དབུ་མའི་དགག་བྱ་ངོས་འཛིན་ལ་བོད་སྔ་ཕྱིའི་མཁས་པའི་བཞེད་མཚམས་ལ་དཔྱད་པའི་གཏམ་རྒྱ་མཚོའི་ཆུ་ཐིགས་ཞེས་བྱ་བ་བཞུགས་སོ།།

གང་ཞིག་གཟིགས་ཤིང་སྨྲ་བ་ཟླ་མེད་ཅིང། །
རྟག་ཆད་མཐའ་ལས་འགྲོ་བ་སྒྲོལ་མཛད་པ། །
ཐར་འདོད་འགྲོ་ལ་ལམ་བཟང་སྟོན་མཁས་པའི། །
མཉམ་མེད་སྟོན་པ་དེ་ལ་གུས་ཕྱག་འཚལ། །
དོན་དམ་རྣམ་དཔྱོད་གསེར་གྱི་ལྡེ་མིག་གིས། །
གསུང་རབ་ངེས་དོན་སྒོ་མོ་རྣམ་པར་ཕྱེ། །
ཟབ་རྒྱས་ཆོས་ཚུལ་རིགས་པས་གསལ་མཛད་པ། །
ཀླུ་སྒྲུབ་སྨྲ་བའི་དབང་པོ་རྒྱལ་གྱུར་ཅིག། །

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་བགྲེས་པ་རྣམས་ལ་ནང་ཆོས་གཙོས་པའི་བོད་རིག་པའི་གཞུང་ལུགས་ཐོག་ཉིན་གསུམ་རིང་ཟབ་སྦྱོང་འབུལ་སྲོལ་ཡོད་པ་བཞིན། སྐབས་ཞེ་བདུན་པའི་སློབ་གཉེར་བདེ་དོན་ལྷན་ཚོགས་ནས་ད་ལོའི་ཟབ་སྦྱོང་སྐབས་ཁོ་བོར་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་བགྲོ་གླེང་གི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་རང་ཅག་གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་དཔུང་གཉེན་དམ་པ་༸གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་ཅིང་མཛད་འཕྲིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་སྔོན་དུ་བཏང་བའི་སྒོ་ནས་སྐབས་བབས་ཀྱི་བརྗོད་གཞི་དང་པོ་ནི། དབུ་མའི་དགག་བྱ་ངོས་འཛིན་ལ་བོད་སྔ་ཕྱིའི་མཁས་པའི་བཞེད་མཚམས་ཇི་ལྟར་ཡིན་འཆད་པ་ལ་གསུམ། ༡ ཟབ་མོ་དབུ་མའི་དོན་བཤད་པ། ༢ དགག་བྱ་ངོས་འཛིན་པའི་ཚུལ། ༣ བོད་སྔ་ཕྱིའི་མཁས་པའི་བཞེད་ཚུལ་འགོད་དེ་དགོངས་པ་གཅིག་ཏུ་དབབ་ཡོད་མེད་དཔྱད་པའོ། །

ས་བཅད་དང་པོ།
༡  ཟབ་མོ་དབུ་མའི་དོན་ངོས་བཟུང་བ།

ཟབ་མོ་དབུ་མའི་དོན་བཤད་པ་ནི། འོད་སྲུངས་ཀྱི་ལེའུ་ལས། འོད་སྲུངས་ཡོད་ཅེས་བྱ་བ་ནི་མཐའི་གཅིག་གོ །མེད་ཅེས་བྱ་བ་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་དང་བྲལ་བའི་དབུ་མའི་ལམ་མོ། །ཞེས་ཡོད་མེད་གཉིས་མཐའ་རེ་རེར་བྱས་ནས་དེ་གཉིས་དང་བྲལ་བའི་དབུས་ཏེ་གཞི་དབུ་མ་དེ་ཉིད་ཆོས་རྣམས་ལ་སོ་སོར་རྟོག་པར་བྱེད་པའི་དབུ་མའི་ལམ་དུ་གསུངས་པ་དང་། (དྲང་ངེས་འཇུག་ངོགས་འཕྲུལ་དེབ་༥༧༠ ལས་དྲངས།)

ཤེས་རབ་སྒྲོན་མེའི་འགྲེལ་བཤད་ལས་ཀྱང་། འཇིག་རྟེན་ན་མཐའ་དོར་བའི་དཀྱིལ་ལ་དབུས་ཞེས་པ་དང་འདྲ་བར་ཡོད་མེད་ལ་སོགས་པའི་མཐའ་གཉིས་སྤངས་པའི་དབུས་ལ་དབུ་མའོ་ཞེས་གསུངས་པ་དང་། (རྩ་ཤེས་ཊིཀ་ཆེན་འཕྲུལ་དེབ་༡༦ལས་དྲངས།) རྗེའི་ལེགས་བཤད་སྙིང་པོ་(འཕྲུལ་དེབ་༩༢)ལས་ཀྱང་།འོད་སྲུངས་ཀྱི་ལེའུ་ལས་ཡོད་མེད་གཉིས་མཐའ་རེ་རེར་བཤད་ནས་དེ་གཉིས་ཀྱི་དབུས་ནི་ཆོས་རྣམས་ལ་སོ་སོར་རྟོག་པའི་དབུ་མའི་ལམ་དུ་བཤད་པ་ཉིད་དེ་ནི་དབུ་མའི་ལམ་ཡིན་ནོ།  །ཞེས་གསུངས་པ་ལྟར་དབུ་མ་ཞེས་པ་ནི་འཇིག་རྟེན་ན་མཐའ་དོར་བའི་དཀྱིལ་ལ་དབུས་ཞེས་པ་ལྟར་འདིར་ཡང་རང་བཞིན་གྱིས་ཡོད་པའི་ཡོད་མཐའ་དང། ཐ་སྙད་དུ་མེད་པའི་མེད་མཐའ་གཉིས་སྤངས་པའི་དེ་ཁོ་ན་ཉིད་ལ་འཇོག་ཅིང་།རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ་ཙམ་ལ་དབུ་མ་ཡིན་པས་ཁྱབ་པར་མི་འདོད་དེ། རྟག་ཆད་ཀྱི་མཐའ་དང་མ་བྲལ་བའི་ཤེས་བྱ་མི་སྲིད་པའི་ཕྱིར་རོ། །

སྤྱིར་དབུ་མ་ལ་སྒྲས་བརྗོད་རིགས་ཀྱི་དབང་དུ་བྱས་ན། ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་སྟོང་པ་ཉིད་ལ་གཞི་དབུ་མ་དང་། སྟོང་པ་ཉིད་རྟོགས་པའི་སློབ་པའི་ཡེ་ཤེས་ལ་ལམ་དབུ་མ་དང་། སྟོང་ཉིད་རྟོགས་པ་མཐར་ཕྱིན་པའི་ཀུན་མཁྱེན་ཡེ་ཤེས་ལ་འབྲས་བུ་དབུ་མ་དང་། དེ་ཁོ་ན་ཉིད་སྟོན་པའི་ཤེར་ཕྱིན་གྱི་མདོ་དང་བསྟན་བཅོས་ལ་གཞུང་དབུ་མ་དང་། ཐལ་འགྱུར་བའི་གྲུབ་མཐའ་ལྟ་བུ་སྟེ་ཆོས་མཐུན་གྱི་ཀླན་ཀའི་སྐབས་མེད་པའི་གྲུབ་མཐའ་ལ་གྲུབ་མཐའ་དབུ་མ་ཞེས་ཀྱང་བརྗོད་པས་དབུ་མའི་གྲུབ་མཐའ་དང་གྲུབ་མཐའ་དབུ་མ་ལ་ཁྱད་པར་ཆེའོ། །དེ་དག་ལས་དབུ་མ་དངོས་ནི་མཐའ་གཉིས་དང་བྲལ་བའི་གཞི་དབུ་མ་ཁོ་ན་ཡིན་ལ། དབྱེ་ཚུལ་འདི་དག་ལས་གཞི་བདེན་གཉིས་དང་། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ཀྱི་རྣམ་བཞག་མཚོན་ཐུབ་ལ། གང་ཟག་གཅིག་རང་དོན་མཐར་ཕྱིན་ནས་གཞན་གྱི་དོན་བསྒྲུབ་ཚུལ་གྱི་ཡན་ལག་ཆ་ཚང་བ་ཞིག་ཀྱང་མཚོན་ཐུབ་པ་ཡིན་ནོ། །

༢  རྟག་ཆད་ཀྱི་མཐའ་གཉིས་ངོས་བཟུང་བ།

འོ་ན་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ལ་དབུ་མར་འཇོག་ན་རྟག་ཆད་ཀྱི་མཐའ་ཞེས་པ་དེ་གང་ལ་ངོས་འཛིན་པ་ཡིན་ཞེ་ན། རྣམ་བཤད་རིགས་པ་ལས། མཐའ་ནི་ཟད་དང་མཇུག་ཆ་དང། །ཉེ་དང་ཕྱོགས་དང་སྨད་པ་ལའོ། །ཞེས་གསུངས་པ་ལྟར། (རྩ་ཤེས་ཊིཀ་ཆེན་འཕྲུལ་དེབ་༡༧ལས་དྲངས།) སྤྱིར་མཐའ་ཞེས་པ་འཁོར་བའི་ཕྱི་མཐའ་ལ་ཟད་པའི་མཐའ་ཞེས་པ་དང། བྱ་བ་དང་དངོས་པོའི་མཐའ་མའི་ཆ་ལ་མཇུག་གི་མཐའ་ཞེས་པ་དང། ཡུལ་དུས་ཐག་མི་རིང་བར་ཉེ་བར་གནས་པ་ལ་ཉེ་བའི་མཐའ་ཞེས་པ་དང།རང་ཉིད་གནས་ས་ལས་རྒྱང་ཐག་རིང་བའི་ཕྱོགས་གཞན་ལ་ཕྱོགས་ཀྱི་མཐའ་ཞེས་པ་དང། ལུང་པའི་མཐའ་འམ་ལུང་པའི་སྨད་ལ་སྨད་ཀྱི་མཐའ་ཞེས་དེ་དག་ལ་ཡང་འཇུག་པ་ཡོད་མོད། སྐབས་འདིར་མཐའ་དང་བྲལ་ཞེས་པའི་མཐའ་ནི། དབུ་མ་སྣང་བ་(འཕྲུལ་དེབ་༨༧)ལས། གལ་ཏེ་དབུ་མ་ལ་སེམས་ཀྱི་རང་གི་ངོ་བོའི་བདག་ཉིད་ཀྱི་དངོས་པོ་དོན་དམ་པ་ཅི་ཡང་རུང་བ་ཞིག་ཡོད་པར་གྱུར་ན་ནི། དེའི་ཚེ་དེ་ལ་དེ་ཡོད་པས་རྟག་གོ་ཞེའམ་མི་རྟག་གོ་ཞེས་བྱ་བར་མངོན་པར་ཞེན་པ་ཡང་ཇི་ལྟར་མཐར་འགྱུར་ཏེ། དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་གྱི་རྗེས་སུ་སོང་ཞིང་ཚུལ་བཞིན་ཡིད་ལ་བྱེད་པ་ཉིད་ནི་ལྟུང་བའི་གནས་སོ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །ཞེས་གསུངས་པས། བློས་ཇི་ལྟར་བཟུང་བ་ལྟར་ཡོད་པ་གང་ཡིན་པའི་ཡུལ་དེ་ནི་སྐབས་འདིའི་མཐའ་མིན་ལ། དེ་བཞིན་དུ་ཡོད་པར་འཛིན་པའི་བློ་ཡང་ཚུལ་བཞིན་ཡིད་བྱེད་ཀྱི་བློ་ཡིན་པས་རྟག་པའི་མཐར་འཛིན་མིན་ནོ། །

འོ་ན་འདིའི་མཐའ་ནི། བྲག་གཡང་ལ་མཐའ་དང་དེ་ལ་ལྷུང་བ་ལ་མཐའ་ལ་ལྷུང་ཞེས་འཇིག་རྟེན་ན་གྲགས་པ་ལྟར་རང་ཉིད་འཛིན་པ་པོ་ཕུང་བར་བྱེད་པ་ལ་མཐའ་དང་དེ་ལྟར་འཛིན་པ་ལ་མཐའ་ལ་ལྟུང་ཞེས་བརྗོད་པ་ཡིན་པས། ལས་འབྲས་ལ་སོགས་པའི་ཆོས་རྣམས་ཐ་སྙད་དུ་ཡོད་པའི་ཕྱིར་དེ་རྣམས་ཡོད་པ་མ་ཡིན་པའམ་མེད་པར་འཛིན་པའི་ཡུལ་དང་ཡུལ་ཅན་ནི་རིམ་པ་བཞིན་མེད་མཐའ་དང་མེད་པའི་མཐར་འཛིན་ཡིན་གྱི་མོ་གཤམ་གྱི་བུ་དང་རི་བོང་གི་རྭ་མེད་ཅེས་པ་ལྟ་བུ་རྣམས་མེད་མཐའ་དང་དེ་ལྟར་འཛིན་པ་ནི་མེད་པའི་མཐར་འཛིན་མིན་ལ། དོན་དམ་པར་རམ་རང་གི་མཚན་ཉིད་ཀྱིས་ཡོད་པར་འཛིན་པའི་ཡུལ་དང་ཡུལ་ཅན་ནི་རིམ་པ་བཞིན་ཡོད་མཐའ་དང་ཡོད་པའི་མཐར་འཛིན་ཡིན་གྱི་མཛོ་ལ་རྭ་དང་རྟ་ལ་རྔ་མ་ཡོད་ཅེས་པ་ལྟ་བུ་རྣམས་ཡོད་མཐའ་དང་དེ་ལྟར་འཛིན་པ་ཡོད་པའི་མཐར་འཛིན་མིན་ནོ། །རྩ་ཤེའི་རྣམ་བཤད་(འཕྲུལ་དེབ་༡༨)ལས་ཀྱང་། དེས་ན་གང་དུ་བཟུང་བས་འཛིན་པ་པོ་ཕུང་བར་འགྱུར་བ་ལ་མཐར་ལྟུང་ཞེས་བརྗོད་པའི་ཡོད་མེད་ཀྱི་མཐར་ལྟུང་ལུགས་ནི་དེ་ལྟར་དུ་ཤེས་པར་བྱ་ཡི་ཡོད་མེད་ཅེས་པའི་ཚིག་ཙམ་ལ་དེའི་མཐར་བྱས་ནས་དེ་སྤོང་བ་ན། ཡོད་པ་མིན་མེད་པ་མིན་ཞེས་པའི་ཟེར་ལུགས་ལ་རེ་ཞིང་ཤེར་ཕྱིན་གྱི་མདོ་ལས་གཟུགས་མེད་སྒྲ་མེད་དྲི་མེད་ཅེས་པ་ལ་སོགས་པའི་འགྱུར་འཆོས་པ་ལ་ནན་ཏན་བསྐྱེད་ཀྱང་ངལ་བ་ཙམ་ཞིག་ཏུ་ཟད་དོ་ཞེས་གསུངས་སོ། །དེས་ན་རང་བཞིན་གྱིས་ཡོད་པ་དང། ཡོད་པའི་ཁྱད་པར་དང། རང་བཞིན་གྱིས་མེད་པ་དང་མེད་པའི་ཁྱད་པར་ཕྱེད་པ་ནི་ཤིན་ཏུ་ནས་གལ་ཆེའོ། །

༣  དབུ་མའི་ལྟ་བ་དང་དབུ་མ་གཉིས་ཀྱི་ཁྱད་པར།

འོ་ན་དབུ་མའི་ལྟ་བ་དང་དབུ་མ་གཉིས་ལ་ཁྱད་པར་ཇི་ཡོད་ཅེ་ན། སྤྱིར་ལྟ་བ་ཞེས་པ་ནི་གྲུབ་མཐའ་དང་འབྲེལ་བའི་ཐ་སྙད་བྱེ་བྲག་པ་ཞིག་ཡིན་པར་བཤད་་ལ། གོ་སླ་བར་ཞུས་ན་བློས་རྣམ་པར་འབྱེད་པའི་མཐོང་ཚུལ་ལམ་ལྟ་ཚུལ་ཞིག་ལ་གོ་དགོས། དེ་ཡང་། སློབ་དཔོན་དབྱིག་གཉེན་གྱི་ཆོས་མངོན་པ་མཛོད་(འཕྲུལ་དེབ་༥)ལས། ལྟ་བ་ཡིན་ཏེ་རྣམ་པ་བརྒྱད། །ཞེས་གསུངས་པ་ལྟར། ཉོན་མོངས་ཅན་གྱི་ལྟ་བ་ལྔ་དང་། འཇིག་རྟེན་པའི་ལྟ་བ། སློབ་པ་དང་མི་སློབ་པའི་ལྟ་བ་རྣམས་ནི་དེའི་དཔེ་མཚོན་ལྟ་བུར་རེད། འོན་ཀྱང་གྲུབ་མཐའ་འམ་ཆོས་བརྒྱུད་བྱེ་བྲག་པ་རྣམས་ལ་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བའི་འདོད་ཚུལ་མི་འདྲ་བ་ཞིག་ཡོད་པ་ནི་བསྙོན་དུ་མེད་ལ། བོད་ཀྱི་ཆོས་བརྒྱུད་ཁག་ལ་ཡང་གསང་སྔགས་དང་འབྲེལ་ནས་རང་རང་གི་ཐུན་མོང་མ་ཡིན་པའི་ལྟ་བའི་མིང་འདོགས་མཛད་ཚུལ་ལ་ཡང་སྔ་འགྱུར་རྙིང་མའི་རྫོགས་པ་ཆེན་པོའི་ལྟ་བ་དང་། བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་མོའི་ལྟ་བ་དང་། ས་སྐྱ་པའི་གསལ་སྟོང་ཟུང་འཇུག་དང་།དགེ་ལྡན་པའི་བདེ་སྟོང་དབྱེར་མེད་ཀྱི་ལྟ་བ་སོགས་ཀྱི་བཤད་པ་མཛད་སྲོལ་ཡོད་མོད། འདིར་ཟབ་མོ་དབུ་མའི་ལྟ་བ་ཞེས་པ་མགོན་པོ་ཀླུ་སྒྲུབ་ཀྱིས་རིགས་ཚོགས་སོགས་ལས་གཏན་ལ་ཕབ་པའི་ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་དང་དེ་རྟོགས་པའི་བློ་ལ་ཡང་གོ་དགོས་པས་གཞིའི་ལམ་གྱི་དབུ་མ་ཐམས་ཅད་དེར་ཤེས་པར་བྱའོ། །

འོན་ཀྱང་དབུ་མ་ཞེས་པ་ནི་འཇིག་རྟེན་ན་མཐའ་དོར་བའི་དཀྱིལ་ལ་དབུས་ཞེས་པ་ལྟར་འདི་ཡང་རང་བཞིན་གྱིས་ཡོད་པ་དང། ཐ་སྙད་དུ་མེད་པའི་མཐའ་གཉིས་སྤངས་པའི་དེ་ཁོ་ན་ཉིད་ལ་འཇོག་ཅིང། དེ་རྟོགས་པའི་ལམ་ནི་དབུ་མའི་ལྟ་བ་ཡིན་ཀྱང་དབུ་མ་མིན་པས་དབུ་མ་དང་སྟོང་ཉིད་དོན་གཅིག་ཀྱང་དེ་གཉིས་སོ་སོའི་ལྟ་བ་གཉིས་དོན་མི་གཅིག་སྟེ། དབུ་མའི་ལྟ་བ་ཡིན་ན་ལྟ་བ་ཡིན་པས་ཁྱབ་ཀྱང་། སྟོང་ཉིད་ཀྱི་ལྟ་བ་ཡིན་ན་ལྟ་བ་མ་ཡིན་དགོས་པས་ཕྱིར་ཏེ། ཡུལ་གྱི་ལྟ་བ་ཡིན་ན་ལྟ་བ་མ་ཡིན་པས་ཁྱབ་པའི་ཕྱིར་ཏེ། ལྟ་བ་ཡིན་ན་ཡུལ་ཅན་གྱི་ལྟ་བ་ཡིན་དགོས་པའི་ཕྱིར་ཞེས་གདན་སའི་མཁས་པ་འགས་དེ་ལྟར་བཞེད་ལ་། མཁས་པའི་ཁྱུ་མཆོག་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་གསུང་ལས་ཀྱང་། རྗེ་བླ་མའི་ལུགས་ཀྱི་དབུ་མའི་ལྟ་བ་ཞེས་པ་ནི་བདེན་མེད་རྟོགས་པའི་བློ་ལ་ཟེར་གྱི། དེའི་ཡུལ་བདེན་མེད་མེད་དགག་དེ་ཉིད་དབུ་མའི་ལྟ་བ་ཡིན་པར་བྱིས་པ་གཞོན་ནུའི་ངང་ཚུལ་བསྟན་པའི་སྐབས་ནས་ཀྱང་ཞལ་གྱིས་བཞེས་མ་མྱོང་ཞེས་གསུངས་པ་དང་། པཎ་ཆེན་བསོད་ནམས་གྲགས་པའི་དབུ་མའི་མཐའ་དཔྱོད་(འཕྲུལ་དེབ་༥)ལས་ཀྱང་། དབུ་མའི་ལྟ་བ་ཡིན་ན་ལྟ་བ་ཡིན་པས་ཁྱབ་ཅིང། སྟོང་ཉིད་ཀྱི་ལྟ་བ་ཡིན་ན་ལྟ་བ་མ་ཡིན་པས་ཁྱབ་པའི་ཕྱིར། ཕྱི་མ་དེར་ཐལ། ཡུལ་གྱི་ལྟ་བ་ཡིན་ན་ལྟ་བ་མ་ཡིན་པས་ཁྱབ་པའི་ཕྱིར་ཏེ། ལྟ་བ་ཡིན་ན་ཡུལ་ཅན་གྱི་ལྟ་བ་ཡིན་དགོས་པའི་ཕྱིར་ཞེས་སོགས་གསུངས། དེས་ན་དབུ་མ་དང་དབུ་མའི་ལྟ་བ་འགལ་བ་ལྟར་སྣང་ནའང་དཔྱད་དགོས་ཏེ། རྗེ་ཙོང་ཁ་པས་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་འབྱེད་པར་ཐལ། ལྟ་བ་ཡིན་ན་ཡུལ་ཅན་གྱི་ལྟ་བ་ཡིན་དགོས་པ་གང་ཞིག མདོ་སྔགས་གཉིས་ཀྱི་ཡུལ་ཅན་གྱི་ལྟ་བ་ལ་ཁྱད་པར་བཞེད་པའི་ཕྱིར། དེར་ཐལ། དེ་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་བཞེད་པའི་ཕྱིར།

རྒྱལ་དབང་ཐམས་ཅད་མཁྱེན་པའི་རྩ་ཤེའི་བཀའ་ཁྲིད་ཟིན་བྲིས་ལས། སྤྱིར་བཏང་གཞུང་ལུགས་སུ་ལྟ་བ་ཟེར་བའི་ཚིག་གཅིག་པུ་དེས་བལྟ་བྱ་དང། ལྟ་བྱེད་གཉིས་ཀ་སྟོན། དཔེར་ན།དམིགས་ཟེར་བའི་ཚིག་གཅིག་པུ་དེས་དམིགས་བྱ་དང་དམིགས་བྱེད་གཉིས་ཀ་སྟོན་ཏེ། འདིས་དམིགས་ཤེ་ན་དམིགས་བྱེད་དང། འདིར་དམིགས་ཤེ་ན་དམིགས་པ་ལ་གོ་དགོས། དེ་བཞིན་དུ་འདིས་ལྟ་བ་ཞེས་བརྗོད་ན་ལྟ་བྱེད་དང་འདིར་ལྟ་བ་ཞེས་བརྗོད་ན་ལྟ་བའི་ཡུལ་ལ་གོའོ། །ཞེས་གསུངས་པའི་ཕྱིར། འོ་ན། དབུ་མ་དང་དབུ་མའི་ལྟ་བའི་ཁྱད་པར་ནི། དབུ་མ་ཞེས་པ་ནི་སྔར་བཤད་པ་བཞིན་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུས་དེ་བཞིན་ཉིད་ལ་འདོད་དགོས་ལ། དབུ་མའི་ལྟ་བ་ཞེས་པ་ནི་ཡུལ་ཅན་གྱི་ལྟ་བ་ཁོ་ན་ལ་གོ་མི་དགོས་པར་ཡུལ་དང་ཡུལ་ཅན་གྱི་ལྟ་བ་གཉིས་ཀ་ལ་འདོད་ན་ལེགས་ཏེ། རྒྱུ་མཚན་ནི། གོང་དུ་དྲངས་པའི་བཀའ་ཁྲིད་ཟིན་བྲིས་ཀྱི་ལུང་དང། གཞན་ཡང་བཀའ་ཁྲིད་ཟིན་བྲིས་྄དེ་ཉིད་ལས། བོད་ཀྱི་མཁས་པའི་ཁྲོད་དུ་མདོ་སྔགས་ལ་ལྟ་བའི་ཁྱད་པར་ཡོད་གསུང་མཁན་དང། མེད་གསུང་མཁན་ཡོད་མོད། ཁྱད་པར་ཡོད་གསུངས་པ་ནི་ལྟ་བྱེད་ཀྱི་ངོས་ནས་དང། མེད་གསུངས་པ་ནི་བལྟ་བྱའི་ངོས་ནས་གསུངས་པ་ཞིག་སྟེ། ཞེས་གསུངས་པ་བཞིན་རྗེ་བླ་མས་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་མི་འདོད་པས་ཡུལ་གྱི་དབུ་མའི་ལྟ་བ་དེ་ཡང་དབུ་མའི་ལྟ་བར་བཞེད་པར་གསལ་ལོ། །

ས་བཅད་གཉིས་པ།
༡  དགག་བྱའི་རྣམ་གཞག་སྤྱིར་བཤད་པ།

དགག་བྱ་ངོས་འཛིན་པའི་ཚུལ་ནི། འོ་ན། སྤྱོད་འཇུག་(འཕྲུལ་དེབ་༡༩༩)ལས། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་བརྟགས་པའི་དངོས་པོ་སྟེ་དགག་བྱའི་སྤྱི་ལེགས་པར་བློ་ལ་མ་ཤར་ན། དགག་བྱ་དེ་མེད་པ་ལེགས་པར་འཛིན་མི་ནུས་པར་གསུངས་པས་དགག་བྱ་དེ་ཇི་འདྲ་བ་ཞིག་ཡིན་སྙམ་ན། སྤྱིར་དགག་བྱ་ལ་ལམ་གྱི་དགག་བྱ་དང་རིགས་པའི་དགག་བྱ་གཉིས་ཡོད་པ་ལས། དང་པོ་ནི། དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །ཞེས་གསུངས་པ་ལྟར་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ནི་ལམ་གྱི་དགག་བྱར་འཇོག་དགོས་ཅིང་།དེ་ལམ་གྱིས་འགོག་པའི་ཚུལ་ཡང་སླར་སྐྱེ་མི་རུང་དུ་བྱེད་པའི་ཚུལ་གྱིས་འགོག་པ་ཡིན་གྱི། ཤེས་བྱ་ལ་ཡོད་པ་འགོག་པ་མིན་ནོ། །དེས་ན་ལམ་གྱི་དགག་བྱ་ནི་ཤེས་བྱ་ལ་ཡོད་པའི་དགག་བྱ་ཡིན་ཏེ། དེ་མེད་ན་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བ་དང༌། ལམ་སྒོམ་པའི་ངལ་བ་དོན་མེད་དུ་ཐལ་བའི་ཕྱིར་རོ། །

གཉིས་པ་རིགས་པའི་དགག་བྱ་ལའང། ཕྱིན་ཅི་ལོག་ཏུ་འཛིན་པ་ལ་དགག་བྱ་དང། དེས་ཇི་ལྟར་བཟུང་བའི་ཡུལ་ལ་དགག་བྱར་གསུངས་པ་གཉིས་ལས། འདིར་དགག་བྱའི་གཙོ་བོ་ནི་ཕྱི་མ་སྟེ། ཕྱིན་ཅི་ལོག་ཏུ་འཛིན་པ་ལྡོག་པ་ལ་ཐོག་མར་དེའི་ཡུལ་དགག་དགོས་པས་སོ། །དེ་ཡང་ཕྱིན་ཅི་ལོག་ཏུ་འཛིན་པའི་རྟོག་པ་གང་ཡིན་གྱིས་ཇི་ལྟར་བཟུང་བའི་ཡུལ་ལ་མི་བྱེད་ཀྱི། བཞི་བརྒྱ་པ་(འཕྲུལ་དེབ་༡༥)ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །དེ་ཕྱིར་ཉོན་མོངས་ཅམས་ཅད་ཀྱང། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་གསུངས་པ་ལྟར་འཁོར་བའི་ཉེས་སྐྱོན་མཐའ་དག་གི་རྩ་བར་གྱུར་པའི་གཏི་མུག་བདེན་འཛིན་གྱིས་ཇི་ལྟར་བཟུང་བ་ལྟར་དུ་གྲུབ་པའི་ཡུལ་བདེན་གྲུབ་ལ་བྱེད་ལ། དེ་ལྟ་བུའི་དགག་བྱ་ཕྲ་མོ་དེ་རིགས་པས་དཔྱད་ནས་སུན་དབྱུང་བ་ལ་དགག་བྱའི་སྤྱི་ལེགས་པར་བློ་ལ་ཤར་ནས་ངོས་འཛིན་པ་ཞིག་དགོས་སོ། །དེ་ཡང་ཡིན་ཏེ། ལམ་རིམ་ཆེན་མོ་(འཕྲུལ་དེབ་༨༤༣)ལས། ཕྱིན་ཅི་ལོག་གི་འཛིན་པ་ལ་དགག་བྱར་གསུངས་པ་དང་དེས་བཟུང་བའི་རང་བཞིན་ཡོད་པ་ལ་དགག་བྱར་མཛད་པ་གཉིས་ཡོད་དོ། །འོན་ཀྱང་དགག་བྱའི་གཙོ་བོ་ནི་ཕྱི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །

༢  དགག་བྱ་བདེན་པར་གྲུབ་པའི་ཚད་བཤད་པ།

སྐབས་འདིར་དགག་བྱ་བདེན་པར་གྲུབ་པའི་ཚད་དེ་ཇི་ལྟར་ཡིན་སྙམ་ན། མདོ་དང་བསྟན་བཅོས་རྣམས་ལས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་དམ་ལ་གཉིས་ཤེས་དགོས་ཏེ། ཐོས་བསམ་སྒོམ་གསུམ་གྱི་རིགས་ཤེས་ལ་དོན་དམ་དུ་བྱས་ནས་དེས་སྟོང་ཉིད་གཟིགས་པའི་ངོར་གྲུབ་པ་ལ་དོན་དམ་དུ་གྲུབ་པ་དང། མིང་གི་ཐ་སྙད་ཀྱིས་ཕར་བཏགས་ཙམ་མིན་པར་དོན་གྱི་སྡོད་ལུགས་སམ་ཡུལ་གྱིས་རང་ངོས་ནས་གྲུབ་པ་ལ་དོན་དམ་དུ་གྲུབ་པར་འཇོག་པ་གཉིས་ལས། སྤྱིར་དང་པོའི་དོན་དམ་དང་དེའི་ངོར་གྲུབ་པ་གཉིས་ཡོད་ཀྱང་ཀུན་རྫོབ་པའི་ཆོས་དེ་ལྟར་དུ་གྲུབ་ན་ལུགས་འདིའི་དགག་བྱའི་དོན་དམ་དུ་གྲུབ་དགོས་པས་ཀུན་རྫོབ་པའི་ཆོས་ཐོས་བསམ་སྒོམ་གསུམ་གྱིས་སྟོང་ཉིད་གཟིགས་པའི་ངོར་གྲུབ་པ་ལ་རིགས་ངོའི་དགག་བྱ་དང། ཕྱི་མའི་དོན་དམ་དུ་གྲུབ་པ་ནི་ཡུལ་གྱི་དགག་བྱ་ཞེས་པའི་ཐ་སྙད་བྱེད་དོ། །

དེས་ན་རིགས་ངོའི་དགག་བྱ་ལ་ཡུལ་གྱི་དགག་བྱས་ཁྱབ་ཀྱང། ཡུལ་གྱི་དགག་བྱ་ལ་རིགས་ངོའི་དགག་བྱས་མ་ཁྱབ་ཅིང་དེ་བཞིན་དུ་ཡང་རིགས་ངོའི་དགག་བྱ་འཛིན་པའི་བདེན་འཛིན་ལ་ཡུལ་གྱི་དགག་བྱ་འཛིན་པའི་བདེན་འཛིན་ཡིན་པས་ཁྱབ་ཀྱང་ཕྱི་མ་ལ་སྔ་མས་མ་ཁྱབ་སྟེ། སྔ་མའི་བདེན་འཛིན་ནི་ཀུན་བཏགས་ཁོ་ན་དང། ཕྱི་མའི་བདེན་འཛིན་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཀ་ཡོད་པར་གསུངས་སོ། །དེས་ན་མིང་གི་ཐ་སྙད་ཀྱིས་ཕར་བཏགས་ཙམ་མིན་པར་དོན་གྱི་སྡོད་ལུགས་ཀྱིས་ངོས་ནས་གྲུབ་པ་དེ་བརྟག་པ་མཐའ་བཟུང་གི་དགག་བྱའི་དོན་དམ་དུ་གྲུབ་པའི་ཚད་དུ་འདོད་དེ། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་དྲང་ངེས་འཇུག་ངོགས་(འཕྲུལ་དེབ་སྨད་༢༨༦)ལས། མིང་བརྡས་ཕར་བཞག་ཙམ་མ་ཡིན་པར་ཡུལ་གྱི་རང་ངོས་ནས་གྲུབ་པ་དང༌།ཡུལ་རང་གི་སྡོད་ལུགས་སུ་ཡོད་མེད་བརྟགས་ཤིང་དཔྱད་ན་རྙེད་རྒྱུ་ཡོད་པ་དང༌། ཡུལ་གྱི་དོན་སྟེང་ནས་གྲུབ་པ་དང༌། རྟོག་བཏགས་ཙམ་མིན་པར་དོན་གྱི་ངོས་ནས་ཡོད་པ་དང༌། བློ་ལ་སྣང་བ་ཙམ་མིན་པར་གཞི་སྟེང་ནས་གྲུབ་པ་ནི་བརྟག་པ་མཐའ་བཟུང་གི་དགག་བྱའི་གྲུབ་ཚད་ཡིན་ལ་ཞེས་དང། མཁས་གྲུབ་ཐམས་ཅད་མཁྱེན་པའི་དབུ་མ་སྟོང་ཐུན་(འཕྲུལ་དེབ་༢༠༠)ལས་ཀྱང། ཆོས་ཐམས་ཅད་མིང་དང་རྟོག་པ་ཙམ་གྱིས་བཞག་པ་དེ་ལྟ་བུ་མ་ཡིན་པའི་ཡོད་པར་འཛིན་པ་ནི་བདེན་འཛིན་ལྷན་སྐྱེས་ཏེ། དེས་ཇི་ལྟར་བཟུང་བ་ལྟར་གྲུབ་ན་བདེན་པར་གྲུབ་པ་དང། དོན་དམ་པར་གྲུབ་པ་དང༌། ཡང་དག་པར་གྲུབ་པ་དང༌། རང་བཞིན་གྱིས་གྲུབ་པ་དང༌། རང་གི་ངོ་བོས་གྲུབ་པ་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང། རང་དབང་དུ་གྲུབ་པ་དང༌། རྫས་སུ་གྲུབ་པ་ཞེས་བྱ་ལ། དེ་དག་སྐབས་འདིར་བརྟག་པ་མཐའ་བཟུང་གི་སྒོ་ནས་རྟགས་ཀྱི་དགག་བྱའི་ཚད་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

༣  དགག་བྱ་ངོས་འཛིན་པའི་བློ་གང་ཡིན་བཤད་པ།

འོ་ན་དེ་ལྟ་བུའི་དགག་བྱ་ངོས་འཛིན་པའི་བློ་ནི་དགག་བྱ་འཛིན་པའི་བློ་ལས་གཞན་སྟེ། ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པའི་ལྷན་སྐྱེས་ཀྱི་བདེན་འཛིན་ལ་དགག་བྱ་འཆར་ཚུལ་ལེགས་པར་བརྟགས་ནས་དེ་ལྟ་བུའི་བློ་ལྷན་སྐྱེས་ཀྱི་སྣང་ཚུལ་ལ་བལྟས་ཏེ་གཟུགས་ལྟ་བུ་ཆོས་ཅན་བྱེ་བྲག་པ་དེའི་སྟེང་དུ་དགག་བྱ་རང་བཞིན་གྱིས་ཡོད་པ་དང་དགག་གཞི་ཆོས་ཅན་གཉིས་སོ་སོ་ནས་ལེགས་པར་ངོས་འཛིན་པ་སྟེ་དབྱེར་ཤེས་པ་ཞིག་ལ་འདོད་ལ། དེ་ཡང་ལྟ་བ་མ་རྙེད་པའི་སྔ་རོལ་ནས་འོང་བས་ཐོག་མར་དགག་བྱ་ངོས་འཛིན་པའི་བློ་ནི་ཐོས་བྱུང་གི་སྐབས་ཀྱི་ཡིད་དཔྱོད་ཀྱི་མྱོང་བ་ལ་འདོད་དགོས་ལ་ལྟ་བ་རྙེད་པའི་གང་ཟག་ལ་ནི་དགག་བྱ་ངོས་འཛིན་པའི་ཚད་མ་དང་དེ་ལྟ་བུའི་བཅད་ཤེས་ཀྱང་ལྡན་པས་ན་དགག་བྱ་ངོས་འཛིན་གྱི་བློ་ལ་ཚད་མ་དང་ཡིད་དཔྱོད་སོགས་ཅི་རིགས་པ་འོང་ངོ་། །

མེད་རྒྱུའི་བདག་དང་རང་བཞིན་ལེགས་པར་ངོས་ཟིན་ཚུལ་ནི་དགག་གཞི་ཆོས་ཅན་དང་དགག་བྱ་རང་བཞིན་གྱིས་གྲུབ་པ་གཉིས་སོ་སོ་ནས་འབྱེད་ཐུབ་པ་ཞིག་མྱོང་བའི་ཐོག་ནས་འོང་བ་ལས་གཞན་མིན་ཏེ། དེ་ཡང་ཐོག་མར་ལྷན་སྐྱེས་ཀྱི་བློ་ལ་ང་སྣང་ཚུལ་ལེགས་པར་བརྟགས་པ་ན་གདགས་གཞིའི་ཕུང་པོའི་སྟེང་ནས་ང་ཞེས་ལིང་ངེ་བ་ཞིག་མིང་བརྡས་ཕར་བཏགས་ཙམ་མིན་པར་རང་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པའི་རང་དབང་བའི་སྣང་བ་ཞིག་ལམ་གྱིས་ཤར་བ་བྱུང་ན་དེ་དགག་བྱའི་སྣང་ཚུལ་འཕྱུགས་མེད་ཡིན་པས་དེ་ངོས་ཟིན་པ་ཙམ་གྱིས་མི་ཆོག་པར་དེ་ལྟ་བུར་སྣང་བའི་དགག་བྱ་རང་བཞིན་གྱིས་གྲུབ་པ་དང་སྣང་གཞི་ཐ་སྙད་དུ་ཡོད་པའི་ང་གཉིས་སོ་སོ་ནས་བློ་ངོར་ལེགས་པར་དབྱེར་ཤེས་པ་ཞིག་དགོས་སོ། །དེ་ཡང་ཡིན་ཏེ། ལམ་རིམ་ཆེན་མོ་(འཕྲུལ་དེབ་༧༤༨)ལས། དཔེར་ན། གང་ཟག་འདི་མི་འདུག་སྙམ་དུ་ངེས་པ་ལ་མེད་རྒྱུའི་གང་ཟག་དེ་ཤེས་དགོས་པ་ལྟར། བདག་མེད་པ་དང་རང་བཞིན་མེད་པ་ཞེས་པའི་དོན་ངེས་པ་ལའང་མེད་རྒྱུའི་བདག་དང་རང་བཞིན་དེ་ལེགས་པར་ངོས་ཟིན་དགོས་ཏེ་ཞེས་གསུངས་སོ། །

དེ་ལྟར་མིན་ན་རང་བཞིན་གྱིས་མེད་པ་དེ་མེད་པའི་དོན་དུ་གོ་ནས་དགག་བྱའི་སྟོང་པ་བློ་ལ་འཆར་བའི་ཚེ་དགག་གཞི་ཡང་མི་འདུག་སྙམ་པ་ཞིག་འོང་ན་ཆད་པའི་ལྟ་བར་འགྱུར་ཏེ། བྱང་ཆུབ་ལམ་རིམ་ཆེན་མོ་ལས། ཧ་ཅང་ཐལ་ཆེས་ནས་དགག་པར་བྱ་བའི་ཚོད་མ་ཟིན་པར་བཀག་ན་ནི་རྒྱུ་འབྲས་རྟེན་འབྲེལ་གྱི་རིམ་པ་སུན་ཕྱུང་བས་ཆད་པའི་མཐར་ལྟུང་ཞིང་ལྟ་བ་དེ་ཉིད་ཀྱིས་ངན་འགྲོར་འཁྲིད་པར་བྱེད་དོ། །དེའི་ཕྱིར་དགག་བྱ་ལེགས་པར་ངོས་ཟིན་པ་གལ་ཆེ་སྟེ། འདི་ངོས་མ་ཟིན་ན་ཡང་ན་རྟག་ལྟ་དང་ཡང་ན་ཆད་ལྟ་གདོན་མི་ཟ་བར་བསྐྱེད་པའི་ཕྱིར་རོ། །ཞེས་ཀྱང་གསུངས་སོ། །

ས་བཅད་གསུམ་པ།

བོད་སྔ་ཕྱིའི་མཁས་པའི་བཞེད་ཚུལ་བཀོད་དེ་དགོངས་པ་གཅིག་ཏུ་དབབ་ཡོད་མེད་དཔྱད་པ་ལ་གཉིས། བོད་གངས་ཅན་ལྗོངས་སུ་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཆེན་པོ་དག་གིས་དབུ་མའི་ལྟ་བའི་དགག་བྱ་བཞེད་ཚུལ་ལ་གནད་བསྡུས་ན་གསུམ་དུ་སྣང་སྟེ། ༡ དགག་གཞི་དགག་བྱ་གཅིག་དང་ཐ་དད་གཉིས་ཀར་འདོད་པའི་ལུགས། ༢ དགག་གཞི་དགག་བྱ་གཅིག་ཏུ་འདོད་པའི་ལུགས། ༣ དགག་གཞི་དགག་བྱ་ཐ་དད་དུ་འདོད་པའི་ལུགས་དང་གསུམ་ལས།

༡ དགག་གཞི་དགག་བྱ་གཅིག་དང་ཐ་དད་གཉིས་ཀར་འདོད་པའི་ལུགས།

དང་པོ། གཞན་སྟོང་དབུ་མ་ཆེན་མོ་བཞེད་པའི་དཔལ་རྒྱལ་བ་ཇོ་ནང་པའི་ལུགས་སྨྲ་བ་དག་གིས་ནི། སྟོང་པ་ཉིད་ནི་རྣམ་པ་གཉིས་ཏེ། རང་གི་ངོ་བོས་སྟོང་པའི་རང་སྟོང་དང། གཞན་གྱི་ངོ་བོས་སྟོང་པའི་གཞན་སྟོང་གཉིས་སུ་འདོད་ལ། དེ་ཡང་ངོ་བོ་ཉིད་གསུམ་ལས་ཀུན་བཏགས་དང་གཞན་དབང་ནི་ཀུན་རྫོབ་བདེན་པ་ཡིན་ལ། ཀུན་རྫོབ་བདེན་པ་གང་ཡིན་པ་དེ་ནི། རྨི་ལམ་དང་སྒྱུ་མ་ལ་སོགས་པ་བཞིན་དུ་གདོད་མ་ནས་གཤིས་ལ་རང་གི་ངོ་བོས་སྟོང་པའི་ཕྱིར་དེ་དག་གི་སྟོང་པ་ཉིད་དེ་ནི་རང་གི་ངོ་བོས་སྟོང་པ་ཉིད་ཅེས་བྱ་ལ། དེ་ཡང་མེད་པར་དགག་པ་ཙམ་གྱི་ངོ་བོ་ཉིད་ཡིན་པས་ཆད་པའི་སྟོང་པ་ཉིད་དང། བེམ་པོའི་སྟོང་པ་ཉིད་དང། ཉི་ཚེ་བའི་སྟོང་པ་ཉིད་ཡིན་གྱི། དོན་དམ་པར་གྲུབ་པ་དང་བདེན་པར་གྲུབ་པ་དང་ཡང་དག་པར་གྲུབ་པ་སོགས་སུ་མི་འདོད་པས་ཡང་དག་པར་ཕྱིན་ཅི་མ་ལོག་པའི་སྟོང་པ་དོན་དམ་པའི་བདེན་པ་མིན་ནོ། །

ཀུན་རྫོབ་རང་སྟོང་ཡིན་པ་འདི་ལ་དགོངས་ནས། ཤེར་ཕྱིན་གྱི་མདོ་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་ཉིད་དུ་གསུངས་པ་ཡིན་ལ། དེའི་དགོངས་འགྲེལ་ཀླུ་སྒྲུབ་ཞབས་ཀྱི་རིགས་ཚོགས་རྣམས་ལས་ཀྱང་རང་སྟོང་མེད་དགག་ཆད་པའི་སྟོང་ཉིད་དེ་གཙོ་བོར་བསྟན་པ་ཡིན་གྱི། མདོ་དང་བསྟན་བཅོས་དེ་དག་གིས་ཀྱང་དོན་དམ་བདེན་པ་རྫོགས་པ་དང་གསལ་བོར་བསྟན་པ་ནི་མེད་དོ། །ཤེར་ཕྱིན་གྱི་མདོ་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་མེད་དོ། །ཞེས་གསུངས་པ་ཀུན་བཏགས་དང། སྒྱུ་མ་དང་རྨི་ལམ་ལ་སོགས་པ་བསྟན་པ་ནི། གཞན་དབང་ལ་དགོངས་ནས་གསུངས་པ་ཡིན་གྱི། ཡོངས་གྲུབ་དོན་དམ་པའི་བདེན་པ་མེད་པ་དང། རྫུན་པ་སོགས་སུ་སྟོན་པ་ནི་མིན་ཏེ། བརྒྱད་སྟོང་དོན་བསྡུས་ལས། མེད་ཅེས་བྱ་བའི་ཚིག་གིས་ནི། །བཏགས་པ་ཐམས་ཅད་འགོག་པ་སྟེ། །སྒྱུ་མ་ལ་སོགས་དཔེ་ཡིས་ནི། །གཞན་གྱི་དབང་ནི་ཡོངས་སུ་བསྟན། །རྣམ་པར་དག་པ་བཞིར་བསྟན་ནས། །ཡོངས་སུ་གྲུབ་པ་བསྟན་པ་ཡིན། །ཞེས་གསུངས་པས་སོ། །

ཆོས་ཉིད་ཡོངས་གྲུབ་དོན་དམ་པའི་བདེན་པ་ནི་རང་གི་ངོ་བོས་སྟོང་པ་མིན་གྱི་ཀུན་བཏགས་དང་གཞན་དབང་སྟེ་ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོང་པའི་ཕྱིར་ན་གཞན་གྱི་ངོ་བོས་སྟོང་པ་ཡིན་ལ། དེ་ནི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་སྟོང་ཉིད་དོན་དམ་པའི་བདེན་པ་དང། ཆོས་ཀྱི་སྐུ་དང། ཡང་དག་པའི་མཐའ་དང། དེ་བཞིན་ཉིད་དང། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡིན་ནོ། །དེ་ལ་སྟོབས་དང་མི་འཇིགས་པ་དང། མཚན་དང་དཔེ་བྱད་ལ་སོགས་པ་འདུས་མ་བྱས་པའི་ཡོན་ཏན་དཔག་ཏུ་མེད་པ་གདོད་མ་ནས་རང་ཆས་སུ་གནས་པ་ཡིན་ནོ། །

རང་སྟོང་གི་དོན་ཡང་གཤིས་ལ་རང་རང་ངོ་བོས་སྟོང་པར་བཞེད་ཀྱི་རང་རང་གི་ངོ་བོས་སྟོང་པ་རང་སྟོང་གི་ཚད་དུ་མི་འཐད་ལ། ཡང་ན་རང་གི་ངོ་བོ་བདེན་པར་གྲུབ་པས་སྟོང་པས་རང་སྟོང་ཞེས་བཞེད་དོ། །ཀུན་རྫོབ་ཀྱི་ཆོས་རྣམས་གཤིས་ཀྱི་གནས་ལུགས་ལ་དང་དོན་ལ་རང་རང་ངོ་བོས་སྟོང་པ་དང་མེད་པར་བཞེད་ཀྱི་སྤྱིར་བུམ་པ་བུམ་པས་སྟོང་པ་ཀ་བ་ཀ་བས་སྟོང་པ་ཞིག་ཏུ་གཏན་མི་བཞེད་ལ། བུམ་པ་བུམ་པའི་ངོ་བོས་མི་སྟོང་སྟེ། བུམ་པ་བུམ་པའི་ངོ་བོར་གྲུབ་པར་བཞེད་པས་སོ། །དེས་ན་ཀུན་རྫོབ་ཀྱི་ཆོས་རྣམས་གཤིས་ལ་དང་དོན་ལ་རི་བོང་རྭ་ལྟར་མེད་པར་བཞེད་པ་ལས་སྤྱིར་མེད་པར་མི་བཞེད་ལ། དེར་ཡང་དོན་ལ་དང་གཤིས་ལ་དང་གནས་ལུགས་ལ་དང་རྣམ་པར་དཔྱད་ན་ཞེས་ཆོས་རྗེ་ཀུན་མཁྱེན་དོལ་པོ་བའི་གསུང་དུ་མར་ཚིག་གི་ཁྱད་པར་སྦྱར་ཡོད་པས་ཀུན་རྫོབ་པའི་ཆོས་རྣམས་ཡོད་པར་བཞེད་ཀྱང་དོན་ལ་ཡོད་པར་མི་བཞེད་པའི་ཁྱད་པར་ལེགས་པར་ཕྱེ་དགོས་སོ་ཞེས་ཟེར་ཏོ། །ལུགས་འདི་ལ་ཀུན་རྫོབ་པའི་ཆོས་རྣམས་ཀྱི་དབང་དུ་བྱས་ན་དགག་གཞི་དགག་བྱ་གཅིག་ཏུ་སོང་སྟེ། ཀུན་རྫོབ་པའི་ཆོས་རྣམས་བདེན་པས་སྟོང་ཚུལ་དེ་དོན་ལ་རང་རང་གི་ངོ་བོས་སྟོང་ཚུལ་ཡིན་པའི་ཕྱིར་དང་། དོན་ལ་བུམ་པ་བུམ་པས་སྟོང་པ་དང་ཀ་བ་ཀ་བས་སྟོང་པར་བཞེད་པས་ཀ་བུམ་སོགས་ཀུན་རྫོབ་ཆོས་རྣམས་བདེན་པར་འགོག་པའི་ཚེ་དོན་ལ་དེ་དག་ཡང་འགོག་དགོས་པས་ཕྱིར་རོ། །དོན་དམ་བདེན་པའི་དབང་དུ་བྱས་ན་ནི་དགག་གཞི་དགག་བྱ་ཐ་དད་དུ་འདོད་དེ། ཆོས་ཉིད་ཡོངས་གྲུབ་དོན་དམ་པའི་བདེན་པ་དེ་ཉིད་ཀུན་རྫོབ་པའི་ཆོས་གཞན་གྱི་ངོ་བོར་གྲུབ་པར་འགོག་པའི་ཚེ་ཆོས་ཉིད་ཡོངས་གྲུབ་དེ་ཉིད་འགོག་མི་འགོག་པའི་ཕྱིར་དང་། ཡོངས་གྲུབ་དོན་དམ་པའི་བདེན་པ་གཅིག་པུ་མཉམ་བཞག་ཟག་མེད་རིགས་ཤེས་ཀྱི་ངོར་གྲུབ་པས་གང་གིས་སྟོང་པའི་ཀུན་རྫོབ་པའི་ཆོས་གཞན་དགག་བྱར་བཞེད་ཀྱང་དགག་གཞི་ཆོས་ཉིད་དེ་ཉིད་དགག་བྱར་མི་འདོད་པས་ལུགས་འདིར་དགག་གཞི་དགག་བྱ་གཅིག་དང་ཐ་དད་གཉིས་ཀར་བཞེད་དོ། །

༢ དགག་གཞི་དགག་བྱ་གཅིག་ཏུ་འདོད་པའི་ལུགས།

གཉིས་པ། མཐའ་བཞི་སྤྲོས་བྲལ་ཀྱི་ལྟ་བ་བཞེད་པའི་མཁས་གྲུབ་དག་གིས་ནི།དབུ་མའི་དོན་ནི་ཡོད་མེད་དང་ཡིན་མིན་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་པས། མཐར་འཛིན་དང་མཚན་མར་འཛིན་པ་ཐམས་ཅད་སྤོང་དགོས་ལ། དེ་ལ་ཐོག་མར་བདེན་པར་འཛིན་པའི་ཡུལ་གྱི་བདེན་པ་མ་བཀག་ན་མཐར་འཛིན་ཕྱི་མ་རྣམས་དགག་ཏུ་མེད་པས། གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པ་རྣམས་ཀྱིས་ཕྱི་ནང་གི་དངོས་པོ་ཐམས་ཅད་བདེན་མེད་དུ་གཏན་ལ་དབབ་པར་བྱ་དགོས། འདི་དགག་བྱ་རགས་པ་ལས་ཕྲ་མོ་མིན་ཞིང་འཁོར་བའི་རྒྱུའི་གཙོ་བོ་ཡང་ཡིན་པས། གཞུང་རྣམས་ལས། དེའི་ཞེན་ཡུལ་བདེན་པ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་གསུངས་པ་ཡིན་ལ། དེ་བཀག་ནས་བདེན་པས་སྟོང་པ་ཉིད་དུ་བཟུང་བ། དཔེར་ན་རྟ་ལ་ཞོན་པ་གཡས་ཕྱོགས་སུ་མ་ལྷུང་ཡང། གཡོན་ཕྱོགས་སུ་ལྷུང་བ་ལྟར་ཆད་པའི་མཐར་ལྷུང་བ་ལས་མ་འདས་པས་དེ་ཡང་དགག་པར་བྱ་བ་ཡིན་ནོ། །

དེའི་ཕྱིར་གཉིས་འཛིན་དང་གཉིས་མིན་དུ་འཛིན་པ་ཡང་བཀག་དགོས་པས་མཐའ་བཞི་གང་དུ་ཡང་གཟུང་བའི་ཡུལ་མ་རྙེད་པས། དེར་འཛིན་པ་མེད་པ་ལ་དབུ་མའི་ལྟ་བ་རྟོགས་ཞེས་ཐ་སྙད་འདོགས་པ་ཡིན་གྱི། དབུ་མའི་ལྟ་བ་འདིའོ་ཞེས་མཐའ་གཅིག་ཏུ་འཛིན་པ་གཅིག་བྱུང་ན་སྟོང་མི་སྟོང་སོགས་གང་དུ་བཟུང་ཡང་མཐར་འཛིན་ལས་མ་འདས་པས་དབུ་མའི་ལྟ་བ་མིན་ནོ་ཞེས་བཞེད་པར་ཞེས་གསུངས་པས།གཞུང་གི་སྐབས་འགར་བདེན་སྟོང་ཉིད་ལ་གནས་ལུགས་མཐར་ཐུག་ཏུ་གསུངས་པ་དང། རིགས་པ་དྲུག་ཅུ་པའི་འགྲེལ་བ་ལས། བདེན་པ་གཉིས་སུ་འཇོག་པ་ནི་འཇིག་རྟེན་པའི་བློ་ལ་ལྟོས་ནས་འཇོག་གོ། །ཞེས་གསུངས་པ་ནི། རྣམ་གྲངས་པའི་དོོན་དམ་བདེན་པ་ལ་དགོངས་ཀྱི་དོན་དམ་བདེན་པ་མཚན་ཉིད་པ་ནི། བྱིས་པ་སོ་སོ་སྐྱེ་བོ་དག་གི་བློ་ཡུལ་ལས་འདས་པ། ཟག་མེད་མཉམ་གཞག་ཡེ་ཤེས་ལ་གཉིས་སུ་སྣང་བ་ནུབ་ཅིང།ཡོད་མེད་དང་ཡིན་མིན་ལ་སོགས་པའི་རྟག་ཆད་ཀྱི་མཐའ་གང་དུའང་མ་མཐོང་བ་དེ་ཉིད་དོན་དམ་བདེན་པ་ཡིན་པས། གནས་ལུགས་མཐར་ཐུག་ལ་མཐའ་བཞིའི་སྤྲོས་པ་མཐའ་དག་དང་བྲལ་བར་དགོས་ཀྱི་བདེན་གྲུབ་ཀྱི་སྤྲོས་པ་དང་བྲལ་ཙམ་གྱིས་གནས་ལུགས་མཐར་ཐུག་ཏུ་མི་འགྱུར་རོ། །

དེས་ན་བདེན་སྟོང་དུ་འཛིན་པ་ནི་བདེན་གྲུབ་ཀྱི་སྤྲོས་པའི་མཐར་མ་ལྷུང་ཡང་བདེན་སྟོང་གི་སྤྲོས་པའི་མཐར་ལྷུང་བས་ན་མཐའ་བྲལ་གྱི་ལྟ་བར་མི་འདོད་དེ། དཔེར་ན་རྟ་ལ་ཞོན་པས་གཡས་ཕྱོགས་སུ་མ་ལྷུང་ཡང་གཡོན་ཕྱོགས་སུ་ལྷུང་བ་ལྟར་བདེན་གྲུབ་ཀྱི་སྤྲོས་པའི་མཐར་མ་ལྷུང་ཡང་བདེན་མེད་ཀྱི་སྤྲོས་པའི་མཐའ་ལས་མི་འདའ་བས་སོ། །འོ་ན། རིགས་པ་དྲུག་ཅུ་པ་ལས། རང་བཞིན་ཉིད་ལས་རབ་ཟློག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། །ཞེས་དང། རྩོད་ཟློག་ལས་ཀྱང། གལ་ཏེ་རང་བཞིན་མེད་ཉིད་ཀྱིས། །ཅི་སྟེ་རང་བཞིན་མེད་ལ་ཟློག། །རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། །ཞེས་སོགས་གསུངས་པ་དང་འགལ་ལོ་སྙམ་ན།དོན་དམ་དང་ཐ་སྙད་ལ་དཔྱོད་པའི་སྐབས་མ་ཕྱེ་བ་ཡིན་ཏེ། ཐ་སྙད་ལ་དཔྱོད་པའི་སྐབས་ཡོད་མེད་དང་ཡིན་མིན་སོགས་སུ་ཁས་ལེན་དུ་རུང་ཡང། དོན་དམ་ལ་དཔྱོད་པའི་སྐབས་གང་དུའང་ཁས་ལེན་མི་རིགས་པའི་ཕྱིར་རོ། །

གཞན་ཡང་། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད་(རྣམ་གྲོལ་གླིང་པར་མ་༢༣༩)ལས། མདོ་དང་བསྟན་བཅོས་རྣམས་སུ་ཡང་ཡང་གསུངས་པ་ལ་རང་གཞན་སུས་ཀྱང་འཆད་ཚུལ་ཤེས་དགོས་པས། ཁས་ལེན་ཅན་དག་གི་དབང་དུ་བྱས་ན། ཁྱད་པར་སྦྱར་ཏེ་བདེན་གྲུབ་ཀྱི་ཡོད་པ་མ་ཡིན། ཐ་སྙད་དུ་མེད་པ་མ་ཡིན་ཞེས་འདོད་དགོས་ལ། བཤད་མ་ཐག་པ་ལྟར་གྱི་ཡོད་མེད་དེ་གཉིས་ཀ་ཡིན་པར་ཁས་ལེན་དགོས་ཀྱི་གཉིས་ཀ་མིན་པར་ཁས་ལེན་མི་རིགས་ཤིང་། གཉིས་ཀ་མིན་པ་མ་ཡིན་པའང་ཁས་ལེན་མི་རིགས་སོ། །དེ་ལྟར་ན་མཐའ་བཞིའི་ཕྱི་མ་གཉིས་དང་བྲལ་བའི་ཁས་ལེན་ནམ་ཡང་མི་སྲིད་པར་འགྱུར་རོ། །གལ་ཏེ་བདེན་ཡོད་དང་ཐ་སྙད་དུ་མེད་པ་གཉིས་ཀ་མིན་ཞེས་སྔ་མའི་ཡོད་མེད་གཉིས་ཀ་ལ་མི་སྙེགས་པ་བབ་ཅོལ་དུ་བཤད་ན་དོན་སྔ་མ་དང་ཟློས་པ་ལས་གོ་རྒྱུ་ཅི་ཡང་མེད་ལ། དེ་ལྟར་ན་གཉིས་ཀ་མིན་པ་མིན་ཞེས་ཇི་ལྟར་སྦྱར། མུ་བཞིའི་སྔ་མ་གཉིས་ལ་ཁྱད་པར་སྦྱར་ནས་ཕྱི་མ་གཉིས་ལ་མི་སྦྱར་བར་ཡོད་མེད་གཉིས་ཡིན་དང་གཉིས་མིན་ཡང་མིན་ཞེས་གཞི་གཅིག་ལ་རང་གི་ངོ་བོ་ཡོད་མེད་གཉིས་ཀ་ཡིན་པ་མི་སྲིད་ལ། གཉིས་ཀ་མིན་པའང་ཐ་སྙད་དུ་མེད་པའི་ཕྱིར་དེ་ལྟར་འདོད་ན། འདིར་ཡོད་མེད་ཅེས་པའི་དོན་ཀུན་རྫོབ་ཏུ་ཡོད་མེད་དང་། དོན་དམ་དུ་ཡོད་མེད་གང་ལ་བྱེད། དང་པོ་ལྟར་ན། ཐ་སྙད་དུ་ཡོད་པའང་ཡིན་ལ་མེད་པའང་ཡིན་པའི་གཉིས་ཡིན་གྱི་མུ་མི་སྲིད་མོད། ཐ་སྙད་དུ་ཡོད་པའི་ཆོས་ཡིན་ན། ཐ་སྙད་དུ་ཡོད་པ་མིན་པ་དང་། ཐ་སྙད་དུ་མེད་པ་མིན་པ་གཉིས་ཀ་མིན་དགོས་པས་ཁྱབ་ན། གཉིས་ཀ་མིན་ཞེས་དགག་སྒྲ་བརྩེགས་པས་གཉིས་ཀ་ཡིན་པར་སྒྲུབ་པར་སོང་བས་དེ་འདྲའི་ཁས་ལེན་ནི་ནམ་ཡང་མི་སྲིད་དོ། །ཞེས་དགག་སྒྲུབ་རྒྱ་ཆེར་མཛད་པ་ལྟར་ན་སྔ་རབས་རྣམས་ཀྱིས་ནི་ཡོད་མིན་མེད་མིན་འདི་སྒྲ་ཇི་བཞིན་པར་བཞེད་པ་ཡིན་ནོ། །

རྗེའི་ལམ་རིམ་(འཕྲུལ་དེབ་༧༥༠)ལས་ཀྱང་། དེས་ན་སྐྱེ་བ་ལ་སོགས་པ་དེ་ཁོ་ན་ཉིད་དུ་གྲུབ་མ་གྲུབ་དཔྱོད་པའི་རིགས་པས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཁེགས་པ་ཡིན་ཏེ། ཇི་འདྲ་ཞིག་ཁས་བླངས་པ་ལའང་རིགས་པས་དཔྱད་པ་བྱས་ན་བརྟག་བཟོད་པ་རྡུལ་ཙམ་ཡང་མེད་པའི་ཕྱིར་དང༌། ཡོད་མེད་ལ་སོགས་པའི་མུ་བཞི་པོ་ཐམས་ཅད་བཀག་པས་ན་དེར་མ་འདུས་པའི་ཆོས་མེད་པའི་ཕྱིར་རོ། །ཞེས་པ་ནས་གལ་ཏེ་སྐྱེ་བ་སོགས་འདོད་ན་དེ་ལ་དེ་ཉིད་དཔྱོད་པའི་རིགས་པས་དཔྱད་བཟོད་དམ་མི་བཟོད། བཟོད་ན་ནི་རིགས་པས་དཔྱད་བཟོད་ཀྱི་དངོས་པོ་ཡོད་པས་བདེན་དངོས་སུ་འགྱུར་རོ། །དཔྱད་མི་བཟོད་ན་ནི་རིགས་པས་ཁེགས་པའི་དོན་ཡོད་པ་ཇི་ལྟར་འཐད། དེ་བཞིན་དུ་སྐྱེ་བ་ལ་སོགས་པ་ཡོད་པར་འདོད་ན་ཚད་མས་གྲུབ་བམ་མ་གྲུབ། དང་པོ་ལྟར་ན་དེ་ཁོ་ན་ཉིད་གཟིགས་པའི་ཡེ་ཤེས་ཀྱིས་ནི་སྐྱེ་བ་མེད་པར་གཟིགས་པས་དེས་གྲུབ་པར་མི་འཐད་ལ། ཐ་སྙད་པའི་མིག་གི་ཤེས་པ་ལ་སོགས་པས་གྲུབ་པར་འདོད་ན་ནི་དེ་དག་ཚད་མ་ཡིན་པ་བཀག་པའི་ཕྱིར། དེ་དག་སྒྲུབ་བྱེད་ཀྱི་ཚད་མར་མི་འཐད་དེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་དང༌། འཇུག་པར་ཡང༌། རྣམ་ཀུན་འཇིག་རྟེན་ཚད་མིན། ཞེས་གསུངས་པའི་ཕྱིར་རོ། །ཚད་མས་མ་གྲུབ་ཀྱང་ཡོད་པར་འདོད་པ་ནི་རང་ཡང་མི་འདོད་ཅིང་རིགས་པ༌ཡང་མིན་པས་མི་འཐད་དོ། །ཞེས་བོད་ཀྱི་མཁས་པ་སྔ་མ་དག་གིས་བཞེད་པར་གསུངས་སོ། །

དེས་ན་བོད་ཀྱི་མཁས་གྲུབ་སྔ་མ་དག་གིས་དོན་དམ་དཔྱོད་བྱེད་ཀྱིས་ཆོས་དེའི་ངོ་བོ་ཁེགས་པ་ལ་དོན་དམ་པར་མ་གྲུབ་པར་བཞེད་པས་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་གཟུགས་སོགས་ཀྱི་སྐྱེ་འགག་སོགས་པ་དོན་དམ་པར་གྲུབ་པ་འགོག་པའི་ཚེ་གཟུགས་སོགས་དེ་དག་ཀྱང་འགོག་དགོས་པས་དགག་བྱ་དགག་གཞི་ལས་ལོགས་སུ་མི་ཕྱེ་བར་གཅིག་ཏུ་འགོག་པར་བཞེད་དོ། །

༣ དགག་གཞི་དགག་བྱ་ཐ་དད་དུ་འདོད་པའི་ལུགས།

གསུམ་པ། ཆོས་རྣམས་རང་བཞིན་གྱིས་སྟོང་པའི་མེད་དགག་གི་ལྟ་བ་བཞེད་པའི་རི་བོ་དགེ་ལྡན་པའི་ལུགས་ལ་ནི།དབུ་མའི་ལྟ་བའི་དགག་བྱ་ལ་ཡུལ་དང་ཡུལ་ཅན་གྱི་དབང་དུ་བྱས་པ་གཉིས་ལས་ཡུལ་ཅན་གྱི་དགག་བྱ་ནི་གང་ཟག་དང་ཆོས་ལ་བདེན་པར་འཛིན་པའི་བདེན་འཛིན་མ་རིག་པ་དེ་ཉིད་ཡིན་ཞིང་། ཚད་མ་རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་གསུངས་པ་བཞིན་དུ་དེ་སྤོང་པ་ལ་དེའི་ཞེན་ཡུལ་བདེན་གྲུབ་ངོས་བཟུང་ནས་འགོག་དགོས་པས་བདེན་པའི་ཚད་ལ་རང་རྒྱུད་པ་རྣམས་ཀྱིས་བློ་ལ་མ་ལྟོས་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཞིག་ཡོད་ན། བདེན་པར་གྲུབ་པ་དང་། དོན་དམ་པར་གྲུབ་པ་དང་། ཡང་དག་པར་གྲུབ་པར་འདོད་པས་དེ་དག་སྟོང་ཉིད་ཀྱི་དགག་བྱར་འདོད་ཅིང་། ཐ་སྙད་དུ་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ་དང་། ངོ་བོ་ཉིད་ཀྱིས་གྲུབ་པར་འདོད་པས་དེ་དག་དགག་བྱར་མི་འདོད་ལ། ཐལ་འགྱུར་བ་རྣམས་ཀྱིས་ནི་རང་རྒྱུད་པས་འདོད་པའི་དགག་བྱ་དེ་དག་ནི་ཕྲ་བའི་དགག་བྱར་མི་འདོད་ལ། བཏགས་དོན་བཙལ་བའི་ཚེ་གདགས་གཞིའི་ངོས་ནས་རྙེད་རྒྱུ་ཡོད་པ་ཞིག་གམ་རྟོག་པས་བཏག་པ་ལ་མ་ལྟོས་པར་ཡུལ་སྟེང་ནས་གྲུབ་ན་དེ་ནི་རང་བཞིན་གྱིས་གྲུབ་པ་དང་། རང་ངོས་ནས་གྲུབ་པ་དང་། རང་མཚན་གྱིས་གྲུབ་པར་འདོད་པས་ཤིན་ཏུ་ཕྲ་བའི་དགག་བྱར་འདོད་ལ། དེ་ལྟ་བུའི་རང་མཚན་གྱིས་གྲུབ་པ་བཀག་ཙམ་གྱི་སྟོང་ཉིད་མེད་དགག་དེ་ཉིད་དབུ་མའི་ལྟ་བ་མཐར་ཐུག་པ་དང་། དོན་དམ་བདེན་པ་མཚན་ཉིད་པར་བཞེད་ཅིང་། ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཏུ་ཡང་བཞེད་དོ། །འདིར་རྟོག་པས་གང་བཟུང་ཐམས་ཅད་དགག་བྱར་མི་འདོད་ཅིང་སུ་ཡང་སངས་རྒྱས་པའི་ཚེ་རྣམ་རྟོག་ཐམས་ཅད་ཟད་དགོས་ཅིང་དེ་ཡང་རྣམ་རྟོག་བསླད་བྱེད་ཀྱི་སྐྱོན་གཉིས་སྣང་འཁྲུལ་བའི་བགས་ཆད་ཟད་པའི་སྟོབས་ཀྱིས་དེར་རྣམ་རྟོག་འགག་པ་ཡིན་གྱི་རྣམ་རྟོག་གི་ཡུལ་ལ་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་མིན་སོགས་སུ་ངེས་པས་མཐའ་བཞི་དེ་དག་བཀག་པས་རྣམ་རྟོག་འགོག་པ་མིན་པས་སྟོང་ཉིད་ཀྱི་ལྟ་བ་ངེས་པའི་བློས་སྣང་བ་ཀུན་རྫོབ་པའི་ཆོས་རྣམས་མི་འགོག་ཅིང་རྣམ་རྟོག་འགོག་པ་ལ་བསླད་བྱེད་ཀྱི་གཉིས་སྣང་འཁྲུལ་བའི་བགས་ཆགས་དང་དེ་འཇོག་བྱེད་ཀྱི་བདེན་འཛིན་ཉིད་དགག་དགོས་པས་དེའི་ཡུལ་བདེན་གྲུབ་སུན་མ་དབྱུང་བར་དེ་རྣམས་འགོག་མི་ནུས་པས་དེ་ཁོ་ན་ཉིད་ལ་དཔྱོད་པའི་བློས་ཆོས་རྣམས་བདེན་པར་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ། རང་མཚན་གྱིས་གྲུབ་པར་འགོག་གི་ཆོས་རྣམས་མི་འགོག་པས་ཐ་སྙད་པའི་དོན་ཚད་མས་གྲུབ་པར་བཞེད་པ་དང་དགག་གཞི་དགག་བྱ་ལོགས་ཞིག་ཏུ་ཡང་བཞེད་དོ། །དེས་ན་དགག་བྱ་འཛིན་པའི་རྟོག་པ་ནི་ཡོད་པར་འཛིན་པའི་རྟོག་པ་གང་ཡིན་ཐམས་ཅད་མིན་གྱི་དོན་དམ་པར་རམ་རང་གི་མཚན་ཉིད་ཀྱིས་ཡོད་པར་འཛིན་པའོ། །དེ་ལྟར་བདེན་འཛིན་ལེགས་པར་ངོས་ཟིན་ན་བདེན་འཛིན་གཉིས་མིན་པའི་རྟོག་པ་དུ་མ་ཞིག་ཡོད་པར་ཤེས་པར་འགྱུར་བས། རྟོག་པས་གང་བཟུང་གི་ཡུལ་སྣང་ཐམས་ཅད་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དགག་བྱར་འདོད་པའི་ལོག་རྟོག་ཐམས་ཅད་ཟློག་པར་འགྱུར་རོ། །

(དོན་བསྡུ་ན། བོད་སྔ་མས་མཐའ་བཞི་སྤྲོས་བྲལ་གྱི་ལྟ་བ་བཞེད་པ་དང་ཕྱི་མས་བདེན་པས་སྟོང་ཙམ་གྱི་མེད་དགག་གི་ལྟ་བ་བཞེད་པའི་མཚམས་མཐར་ཐུག་པ་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་སུའི་ལུགས་ལ་ཡང་། དཔལ་ལྡན་ཟླ་བའི་དབུ་མ་ལ་འཇུག་པ་ལས། སེམས་འགག་པས་ནི་སྐུ་ཡི་མངོན་སུམ་མཛད། །ཞེས་གསུངས་པ་ལྟར་སངས་རྒྱས་པའི་ཚེ་རྣམ་རྟོག་ཟད་པར་གཅིག་མཚུངས་སུ་བཞེད་ལ། མཁས་གྲུབ་སྔ་མ་དག་གིས་ནི་རྣམ་རྟོག་ཟད་ཚུལ་དེ་ཡང་རྣམ་རྟོག་གི་ཡུལ་སྣང་ཐམས་ཅད་བཀག་པའི་སྒོ་ནས་རྣམ་རྟོག་འགོག་པ་ཡིན་ཏེ། རྣམ་རྟོག་གི་ཡུལ་ལ་ཡང་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་མིན་བཞིར་ངེས་པས་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་མཐའ་དེ་དག་རེ་རེ་ནས་བཀག་པའི་སྒོ་ནས་རྣམ་རྟོག་དང་དེའི་ཡུལ་སྣང་ཐམས་ཅད་ཟད་དགོས་པས་ཡོད་མིན་མེད་མིན་ལ་སོགས་པའི་མཐའ་བཞི་དང་བྲལ་བ་གནས་ལུགས་མཐར་ཐུག་དང་བདེན་གྲུབ་ཀྱི་མཐའ་ཙམ་དུ་མ་ཟད་རྣམ་རྟོག་གི་ཡུལ་སྣང་ཐམས་ཅད་དབུ་མའི་ལྟ་བའི་དགག་བྱར་བཞེད་པ་ཡིན་ནོ། །མཁས་གྲུབ་ཕྱི་མ་དག་གིས་ནི་རྣམ་རྟོག་གི་ཡུལ་སྣང་ཐམས་ཅད་འགོག་པའི་སྒོ་ནས་རྣམ་རྟོག་སྤངས་པ་མིན་པར་རྣམ་རྟོག་བསླད་བྱེད་ཀྱི་གཉིས་སྣང་འཁྲུལ་བའི་བགས་ཆགས་ཟད་པའི་སྒོ་ནས་རྣམ་རྟོག་ཟད་དགོས་པས་གཉིས་སྣང་འཁྲུལ་བ་དེ་བསྐྱེད་པའི་རྩ་བ་བདེན་འཛིན་ཡུལ་དང་བཅས་པ་འགོག་དགོས་ཞིང་དེ་དག་གི་གནད་ཀྱིས་ཆོས་རྣམས་ཀྱི་བདེན་པས་སྟོང་ཙམ་དབུ་མའི་ལྟ་བ་མཐར་ཐུག་པར་བཞེད་ཅིང་ཡུལ་སྣང་ཐམས་ཅད་དགག་བྱར་མི་འདོད་ལ་དགག་གཞི་ཆོས་ཐམས་ཅད་ལས་ལོགས་སུ་དེ་དག་ལ་གདོད་མ་ནས་གཏན་མ་གྲུབ་པའི་བདེན་པའི་དངོས་པོ་ཉིད་དབུ་མའི་ལྟ་བའི་དགག་བྱར་འདོད་པ་ཡིན་ནོ། །)

བོད་སྔ་ཕྱིའི་མཁས་པའི་དགོངས་པ་གཅིག་ཏུ་དབབ་ཡོད་མེད་དཔྱད་པ།

གཉིས་པ། བོད་སྔ་ཕྱིའི་མཁས་པའི་དགོངས་པ་གཅིག་ཏུ་དབབ་ཡོད་མེད་དཔྱད་པ་ནི། མཐའ་བཞི་སྤྲོས་བྲལ་གྱི་ལྟ་བ་དང་བདེན་པས་སྟོང་ཙམ་གྱི་དེ་ཁོ་ན་ཉིད་དོན་དམ་མཐར་ཐུག་ཏུ་བཞེད་མིན་དང་། རང་བཞིན་གྱིས་མེད་པ་དང་མེད་པའི་ཁྱད་པར་དང་། ཡོད་པ་དང་རང་བཞིན་གྱིས་ཡོད་པའི་ཁྱད་པར། དོན་དམ་དཔྱོད་པའི་རིགས་ཤེས་ཀྱིས་མ་རྙེད་པ་དང་དེས་བཀག་པའམ་མེད་པར་གྲུབ་པའི་ཁྱད་པར། ཐ་སྙད་དུ་ཚད་མས་གྲུབ་པ་འཇོག་མི་འཇོག་དང་། དབུ་མའི་ལུགས་ལ་ཁས་ལེན་ཡོད་མེད། རྟོག་པ་ཐམས་ཅད་མཚན་འཛིན་དུ་བཞེད་མིན་སོགས་འཆད་པའི་ཚེ་སྔ་ཕྱིའི་མཁས་པ་དག་ལ་ཁས་ལེན་མི་མཐུན་པ་མང་དུ་སྣང་ཞིང་། དེ་དག་གི་འགེངས་ཡང་། བོད་ཕྱི་མ་དག་གིས་སྐྱེ་འགག་སོགས་ཀྱི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་ནས་སྐྱེ་འགག་མ་རྙེད་པ་ཙམ་ལས་སྐྱེ་འགག་སོགས་མ་རྙེད་པར་མི་འདོད་ཅིང༌། དེ་ཁོ་ན་ཉིད་དཔྱོད་པའི་རིགས་པས་དེ་དག་གི་སྟེང་དུ་དགག་བྱ་བདེན་གྲུབ་ཁེགས་ཀྱང་དགག་གཞི་སྐྱེ་འགག་སོགས་ཁེགས་པར་མི་འདོད་དེ། དཔལ་ལྡན་ཟླ་བའི་དབུ་མ་ལ་འཇུག་པ་ལས། འཇིག་རྟེན་གྲགས་པས་ཀུན་རྫོབ་མ་བརླག་ཅིག །ཞེས་གསུངས་པ་ལྟར། ཆོས་རྣམས་མིང་ཙམ་དུ་དང་། ཐ་སྙད་ཙམ་དུ་། ཀུན་རྫོབ་ཏུ་ཡོད་པར་བཞེད་པ་གང་ཞིག དོན་དམ་པར་མེད་པས་མེད་གོ་ཆོད་པར་མི་འདོད་ཅིང་། ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་པར་འདོད་པས་སོ། །སྔ་མ་དག་གིས་ནི་ཆོས་གང་ཡང་དེ་ཁོ་ན་ཉིད་ཀྱི་དོན་ལ་དཔྱོད་པའི་རིགས་པས་དཔྱད་ནས་མ་རྙེད་པས་ཆོས་རྣམས་མ་རྙེད་པ་དང་དེ་ཁོ་ན་ཉིད་དཔྱོད་པའི་རིགས་པས་ཆོས་རྣམས་དེ་ཉིད་དུ་གྲུབ་པར་ཁེགས་པ་ན་ཆོས་རྣམས་ཁེགས་པར་བཞེད་པས་ཆོས་རྣམས་སྙད་དུ་ཡོད་པས་ཡོད་པར་གོ་མི་ཆོད་ཅིང་དོན་དམ་པར་མེད་པས་མེད་གོ་ཆོད་པར་བཞེད་དོ། །འོན་ཀྱང་དོན་གྱིས་ན་དགོངས་དོན་གཅིག་ཏུ་བབས་ཏེ། མཐར་ཐུག་གི་དོན་ལ་བདེན་པས་སྟོང་ཙམ་གྱི་མེད་དགགདང་། མཐའ་བཞིའི་སྤྲོས་བྲལ་བཞེད་པའི་སུའི་ལུགས་ལ་ཡང་ཆོས་རྣམས་དོན་དམ་པར་མེད་ཅིང་འཇིག་རྟེན་གྱི་གྲགས་པའི་ངོར་ཡོད་པར་ཞལ་གྱིས་བཞེས་པ་གཅིག་མཐུན་དུ་སྣང་ཞིང་། བོད་སྔ་མས་དབུ་མའི་ལུགས་ཞེས་པ་མཉམ་བཞག་ཟག་མེད་ཡེ་ཤེས་ལ་བྱས་ནས་དེའི་ངོར་སྐྱེ་འགག་ལ་སོགས་པའི་ཀུན་རྫོབ་པའི་ཆོས་རྣམས་ཡོད་པར་མི་འདོད་པས་དབུ་མའི་ལུགས་ལ་སྐྱེ་འགག་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དགག་དགོས་ཞིང་སྐྱེ་འགག་སོགས་ཚད་གྲུབ་ཏུ་མི་བཞེད་ལ། ཕྱི་རབས་པས་དབུ་མའི་ལུགས་ཞེས་པ་སྔ་མ་ལྟར་མི་བཞེད་པར་དབུ་མའི་གྲུབ་མཐའི་དབང་དུ་བྱས་པས་དེའི་ལུགས་ལ་སྐྱེ་འགག་སོགས་ཚད་གྲུབ་དང་ཡོད་པར་འདོད་པས་སྒྲས་ཟིན་གྱི་ཐ་སྙད་བྱེད་ཚུལ་གྱི་ཁྱད་པར་ཙམ་ལས། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་དོན་དམ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་ངེས་པའི་སྣང་ངོར་ཆོས་ཅན་ཀུན་རྫོབ་པའི་ཆོས་རྣམས་ཀྱི་སྣང་བ་ནུབ་ཞིང་ཆོས་རྣམས་ཁེགས་པ་དང་ཆོས་གང་ཡང་དོན་དཔྱོད་ཀྱི་རིགས་པས་དཔྱད་པས་ཚེ་གང་དུ་ཡང་མི་རྙེད་པ་ལ་དགོངས་ནས་སྔ་ཕྱི་མཁས་གྲུབ་དག་གིས་གོང་ལྟར་གསུངས་པས་མཐར་ཐུག་གི་ལྟ་བའི་འབེབས་ས་འདི་ལྟར་ཡིན་ནོ། །

གཞན་ཡང་། སྔ་འགྱུར་རྙིང་མའི་རྫོགས་པ་ཆེན་པོའི་ལྟ་བ་དང་། བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་མོའི་ལྟ་བ་དང་། ས་སྐྱ་པའི་གསལ་སྟོང་ཟུང་འཇུག་དང་།དགེ་ལྡན་པའི་བདེ་སྟོང་དབྱེར་མེད་ཀྱི་ལྟ་བ་མིང་འདོགས་སོ་སོར་མཛད་ནའང་ཐམས་ཅད་གཉུག་སེམས་ཀྱིས་ཡུལ་སྟོང་པ་ཉིད་རྟོགས་ཚུལ་གྱིས་སྟེང་ནས་འཇོག་པ་ཡིན་པས་ཡུལ་ཅན་ལྟ་བའི་ངོས་ཀྱང་བཞེད་དགོངས་གཅིག་ཏུ་འབེབས་པ་ཡིན་ཏེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཕྱག་ཆེན་རྩ་བ་ལས། ལྷན་ཅིག་སྐྱེས་སྦྱོར་གའུ་མ་དང་། །ལྔ་ལྡན་རོ་སྙོམས་ཡེ་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཞེས་གསུངས་ཤིང་། གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གི་ཕྱག་ཆེན་རྩ་འགྲེལ་ལས། བཀའ་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོའང་འདི་ལ་ཐུག་ལ། རྫོགས་པ་ཆེན་པའི་ཁྲེགས་ཆོད་ཀྱི་ཉམས་ལེན་ཡང་འདིར་ཐུག་པ་དང་། དཔལ་ས་སྐྱ་པའི་གསལ་སྟོང་འཛིན་མེད་ཀྱང་གཙོ་བོ་འདི་ལ་ཐུག་པ་ཡིན། སྣང་གསུམ་རྒྱུད་གསུམ་ཞེས་པ་ཀུན་གཞི་རྒྱུ་རྒྱུད་ཀྱི་སྟེང་ལ་འཁོར་འདས་དབྱར་མེད་གསུངས་པ་འདི་ལ་ཐུག།དགེ་ལྡན་དང་། ས་སྐྱ།བཀའ་བརྒྱུད། རྙིང་མ་སོགས་ཚང་མ་གནད་ཀ་འདི་ལ་ཐུག་པ་གཅིག་པ་ཡིན་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། བོད་གངས་ཅན་ལྗོངས་ལ་དར་བའི་ས་དགེ་བཀའ་རྙིང་ལ་སོགས་པ་ཕྱོགས་རེ་བ་བྱས་ན་གྱོང་ཡིན་ཡིན་ལ། ཆ་རྒྱུས་མེད་པའི་དབང་གིས་གཅིག་གིས་གཅིག་ལ་སེམས་ཐག་རིང་བ་དང་། རྒྱུས་ཡོད་པ་བྱུང་ན། དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་པ་ངོ་ཐོག་རང་འགྲོ་རྒྱུ་ཡོད་ཞེས་གསུངས་སོ། །དགེ་ལེགས་སུ་འཕེལ་བར་གྱུར་ཅིག་གུ།

གཞུང་ལུགས་མང་དུ་ཐོས་པའི་སྐབས་ཕྲ་ཞིང་། །
ཟབ་དོན་རིགས་པས་འབྱེད་པའི་མཐུ་དབེན་པས། །
འགལ་དང་འཁྲུལ་བའི་ནོངས་པ་ཅི་མཆིས་པ། །
ཐམས་ཅད་ལས་ཀྱང་ཐམས་ཅད་བཟོད་པར་གསོལ། །

ཅེས་པ་འདི་ནི་༢༠༢༠ ལོར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་བགྲེས་པ་རྣམས་ལ་ནང་ཆོས་གཙོས་པའི་བོད་རིག་པའི་གཞུང་ལུགས་ཐོག་ཟབ་སྦྱོང་འབུལ་སྐབས་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་ཕྱི་ཟླ་༡ ཚེས་༢༡ ཉིན་དགའ་བྱང་དགེ་བཤེས་ལྷ་རམས་པ་བསོད་ནམས་རྒྱ་མཚོས་བྲིས་པ་དགེའོ། །

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།