་རེར་བསམ་འཆར་ལ་སྣང་འཇོག་བྱེད།
སྤྱི་ལོ་༡༧༢༠ལོ་ནས་བཟུང་མདོ་སྨད་ཀྱི་ཡུལ་རྣམས་རིག་གཞུང་གི་ངོས་ཐད་ནས་བོད་དབུས་ཁུལ་དང་ཁ་ཐག་མ་ཆད་ཀྱང་། དབུས་ལྷ་སའི་ཆབ་སྲིད་ཀྱི་ཆུ་རྒྱུན་རིང་མོ་དང་རྦད་དེ་ཐ་དད་དུ་ཕྱིན། དེ་དང་མཐུད་དེ་སྤྱི་ལོ་༡༩༡༤ལོར་དབྱིན་ཇུ་དང་། བོད། རྒྱ་ནག་བཅས་གསུམ་གྱིས་རྒྱ་གར་སིམ་ལར་གྲོས་མཐུན་ཆིངས་ཡིག་བཞག་པས་ནང་བོད་(Inner Tibet)ཅེས་པའི་ཁོང་དུ་ཚུད། ༡༩༢༥ལོར་ཨ་མདོ་རུ་བོད་དང་རྒྱ་ཁ་ཆེ་གཉིས་བར་གྱི་བྱུང་བའི་དྲག་པོའི་འཐབ་རྩོད་དེར་བོད་སྡེ་བ་གཞུང་གིས་གཏན་ནས་ཁ་ཡ་བྱས་མེད་ཅིང་ནུབ་ཕྱོགས་ཡུལ་ཁུལ་དུ་རོ་ཁུ་(J.F.Rock)ནི་དམིགས་བསལ་གྱི་འགལ་བ་འདིའི་མགོ་མཇུག་ཡོངས་ལ་འགྲེལ་བརྗོད་བྱེད་ཐུབ་པའི་མཁས་པ་གཅིག་པུ་རེད། དེའི་ཕྱིར་༡༩༣༩་ལོར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ངོས་འཛིན་བྱེད་དུས་བོད་གཞུང་གིས་གདུག་རྩུབ་ཆེ་བའི་ཟི་ལིང་དམག་ཤེད་ཅན་མ་པུ་ཧྥང་(马步芳)གི་རེ་འདོད་ལྟར་བླུ་ཡོན་སྤྲོད་རྒྱུ་ལས་ཐབས་ཟད། ལྷ་སའི་སྐུ་དྲག་རྣམས་དང་དེའི་གཞུང་གིས་ཨ་མདོ་བར་བཅངས་པའི་ཁྱད་གསོད་ཀྱི་ལྟ་བ་དེས་མདོ་སྨད་པ་རྣམས་ལ་བོད་ཀྱི་དབང་འཛིན་པ་ཚོས་ཡུལ་མདོ་སྨད་ཀྱི་ཕྱོགས་སུ་ཁུར་བའི་ལས་འགན་དེ་གཅིག་ཀྱང་ལྕོགས་མ་ཐུབ་པ་ཤེས་སུ་བཅུག་ཡོད།
མདོ་སྨད་ཡུལ་གྱི་སྐྱེས་ཆེན་བཞི།
ཕན་ཚུན་ནང་འགལ་དུ་གྱུར་བའི་འབྲེལ་བ་འདི་དུས་རབས་འདིའི་ནང་བོད་ཀྱི་ལས་དབང་དང་ཡུག་གཅིག་ཏུ་འབྲེལ་བའི་ཡུལ་མདོ་སྨད་ནས་སླེབས་པའི་སྐྱེས་བུ་དམ་པ་བཞིའི་མཛད་སྤྱོད་ཀྱིས་གསལ་བོར་མཚོན་ཐུབ་ངེས། དགེ་བཤེས་ཤེས་རབ་རྒྱ་མཚོ་དང་དགེ་འདུན་ཆོས་འཕེལ་གཉིས་ནི་བླ་སློབ་ཡིན་ལ་ཁོང་གཉིས་ཀྱིས་ཀྱང་བླ་བྲང་དང་འབྲས་སྤུངས་སུ་སློབ་གཉེར་གནངས་ཤིང་། ཁོང་གཉིས་ནི་ཁ་ཞེ་གཉིས་མེད་ཀྱི་རྒྱལ་ཞེན་རིང་ལུགས་པ་རྣལ་མ་ཞིག་ཡིན་ལ་གཉིས་ཀ་ལྷ་སའི་སྐུ་དྲག་གི་རྙིང་ཞེན་རིང་ལུགས་གྱི་ལམ་སྲོལ་ལ་ཞེ་གཏིང་ནས་འགྲས་ཡོད། ལྷ་སའི་སྐུ་དྲག་རྣམས་དད་པ་རྣལ་མ་མིན་པར་དགེ་བའི་བཤེས་གཉེན་ཆེན་མོ་ཞིག་ལ་སྦྱིན་བདག་བགྱི་བའི་གཟི་བརྗིད་ཀྱིས་ཡོངས་སུ་བྲིད་དེ་དམ་པ་འདི་གཉིས་ལ་མཐུན་རྐྱེན་སྦྱོར་བའི་འགྲན་རྩོད་བྱས། ༡༩༣༠་ལོའི་ལོ་མཇུག་གི་སྔོན་ནས་དགེ་བའི་བཤེས་གཉེན་འདི་གཉིས་ཀྱིས་བོད་མིས་རང་ཉིད་མ་འོངས་བར་སྲུང་སྐྱོབ་ལེགས་པོ་བྱེད་པར་བོད་དེ་ངེས་པར་དུ་དེང་རབས་ཅན་དུ་བསྒྱུར་དགོས་པ་དེ་མཁྱེན་པས་དེ་ལྟར་དུ་སྲོང་པོར་བརྗོད།
དགེ་བཤེས་ཤེས་རབ་རྒྱ་མཚོས་སྐབས་དེར་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཞབས་འབྲིང་གི་ཁྲོད་དུ་གཞན་དྲིང་མི་འཇོག་པའི་གོ་གནས་ཟིན་ཡང་ཁོང་གི་ཅི་བསམ་ཟོལ་མེད་དུ་བརྗོད་པའི་རང་གཤིས་དྲང་པོས་ཕྱོགས་གཉིས་བར་གྱི་མཛའ་བརྩེ་ལ་བར་ཆད་མི་ཉུང་བ་ཞིག་བཟོས། ཕྱིས་སུ་ཁོང་ལ་རྒྱ་ཞེན་གྱི་ཞྭ་མོ་གཡོགས་ཤིང་མཐར་དངོས་སུ་རྒྱ་ཡུལ་དུ་བཞུགས་ཏེ་ལོ་རབས་ལྔ་བཅུ་ནས་དྲུག་བཅུ་བར་རྒྱའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཛད་ཅིང་ཚོགས་གཙོའི་མིང་ཐོག་ནས་ཁོང་ཉིད་འབར་མ་དང་། གསེར་གླིང་སོགས་སུ་ཕེབས་མོད་རིག་གནས་གསར་བརྗེའི་སྐབས་སུ་བོད་སྐད་ཡིག་བེད་སྤྱོད་བྱེད་པའི་ཐོབ་ཐང་སྲུང་སྐྱོབ་མཛད་རྐྱེན་བཙོན་དུ་བརྫངས་ཏེ་༡༩༦༧་ལོའི་ཡས་མས་སུ་བཙོན་ལས་སྐུ་གཤེགས།
དམ་པ་ཁོང་གི་དགེ་ཕྲུག་དགེ་འདུན་ཆོས་འཕེལ་གྱིས་བཀོས་བཀོད་རྒྱུད་འཛིན་གཞུང་གི་ལམ་ལུགས་རྙིང་བ་གསར་བརྗེ་བྱེད་དགོས་པར་བརྗོད་པས། བོད་སྡེ་བ་གཞུང་གིས་དམར་ཕྱོགས་ཚོགས་པའི་ཉེས་མིང་གཡོགས་ཏེ་༡༩༤༧་ལོར་བཙོན་འཇུག་བྱས་ཤིང་༡༩༥༢་ལོར་ཁོང་བཙོན་གྲོལ་ཐོབ་སྟེ་ཅུང་མ་འགྱངས་བར་སྐུ་གཤེགས།
སྤྱི་ལོ་༡༩༩༡ལོར་ང་རང་ལྷ་སར་ཕྱིན་དུས་ལོ་རབས་དགུ་ཅུ་ནང་ཐོར་མར་པར་དུ་བསྐྲུན་པའི་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་གི་བསྐྱར་དཔར་ཉོ་འདོད་མོད་བདག་ལ་བརྗོད་པ་ལྟར་ན་དེབ་ཕྲེང་གསུམ་པོ་དེ་ཕྱི་རུ་བཀྲམ་པའི་ཉིན་གསུམ་གྱི་ནང་ཚུན་ལ་བཙོངས་ཚར་བར་བརྗོད་ཅིང་། དམ་པར་འདིར་དགའ་མོས་བྱེད་མཁན་ཇེ་མང་དུ་སོང་ཕྱིར་དེས་བདག་ལ་སྤོབས་པ་ཚད་མེད་ཅིག་སྤྲད།
དེ་ཡང་ཡུལ་མདོ་སྨད་ནས་སླེབས་པའི་སྐྱེས་ཆེན་དམ་པ་གཞན་གཉིས་ནི་རྒྱལ་དབང་མཆོག་དང་དགོངས་པ་རྫོགས་པའི་པན་ཆེན་རིན་པོ་གཉིས་ཡིན་པ་བརྗོད་ག་ལ་དགོས། གངས་ཅན་ཉི་ཟླ་ཟུང་གི་འགྲན་མེད་ཀྱི་མཛད་རྗེས་དང་རྨད་བྱུང་གི་མཁྱེན་པ་ཀུན་ལ་རླུང་ལྟར་གྲགས་པས་སྣག་ཤོག་གྲོན་པའི་ངལ་བར་འཇུག་དོན་མེད།
མེས་པོ་དང་གངས་རི།
ཨ་མདོའི་དམངས་ཁྲོད་ཀྱི་རིག་གཞུང་དང་གདོད་མའི་དད་མོས་རྣམས་ད་སྔ་བར་ངས་གླེང་མེད་དེ། མངོན་སུམ་དུ་ཚོར་དཀའ་བའི་ཁྱད་ཆོས་འདི་བོད་མི་རང་ཉིད་དང་མི་རྒྱུད་རིག་པ་བ་བཅས་སུས་ཀྱང་ཡིག་ཐོག་དུ་བཀོད་མི་འདུག དུས་རྒྱུན་ཡུལ་སྐོར་བ་རྣམས་ལ་བག་ཆགས་ཆེས་ཟབ་མོ་འཇོག་མཁན་ནི་ནང་བསྟན་ཆོས་ལུགས་རེད། གང་ལྟར་ནང་བསྟན་དར་ནས་ཅུང་མ་འགོར་བའི་བླ་མའི་ཆོས་ལུགས་ཀྱི་ཤུན་སྐོགས་དེ་བྱི་དོར་བྱས་ཚེ་ཤུལ་དུ་ལུས་པ་ནི་ཡིག་ཐོག་དུ་མ་བཀོད་པའི་གནའ་བོའི་སྲོལ་རྒྱུན་ཡིན་ལ། དེས་འུ་ཅག་གི་རྒྱལ་ཁབ་ཀྱི་ངོ་བོ་འབུར་དུ་ཐོན་པར་གཟེངས་སུ་ཐོན་པའི་ལག་རྗེས་བཞག་འདུག་སྙམ། འདི་ནི་ཡུལ་གྱི་གནས་རིར་བཞུགས་པའི་སྐྱེས་ལྷ་གཞི་བདག་གི་ཆོ་ག་ཞིག་ཡིན་ཞིང་ཡུལ་ལུང་ལ་ལར་གནས་རི་དེ་ཉིད་སྐྱེས་ལྷའི་དོད་དུ་ངོས་བཟུང་ཞིང་ཨ་མྱེས་ཀྱི་མཚན་གྱིས་མཚོན་པས་ཨ་མདོའི་རི་བོ་མང་བོ་ཞིག་གི་མེས་པོ་ཡིན། དད་མོས་འདི་ལ་གཙིགས་ཆེན་གནང་མཁན་ཤིན་ཏུ་དཀོན་མོད་ཆོས་དང་འབྲེལ་མེད་ཀྱི་རིག་གཞུང་གི་སྲོལ་རྒྱུན་འདིའི་འབྱུང་ཁུངས་ལྐོག་ཏུ་གྱུར་བའི་ལྷ་སྒྲུང་དང་རབ་རིབ་ཀྱི་ལོ་ཟླར་སྦྲེལ། གནའ་བོའི་བོད་བཙན་པོ་ཚོས་ཁོང་རྣམས་ཡར་ལུང་གི་སྐྱེས་ལྷ་ཡར་ལྷ་ཤམ་པོའི་གདུང་རབས་ཚ་རྒྱུད་དུ་རློམ་ཞིང་ནང་བསྟན་ཆོས་ལུགས་ཀྱི་དད་མོས་ཀྱིས་འདི་ཉིད་གཏན་ནས་བཅོམ་མ་ཐུབ་པས་ཡུལ་ལྷ་གཞི་བདག་འདི་རྣམས་དུས་རྒྱུན་བསྟན་པའི་སྲུང་མར་བཀོད་ཐབས་བྱས་ཀྱང་ཕན་འབྲས་ཆེན་པོ་ཐོན་མེད།
ལོ་རེ་རེར་ཨ་མདོའི་མང་ཚོགས་ཀྱིས་རང་རང་གི་སྐྱེས་རིའི་སྟེང་དུ་བསང་མཆོད་བྱེད་ཅིང་། སྐབས་འདི་ནི་ཁོ་ཚོར་མཚོན་ན་རང་ཉིད་ཀྱི་ངོ་བོ་སླར་གསོ་དང་། དགྲ་དགེགས་གདོན་སྐྲོལ། མི་ཕྱུག་དར་ཞིང་ལོ་ལེགས་འབྱུང་བ། སོ་སོའི་སྐྱེས་ཁུངས་སླར་ཡང་ར་སྤྲོད་བགྱི་བའི་སྐབས་ཤིག་རེད། ཆོ་ག་བྱེད་སྒོ་འདི་ནང་བསྟན་ཆོས་ལུགས་ཀྱི་ཤུགས་རྐྱེན་ཅུང་སྲབ་སར་ལྷག་ཏུ་སྤེལ་ཞིང་ཆོ་ག་སྤེལ་སྟངས་དང་དུས་ཚིགས་བཅས་ཡུལ་དང་ཡུལ། ལུང་པ་དང་ལུང་པ་རྣམས་མི་འདྲ་ཡང་རྩ་བའི་བྱེད་སྒོ་དེ་གཅིག་ལ་ཐུག ཆོ་ག་བྱེད་སྒོ་འདི་སྟེང་ཁྱིམ་ཚང་ནང་གི་སྐྱེས་པ་གཅིག་པུ་དང་ཚོ་བའི་ནང་གི་སྐྱེས་པ་ཁོ་ན་ཞུགས་དགོས་ཤིང་བུད་མེད་ཚོར་རང་ལ་བབ་པའི་དམིགས་བསལ་གྱི་ཆོ་ག་བྱེད་སྒོ་མཆིས།
ཆོ་ག་བྱེད་སྒོ་འདི་ནི་སྤྱིར་བཏང་གི་བླ་མའི་ཆོས་ལུགས་ཀྱི་དུས་སྟོན་ལྟ་བུ་མིན་པར་དེ་ནི་རིག་གཞུང་ཞིག་གི་གྲུབ་ཆ་ཞིག་ཡིན་ལ། བོད་མི་བཙན་ཤེད་ཀྱིས་རྒྱ་རུ་བསྒྱུར་བའི་འདུ་ཀློང་དྲག་ཏུ་གཡོ་དུས་དེ་ལ་རང་རིགས་རྣམས་རྒྱ་དང་ཐ་དད་དུ་དབྱེ་བའི་མི་རིགས་ཀྱི་ངོ་བོ་མཚོན་པའི་འདུ་ཤེས་བསྐྱར་གསོ་བྱ་བར་ཐུན་མོང་མ་ཡིན་པའི་ནུས་པ་ལྡན།
– – – – –
དོན་བཙན་ལགས་ཀྱི་འགྱུར་རྩོམ་ལེགས་པོ་འདི་མཇལ་སྐལ་དང་ལྡན་པར་གྱུར། ཐུགས་རྗེ་ཆེ་ཞུ་བ་ཡིན། འདིར་(Oirat)ལ་བོད་ཀྱི་བརྡ་ཁུངས་མར་ཨོ་རོད་ཟེར། སོག་པོ་ཨོ་རོད་སྡེ་བཞིའི་མིང་ལ་གོ་བར་བྱེད། (Qoshot)ལ་ཧོ་ཤོད་ཟེར། (Dzungar)ལ་ཇུན་སྒར་རམ་ཇུན་གར་ཞེས་ཀྱང་ཟེར། ཧོ་ཤོད་དང་ཇུན་སྒར། ཐོར་ཧོད། དུར་བེད་བཅས་ཚོ་བ་བཞི་ལ་ཨོ་རོད་སྡེ་བཞིར་འབོད་དོ། །འདིའི་སྐོར་དུ་ཀཱུ་ལའི་གོས་བཟང་ཞིབ་རྒྱས་སུ་འབྱུང་བར་དཔྱད་གཟིགས་ཡོད་པར་ཞུའོ།།