གླེང་གཞི།
གང་གི་བློ་གྲོས་ནམ་མཁའི་ཁྱོན་ལྟར་ཡངས། །
དེ་བློས་གསུང་རབ་ངེས་དོན་རྫོགས་པར་དགོངས། །
དམ་ཆོས་དོན་དུ་སྲོག་ཀྱང་འདོར་ནུས་པའི། །
དོལ་པོ་པར་གྲགས་བླ་མའི་ཞབས་ལ་འདུད། །
(ཀུན་མཁྱེན་ཉ་དབོན་པས།)
ཁོ་བོའི་དག་བྱེད་བློ་གྲོས་ཆེས་ཕྲ་ཡང་། །
འདུན་པའི་ཉིན་བྱེད་ཟེར་གྱིས་མ་གཟིམ་པ། །
གོམས་པའི་དལ་མཛོད་ཡོངས་སུ་བྲུག་པའི་ཕྱིར། །
འཆད་པའི་ཆར་ཟིམ་ཉིད་ལ་སྨོན་པར་བྱ། །
ཞེས་མཆོད་བརྗོད་དང་རྩོམ་པར་དམ་བཅས་མཚམས་སྦྱར་ནས། བསྟན་བཅོས་ཆེན་པོ་རི་ཆོས་ངེས་དོན་རྒྱ་མཚོ་ལས། དགོས་པ་བསྟན་པས་དྲང་དོན་དུ་འཁྲུལ་བའི་སྡིག་ལྟ་སྤངས་པ་ལ་གཉིས། ཞེས་པའི་བརྗོད་གཞི་ལས་བརྩམས་ཏེ་མཚན་དཔེ་གསལ་རྫོགས་ཀྱི་བདེ་གཤེགས་སྙིང་པོ་མདོ་སྡེ་ལང་གཤེགས་དང་། བསྟན་བཅོས་རྒྱུད་བླ་མ་ལས་དྲང་དོན་དུ་བསྟན་པ་རུང་མིན་ལ་དཔྱད་པ་ལ། རྩ་བའི་ས་བཅད་བརྒྱད་དུ་བཀྲམ་པ་ནི། ༡ ༽ རྩ་བའི་བསྟན་བཅོས་ཀྱི་བྱུང་རིམ། ༢ ༽ དབུ་སེམས་གང་དུ་བཀྲལ་ཚུལ། ༣ ༽ སྙིང་པོ་དྲང་དོན་དུ་བཞེད་པའི་ཚུལ། ༤ ༽ སྙིང་པོ་ངེས་དོན་དུ་བཞེད་པའི་ཚུལ། ༥ ༽ གདུལ་བྱ་མུ་སྟེགས་པ་བཀྲི་བའི་ཚུལ། ༦ ༽ སྙིང་པོ་དོན་ལ་གནས་པའི་སྒྲུབ་བྱེད་བརྒྱད། ༧ ༽ ཧ་ཅང་ཐལ་བའི་བསམས་པ་སྤངས་པ། ༨ ༽ བཤད་པ་མཇུག་གི་དོན་བསྡུ་བ།
༡ ༽ རྩ་བའི་བསྟན་བཅོས་ཀྱི་བྱུང་རིམ།
དབུ་མའི་བསྟན་བཅོས་ཆེན་པོ་རྒྱུད་བླ་མ་ཇི་ལྟར་དར་བའི་ཚུལ། བྱམས་ཆོས་སྡེ་ལྔ་ལས་རྒྱན་རྣམ་གཉིས་དང་དབུས་མཐའ་རྣམ་འབྱེད་ནི། འཕགས་པ་ཐོགས་མེད་ཀྱི་སྐུ་མཆེད་སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་དང་ཕྱོགས་གླང་སོགས་སློབ་བརྒྱུད་བཟང་བ་རྣམས་ཀྱིས་རྒྱ་ཆེར་སྤེལ་ཡང་ཐུན་མོང་མ་ཡིན་པ་གཞན་གྱི་བློར་ཤོང་དཀའ་བས་སློབ་མ་མཆོག་རྣམས་ལ་སྙན་ནས་སྙན་དུ་བརྒྱུད་པ་ཙམ་ལས་ཆེར་མ་བསྒྲགས་པར་རྒྱུད་བླ་མ་དང་ཆོས་ཉིད་རྣམ་འབྱེད་ཀྱི་དཔེ་གཏེར་དུ་སྦས། དེ་བས་ན་རྒྱན་རྣམ་གཉིས་དང་། དབུས་མཐའ་རྣམ་འབྱེད་གསུམ་བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་དཔལ་བརྩེགས་དང་ཞང་ཡེ་ཤེས་སྡེ་རྣམས་ཀྱིས་བོད་སྐད་དུ་བསྒྱུར་པ་དང་བཤད་པ་བཅས་མཛད། རྒྱུད་བླ་མ་དང་ཆོས་ཉིད་རྣམ་འབྱེད་རྩ་འགྲེལ་བཅས་ནི་ཕྱིས་སུ་མངའ་བདག་མེ་ཏྲི་པས་མཆོད་རྟེན་ཞིག་གི་བུག་པར་འོད་འབྱུང་བར་གཟིགས་ཏེ། དེ་ན་ཅི་ཡོད་བཙལ་བས་བསྟན་བཅོས་རྣམས་ཀྱི་གླེགས་བམ་རྙེད། རྗེ་བཙུན་བྱམས་པ་ལ་གསོལ་བ་བཏབ་པས་སྤྲིན་གྱི་མཐོངས་སུ་མངོན་སུམ་དུ་བྱོན་ཏེ་ལུང་ལེགས་པར་བསྩལ། དེས་པཎྜིཏ་དགའ་བའི་གྲགས་པ་ལ་གནང་། དེ་སྤྲང་པོའི་ཆས་ཀྱིས་ཁ་ཆེར་བྱོན་པ་ན་དཔལ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་གདུང་རབས་མང་པོར་པཎྜིཏ་བརྒྱུད་མར་བྱོན་པ་ལས་བྲམ་ཟེ་རིན་ཆེན་རྡོ་རྗེ་ཞེས་ཕྱི་ནང་གི་གྲུབ་མཐའ་མ་ལུས་ཁོང་དུ་ཆུད་ཅིང་གྲུབ་པ་བརྙེས། དབུས་ཀྱི་ཀ་ཆེན་དང་པོར་གྲགས་པའི་སྲས་པཎྜིཏ་སུགཏ་ཞེས་བྱ་བའི་སྲས་ཆེ་བ་པཎྜིཏ་སཛྫན་སྟེ་སྐྱེ་བོ་དམ་པར་གྲགས་པ་དེས་མཁས་པ་ཡིན་པར་ངོ་ཤེས་ནས་བསྟན་བཅོས་གཉིས་པོ་གསན། དེ་ནས་རྔོག་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་ཡུལ་དུ་ཆོས་གསན་བསམ་མཛད་པའི་སྐབས་སུ་གསན་ཏེ། གནས་དེ་ཉིད་དུ་བོད་ཀྱི་སྐད་ལ་བསྒྱུར་ནས་བོད་ཡུལ་དུ་བཤད་པ་རྒྱ་ཆེར་མཛད།
བོད་ལ་བྱམས་ཆོས་སྒོམ་ལུགས་པ་དང་། མཚན་ཉིད་པའི་ལུགས་གཉིས་སུ་གྲགས་པ་ལས། རྔོག་ལོ་ཆེན་པོའི་རྗེས་སུ་འབྲངས་ཏེ་བྱམས་ཆོས་ཀྱི་བཤད་སྲོལ་འཛིན་པའི་ལུགས་ནི་བྱམས་ཆོས་མཚན་ཉིད་པའི་ལུགས་ཡིན་པར་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་དབུ་མའི་བྱུང་ཚུལ་རྣམ་པར་བཤད་པའི་གཏམ་ཡིད་བཞིན་ལྷུན་པོར་གསུངས། བྱམས་ཆོས་སྒོམ་ལུགས་པ་ནི།བཤེས་གཉེན་གྲྭ་པ་མངོན་ཤེས་ཅན་གྱི་བུ་བཙན་ཁ་བོ་ཆེ་ཞེས་གྲགས་པ་རྔོག་ལོ་ཙཱ་བ་སོགས་དང་ལྷན་དུ་ཁ་ཆེར་ཕེབས་ནས། པཎྜིཏ་སཛྫན་ལ་ཁོ་བོས་བཅོམ་ལྡན་འདས་བྱམས་པའི་ཆོས་རྣམས་ལ་འཆི་ཆོས་བགྱིད་པ་ལགས། གདམས་པ་དང་བཅས་ཏེ་ཐུགས་ལ་གདགས་པར་ཞུས་པས། གཟུ་དགའ་བའི་རྡོ་རྗེས་ལོ་ཙཱ་བྱས་ནས་བྱམས་ཆོས་ལྔ་པོ་ཐམས་ཅད་གསུངས། རྒྱུད་བླ་མ་ལ་གདམས་པ་དང་བཅས་པ་ལེགས་པར་གནང་བས་བཙན་དྲི་མེད་ཤེས་རབ་ཀྱིས་བོད་དུ་བྱོན་ཏེ་དབུས་གཙང་རྣམས་སུ་བཤད་པ་མཛད། ལོ་ཙཱ་བ་གཟུ་དགའ་བའི་རྡོ་རྗེས། རྒྱུད་བླ་མ་ལ་པཎྜིཏ་སཛྫནའི་གསུང་དང་མཐུན་པར་ཊཱིཀ་མཛད་ཅིང་ཆོས་ཉིད་རྣམ་འབྱེད་རྩ་འགྲེལ་ཡང་བསྒྱུར། འདི་ལྟར་གཟུ་བཙན་གཉིས་ཀྱི་རྗེས་སུ་འབྲངས་ཏེ་བྱམས་ཆོས་ཀྱི་བཤད་སྲོལ་འཛིན་པ་དག་ལ་བྱམས་ཆོས་སྒོམ་ལུགས་པ་ཞེས་གྲགས་ཤིང་། ཐུན་མོང་མ་ཡིན་པའི་བཤད་པ་དང་ཉམས་ལེན་གྱི་རྒྱུན་ཁྱད་པར་དུ་འཕགས་པ་ཞིག་ཡོད་པར་བསྙད་། བྱུང་རིམ་འདི་ལྟར་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་རྒྱུད་བླ་མའི་རྣམ་བཤད་ལས་བཏུས་པ་ཡིན་མོད། པཎ་ཆེན་ཤཱཀྱ་མཆོག་ལྡན་ནི་འདི་དང་མི་འདྲ་བར་སཛྫནས་པཎྜིཏ་དགའ་བའི་གྲགས་པ་མ་བརྒྱུད་པར་མངའ་བདག་མཻ་ཏྲི་པ་ལ་དངོས་སུ་གསན་པར་བཞེད་པ་ཡིན་ནམ་སྙམ་ཏེ། དེ་ཉིད་ཀྱི་དབུ་མའི་བྱུང་ཚུལ་རྣམ་པར་བཤད་པའི་གཏམ་ཡིད་བཞིན་ལྷུན་པོ་ལས། བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་སད་ཛ་ན་ཞེས་པས་མེ་ཏྲི་པ་ལ་གསན་ཅིང་། རྔོག་ལོ་ཆེན་པོས་སད་ཛ་ན་ཉིད་ལས་གསན་ཅིང་། ཞེས་གསུངས།
བྱམས་ཆོས་སྒོམ་ལུགས་པའི་མཁས་གྲུབ་གསེར་རིའི་ཕྲེང་བ་ནི། རྗེ་བཙུན་ཏཱ་ར་ནཱ་ཐའི་ཟབ་མོ་གཞན་སྟོང་དབུ་མའི་རྒྱུད་འདེབས་སུ་རྒྱས་པར་གསལ་ལ། གཞན་སྟོང་སྙིང་པོ་ལས་ཀྱང་། བོད་དུ་ནི་ལོ་པཎ་དུ་མས་གཞུང་རྣམས་བསྒྱུར་ཀྱང་། གྲུབ་མཐའ་གཙང་མར་འཛིན་པ་ལོ་ཙཱ་བ་གཟུ་དགའ་བའི་རྡོ་རྗེ་དང་། བཙན་ཁ་བོ་ཆེ་སོགས་བྱམས་ཆོས་སྒོམ་ལུགས་པ་རྣམས་ཡིན་ཅིང་། ཁྱད་པར་དུ་གཞན་སྟོང་ཟབ་མོ་སེང་གེའི་སྒྲས་ས་སྟེང་ལ་ཁྱབ་པར་མཛད་པ་ནི། ཀུན་མཁྱེན་ཆེན་པོ་དོལ་པོ་པ་ཤེས་རབ་རྒྱལ་མཚན་ཡིན་ནོ། ། ཞེས་གསུངས། ལོ་ཆེན་དང་བཙན་ཁ་བོ་ཆེ་གཉིས་ནི་རྒྱུད་བླ་མའི་བཤད་པ་ཆེས་ཆེར་སྤེལ་མཁན་ཡིན་ཞིང་ཁོང་གཉིས་ལ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་བྱམས་པའི་ཆོས་ལ་ཞབས་ཏོག་རླབས་ཆེ་བ་མཆིས། རྔོག་ལོ་ཆེན་པོའི་སྔོན་དུ་བཙན་ཁ་བོ་ཆེ་བོད་ལ་ཕེབས་ནས་རྒྱུད་བླ་མའི་བཤད་པ་མཛད་དེ་བྱམས་ཆོས་བཙན་ལུགས་སམ་སྒོམ་ལུགས་སྔོན་དུ་དར་ལ། ཕྱིས་སུ་ནི་ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་བཤད་སྲོལ་དེ་ཆེས་ཆེར་སྤེལ་བར་སྣང་སྟེ། འགོས་ལོའི་དེབ་སྔོན་ལས། ཀུན་མཁྱེན་ཇོ་མོ་ནང་པས་དེ་བཞིན་གཤེགས་པའི་སྙིང་པོ་བདེན་རྟག་ཏུ་ཁས་བླངས་པ་ནོར་རོ་ཞེས་ཁ་ཟེར་བ་དག་ཡོད་ཀྱང་། རྒྱུད་བླ་མ་ཡི་དམ་དུ་བྱེད་པ་དབུས་གཙང་ན་མང་དུ་འདུག་པ་རྣམས་ནི་ཁོང་གི་དྲིན་ལས་ཡིན་པར་སྣང་ངོ་། ། ཞེས་བཤད་པས་ཤེས་ནུས། རྒྱུད་བླ་མ་འགྲེལ་བ་དང་བཅས་པ་ཇོ་བོ་དང་ནག་ཚོས་ཐོག་མར་བསྒྱུར། དེ་ནས་རྔོག་ལོ། སྤ་ཚབ་ལོ་ཙཱ་བ། ཡར་ཀླུངས་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་ཞིང་། ཇོ་ནང་ལོ་ཙཱ་བས་གཞུང་རྐྱང་བ་ལ་འགྱུར་མཛད་པ། མར་པ་དོ་པས་བྱམས་ཆོས་ལྔ་ཀ་ལ་འགྱུར་མཛད་པ་སོགས་དེབ་སྔོན་དུ་གསལ།
༢ ༽ དབུ་སེམས་གང་དུ་བཀྲལ་ཚུལ།
བསྟན་བཅོས་འདི་དབུ་སེམས་ཀྱི་བསྟན་བཅོས་གང་ཡིན་ལ། བོད་ཀྱི་མཁས་པ་དག་ལ་བཞེད་ཚུལ་མི་འདྲ་བ་དུ་མ་སྣང་ཏེ། རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་བྱམས་པའི་ཆོས་ལྔ་ཆ་སེམས་ཙམ་པའི་བསྟན་བཅོས་སུ་བཞེད་དེ། རྩེ་ཆེན་མཁན་པོའི་དྲིས་ལན་དུ། བྱམས་ཆོས་རྣམས་སེམས་ཙམ་དུ་ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པས་བཤད་ཅིང་། བྱམས་ཆོས་ཀྱིས་སེམས་ཙམ་མ་བསྟན་ན་ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པའི་གཞུང་རྣམས་ཀྱང་སེམས་ཙམ་མ་ཡིན་པར་མཚུངས་པས་སེམས་ཙམ་གྱི་གྲུབ་མཐའ་འཛིན་མཁན་སུ་ཡང་མི་རྙེད་པར་འགྱུར་བས་སོ། ། ཞེས་དང་། བླ་མ་འོད་ཟེར་རྒྱལ་མཚན་གྱི་ཞུས་ལན་ལས། དེ་དག་དབུ་མ་ཡིན་ན་ཡིན་མཉམ་དང་། སེམས་ཙམ་ཡིན་ན་ཡིན་མཉམ་དུ་འགྲོ་དགོས་པར་སྣང་ངོ་། ། ཞེས་བྱུང་བས་ལྔ་ཆར་སེམས་ཙམ་པའི་བསྟན་བཅོས་སུ་བཞེད་པར་སྣང་། འོན་ཀྱང་། འགོས་ལོའི་དེབ་སྔོན་ལས། རྗེ་བཙུན་རེད་མདའ་བས་དང་པོར་རྒྱུད་བླ་མ་སེམས་ཙམ་གྱི་བསྟན་བཅོས་སུ་མཛད་ནས་སེམས་ཙམ་པ་དང་མཐུན་པའི་ཊཱི་ཀ་ཡང་མཛད། ཕྱིེས་དབེན་པ་བརྟེན་ནས་ནི། དེ་ཕྱིར་རང་སེམས་རིག་སྟོང་དབྱེར་མེད་འདི། ། སེམས་ཅན་ཀུན་ལ་ཁྱབ་པར་ཡོད་གཟིགས་ནས། ། ས་འོག་གཏེར་དང་སྦྲུམ་མའི་མངལ་སོགས་དཔེས། ། འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་དུ་གསུངས། ། ཞེས་བྱ་བའི་མགུར་བླངས། ཞེས་ཀྱང་གསུངས།
གཞན་ཡང་རྗེ་ཙོང་ཁ་བ་ཡབ་སྲས་དང་ཀུན་མཁྱེན་གོ་རམས་པ་སོགས་མཁས་པ་མང་པོས་བྱམས་ཆོས་སྡེ་ལྔའི་ཐོག་མཐའ་གཉིས་དབུ་མའི་གཞུང་དང་བར་བ་གསུམ་སེམས་ཙམ་པའི་གཞུང་ཡིན་པར་བཞེད།ཚད་མ་ཉ་ལ་གཏུགས་ཕར་ཕྱིན་གཡག་ལ་གཏུགས། ཞེས་གྲགས་པ་བཞིན་ཤེར་ཕྱིན་ལ་དམིགས་ཕུག་པའི་མཁས་པ་ཆེན་པོ་གཡག་པས་ནི། བྱམས་ཆོས་ལྔ་ཆར་དབུ་མའི་གཞུང་དུ་བཞེད་དེ། རྒྱན་གྱི་གསལ་བྱེད་རིན་པོ་ཆེའི་སྒྲོན་མེ་ལས། བྱམས་ཆོས་ལྔའི་དགོངས་པ་དབུ་མར་གནས་པས་སེམས་ཙམ་སྨྲ་བའི་ལོག་རྟོག་རྒྱང་རིང་དུ་སྤང་བར་བྱའོ། །ཞེས་གསུངས་ལ། དེ་བཞིན་པཎ་ཆེན་ཤཱཀྱ་མཆོག་ལྡན་ཡང་བྱམས་ཆོས་ལྔ་ཆ་དབུ་མའི་བསྟན་བཅོས་སུ་བཞེད་པ་ནི། བྱམས་ཆོས་ལྔའི་ངེས་དོན་རབ་ཏུ་གསལ་བ་ལས། བྱམས་པ་རང་གི་གཞུང་ནས་འབྱུང་བའི་དབུ་མ་དེར་ནི་ལྔ་ཆར་གནས་ལ། ཐལ་རང་དུ་གྲགས་པའི་དབུ་མ་དེར་ནི་མངོན་རྟོགས་རྒྱན་དང་རྒྱུད་བླའི་དགོངས་པ་ཡང་མི་གནས་པའི་ཕྱིར། ཞེས་གསུངས་སོ། །
རྒྱལ་བ་ཇོ་ནང་པས་བྱམས་པའི་ཆོས་ལྔ་དབུ་མའི་གཞུང་ཙམ་དུ་མ་ཟད་འཇུག་པ་གཅིག་ལ་བརྩམས་པའི་གཞུང་གཅིག་ཡིན་པར་ཡང་བཞེད་དེ། འཇམ་མགོན་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་ལས། འགའ་ཞིག་བྱམས་ཆོས་རང་སྟོང་ཡིན་ཟེར་བ། ། རང་གི་འཁོར་ནང་དབང་ཆེའི་ཚིག་ཏུ་ཟད། ། རྒྱ་བོད་ཕལ་ཆེར་དེ་མི་འདོད་པས་བླ། ། བོད་རྣམས་ཐོག་ཐ་རང་སྟོང་ཡིན་ཟེར་བ། ། གཞུང་གཅིག་ཉིད་ལ་གྲུབ་མཐའ་གཉིས་ཡོད་སྐྱོན། ། ཁྱད་པར་རང་རང་གཞུང་དང་དངོས་སུ་འགལ། །ཞེས་གསུངས་ལ། དེ་བཞིན་དུ་ཅོ་ནེ་རྗེ་བཙུན་གྲགས་པ་བཤད་སྒྲུབ་ཀྱི་བྱམས་ཆོས་སྡེ་ལྔའི་བསྡུས་དོན་འཇམ་མགོན་དགྱེས་པའི་ཞལ་ལུང་ལས། མངོན་རྟོགས་རྒྱན་གྱི་ཐོག་མར་མཆོད་བརྗོད་ཡོད་ཅིང་རྒྱུད་བླ་མའི་མཇུག་ཏུ་བསྔོ་བ་སོགས་བྱུང་བ་ལྟར་ན་བྱམས་ཆོས་ལྔ་པོ་འཇུག་པ་གཅིག་ཏུ་བརྩམས་ཤིང་། ཐོག་མ་མངོན་རྟོགས་རྒྱན་དང་ཕྱི་མ་རྒྱུད་བླ་མར་སྣང་ངོ་། ། ཞེས་དང་། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་ཤེས་བྱ་ཀུན་ཁྱབ་ལས། འདི་དག་གི་གོ་རིམ་བོད་ཀྱི་མཁས་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ཀྱི་དགོངས་པ་འགྲེལ་བར་བྱེད་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་མཆོད་བརྗོད་དང་བཅས་པར་དང་པོར་མཛད་ལ། དེ་ནས་ཐེག་ཆེན་གྱི་མདོ་སྡེ་རྣམས་འཐོར་བ་བསྡུས་པ་ལྟ་བུའི་སྒོ་ནས་མདོ་རྒྱན་མཛད། འདི་གཉིས་ཀྱི་དོན་ཅུང་བསྡུས་པ་དབུས་མཐའ་རྣམ་འབྱེད་མཛད། དེ་དག་གི་དོན་ཤིན་ཏུ་བསྡུས་པ་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་མཛད། དེ་ནས་ཆོས་འཁོར་ཕྱི་མའི་དབང་དུ་བྱས་པའི་ངེས་དོན་གྱི་གསུང་རབ་ཕུལ་དུ་ཕྱིན་པའི་དགོངས་པ་འགྲེལ་བྱེད་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་བསྔོ་བ་དང་བཅས་པ་མཛད། དེ་ཡང་བར་པ་གསུམ་ལ་ནི་མཆོད་བརྗོད་དང་བསྔོ་བ་གང་ཡང་མེད་ཅིང་། དང་པོ་ལ་བསྔོ་བ། ཐ་མ་ལ་མཆོད་བརྗོད་མེད་པས་ཆོས་ལྔ་པོ་འདི་ལྟ་བུ་གོ་རིམ་འདི་ལྟར་དཀྱུས་ཐོག་གཅིག་ཏུ་མཛད་པ་ཡིན་ནོ། ། ཞེས་བཤད་དོ། ། ཞེས་གསུངས་སོ། །
༣ ༽ སྙིང་པོ་དྲང་དོན་དུ་བཞེད་པའི་ཚུལ།
གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་ལས། འོན་ཀྱང་འཁྲུལ་གཞི་འབྱུང་བ་ནི་བདེན་ཏེ་ཅུང་ཟད་མི་གསལ་བ་དང་།བསྡུས་པའི་ཚུལ་གྱིས་གཞན་སྟོང་བསྟན་པས་སོ།། དེའི་ཕྱིར་ཙནྡྲ་གོ་མི་དང་ཟླ་བ་གྲགས་པའི་རྩོད་པ་ལོ་བདུན་དུ་བྱུང་བ་ལ། མཁས་པའི་ཆེད་དུ་བརྗོད་པ་འདི་ཡུན་རིང་མོར་མ་ག་དྷའི་གྲོང་ཁྱེར་གྱི་ཁྱེའུ་བུ་མོ་ཚུན་ཆད་ཀྱང་གླུར་ལེན་ཏེ། ཀྱེ་མ་འཕགས་པ་ཀླུ་སྒྲུབ་གཞུང་། ། ལ་ལའི་སྨན་ལ་ལ་ལའི་དུག ། མི་ཕམ་འཕགས་པ་ཐོགས་མེད་གཞུང་། ། སྐྱེ་བོ་ཀུན་ལ་བདུད་རྩི་ཉིད། ། ཅེས་སྒྲོག་གོ་ཞེས་གསུངས་པ་བཞིན། རྒྱུད་བླ་མ་དང་ལང་གཤེགས་ལས། མཚན་དཔེ་གསལ་རྫོགས་ཀྱི་བདེ་གཤེགས་སྙིང་པོ་བསྟན་པ་དྲང་དོན་དུ་བཞེད་པ་ལ། རྒྱ་གར་བའི་མཁས་པ་སློབ་དཔོན་ཟླ་བ་གྲགས་པ་སོགས་མཚན་དཔེ་གསལ་རྫོགས་ཀྱི་བདེ་གཤེགས་སྙིང་པོ་ཆོས་ཉིད་དེ་བཞིན་ཉིད་དུ་མི་འཐད་པར་བཞེད་དེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སོགས་སུ་ཁམས་བདེ་བར་གཤེགས་པ་བསྟན་པ་ནི་དྲང་དོན་དུ་མདོ་སྡེ་ལང་གཤེགས་ལས་གསུངས་པར་དགོངས་ཏེ། དབུ་མ་འཇུག་པ་ལས། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། ། དྲང་དོན་ཉིད་དུ་ལུང་འདིས་གསལ་བྱེད། ། ཅེས་དང་། རང་འགྲེལ་ལས། རྣམ་པ་དེ་ལྟའི་མདོ་སྡེ་ནི་གང་ཡིན་ཞེ་ན། ཞེས་པ་ནས། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མདོ་བརྗོད་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ན་མཆིས་པར་བརྗོད་དེ། ཞེས་སོགས་ཀྱི་མདོ་ལང་གཤེགས་དྲངས་ནས་བསྒྲུབས།
དེ་བཞིན་དུ་བོད་ཀྱི་མཁས་པའི་ཁྲོད་ནས་བུ་སྟོན་རིན་པོ་ཆེ་དང་། རྗེ་ཙོང་ཁ་བ་ཡབ་སྲས་ཀུན་མཁྱེན་གོ་རམས་པ་སོགས་བདེ་གཤེགས་སྙིང་པོ་དྲང་དོན་དུ་གསུངས་ཚུལ་ནི། མཁན་ཆེན་བུ་སྟོན་པས། ཉིད་ཀྱི་བསྟན་བཅོས་བདེ་གཤེགས་སྙིང་པོ་གསལ་ཞིང་མཛེས་པའི་རྒྱན་དུ། ཤིན་ཏུ་ཟབ་པའི་མདོ་སྡེ་ཐ་མ་རྣམས་ལས་དེ་བཞིན་གཤེགས་པའི་སྙིང་པོའི་དོན་རྒྱ་ཆེར་གསུངས་པ་རྣམས་དགོངས་ཏེ་གསུངས་པ་ཁོ་ན་ཡིན་པས་སྒྲ་ཇི་བཞིན་པ་གཟུང་མི་རུང་བར། ཀུན་གཞི་རྣམ་ཤེས་ལ་དགོངས་ཏེ་གསུངས་པ་ནི། ཐོགས་མེད་ཀྱིས། ཆོས་མངོན་པའི་མདོའི་ལུང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས། ། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། ། དེ་ཡོད་པས་ན་འགྲོ་ཀུན་དང་། ། མྱ་ངན་འདས་པ་འཐོབ་པར་འགྱུར། ། ཞེས་པ་ཐེག་བསྡུས་སུ་ཀུན་གཞི་རྣམ་ཤེས་ཀྱི་ཤེས་བྱེད་དུ་སྦྱར་བ་དང་། རྒྱུད་བླའི་འགྲེལ་པར་དེ་བཞིན་གཤེགས་སྙིང་པོའི་སྒྲུབ་བྱེད་དུ་སྦྱར་བས་རྟོགས་པར་བསྒྲུབས་ལ། རྒྱན་སྟུག་པོ་བཀོད་པ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་བོ་དགེ་བའང་དེ། ། སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། ། དེ་བཞིན་གཤེགས་རྣམས་སྟོན་པར་མཛད། ། ཅེས་པ་དང་། ལང་གཤེགས་ལས། བློ་གྲོས་ཆེན་པོ་ཀུན་གཞི་རྣམ་པར་ཤེས་པ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ་ཡིད་དང་ལྷན་ཅིག་པ་ནི། ཞེས་སོགས་དྲངས་ཏེ། ཀུན་གཞི་རྣམ་ཤེས་ལ་དགོངས་ཏེ་བདེ་གཤེགས་སྙིང་པོ་གསུངས་པར་བཞེད། འདི་ལ་ཀུན་མཁྱེན་ཕྱོགས་རྒྱལ་བས། བདེ་གཤེགས་སྙིང་པོའི་རྒྱན་གྱི་འཁྲུལ་འཇོམས་ཞེས་བྱ་བ་མཛད།
རྗེ་ཙོང་ཁ་བ་ཡབ་སྲས་ཀྱིས་དགོངས་གཞི་སྟོང་ཉིད་ལ་དགོངས་ནས་བདེ་གཤེགས་སྙིང་པོ་མཚན་དཔེ་གསལ་རྫོགས་ཀྱི་དེ་བཞིན་ཉིད་གསུངས་པ་བཞེད་དེ། རྗེའི་དགོངས་པ་རབ་གསལ་ལས། དེའི་ལན་དུ་དེ་ལྟར་བསྟན་པ་དེ་སྒྲ་ཇི་བཞིན་པ་མིན་པས་མུ་སྟེགས་ཀྱི་བདག་དང་མི་འདྲ་ཞེས་འཆད་པ་ན། གང་ལ་དགོངས་ནས་གསུངས་པའི་དགོངས་གཞི་ནི་སྟོང་ཉིད་དང་མཚན་མེད་དང་སྨོན་མེད་ནི་ཆོས་ཀྱི་བདག་མེད་པའོ། ། ཞེས་དང་། རྒྱལ་ཚབ་རིན་པོ་ཆེའི་དར་ཊཱིཀ་ལས། ཆོས་ཀྱི་འཁོར་ལོ་བར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་སྟོང་ཕྲག་བརྒྱ་བ་དང་བརྒྱད་སྟོང་བ་ལ་སོགས་པ་མདོ་དེ་དང་དེར་དང་ཤེས་བྱ་ཐམས་ཅད་སྤྲིན་དང་རྨི་ལམ་དང་སྒྱུ་མ་བཞིན་དུ་རྣམ་པ་ཀུན་ཏུ་རང་བཞིན་གྱིས་གྲུབ་པས་སྟོང་བའོ་ཞེས། གློ་བུར་བ་ལྟར་གསུངས་ནས་ཡང་ཆོས་ཀྱི་འཁོར་ལོ་ཐ་མ་དེ་བཞིན་གཤེགས་པའི་སྙིང་བོའི་མདོ་དང་དཔལ་ཕྲེང་གི་མདོ་ལ་སོགས་པ་འདིར་རྒྱལ་བ་རྣམས་སེམས་ཅན་ཐམས་ཅད་ལ་སེམས་ཀྱི་རང་བཞིན་ལ་ཞུགས་པའི་སངས་རྒྱས་ཀྱི་སྙིང་བོ་ཡོད་ཅེས་ཅི་སྟེ་གསུངས་སྟེ་གློ་བུར་བ་ཡིན་པ་དང་རང་བཞིན་ལ་ཞུགས་པ་གཉིས་འགལ་བའི་ཕྱིར་ཞེས་འགལ་བར་རྩོད་པ་དང་། ཡང་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་ཅེས་ཅི་སྟེ་གསུང་སྟེ་གསུངས་པ་ལ་དགོས་པ་མེད་དེ། བྱིས་པ་རྣམས་ལ་གསུང་དགོས་ན་དེ་དག་ལ་བསྟན་ཡང་རྟོགས་མི་ནུས་པའི་ཕྱིར་རོ། ། ཞེས་འགལ་བར་རྩོད་པ་དང་། དགོས་པ་མེད་པའི་རྩོད་པ་གཉི་ག་ཞུགས་ཤིང་ལན་གྱི་སྐབས་སུ་ཡང་གཉི་ག་འབྱུང་ངོ་། ། ཞེས་དང་། ལན་གྱི་སྐབས་སུ། དེ་ཉིད་ལས། སེམས་ཞུམ་སེམས་ཅན་དམན་ལ་ཉེས་པ་དང་། ། ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། ། བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། ། ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། ། སངས་རྒྱས་ཀྱི་ཆོས་ཐམས་ཅད་འབྱུང་རུང་གི་གཞི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་པ་ལ་དགོས་པ་ཡོད་དེ། ཅེས་གསུངས་པས་དགོས་པ་བསྟན་པ་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་གྱི་བདེ་གཤེགས་སྙིང་བོ་ཡོད་པར་བསྟན་པ་དྲང་དོན་དུ་བསྟན་པར་བཞེད་པ་ཡིན་ནམ་སྙམ་ཏེ། དྲང་དོན་ཞེས་པའི་ཚིག་དངོས་སུ་མ་ཐོན་ཡང་། ལང་གཤེགས་ཀྱི་སྐབས་སུ་དྲང་དོན་དུ་གསུངས་པ་བཞེད་ཅིང་། འདིར་ཡང་བདེ་གཤེགས་སྙིང་པོ་བསྟན་པ་ལ་འགལ་བ་སྤངས་བས་སོ།།
འོན་ཀྱང་། དེ་བཞིན་གཤེགས་པའི་སྙིང་བོའི་མདོ་དྲང་དོན་དུ་འགྲེལ་བ་མ་ཡིན་ཏེ། དེ་ཉིད་ལས། ཁ་ཅིག་ལང་ཀར་གཤེགས་པ་ལས། དེ་བཞིན་གཤེགས་པའི་སྙིང་བོ་རྟག་དངོས་སུ་གསུངས་པའི་མདོ་ཁ་ཅིག་དྲང་དོན་དུ་བསྟན་པའི་མདོའི་མཚན་གཞི་དེ་བཞིན་གཤེགས་པའི་སྙིང་པོའི་མདོར་བྱེད་པ་ནི། དགོངས་པ་ཕྱིན་ཅི་ལོག་ཏུ་ཤེས་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྙིང་བོའི་མདོ་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་བའི་དོན་དུ་བྱེད་ན། འོག་ནས་ཁམས་བསྟན་པའི་དགོས་པ་སྟོན་པའི་རྩོད་ལན་འབྲེལ་ཅུང་ཟད་ཀྱང་མེད་པར་འགྱུར་བའི་ཕྱིར་དང་། ཞེས་དང་། ཡང་དེ་ཉིད་ལས། དེས་ན་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཡང་ཤེར་ཕྱིན་གྱི་མདོ་དང་འདྲ་བར་ངེས་དོན་གྱི་མདོ་སྡེ་མཐར་ཐུག་པར་ཤེས་པར་བྱའོ། ། ཞེས་གསུངས་པ་ལྟར་ན། ལང་གཤེགས་ལས་དྲང་དོན་དུ་འགྲེལ་རྒྱུའི་མདོ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་མི་འཇོག་པར་མདོ་གཞན་ཞིག་དྲང་དོན་དུ་འགྲེལ་བ་ཡིན་པ་ལྟ་བུར་མངོན་ཡང་། ལང་ཀར་གཤེགས་པ་ལས། བཅོམ་འདས་ཀྱིས་མདོ་བརྗོད་པ་ལས། ཞེས་པའི་སྐབས་ཀྱི་མདོ་སྡེ་ཡི་གསུང་ཚུལ་ཇི་ལྟར་བཀོད་པ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ན་ཡང་གསལ་བ་མིན་ནམ་སྙམ་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་དག དེ་བཞིན་དུ་དེ་བཞིན་གཤེགས་པའང་དེ་བཞིན་གཤེགས་པའི་སྤྱན་གྱིས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཉིད། སངས་རྒྱས་ཉིད།རང་བྱུང་ཉིད་ཉོན་མོངས་པའི་སྤུབས་ཀྱི་ཤུན་པས་དཀྲིས་ཤིང་གནས་པར་མཐོང་ངོ་། ། ཞེས་དང་། ཡང་དེ་ཉིད་ལས། སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་མིག་ཤིན་ཏུ་ཡོངས་སུ་དག་པས་སེེམས་ཅན་ཐམས་ཅད་ལ་དེ་ལྟ་བུར་མཐོང་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཛོད་ཡོངས་སུ་སྦྱང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ཏོ། ། ཞེས་དང་། དེ་ཉིད་ལས། ངས་ནི་ཉོན་མོངས་དཀྲིས་པའི་ནང་དག་ན། ། རྒྱལ་བའི་སྐུ་ནི་མཉམ་པར་བཞག་གྱུར་ལ། ། དེ་ནི་གཡོ་བ་མེད་ཅིང་མི་འགྱུར་ཡང་། ། དེ་ཡོངས་ཐར་བྱེད་གང་ཡང་མེད་པར་མཐོང་། ། ཞེས་པ་ནས། དེ་ལྟར་སེམས་ཅན་ཆོས་ཉིད་འདི་འདྲར་རྟག ། འདི་ན་ཡོངས་སུ་དཀྲིས་པའི་རྒྱལ་བ་བཞུགས། ། ཞེས་གསུངས་སོ། ། དེ་ལྟ་དེ་ལྟར་དུ་ལང་གཤེགས་ལས་མདོའི་གསུང་ཚུལ་བཀོད་པའི་ཚིག་རིས་ཇི་བཞིན་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ན་མི་གསལ་ཀྱང་། ལང་གཤེགས་ལས་མདོ་དེའི་གསུང་ཚུལ་དོན་བསྡུས་ནས་བཀོད་པ་ཡིན་སྲིད་ལ། མདོ་གཅིག་ཡིན་ཡང་འགྱུར་གྱི་ཁྱད་པར་དབང་གིས་ཚིག་མི་འདྲ་བ་ཅི་རིགས་འབྱུང་སྲིད་པ་སོགས་དཔྱད་པར་བྱ་བ་ཅུང་ཙམ་སྣང་མོད་འདིར་མ་སྤྲོས།
ཀུན་མཁྱེན་གོ་རམས་པས་ཀྱང་སྙིང་པོའི་དགོངས་གཞི་སྟོང་ཉིད་ལ་བཞེད་པ་ནི། ལྟ་བ་ངན་སེལ་ལས། སྒྲུབ་པའི་ཚུལ་གྱིས་ཡོད་པའི་དགོངས་གཞི་སྤྲོས་བྲལ་དང་། དགོས་པ་སྐྱོན་ལྔ་སྤོང་བ་དང་། ཞེས་གསུངས་སོ། །
༤ ༽ སྙིང་པོ་ངེས་དོན་དུ་བཞེད་པའི་ཚུལ།
རྒྱུད་བླ་མ་ལས། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། ། ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། ། གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། ། སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། ། ཞེས་པའི་འགྲེལ་དུ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས། རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་ལས། དཔེར་ན་མི་བརྟན་ཞིང་རང་བཞིན་མེད་པ་སྤྲིན་གྱི་རྣམ་པ་ཇི་ལྟ་བ་བཞིན་དང་། ལོངས་སྤྱོད་ཅིང་ཉམས་སུ་མྱོང་ཡང་རང་བཞིན་མེད་པ་རྨི་ལམ་གྱི་སྣང་བ་ཇི་ལྟ་བ་་བཞིན་དང་། སྣ་ཚོགས་སུ་སྣང་ཡང་རང་བཞིན་མེད་པ་སྒྱུ་མའི་གཟུགས་བརྙན་ཇི་ལྟ་བ་བཞིན་དུ། བཀའ་བར་པ་མཚན་ཉིད་མེད་པ་སྟོན་པའི་མདོ་སྡེ་རྒྱལ་བའི་ཡུམ་རྒྱས་འབྲིང་ལ་སོགས་པ་དེ་དང་དེར་ཤེས་པར་བྱ་བ་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་སྣང་ཡང་རྣམ་པ་མ་ལུས་པ་ཀུན་ཏུ་སྟོང་ཞིང་རང་བཞིན་མེད་པའོ། ། ཞེས་རྒྱ་ཆེར་གསུངས་ནས་སླར་ཡང་བཀའ་ཐ་མ། དོན་དམ་རྣམ་པར་ངེས་པའི་གསུང་རབ་དེ་བཞིན་གཤེགས་པའི་སྙིང་བོའི་མདོ་ལ་སོགས་པ་རབ་ཏུ་མང་པོ་འདིར། རྒྱལ་བ་རྫོགས་པའི་སངས་རྒྱས་བདེན་པ་གསུང་བ་རྣམས། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་། འོད་གསལ་བ་གདོད་མ་ནས་ལྷུན་གྱིས་གྲུབ་པར་ཡོད་དོ་ཞེས་ཅི་སྟེ་གསུངས། སྔར་མེད་པར་གསུངས་པ་དང་འདིར་ཡོད་པར་གསུངས་པ་དག་འགལ་བ་མ་ཡིན་ནམ་ཞེ་ན། ལན་ནི་འགལ་བའི་སྐྱོན་ཡོད་པ་མ་ཡིན་ཏེ། སྔར་མེད་པར་གསུངས་པ་ནི་བདེན་དངོས་སུ་འཛིན་པ་དགག་པའི་ཆེད་དུ་གློ་བུར་གྱི་དྲི་མ་རྣམས་མེད་པར་བསྟན་པ་ཡིན་ལ། འདིར་ཡོད་པར་གསུངས་པ་ནི་དགོས་པ་ཁྱད་པར་ཅན་ལྔའི་ཆེད་དུ་ཆོས་ཀྱི་དབྱིངས་ཡོད་པར་བསྟན་པའོ། ། ཞེས་དང་། དགོས་པ་ཁྱད་པར་ཅན་ལྔ་འཆད་པ་ལ། རྒྱུད་བླ་མ་ལས། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། ། ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། ། བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། ། ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། ། ཞེས་དང་། དེ་ཉིད་ལས། ཡང་དག་མཐའ་ནི་འདས་བྱས་ཀྱིས། ། རྣམ་པ་ཐམས་ཅད་དབེན་པ་སྟེ། ། ཞེས་སྟོང་ཉིད་བསྟན་པ་ལ་འགལ་སྤོང་མཛད་པ་ལ། རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་ལས། དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཉིད་ངེས་པའི་དོན་ཡིན་ན། རྒྱལ་བའི་ཡུམ་ལ་སོགས་པ་ལས། ཆོས་ཐམས་ཅད་སྟོང་པ་ཉིད་དེ། སྤྲིན་དང་རྨི་ལམ་དང་སྒྱུ་མ་བཞིན་དུ་སྣང་ཡང་རང་བཞིན་མེད་པའོ། ། ཞེས་གསུངས་པའི་དགོངས་པ་གང་ཡིན་ཞེ་ན། ཕྱིན་ཅི་ལོག་མེད་པའི་དམིགས་པ་ཡང་དག་པའི་མཐའ་དོན་དམ་ཆོས་ཀྱི་དབྱིངས་འདུས་མ་བྱས་པ་ནི་ཀུན་རྫོབ་འདུས་བྱས་གློ་བུར་གྱི་དྲི་མ་སྐྱེ་བ་དང་འཇིག་པ་དང་གནས་པའི་རྣམ་པར་སྣང་བ་ཐམས་ཅད་ཀྱིས་དབེན་ཞིང་སྟོང་པ་ལ་དགོངས་ནས་རང་བཞིན་མེད་པར་གསུངས་པ་སྟེ། ཞེས་དང་། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཞེས་བདེ་གཤེགས་སྙིང་པོ་དྲང་དོན་དུ་གསུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གཞུང་དེ་ལ་དྲང་དོན་དུ་སྟོན་པའི་ཚིག་ནི་འགའ་ཡང་མེད་དོ། ། གལ་ཏེ་དེ་སྤང་དོན་དུ་གསུངས། ཞེས་པ་འདིས་དྲང་དོན་དུ་གྲུབ་བོ་ཞེ་ན། དེ་ནི་དགོས་པ་བསྟན་པ་ཡིན་ཏེ། འདི་ཉིད་ཀྱི་སྔ་འགྲེལ་དུ། ཁམས་འདི་བལྟ་བར་དཀའ་བ་དེས་ན་བྱིས་པ་སོ་སོའི་སྐྱེ་བོ་ལ་བརྩམས་ཏེ་བསྟན་པས་ཅི་ཞིག་བྱ་ཞེ་ན། བསྟན་པའི་དགོས་པ་སྡུད་པའི་ཚིགས་སུ་བཅད་པ་གཉིས་ཏེ། གཅིག་གིས་ནི་དྲིས་ལ། གཉིས་པས་ནི་ལན་བསྟན་པའོ། །ཞེས་གསུངས་པའི་ཕྱིར་རོ། ། ཞེས་སོ། ། རྒྱལ་བ་ཇོ་ནང་བའི་རྒྱུད་བླ་མའི་འགྲེལ་བྱེད་གཞན་དག་ལས་ཀྱང་དེ་བཞིན་དུ་དགོས་པ་བསྟན་པར་གསུངས་མོད། ཇོ་ནང་བ་ནི་རྒྱུད་བླའི་འགྲེལ་བ་ཆེས་མང་ཤོས་ཤིག་ཡིན་པར་འདུག་པས་རེ་རེ་བཞིན་དྲངས་མ་ནུས།
བཅོམ་ལྡན་རིག་པའི་རལ་གྲིས་ཀྱང་དགོས་པ་བསྟན་པར་བཞེད་པ་ནི། རྒྱུད་བླའི་ཊཱི་ཀ་རྒྱན་གྱི་མེ་ཏོག་ལས། བཞི་པ་ཁམས་བསྟན་པའི་དགོས་པ་ནི་སྤྲིན་དང་ཞེས་པ་སྟེ། ཡང་དག་མཐའ་ལ་སོགས་པ་ནི་སྤྲིན་ལ་སོགས་པའི་དཔེ་བསྟན་ཏེ་སྔར་ནི་འཁོར་ལོ་གཉིས་པར་རོ། ། བླ་མའི་རྒྱུད་ནི་དེ་བཞིན་པའི་སྙིང་པོ་ལ་སོགས་མདོ་རྒྱུད་ཟམ་མོ་རྣམས་སོ། ། འདིས་ཁམས་དྲང་དོན་འཆད་པ་ནི་མ་ཡིན་གྱི་དེ་བསྟན་པས་དགོས་པ་ཡིན་ཏེ་སྙིང་པོའི་དོན་ནི་སངས་རྒྱས་ཀྱི་ཆོས་ནམ་མཁའ་དང་འདྲ་བ་སྙིང་པོ་མེད་པ་ལ་སྙིང་པོའི་སྒྲས་བསྟན་པ་ཡིན་ནོ། ། ཞེས་དང་། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་རྒྱུད་བླའི་རྣམ་བཤད་ལས། མདོ་སྔ་ཕྱི་མི་འགལ་བའི་ཚུལ་འོག་ཏུ་འཆད་ལ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པར་བདེ་གཤེགས་སྙིང་པོ་ཡོད་པར་གསུངས་པའི་དགོས་པ་གཞུང་འདིས་འཆད་པ་ཡིན་ནོ། ། ཞེས་དང་།དེ་བཞིན་དུ་མདོ་སྡེ་ལང་གཤེགས་ལས། བདེ་གཤེགས་སྙིང་པོ་བསྟན་པའི་དགོས་པ་བསྟན་པ་ལས་དེ་ཉིད་དྲང་དོན་དུ་འགྲེལ་བ་མ་ཡིན་ཏེ། ལང་གཤེགས་ལས། བློ་གྲོས་ཆེན་པོ་ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། ཞེས་པ་ནས། དེ་བཞིན་གཤེགས་པོ་སྙིང་པོར་བསྟན་པ་བྱས་ནས་བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། ཞེས་དང་། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་བས་ན་དྲང་དོན་དང་གདུལ་བྱ་དྲང་བའི་ཕྱིར་དུ་གསུངས་པ་ལ་ཁྱད་པར་ཆེན་པོ་ཡོད་ཀྱང་དེ་མ་རྟོགས་པ་ཁ་ཅིག ལང་ཀར་གཤེགས་པ་ལས་བདེ་གཤེགས་སྙིང་པོ་དྲང་དོན་དུ་གསུངས་ཞེས་འཁྲུལ་བའི་གཞི་ནི་དེ་ཡིན་ཏེ། གཞུང་འདིར་དྲང་དོན་ཞེས་གསུངས་པ་མེད་པའི་ཕྱིར་རོ། ། ཞེས་སོ། །
༥༽ གདུལ་བྱ་མུ་སྟེགས་པ་བཀྲི་བའི་ཚུལ།
རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་ལ་སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་མྱ་ངན་ལས་འདས་པ་དང་མ་སྐྱེས་པ་དང་། མཚན་མ་མེད་པ་དང་བདག་མེད་པའི་གཞི་དང་། བདེ་གཤེགས་སྙིང་བོ་[དོན]་གཅིག་མོད་ཀྱི། སྟོང་པ་ཉིད་དང་བདག་མེད་པ་ལ་སོགས་པའི་[མིང་གི]སྒོ་ནས་བསྟན་ན། ཁ་ཅིག་མིང་ཙམ་ལས་སྐྲག་པ་སྐྱེ་བར་གཟིགས་ནས། ཞེས་གསུངས་པ་ལྟར། དེ་ཡང་བདག་ཅེས་པ་སྤྱི་སྒྲ་ཡིན་པས་མུ་སྟེགས་པས་ཀུན་བཏགས་པའི་བདག་དང་། དེ་བཞིན་ཉིད་དམ་པའི་བདག་ལའང་འཇུག་པས། བདག་ལ་གོམས་འདྲིས་ཆེས་ཆེ་བར་བརྟེན། བདེ་གཤེགས་སྙིང་པོ་དམ་པའི་བདག་གི་སྒྲས་བསྟན་ན་ཆེད་དུ་བྱ་བའི་གདུལ་བྱ་མིན་ཡང་མུ་སྟེགས་པ་ཁ་ཅིག་སྐྲག་པ་མི་སྐྱེ་བར་བསྟན་པ་ཞུགས་པའི་སྐལ་བ་དང་ལྡན་ལ། གཞན་སྟོང་ཉིད་དང་བདག་མེད་སོགས་ཀྱིས་སྒྲས་མིང་ཙམ་གྱིས་འཇིགས་པ་སྐྱེ་བ་དག་བསྟན་པ་ལ་ཁ་དྲང་བའི་ཕྱིར། བདེ་གཤེགས་སྙིང་པོའི་སྒྲས་བསྟན་པ་ནི། མདོ་ལང་གཤེགས་ལས། དེ་བཞིན་གཤེགས་པའི་སྙིང་བོ་བསྟན་པ་བྱས་ནས་བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོ་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། ། བློ་གྲོས་ཆེན་པོ་དཔེར་ན་རྫ་མཁན་ནི་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས། ལག་པ་དང་བཟོ་དང་ལག་ཟུངས་དང་ཆུ་དང་སྲད་པུ་དང་ནན་ཏན་དང་ལྡན་པ་ལས་སྣོད་རྣམ་པ་སྣ་ཚོགས་བྱེད་དོ། ། བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ལ་བདག་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང་ཐབས་མཁས་པ་དང་ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་འམ་བདག་མེད་པ་བསྟན་པས་ཀྱང་རུང་སྟེ། རྫ་མཁན་བཞིན་དུ་ཚིག་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཏོ། ། ཞེས་དང་། རི་ཆོས་ངེས་དོན་རྒྱ་མཚོ་ལས། མིང་གི་རྣམ་གྲངས་ཤིན་ཏུ་མང་པོ་རྣམས་ཀྱིས་གསུངས་པ་ལས་འདིར་མུ་སྟེགས་བྱེད་འགའ་ཞིག་ལ་སྟོང་པ་ཉིད་དང་བདག་མེད་པའི་མིང་གིས་བསྟན་ན་དོན་དུ་མི་འགྱུར་ཞིང་། བདེ་གཤེགས་སྙིང་པོའི་མིང་གིས་བསྟན་ན་དོན་ཆེན་པོར་འགྱུར་བ་གཟིགས་ནས་དེ་སྐད་གསུངས་ཞེས་པའི་དོན་ཏེ། ཞེས་གསུངས་སོ། ། བདེ་གཤེགས་སྙིང་པོ་དམ་པའི་བདག་ཏུ་སྟོན་པའི་མདོ་བསྟན་བཅོས་ཀྱི་ལུང་ཤིན་ཏུ་མང་ཡང་འདིར་ཡིག་ཚོགས་སྐྱུང་བའི་ཆེད་དུ་མ་བྲིས། རི་ཆོས་དང་འཁྲུལ་འཇོམས་སུ་དྲངས་བས་དེར་གཟིགས་པར་ཞུའོ། །
༦༽ སྙིང་པོ་དོན་ལ་གནས་པའི་སྒྲུབ་བྱེད་བརྒྱད།
སྒྲུབ་བྱེད་དང་པོ། དགོས་པ་བསྟན་པས་དྲང་དོན་ཡིན་ན། ངེས་དོན་གྱི་མདོ་རྣམས་ཀྱིས་ཀྱང་དགོས་པ་བསྟན་པའི་ཕྱིར་ཧ་ཅང་ཐལ་བར་འགྱུར་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། དགོས་པ་བསྟན་པས་དྲང་དོན་འགྱུར་ན་ནི། དགོས་པ་བསྟན་པའི་ངེས་དོན་རྣམས་ལ་ཡང་དྲང་དོན་གྱི་ཁྱབ་པར་ཧ་ཅང་ཐལ་བར་འགྱུར་རོ། ། ཞེས་དང་། ཞང་སྟོན་བསོད་ནམས་གྲགས་པའི་རྒྱུད་བླའི་འགྲེལ་བ་འཁོར་ལོ་ཐ་མའི་གསལ་བྱེད་ལས། འདི་ནི་རྣམ་པར་འཁྱམས་པ་སྟེ། ཅིའི་ཕྱིར་ན་ལུང་དེ་གཉིས་ནི་སྙིང་པོ་བསྟན་པའི་དགོངས་པ་བསྟན་པ་ཡིན་ལ། དགོས་པ་བསྟན་པས་དྲང་དོན་དུ་འགྱུར་ན་ནི། ངེས་དོན་དུ་བསྟན་པ་མང་པོ་ཡང་དྲང་དོན་དུ་འགྱུར་རོ། ། ཞེས་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་ལས། ཆོས་དེ་གསུངས་པའི་དགོས་པ་བསྟན་པ་ཀུན། ། དྲང་དོན་ཡིན་པར་འདོད་མོད་དམ་ཆོས་ཀུན། ། གདུལ་བྱའི་དོན་ཕྱིར་དྲང་དོན་ཉིད་དུ་འགྱུར། ། ཞེས་གསུངས་པའི་ཕྱིར་དང་། གཞན་ཡང་། བླ་མ་མི་ཕམ་པའི་དུས་འཁོར་ནང་ལེའུའི་འགྲེལ་བ་ལས། དབང་ཕྱུག་ནག་པོའི་གཞུང་ལས། སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། ། ཞེས་པ་དང་ཚུལ་མཐུན་པའི་སྒོ་ནས་ཡང་དག་པའི་ཆོས་བསྟན་པ། མཐུན་པས་མཐུན་པ་འདུལ་བའི་ཐབས་མཁས་ཀྱང་ཡིན་ལ། ཡང་དག་པའི་དོན་དུའང་དེ་ལྟར་ཡིན་ཏེ་དྲང་དོན་ཙམ་ནི་མ་ཡིན་ནོ། ། ཞེས་གསུངས་པ་ལྟར། གྲངས་ཅན་པ་འདུལ་བའི་ཆེད་དེའི་བསམ་པ་དང་མཐུན་པའི་ཚུལ་གྱིས་རྒྱུད་ཀྱང་གསུངས་པ་ན། བླ་མེད་ཀྱི་རྒྱུད་ལ་ཡང་དྲང་དོན་ཡོད་པར་ཐལ་བར་འགྱུར་རོ། །
སྒྲུབ་བྱེད་གཉིས་པ། འཕགས་པ་ཐོགས་མེད་ཀྱི་ཐོགས་འགྲེལ་ལས། དེ་ལ་ཚུལ་གཅིག་པོ་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཡེ་ཤེས་ཀྱི་སྒོ་རྟོགས་ནས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུ་རང་བཞིན་གྱིས་ཡོངས་སུ་དག་པ་ལ་བལྟ་བ་གང་ཡིན་པ་འདི་ནི། འདིར་གང་གིས་ས་བཅུ་ལ་གནས་པའི་བྱུང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྙིང་པོ་ཅུང་ཟད་མཐོང་ངོ་ཞེས་གསུངས་པས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་ཀྱིས་ཀུན་མཐོང་བར་འདོད་དོ། ། ཞེས་པ་ནས། སྨྲས་པ་གལ་ཏེ་དེ་ལྟར་ཆགས་པ་མེད་པའི་མཐར་ཕྱིན་པའི་ས་ལ་གནས་པའི་འཕགས་པའི་མཆོག་རྣམས་ཀྱི་ཡང་ཐམས་ཅད་ཡུལ་མ་ཡིན་ན། ཁམས་འདི་བལྟ་བར་དཀའ་བ་དེས་ན་བྱིས་པ་སོ་སོའི་སྐྱེ་བོ་ལས་བརྩམས་ཏེ། བསྟན་པ་འདིས་ནི་ཅི་ཞིག་བྱ་ཞེ་ན། བསྟན་པའི་དགོས་པ་སྡུད་པའི་ཚིགས་སུ་བཅད་པ་གཉིས་ཏེ། གཅིག་གིས་ནི་དྲིས་ལ་གཉིས་པས་ནི་ལན་བསྟན་པའོ། །ཞེས་གསུངས་པ་དེ་བཞིན་དུ། ཁམས་འདི་འཕགས་པ་ས་བཅུ་པ་རྣམས་ཀྱིས་ཀྱང་རྟོགས་པར་དཀའ་བ་དེའི་ཕྱིར། སོ་སྐྱེ་ལ་བསྟན་པ་དགོས་མེད་ཀྱི་གླེང་བསླངས་ཏེ་མཚམས་སྦྱར་བ་འདིས། སྙིང་པོ་ངེས་དོན་ཡིན་པར་ཤིན་ཏུ་གསལ་ཏེ། དྲང་དོན་ཡིན་ན་འཕགས་པའི་རྟོགས་དཀའ་དོན་མེད་པར་མ་ཟད། གཞུང་གི་མཚམས་སྦྱར་ལ་འབྲེལ་མི་ཡོང་བའི་ཕྱིར། དྲང་དོན་ཡིན་ན་དྲང་དོན་དུ་སྟོན་པའི་ཚིགས་སུ་བཅད་པ་ཞེས་འབྱུང་ཆོག་པ་ལ། དགོས་པ་སྡུད་པའི་ཚིགས་སུ་བཅད་པ་གཉིས་ཏེ། ཞེས་བྱུང་བས་སོ། །
རི་ཆོས་ངེས་དོན་རྒྱ་མཚོ་ལས། བདེ་གཤེགས་སྙིང་པོ་དྲང་དོན་དུ་སྟོན་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གཞུང་དེ་ལ་དྲང་དོན་དུ་སྟོན་པའི་ཚིག་ནི་འགའ་ཡང་མེད་དོ། ། གལ་ཏེ་དེ་སྤང་དོན་དུ་གསུངས། ཞེས་པ་འདིས་དྲང་དོན་དུ་གྲུབ་བོ་ཞེ་ན། དེ་ནི་དགོས་པ་བསྟན་པ་ཡིན་ཏེ། འདི་ཉིད་ཀྱི་སྔ་འགྲེལ་དུ། ཁམས་འདི་བལྟ་བར་དཀའ་བ་དེས་ན་བྱིས་པ་སོ་སོའི་སྐྱེ་བོ་ལ་བརྩམས་ཏེ་བསྟན་པས་ཅི་ཞིག་བྱ་ཞེ་ན། བསྟན་པའི་དགོས་པ་སྡུད་པའི་ཚིགས་སུ་བཅད་པ་གཉིས་ཏེ། གཅིག་གིས་ནི་དྲིས་ལ། གཉིས་པས་ནི་ལན་བསྟན་པའོ། ། ཞེས་དང་། ཇོ་ནང་ལོ་ཙཱ་བ་ས་བཟང་མ་ཏི་པཎ་ཆེན་གྱི་རྒྱུད་བླ་ས་འགྲེལ་ལས། དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་དེ་འཕགས་པའི་མཆོག་རྣམས་ཀྱིས་ཀྱང་རྟོགས་པར་དཀའ་བ་ཡིན་ལ། བྱིས་པ་སོ་སོའི་སྐྱེ་བོ་ལས་བརྩམས་ཏེ་བསྟན་པས་ཅི་ཞིག་བྱ་ཞེ་ན། ཁམས་ཀྱིས་བཤད་པའི་དགོས་པ་བསྟན་པ་ལ་གཉིས་ཏེ། ཞེས་དང། ཕྱོགས་རྒྱལ་བའི་བདེ་གཤེགས་སྙིང་པོའི་རྒྱན་གྱི་འཁྲུལ་འཇོམས་ལས། གཞུང་དེ་དག་གི་དགོངས་པ་དེ་བཞིན་གཤེགས་པའི་སྙིང་པོ་ལྡེམ་དགོངས་སུ་གསུངས་པའི་དགོངས་པ་བསྟན་པ་མ་ཡིན་གྱི། དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་རྟོགས་དཀའ་བ་འཕགས་མཆོག་ས་བཅུ་པ་རྣམས་ཀྱི་ཡང་ཡུལ་མ་ཡིན་པ་དེ། བྱིས་པ་སོ་སོའི་སྐྱེ་བོ་ལ་བསྟན་པ་ལ་དགོས་པ་ཅི་ཡོད་སྙམ་པ་ལ། ཞེས་གསུངས།
སྒྲུབ་བྱེད་གསུམ་པ། རྒྱུད་བླ་མ་ལས། ཡང་དག་མཐའ་ནི་འདས་བྱས་ཀྱིས། ། རྣམ་པ་ཐམས་ཅད་དབེན་པ་སྟེ། ། ཉོན་མོངས་ལས་དང་རྣམ་སྨིན་དོན། ། སྤྲིན་ལ་སོགས་པ་བཞིན་དུ་བརྗོད། ། བདེ་གཤེགས་སྙིང་པོ་ཡོད་པ་ངེས་དོན་ཡིན་ཡང་། ཆོས་ཐམས་ཅད་འཁོར་ལོ་བར་པར་སྤྲིན་དང་རྨི་ལམ་སྒྱུ་མ་བཞིན་དུ་རང་བཞིན་མེད་པར་གསུངས་པ་ནི། ཡང་དག་མཐའ་དོན་དམ་ཆོས་ཀྱི་དབྱིངས་འདས་བྱས་གློ་བུར་གྱི་དྲི་མ་སོགས་ཀྱིས་སྟོང་པ་ལ་དགོངས་པར་གསུངས་པའི་ཕྱིར། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རྒྱུ་བླའི་འགྲེལ་བ་ལས། དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཉིད་ངེས་པའི་དོན་ཡིན་ན། རྒྱལ་བའི་ཡུམ་ལ་སོགས་པ་ལས། ཆོས་ཐམས་ཅད་སྟོང་པ་ཉིད་དེ། སྤྲིན་དང་རྨི་ལམ་དང་སྒྱུ་མ་བཞིན་དུ་སྣང་ཡང་རང་བཞིན་མེད་པའོ། ། ཞེས་གསུངས་པའི་དགོངས་པ་གང་ཡིན་ཞེ་ན། ཕྱིན་ཅི་ལོག་མེད་པའི་དམིགས་པ་ཡང་དག་པའི་མཐའ་དོན་དམ་ཆོས་ཀྱི་དབྱིངས་འདུས་མ་བྱས་པ་ནི། ཀུན་རྫོབ་འདུས་བྱས་གློ་བུར་གྱི་དྲི་མ་སྐྱེ་བ་དང་འཇིག་པ་དང་གནས་པའི་རྣམ་པར་སྣང་བ་ཐམས་ཅད་ཀྱིས་དབེན་ཞིང་སྟོང་པ་ལ་དགོངས་ནས་རང་བཞིན་མེད་པར་གསུངས་པ་སྟེ། ཞེས་དང་། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྒྱུད་བླ་མའི་རྣམ་བཤད་ཕྱིར་མི་ལྡོག་པ་སེངྒེའི་ང་རོ་ལས།ཡང་དག་མཐའ་ནི་འདུས་བྱས་ཀྱིས། ། རྣམ་པ་ཐམས་ཅད་དབེན་པ་སྟེ། ། ཉོན་མོངས་ལས་དང་རྣམ་སྨིན་དོན། ། སྤྲིན་ལ་སོགས་པ་བཞིན་དུ་བརྗོད། ། ཅེས་གསུངས་ཏེ། བཀའ་བར་པར་ཆོས་ཐམས་ཅད་རང་བཞིན་མེད་པར་གསུངས་པའི་དགོངས་པ་གང་ཞེ་ན། གནས་ལུགས་ཡང་དག་པའི་མཐའ་ནི་འདུས་བྱས་གློ་བུར་གྱི་དྲི་མས་རྣམ་པ་ཀུན་ཏུ་དབེན་པ་ལ་དགོངས་ཏེ། ཞེས་གསུངས་སོ། །
སྒྲུབ་བྱེད་བཞི་པ། མདོ་རྒྱུད་བསྟན་བཅོས་དག་ལས་གཞི་འབྲས་དབྱེར་མེད་དུ་གསུངས་པས་སྒྲུབ་པ་ནི། དཔལ་ཀྱེའི་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། ། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། ། དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་དང་། རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་དང་། ། ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། ། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། ། འགྱུར་བ་མེད་པའི་ཆོས་ཉིད་དོ། ། ཞེས་དང་། ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། ། སེམས་ཅན་ཀུན་ལ་ངེས་གནས་པ། ། ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། ། ཅེས་དང་། དེ་ཉིད་ལས། ས་ཡི་དཀྱིལ་ན་ཡོད་པའི་ཆུ། ། དྲི་མ་མེད་པར་གནས་པ་ལྟར། ། ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། ། དེ་བཞིན་དྲི་མ་མེད་པར་གནས། ། ཞེས་དང་། ཆོས་རྗེ་ཀུན་མཁྱེན་རྟོན་པ་བཞི་ལྡན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་རྒྱུད་བླ་དོལ་ཊཱིཀ་ལས། སྔར་མ་དག་པའི་གནས་སྐབས་ན་ཉོན་མོངས་པ་ལ་སོགས་ཉེས་པ་རྣམས་སྤང་རུང་གློ་བུར་ཉིད་དང་ལྡན་པ་ཡིན་གྱིས། རང་བཞིན་དུ་གནས་པ་མ་ཡིན་པའི་ཕྱིར་དང་། ཕྱིས་དག་པའི་གནས་སྐབས་ན་སྟོབས་ལ་སོགས་པའི་ཡོན་ཏན་མངོན་སུམ་དུ་གྱུར་པ་རྣམས་རང་བཞིན་དུ་གདོད་མ་ཉིད་ནས་ལྡན་པ་ཡིན་གྱི་གློ་བུར་དུ་སྐྱེས་པ་མ་ཡིན་པའི་ཕྱིར་ན། ཇི་ལྟར་སྔར་འཁོར་བའི་ཁམས་སུ་ཡོད་པ་ཇི་ལྟ་བ་བཞིན་ཕྱིས་མྱ་ངན་ལས་འདས་པ་ན་ཡང་དེ་བཞིན་དུ་གནས་ཤིང་ནམ་ཡང་འགྱུར་བ་མེད་པ་ནི་ཆོས་ཀྱི་དབྱིངས་འདིིའི་ཆོས་ཉིད་དམ་རང་བཞིན་ཉིད་དོ། ། ཞེས་གསུངས་སོ། །
སྒྲུབ་བྱེད་ལྔ་པ། གལ་ཏེ། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། ། འགྱུར་བ་མེད་པའི་ཆོས་ཉིད་དོ། ། ཞེས་པ་སེམས་བདེན་སྟོང་ཙམ་ལ་འགྱུར་བ་མེད་པའི་དོན་དུ་འདོད་ན། ཆོས་ཉིད་འཕེལ་འགྲིབ་མེད་པར་གསུངས་པ་དང་འགལ་ཏེ། སྔར་སངས་རྒྱས་མ་ཡིན་པ་ཞིག་ཕྱིས་སངས་རྒྱས་སུ་གྱུར་པའམ། སྔར་ཆོས་སྐུ་མ་ཡིན་པ་ཞིག་ཕྱིས་ཆོས་སྐུར་གྱུར་ན། དེ་ལས་ལྷག་པའི་འཕེལ་བ་མེད་པའི་ཕྱིར། འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་ཉིད་བསྟན་པའི་མདོ་ཐོགས་འགྲེལ་དུ་དྲངས་པ་ལས། ཤཱ་རིའི་བུ་དོན་དམ་པར་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། ། ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི། དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། ། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། ། ཞེས་དང་། རྒྱུད་བླ་ཐོགས་འགྲེལ་ལས། མདོ་དེ་ཉིད་དྲངས་ནས། རྡོ་རྗེའི་གནས་བཞི་པ་འདི་ནི་འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་ཉིད་བསྟན་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། ། ཞེས་དང་། རྗེ་བཙུན་སྒྲོལ་བའི་མགོན་པའི་གཞན་སྟོང་དབུ་མའི་རྒྱན་ལས། ཆོས་ཉིད་འགྱུར་པ་མེད་ཕྱིར་ཆོས་ཀྱི་སྐུ། ། སེམས་ཅན་རྣམས་ལ་ངེས་པར་ཡོད་པར་འགྱུར། ། དང་པོར་ཆོས་སྐུ་མིན་པ་ཕྱིས་དེར་འགྱུར། ། དེ་ནི་ངོ་བོ་འགྱུར་བཅས་ཁོ་ན་ཡིན། ། ཞེས་གསུངས་སོ། །
སྒྲུབ་བྱེད་དྲུག་པ། མདོ་སྡེ་ལང་ཀར་གཤེགས་པ་ལས། བདེ་གཤེགས་སྙིང་པོ་དྲང་དོན་དུ་གསུངས་པ་མི་རུང་སྟེ། བློས་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་ཞུས་པ། བདེ་གཤེགས་སྙིང་པོ་དེ་ཉིད་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པ་ཐོག་མ་ནས་རྣམ་པར་དག་པ་མཚན་དཔེས་བརྒྱན་པ་རྟག་པ་བརྟན་པ་ཐེར་ཟུག་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་ལུས་ན་མཆིས་ཀྱང་། རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར། ཆགས་སོགས་ཉོན་མོངས་ཀྱིས་ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་ཡིན་པར་གསུངས་པ་འདི། ཅིའི་ཕྱིར་མུ་སྟེགས་བྱེད་རྣམས་ཀྱིས་སྨྲ་བ་དང་མཚུངས་པ་མིན་ཞུས་པ་ལ། ངས་དེ་བཞིན་གཤེགས་པའི་སྙིང་པོ་མུ་སྟེགས་པས་སྨྲ་བ་དང་མི་མཚུངས་ཏེ། མཚན་མེད་སྨོན་མེད་ལ་སོགས་པའི་སྟོང་ཉིད་ཡིན་པའི་ཕྱིར། ཞེས་སྟོང་ཉིད་རྒྱུ་མཚན་ལ་བཀོད་པའི་ཕྱིར། དེ་ལྟར་ཡང་ལང་ཀར་གཤེགས་པ་རང་ཉིད་ལས། བློ་གྲོས་ཆེན་པོས་ཞུས་པ། བཅོམ་ལྡན་འདས་ཀྱིས་མདོ་གཞན་བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་པས་ཐོག་མ་ནས་རྣམ་པར་དག་ཉིད་མཚན་སུམ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར། ཁམས་དང་སྐྱེ་མཆེད་ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟིལ་གྱིས་ནོན་པ། ཡོངས་སུ་རྟོག་པའི་དྲི་མ་ཅན་དུ་གྱུར་པ། རྟག་པ་བརྟན་པ་ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ་འདི་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཅི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ་ཡོན་ཏན་མེད་པ་ཁྱབ་པ་མི་འཇིག་པའོ་ཞེས་བདག་ཏུ་སྨྲ་བ་སྟོན་པར་བགྱིད་དོ། ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ་བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་མྱ་ངན་འདས་པ་དང་མ་སྐྱེས་པ་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས་བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་པའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། ཞེས་དང་། གཞན་སྟོང་དབུ་མའི་རྒྱན་ལས། ལང་ཀར་གཤེགས་པར་སྙིང་པོ་དྲང་དོན་དུ། ། གསུངས་པར་འདོད་པ་རི་བོང་ཅལ་དང་མཚུངས། ། མུ་སྟེགས་བདག་དང་མཚུངས་སམ་ཞུས་པ་ལ། ། སྟོང་ཉིད་ཡིན་ཕྱིར་མཚུངས་པ་མིན་ཞེས་གསུངས། ། ཞེས་གསུངས་སོ། ། གལ་ཏེ་དྲང་དོན་ཡིན་ན་མདོ་ཡི་ཚིག་ལ་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། ཞེས་པ་ལས་མཚུངས་པ་ཡིན་མོད། དེ་ལ་དགོས་པ་འདི་ཡོད་དེ་ལྟ་བུ་འབྱུང་སྲིད་པ་ལ། མ་འབྱུང་བའི་ཕྱིར་རོ། །
སྒྲུབ་བྱེད་བདུན་པ། མདོ་སྡེ་ལང་ཀར་གཤེགས་པས་སྙིང་པོ་དྲང་དོན་དུ་སྟོན་པ་ཡིན་ན་སྔར་སྟོང་ཉིད་བདུན་སྟོན་པའི་ཚེ། མདོ་དེ་ཉིད་ལས། བློ་གྲོས་ཆེན་པོ་དེ་ལ་མདོར་ན་སྟོང་པ་ཉིད་རྣམ་པ་བདུན་ཏེ། འདི་ལྟར་མཚན་ཉིད་སྟོང་པ་ཉིད་དང་། དངོས་པོའི་རང་བཞིན་སྟོང་པ་ཉིད་དང་། སྲིད་པའི་སྟོང་པ་ཉིད་དང་། མི་སྲིད་པའི་སྟོང་པ་ཉིད་དང་། ཆོས་ཐམས་ཅད་བརྗོད་དུ་མེད་པའི་སྟོང་པ་ཉིད་དང་། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་དང་། གཅིག་གིས་གཅིག་སྟོང་པ་ཉིད་དང་བདུན་ནོ། ། ཞེས་དང་། དྲུག་པ་རྒྱས་བཤད་ཀྱི་སྐབས་སུ་ཡང་། མདོ་དེ་ཉིད་ལས། བློ་གྲོས་ཆེན་པོ་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་གང་ཞེ་ན། འདི་ལྟ་སྟེ། བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ། དེའི་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་ཞེས་བྱའོ། ། ཞེས་བདེ་གཤེགས་སྙིང་པོ་ཡོངས་གྲུབ་གཉིས་མེད་ཀྱི་ཡེ་ཤེས་ཆོས་ཉིད་དེ་བཞིན་ཉིད་ལ་ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་ཚུལ་གསུངས་ཤིང་དེ་ཉིད་ལ་སྟོང་ཉིད་ཆེན་པོའི་སྒྲས་བསྟན་ནས་སླར་དེ་ཉིད་དྲང་དོན་དུ་བསྟན་ན་ནི། རྣམ་འགྲེལ་རྩ་བ་ལས། མཐོང་དང་མ་མཐོང་དངོས་པོ་ཡི། ། དོན་དེ་དག་ལ་མངོན་སུམ་དང་། ། རྗེས་དཔག་རྣམ་པ་གཉིས་ཀྱིས་ཀྱང་། ། གནོད་མེད་འདི་ནི་མི་བསླུ་བའོ། ། ཞེས་གསུངས་པ་བཞིན་དཔྱད་གསུམ་གྱིས་དག་པའི་ལུང་མ་ཡིན་པར་འགྱུར་ཏེ། རང་ཚིག་སྔ་ཕྱིའི་དངོས་འགལ་མེད་པ་མ་ཡིན་པས་སོ། ། གལ་སྲིད་དངོས་འགལ་ཅན་དུ་གྱུར་ན་ནི་འཇིག་རྟེན་ན་བདེན་པའི་དོན་ཅན་གྱི་ངག་མེད་ཅེས་པ་ལྟར། བདེན་པའི་དོན་ཅན་གྱི་མདོ་མེད་ཅེས་པ་ཉིད་དུ་གྱུར་པས་མདོ་གཞན་དྲང་དོན་དུ་འགྲེལ་བ་ནི་ཡོང་མི་ཤེས་སོ། ། གཞན་ཡང་མདོ་གཅིག་ཉིད་ལས། ཆོས་ཀྱི་རྣམ་གྲངས་གཅིག་ངེས་དོན་དུ་བསྟན་པ་དེ་ཉིད་སླར་དྲང་དོན་བསྟན་པ་ཡོང་མི་ཤེས་པའི་ཕྱིར། ཀུན་མཁྱེན་ཕྱོགས་རྒྱལ་བའི་འཁྲུལ་འཇོམས་ལས། མདོ་གཅིག་ཉིད་ཀྱི་ནང་དུ་ཆོས་ཀྱི་རྣམ་གྲངས་གཅིག་ངེས་པའི་དོན་དུ་བཤད་པ་དེ་སླར་ཡང་དེ་མ་ཐག་ཏུ་ཆོས་ཀྱི་རྣམ་གྲངས་གཅིག་པོ་དེ་དྲང་དོན་དགོངས་པ་ཅན་ཡིན་ནོ་ཞེས་སྟོན་པ་དང་། ཡང་མ་དེ་ཐག་ཏུ་ཆོས་ཀྱི་རྣམ་གྲངས་དེ་སྒྲ་ཇི་བཞིན་པ་ངེས་པའི་དོན་ཡིན་ནོ་ཞེས་སྟོན་པར་མི་རིགས་ལ། ཞེས་གསུངས་སོ། །
སྒྲུབ་བྱེད་བརྒྱད་པ། བདེ་གཤེགས་སྙིང་པོ་ནི་གཙོ་བོ་འཁོར་ལོ་ཐ་མའི་མདོ་དག་ལས་གསུངས་ཤིང་། འཁོར་ལོ་གསུམ་ལ་དྲང་ངེས་ཀྱི་ཁྱད་པར་ཤིན་ཏུ་གསལ་བར་ཕྱེ་བ་ནི་འཁོར་ལོ་ཐ་མའི་སོར་འཕྲེང་གི་མདོ། གཟུངས་རྒྱལ་གྱི་མདོ། མྱ་ངན་ལས་འདས་པ་ཆེན་པོའི་མདོ། དགོངས་པ་ངེས་འགྲེལ་སོགས་ལས་གཞན་མི་སྣང་ཞིང་། མདོ་དེ་དག་ལས་འཁོར་ལོ་ཐ་མ་ཉིད་ངེས་དོན་ཡིན་པར་གསུང་པའི་ཕྱིར་སྙིང་པོ་ངེས་དོན་དུ་གྲུབ་སྟེ། གལ་ཏེ་མདོ་དེ་དག་ལས་གསུངས་པ་ལྟར་དྲང་ངེས་སུ་མི་འཇོག་ན། མདོ་གཞན་ན་མདོ་དེ་དག་ལས་གསལ་བའི་དྲང་ངེས་ཕྱེ་བ་མི་སྣང་ལ། མདོ་མིན་ཡང་དགོངས་འགྲེལ་མཁན་སློབ་དཔོན་སོགས་ཀྱི་གཞུང་ལས་དྲང་ངེས་ཕྱེ་ན་ནི། གཞན་སྟོང་དབུ་མའི་རྒྱན་ལས། རྩ་བ་རྫུན་ན་དགོངས་འགྲེལ་བདེན་མི་སྲིད། ། ཅེས་པ་ལྟར་རྒྱལ་བ་རང་གིས་དྲང་ངེས་ཕྱེ་བ་མི་བདེན་ན་གཞན་དགོངས་འགྲེལ་མཁན་པོས་ཕྱེ་བ་བདེན་པའི་ངེས་པ་མེད་པར་གསུངས་ལ། རྒྱལ་བའི་དགོངས་པ་འགྲེལ་བ་ལ་རྒྱལ་བ་རང་ཉིད་ལས་མཁས་པ་གཞན་ཡོད་མི་སྲིད་དེ། རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། ། མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་བཞིན་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག ། ཅེས་དང་། གཞན་སྟོང་དབུ་མའི་རྒྱན་ལས། ཁ་ཅིག་ལུང་ལ་ངེས་པ་མེད་པའི་ཕྱིར། །ད་ལྟ་རིགས་པས་གྲུབ་པ་དགོས་སོ་ལོ། ། ལུང་རིགས་གཉིས་ཀ་མེད་པའི་རང་ལུགས་འཇོག ། རིགས་པས་གྲུབ་པ་ཤིན་ཏུ་དགོས་མོད་ཀྱི། ། ཟབ་མོའི་གནས་ལུགས་ཚད་མའི་ལུང་གིས་སྒྲུབས། ། གྲངས་མེད་གསུམ་སྒོམ་མཐོང་བའི་ལུང་རྫུན་ན། ། སོ་སྐྱེ་མནོ་བསམ་ཅིའི་ཕྱིར་ཚད་མ་ཡིན། ། ཞེས་གསུངས་པ་བཞིན་ནོ། སོར་མོ་འཕྲེང་བའི་མདོ་སོགས་ལས་དྲང་ངེས་གསུངས་ཚུལ་ནི། སོར་འཕྲེང་གི་མདོ་ལས། སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཏུ་ནན་ཏན་དུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་བརྙེས་ཏེ། སེམས་ཐམས་ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དེ། ཞེས་སྙིང་པོ་སེམས་ཅན་ཐམས་ཅད་ཡོད་པར་གསུངས་ཞིང། ཡང་དེ་ཉིད་ལས། སོར་མོའི་འཕྲེང་བས་གང་པོ་བྱམས་པའི་བུ་ལ་སླར་འདི་སྐད་ཅེས་སྨྲས་སོ། ། ཀྱེ་མ་བཙུན་པ་གང་པོ་ཁྱོད་ནི་སྤྲང་བུའི་སྤྱད་པ་སྤྱོད་དེ་ཆོས་ཀྱི་གཏམ་སྟོན་མི་ཤེས་སོ། ། སྦྲང་བུ་ཡང་ཟི་ཟི་ཞེས་སྒྲ་འབྱིན་ཤེས་ཀྱིས་སྦྲང་བུ་ལྟར་བླུན་པོ་ཁྱོད་ཅང་མ་ཟེར་ཅིག གང་པོ་དེ་བཞིན་གཤེགས་པའི་ལྡེམ་པོའི་ངག་མི་ཤེས་པས་བདག་མེད་པ་ལ་ཆོས་སུ་སེམས་པ་ནི། གཏི་མུག་གི་ཆོས་ཀྱི་མར་མེའི་ནང་དུ་ཕྱེ་མ་ལེབ་ལྟར་ལྷུང་ངོ་། ། གང་དེ་སངས་རྒྱས་ཀྱིས་མ་བརྙེས་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་དེ་བཞིན་པའི་སྙིང་པོ་མེད་པ་མ་བརྙེས་ནས་འདས་སོ། ། ཞེས་དང་། སྐྱབས་མགོན་མ་ཏི་ཀིརྟིའི་རྗེ་ཇོ་ནང་པ་ཆེན་པོའི་རིང་ལུགས་འཇིགས་མེད་གདོང་ལྔའི་ང་རོ་ལས། འཕགས་པ་སོར་འཕྲེང་གིས་བཀའི་ལུང་དོན། གང་པོ་ལ་དྲིས་པའི་ལན་གང་པོས་བཀའ་ཐོག་བར་གྱི་དངོས་བསྟན་བདག་མེད་གཉིས་ཀྱི་དོན་ལྟར་གནས་ལུགས་སངས་རྒྱས་སྲས་བཅས་ཀྱིས་དགོངས་པར་བཤད་པ་ལ། འཕགས་པ་སོར་འཕྲེང་གིས་དེ་ལས་ལྷག་པའི་བཀའ་ཐ་མའི་དངོས་བསྟན་གནས་ལུགས་རྒྱལ་བའི་སྙིང་པོ་ཀུན་ཁྱབ་རྟག་པ་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པའི་གཞི་དབྱིངས་ཉིད་སངས་རྒྱས་སྲས་བཅས་ཀྱི་དགོངས་པ་ཆེས་མཐར་ཐུག་པ་ཡིན་ཚུལ་རྒྱས་པར་གསུངས་པས་འཁོར་ལོ་ཐ་མའི་དགོངས་དོན་གནས་ལུགས་མཐར་ཐུག་ཏུ་ལེགས་པར་བསྒྲུབས་སོ། ། ཞེས་གསུངས།
གཟུངས་རྒྱལ་གྱི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས།ཞེས་པ་ནས། རིགས་ཀྱི་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས། མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་བར་ཡིད་འབྱུང་བའི་གཏམ་གྱིས། འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་སྐྱེད་པར་མཛད་དེ་འཕགས་པའི་ཆོས་འདུལ་པ་ལ་འཛུད་པར་མཛད་དོ། ། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོད་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། ། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། ། ཞེས་སྔར་སོ་འཕྲེང་གི་མདོའི་དོན་བཤད་པ་ལྟར་གནས་སོ། །
མྱ་ངན་འདས་པ་ཆེན་པོའི་མདོ་ལས། བུད་མེད་དབུལ་མོ་ཞིག་གི་ཁང་ནང་གི་ས་འོག་ན་གཏེར་ཡོད་པ་མི་ཤེས་པ་ལ་སྐྱེས་བུ་ལྷའི་མིག་ཅན་ཞིག་གིས་བསྟན་པ་དཔེར་མཛད་ནས། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་ཐམས་ཅད་ལ་ཡོད་པ་མཐོང་བར་མི་ནུས་པ་ཙམ་དུ་ཟད་དེ། བུད་མེད་དབུལ་མོ་དེ་ཉིད་ལ་གཏེར་ཡོད་པ་དང་འདྲའོ། ། ཞེས་དང་།དེ་ཉིད་ལས་། མདོ་སྡེ་བཅུ་གཉིས་ལས་ནི་མདོའི་སྡེ་འབྱུང་ངོ་། ། མདོའི་སྡེ་ལས་ནི་ཤིན་ཏུ་རྒྱས་པའི་སྡེ་འབྱུང་ངོ་། ། ཤིན་ཏུ་རྒྱས་པའི་མདོའི་སྡེ་ལས་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འབྱུང་ངོ་། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མར་གྱི་སྙིང་པོ་ལྟ་བུ་འབྱུང་ངོ་། ། མར་གྱི་སྙིང་པོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་དཔེའོ། ། སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། ། ཞེས་དེ་བཞིན་གཤེགས་པའི་སྙིང་པོ་དེ་མདོ་སྡེ་རྣམས་ཀྱི་མར་གྱི་སྙིང་པོ་ལྟ་བུ་ཡིན་པས་དྲང་ངེས་ཕྱེ་ཚུལ་ནི། སྐྱབས་མགོན་མ་ཏི་ཀིརྟིའི་རྗེ་ཇོ་ནང་པ་ཆེན་པོའི་རིང་ལུགས་འཇིགས་མེད་གདོང་ལྔའི་ང་རོ་ལས། ཞེས་པ་ལྟར་གྱི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ལས་སྙིང་པོ་མཆོག་ཏུ་གྱུར་པ་གང་བྱུང་བ་ནི་ཐེག་ཆེན་གྱི་མདོ་ཡིན་ཞིང་། དེ་ལས་ཀྱང་སྙིང་པོར་གྱུར་པ་ཤིན་ཏུ་རྒྱས་པའི་སྡེ་དང་། དེ་འདྲའི་ཐེག་ཆེན་ལས་སྙིང་པོར་མཆོག་གྱུར་ཤེར་ཕྱིན་རྣམས་དང་། ཤེར་ཕྱིན་དེ་རྣམས་ལས་ཀྱང་ཆེས་སྙིང་པོ་མཐར་ཐུག་པར་གྱུར་པ་ནི་མར་གྱི་སྙིང་པོ་ལྟ་བུའི་ངེས་དོན་གཤེགས་སྙིང་སྟོན་བྱེད་ཀྱི་མྱང་འདས་ཆེན་པོ་འདི་ཉིད་ཡིན་པར་གསུངས་པ་དང་། ཞེས་དང་།དེ་ཉིད་ལས། འོ་ན་མདོ་འདི་སེམས་ཙམ་གྱི་མདོར་གྲགས་པ་མིན་ནམ་ཞེ་ན། དེ་ནི་དེའི་མདོར་གྲགས་པ་ཡང་ཕྱིས་ཀྱི་དངོས་སྨྲའི་སེམས་ཙམ་པ་དག་གིས་མདོ་དེའི་དགོངས་པ་རང་ལུགས་སུ་བྱས་པ་ཙམ་གྱིས་དེར་གྲགས་པ་མ་གཏོགས་དོན་ལ་ནི་མདོ་དེ་ངེས་དོན་དབུ་མ་ཆེན་མོའི་གཞུང་ལུགས་ཀྱི་ཁུངས་འཁྲུལ་མེད་དུ་ངེས་པའོ། ། ཞེས་གསུངས་སོ། །
༧ ༽ ཧ་ཅང་ཐལ་བའི་བསམས་པ་སྤངས་པ།
གལ་ཏེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་རང་བཞིན་བདེ་གཤེགས་སྙིང་པོ་ཡོད་ན། སེམས་ཅན་སངས་རྒྱས་ཡིན་པར་ཐལ་བ། སེམས་ཅན་ཐམས་ཅད་ཀྱིས་ཤེས་བྱ་ཐམས་ཅད་མཁྱེན་པར་ཐལ་བ། སེམས་ཅན་ཐམས་ཅད་ཀྱིས་ཚོགས་གཉིས་བསགས་པར་ཐལ་བ། སེམས་ཅན་ཐམས་ཅད་ཀྱིས་སྤངས་རྟོགས་རྫོགས་པར་ཐལ་བའོ་བསམས་ན། དེ་ནི་ཡོད་པ་དང་ཡིན་པའི་ཁྱད་པར་མ་ཤེས་པ་ཡིན་པ་ལས་གྲུབ་མཐའི་སྐྱོན་དུ་མི་འགྱུར་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཞེས་སོགས་ལོག་པའི་ཀླན་ཀ་ཤིན་ཏུ་མང་པོ་ནི་ཡོད་དང་ཡིན་པའི་ཁྱད་པར་མ་ཤེས་པ་རྣམས་ཀྱི་བབ་ཅོལ་ཡིན་ཏེ། ཡོད་པས་ཡིན་པར་མི་འགྲུབ་པའི་ཕྱིར་རོ། ། གལ་ཏེ་འགྲུབ་ན་མི་འདི་རྣམས་ལ་བཤང་བ་ཡོད་པས་མི་འདི་རྣམས་བཤང་བ་ཡིན་ནམ་ཅི། ཞེས་དང་། དེ་ཉིད་ལས། སྤངས་པ་གཉིས་པ་ནི་ལམ་མ་བསྒོམས་པའི་སེམས་ཅན་ལ་མེད་ཀྱང་[སེམས་ཅན་གྱི་སྐྱོན་དུ་ཟད་མོད་མོད་] གྲུབ་མཐའ་ལ་སྐྱོན་དུ་འགྱུར་བ་མེད་དེ། སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པའམ་སངས་རྒྱས་ཐོབ་པ་ཡིན་པར་ཁས་མ་བླངས་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་དོན་དམ་གྱི་སངས་རྒྱས་བཞུགས་པར་ཁས་བླངས་ཀྱི་ཀུན་རྫོབ་ཀྱི་སངས་རྒྱས་ཡོད་པར་ཁས་མ་བླངས་པའི་ཕྱིར་རོ། ། དེ་བཞིན་དུ་སངས་རྒྱས་ཀྱི་རྟོགས་པ་ལ་ཡང་གཉིས་ཏེ། གདོད་མ་ནས་ཆོས་ཉིད་རང་གིས་རང་རིག་པའི་རྟོགས་པ་རང་བྱུང་ཡེ་ཤེས་དང་། ལམ་ཟམ་མོ་བསྒོམས་པ་ལས་སྐྱེས་པའིི་གཞན་བྱུང་ཡེ་ཤེས་སོ། ། ཞེས་དང་། དེ་ཉིད་ལས། གལ་ཏེ་སེམས་ཅན་ཐམས་ཅད་ལ་དོན་དམ་པའི་སངས་རྒྱས་རང་ཆས་སུ་ཡོད་ན་སྤངས་པ་དང་རྟོགས་པ་མཐར་ཐུག་པ་རང་ཆས་སུ་ཡོད་པར་འགྱུར་རོ། ། ཞེ་ན། འདི་ལ་རྣམས་པར་ཕྱེ་སྟེ་བསྟན་དགོས་པས། སྤངས་པ་ལ་ཡང་གཉིས་ཏེ་དྲི་མ་ཐམས་ཅད་གདོད་ནས་རང་བཞིན་གྱིས་མ་གྲུབ་པའི་སྤངས་པ་དང་། དྲི་མ་གློ་བུར་བ་གཉེན་པོས་བཅོམ་ནས་ཟད་པའོ། ། དེ་ལ་དང་པ་ནི་ཆོས་ཉིད་ལ་གདོད་ནས་ཚང་སྟེ། [གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པར་གཤིས་ལུགས་ཟབ་མོའི་སྐབས་སུ་ཟག་པ་ཟད་པ་ཞེས་པའི] ཟད་པ་དེ་གཉེན་པོས་ཟད་པ་མ་ཡིན་ཏེ། སྔོན་ཉིད་ནས་རང་བཞིན་གྱིས་ཟད་པས་དེའི་ཕྱིར་ཟད་ཅེས་བསྟན། ཞེས་དང་། [རྒྱུད་བླ་མར་ཆོས་ཉིད་]རང་བཞིན་གྱིས་ནི་ཡོངས་དག་ཕྱིར། ། ཉོན་མོངས་གདོད་ནས་ཟད་ཕྱིར་རོ། ། ཞེས་དང་། དེ་ཉིད་ལས། དེས་ན་རྟོགས་པ་དང་པོ་ནི་ཆོས་ཉིད་ལ་དབྱེར་མེད་དུ་ཚང་བས་[ཆོས་ཉིད་]དེ་ཡོད་ན་[རྟོགས་པ་རང་བཞིན་པ་]དེ་ཡང་ཡོད་ལ། རྟོགས་པ་གཉིས་པ་[གློ་བུར་བ]ནི་ལམ་མ་ཞུགས་པའི་སེམས་ཅན་ལ་མ་ཚང་ཞིང་[སེམས་ཅན་]དེས་བདག་མེད་པ་མངོན་སུམ་དུ་མ་རྟོགས་ཀྱང་གྲུབ་མཐའ་ལ་སྐྱོན་དུ་འགྱུར་བ་མེད་དེ་[སེམས་ཅན་རྣམས་སངས་རྒྱས་ཡིན་པར་ཁས་མ་བླངས་པ་ལ་སགོས་]རྒྱུ་མཚན་སྔ་མ་བཞིན་ནོ། ། ཞེས་གསུངས་པ་ལྟར་སེམས་ཅན་ལ་རང་བཞིན་གྱི་སྤངས་རྟོགས་ཚང་ཡང་ཀུན་རྫོབ་ཀྱི་སྤངས་རྟོགས་མ་ཚང་བ་ཡིན་ལ། དེ་བཞིན་དུ་ཚོགས་གཉིས་ལ་འདྲ་སྟེ། སེམས་ཅན་ལ་སངས་རྒྱས་ཡོད་ཀྱང་སངས་རྒྱས་ཡོད་པས་སེམས་ཅན་སངས་རྒྱས་ཡིན་པར་ཡང་མི་འགྲུབ་ལ། རང་བྱུང་ཡེ་ཤེས་ཀྱི་རྣམ་མཁྱེན་སེམས་ཅན་གྱི་རྒྱུད་ལ་ཡོད་མོད་རྒྱུད་ཀྱིས་བསྡུས་པའི་ཚུལ་གྱིས་འམ་མངོན་དུ་གྱུར་པའི་ཚུལ་གྱིས་མེད་པས་སེམས་ཅན་གྱིས་ཆོས་ཀུན་མཁྱེན་དགོས་པའི་གནས་མེད་ལ། སངས་རྒྱས་དེ་ཉིད་སེམས་ཅན་གྱི་རྒྱུད་ལ་ཡོད་པས་སེམས་ཅན་གྱིས་ཆོས་ཀུན་མཁྱེན་དགོས་ན། ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་སངས་རྒྱས་བཞུགས་པས་ཡུམ་སྒྱུ་འཕྲུལ་མ་ཀུན་མཁྱེན་དུ་འགྱུར་རོ། ། སེམས་ཅན་ལ་སངས་རྒྱས་ཡོད་ཚུལ་དེ་ཡང་ཆོས་ཅན་ལ་ཆོས་ཉིད་ཀྱི་ཚུལ་གྱིས་ཡོད་པ་ཡིན་ཚུལ་འདིས་ཀྱང་དོགས་པ་ལྷག་མེད་དུ་ཆོད་པར་སྣང་ངོ་། ། འཇམ་དབྱངས་ཀ་སྤྲུལ་བ་ཀུན་མཁྱེན་ཉ་དབོན་པའི་ཕར་ཕྱིན་ཉ་ཊཱིཀ་ལས། འོ་ན་སེམས་ཅན་འདི་རྣམས་ཀྱིས་ཤེས་བྱ་ཐམས་ཅད་རྟོགས་པར་འགྱུར་ཏེ། ཁོའི་རྒྱུད་ལ་སངས་རྒྱས་མཚན་ཉིད་པ་ཡོད་པས་སོ། ། ཞེ་ན། ཡོད་ཀྱང་དེའི་རྒྱུད་ཀྱིས་བསྡུས་པའི་ཚུལ་གྱི་ཡོད་པ་མིན་གྱི་དེ་ཆོས་ཉིད་ཡིན་པས་ཆོས་ཉིད་ཀྱིས་ཆོས་ཅན་ལ་ཁྱབ་པར་ཡོད་པའི་ཚུལ་དེས་ཡོད་པས་སྐྱོན་མེད་ལ། དེས་ན་ཡུམ་སྒྱུ་འཕྲུལ་ཆེན་མོས་ཡང་ཤེས་བྱ་ཐམས་ཅད་ཤེས་པར་འགྱུར་ཏེ། དེའི་ལྷུམས་ན་རྫོགས་སངས་ཡོད་པས་སོ། ། ཞེས་ཅི་སྟེ་མི་མཚུངས། གལ་ཏེ་ཚོགས་མ་བསགས་ཀྱི་སངས་རྒྱས་ཡོད་པར་འགྱུར་ཏེ། སེམས་ཅན་གྱི་རྒྱུད་ཀྱི་སངས་རྒྱས་ཡོད་ཅིང་སངས་རྒྱས་དེས་སྔར་ཚོགས་གཉིས་མ་བསགས་པས་སོ། ། ཞེ་ན། ཚོགས་གཉིས་ལ་ཡང་། ཀུན་བཏགས། རྣམ་བརྟགས་ཀྱི་དང་། ཆོས་ཉིད་ཀྱི་གསུམ་ཡོད་དེ། ཅེས་གསུངས་སོ། །
ཡང་གལ་ཏེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ལ་དབྱེར་མེད་པར་འདོད་ཅིང་། ཆོས་ཉིད་དེ་རང་བཞིན་གནས་རིགས་ཡིན་པས་ཀ་བུམ་སོགས་ལ་སངས་རྒྱས་ཀྱི་རིགས་ཡོད་པར་འགྱུར་ལ། ཆོས་ཉིད་ལ་རིགས་ཡིན་མིན་གཉིས་ཡོད་ན་ཆོས་ཉིད་ཆ་བཅས་སུ་མི་འགྱུར་རམ་སྙམ་ན། འཇམ་དཔལ་མཚན་བརྗོད་ལས། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། ། ཞེས་གསུངས་པ་བཞིན་ཆོས་ཉིད་རང་བཞིན་གནས་ལུགས་ཀྱི་ཚུལ་གྱིས་ཆོས་ཐམས་ཅད་ལ་ཀུན་ཁྱབ་ཆ་མེད་ཀུན་ཁྱབ་ཡིན་མོད། ཆོས་ཉིད་དྲི་མ་སྤྱང་བའི་གཞིར་བཞུགས་པ་དག་ལ་རང་བཞིན་གནས་རིིགས་འཇོག་དགོས་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་སེམས་ཅན་ལ་བཞུགས་པ་ནི་དྲི་བཅས་དེ་བཞིན་ཉིད་ཡིན་པས་དྲི་མ་སྤྱང་བའི་གཞིར་བཞུགས་པ་ཡིན་ནོ། ། ཞེས་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་དབུ་མ་ཐེག་མཆོག་གི་ཊཱིཀ་ཟིན་ལས། སེམས་ཅན་རྣམས་ལ་ཡང་ཆོས་སྐུ་དེ་བཞིན་ཉིད་དེ་ཉོན་མོངས་སོགས་གློ་བུར་གྱི་དྲི་མས་བསྒྲིབས་ཏེ་མི་གསལ་བའི་ཚུལ་གྱི་གནས་པ་ཁམས་ཡིན་ནོ། ། དེ་དག་གི་ཆོས་དབྱིངས་དེ་རིགས་དང་ཁམས་སུ་ཡང་བསྟན་པ་ཡིན་ནོ། ། ཞེས་གསུངས་པ་ལྟར་སེམས་ཅན་ལ་མ་གཏོགས་ཀ་བུམ་སོགས་ལ་གློ་བུར་གྱི་དྲི་མ་སྦྱང་བའི་གཞིར་བཞུགས་པའི་ཐ་སྙད་མི་ཐོབ་པས་རིགས་ཡོད་ཚུལ་མི་སྣང་ངོ་། ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་མཚོའི་བདེ་གཤེགས་སྙིང་པོའི་སྟོང་ཐུན་ཆེན་མོ་སེང་གེའི་ང་རོ་ལས། འོ་ན་ཁྱོད་ཀྱིས་སྔར་གཞན་ལ་བརྗོད་པ་ལྟར་དེ་བཞིན་ཉིད་དུ་དབྱེར་མེད་པ་ཙམ་གྱིས་རིགས་ཡོད་པར་འགྲུབ་ན། ས་རྡོ་སོགས་ལའང་རིགས་ཡོད་པར་ཐལ་ལོ་སྙམ་ན། རིགས་ཞེས་བྱ་ནི་འཁྲུལ་བའི་སེམས་ཀྱི་དབང་གིས་འབྱུང་བའི་སྒྲིབ་གཉིས་ཟད་པར་སྤངས་ནས་ཤེས་བྱའི་རང་བཞིན་ལ་མ་འཁྲུལ་པའི་བློ་རྒྱས་པའི་སངས་རྒྱས་ཀྱི་རྒྱུ་སྐྱོན་མེད་ལ་འཇོག་དགོས་ན། དེ་སེམས་མ་ཡིན་པ་ས་རྡོ་སོགས་བེམ་པོ་ལ་ལམ་སྒྲུབ་པ་མེད་པས་ཐ་སྙད་དུ་དེ་བཞིན་ཉིད་དུ་དབྱེར་མེད་ན་འང་དེ་ལ་རིགས་ཡོད་པར་འཇོག་མི་དགོས་ཏེ། ཞེས་དང་། འོན་ཀྱང་བཅོམ་ལྡན་རིག་རལ་གྱི་རྒྱུད་བླའི་ཊཱི་ཀ་རྒྱན་གྱི་མེ་ཏོག་ལས། དེ་ནི་ཆོས་ཉིད་དང་དབྱེར་མེད་པ་རང་བཞིན་གྱིས་འོད་གསལ་བའི་སེམས་ཡིན་ནོ། ། མིང་གི་རྣམ་གྲངས་ནི་ཁམས་དང་རིགས་དང་རྟེན་དང་ས་བོན་དང་སངས་རྒྱས་ཀྱི་སྙིང་པོ་དང་ཀུན་གཞི་ལ་སོགས་པ་ཡིན་ཏེ། ཞེས་པ་ནས། དེས་ན་ཆོས་ཉིད་རྐྱང་བ་ནི་ཁམས་མ་ཡིན་ཏེེ་བེམ་པོ་དང་དངོས་མེད་ལའང་ཡོད་པའི་ཕྱིར་རོ། ། ཞེས་ཆོས་ཉིད་རང་ལྡོག་ཁམས་མ་ཡིན་པ་ལྟ་བུར་གསུངས་སོ། ཆོས་ཉིད་རང་ལྡོག་ནས་རིགས་ཡིན་ཡང་ཆོས་ཉིད་ཡོད་པ་ལ་གཞི་དེ་དང་དེ་ལ་རིགས་ཡོད་པར་མི་འཇོག་ཀྱང་ཆོས་ཉིད་ཆ་བཅས་སུ་མི་འགྱུར་བ་ནི། དཔེར་ན་ཆོས་ཉིད་རང་ལྡོག་ནས་དྲི་མེད་ཡིན་ཀྱང་རྒྱུད་དབང་བཙན་པས་དྲི་བཅས་སུ་འཇོག་པ་ལ་འགལ་བ་མེད་པ་བཞིན་ཡིན་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེས་ན་རང་བཞིན་གྱིས་དག་པའི་དེ་བཞིན་ཉིད་ནི་གང་ཟག་གི་དབང་གིས་དྲི་བཅས་ཀྱང་ཡིན་ལ་དྲི་མེད་ཀྱང་ཡིན་པ་དང་། སྦྱང་གཞི་ཡང་ཡིན་ལ་ལ་སྦྱངས་འབྲས་ཀྱང་ཡིན་པས་འགལ་འདུས་སྐྱོན་མེད་ཀྱི་གནད་ཟབ་མོ་ལ་མཁས་པར་བྱ་དགོས་སོ། ། ཞེས་གསུངས་པ་བཞིན་ནོ། །
༨ ༽ བཤད་པ་མཇུག་གི་དོན་བསྡུ་བ།
མཁན་ཆེན་བུ་སྟོན་རིན་པོ་ཆེས་སྙིང་པོ་ཀུན་གཞི་རྣམ་ཤེས་ལ་མཛད་དེ་མདོ་བསྟན་གྱིས་བསྒྲུབས་པ་ལ། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རང་འདྲའི་བུ་ཆེན་བཞིའི་ཡ་གྱལ་ཀུན་མཁྱེན་ཕྱོགས་རྒྱལ་བས། བདེ་གཤེགས་སྙིང་པོའི་རྒྱན་གྱི་འཁྲུལ་འཇོམས་སུ་སྐྱོན་སྤོང་རྒྱས་པར་མཛད་མོད་འདིར་ཡིག་ཚོགས་སྐྱུང་ཆེད་མ་བཀོད། རྒྱལ་བ་ཇོ་ནང་པའི་རང་ལུགས་ལ་ཀུན་གཞི་ཡེ་ཤེས་དང་ཀུན་གཞི་རྣམ་ཤེས་གཉིས་སུ་བཞེད་པ་ནི། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་བཀའ་བསྡུ་བཞི་བའི་དོན་བསྟན་རྩིས་ཆེན་མོ་ལས། ཀུན་གཞི་གང་ཡིན་མ་བསྒྲིབས་ལུང་མ་བསྟན། ། ལེན་པའི་རྣམ་ཤེས་ཉིད་ལ་འདོད་པ་བྱུང་། ། དེས་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱ། ། བདེ་གཤེགས་སྙིང་པོར་གསུངས་པའི་ཀུན་གཞི་དང་། ། ཟད་མེད་དགེ་བར་གསུངས་པའི་ཀུན་གཞི་དང་། ། ས་རྣམས་སྣ་ཚོགས་ཡིན་པའི་ཀུན་གཞི་དང་། ། རང་བཞིན་འོད་གསལ་ཡིན་པའི་ཀུན་གཞི་ནི། ། འགྱུར་མེད་ཡོངས་གྲུབ་དབུ་མ་ཆེན་པོ་དང་། ། ཞེས་གསུངས་པ་བཞིན་ཀུན་གཞི་དོན་དམ་ཡེ་ཤེས་ཀྱི་ཆ་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་དུ་སྟོན་པའི་མདོ་བསྟན་བཅོས་ཀྱི་ལུང་ཁུངས་འདྲེན་ན། མངོན་པ་ཀུན་བཏུས་ལས། དོན་དམ་པའི་དགེ་བ་གང་ཞེ་ན། དེ་བཞིན་ཉིད་དོ། ། ཞེས་དང་། ཐེག་བསྡུས་ལས། རང་བཞིན་གྱིས་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། དེ་བཞིན་དང་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་མཚན་མ་མེད་པ་དང་དོན་དམ་པ་སྟེ། ཆོས་ཀྱི་དབྱིངས་ཀྱང་དེ་ཡིན་ནོ། ། ཞེས་དང་། རྒྱུད་བླ་མ་ལས། སེམས་ཅན་ཀུན་གྱི་མ་རིག་སོགས་འབྲས་ཀྱི། ། ལྤགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང་། ། དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ནས། ། རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར་དང་། ། ཞེས་དང་། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། ། ཁྱད་པར་མེད་ཀྱང་དག་གྱུར་པས། ། དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། ། འགྲོ་ཀུན་དེ་ཡི་སྙིང་པོ་ཅན། ། ཞེས་དང་། ལང་གཤེགས་ལས། དེ་བཞིན་གཤེགས་པའི་སྙིང་པོ་དགེ ། རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། ། ཞེས་དང་། རྒྱན་སྟུག་པོ་བཀོད་པ་ལས། ས་རྣམས་སྣ་ཚོགས་ཀུན་གྱི་གཞི། །བདེ་གཤེགས་སྙིང་པོ་དགེ་བའང་སྟེ། ། ཀུན་གཞི་དེ་ལ་སྙིང་པོའི་སྒྲས། ། སངས་རྒྱས་རྣམས་ཀྱིས་སྟོན་པར་མཛད། ། ཅེས་དང་། ཐོག་མ་མེད་དུས་ཅན་གྱི་དབྱིངས། ། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། ། དེ་ཡོད་པས་ན་འགྲོ་ཀུན་དང་། ། མྱ་ངན་འདས་པའང་འཐོབ་པར་འགྱུར། ། ཞེས་དང་། གཞན་སྟོང་དབུ་མའི་རྒྱན་ལས། དབྱིངས་ཀྱི་དེ་བཞིན་དེ་དགེ་བ་སྟེ། ། དོན་དམ་དགེ་བ་ཡིན་ཕྱིར་དགེ་བའི་མཆོག།། ཀུན་རྫོབ་དགེ་བ་དགེ་བ་ཉིད་ཡིན་ན། ། དོན་དམ་དགེ་བ་ཅིའི་ཕྱིར་དགེ་བ་མིན། ། ཞེས་པ་ནས། འདིས་ནི་ཀུན་གཞི་ཡེ་ཤེས་བསྟན་པ་སྟེ། ། དེ་བཞིན་ཉིད་ཕྱིར་ཡེ་ཤེས་ཁོ་ན་དང་། ། དགེ་བར་བཤད་པས་ཀུན་གཞི་རྣམ་ཤེས་མིན། ། ཀུན་གཞི་དང་ནི་བདེ་གཤེགས་སྙིང་པོར་བསྟན། ། ཞེས་སོགས་གསུངས་སོ། །
ཀུན་གཞི་ཀུན་རྫོབ་ཆོས་ཅན་རྣམ་ཤེས་ཀྱི་ཆ་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་ཡ་རྒྱལ་དུ་གྱུར་པ་དེ་ཉིད་སྟོན་པའི་མདོ་བསྟན་བཅོས་ཀྱི་ལུང་ཁུངས་ནི། ལང་གཤེགས་ལས། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། ། ངར་སེམས་ཉིད་ནི་ཡིད་ཡིན་ནོ། ། གང་གིས་ཡུལ་རྣམས་འཛིན་པ་ནི། ། དེ་ནི་རྣམ་པར་ཤེས་ཞེས་བྱའོ། ། སེམས་ནི་རྟག་ཏུ་ལུང་བ་མ་བསྟན། ། ཞེས་དང་། སུམ་ཅུ་པའི་རབ་བྱེད་ལས། དེ་ནི་མ་བསྒྲིབས་ལུང་མ་བསྟན། ། ཞེས་དང་། བློ་བརྟན་གྱི་འགྲེལ་བ་ལས། དེ་ནི་མ་བསྒྲིབས་ལུང་མ་བསྟན། ། ཞེས་བྱ་བ་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ་བསྙེགས་སོ། ། དེ་ལ་མ་བསྒྲིབས་སྨོས་པ་ནི་བསྒྲིབས་པའི་ལུང་དུ་མ་བསྟན་པ་རྣམ་པར་གཅད་པའི་ཕྱིར་རོ། ། ལུང་དུ་མ་བསྟན་པ་སྨོས་པ་ནི་དགེ་བ་དང་། མི་དགེ་བ་རྣམ་པར་བཅད་པའི་ཕྱིར་རོ། ། ཞེས་དང་། སློབ་དཔོན་དུལ་བ་ལྷའི་འགྲེལ་བཤད་ལས། ལུང་དུ་མ་བསྟན་པ་སྨོས་པས་ནི་དགེ་བ་དང་མི་དགེ་བ་ལས་རྣམ་པར་འབྱེད་དོ། ། ཞེས་གསུངས་སོ། །
ཇི་སྐད་དུ་བཀའ་བསྡུ་བཞི་པ་ལས། རྒྱུད་ནི་རྒྱུད་གཞན་གྱིས་ཤེས་བྱ། ། མདོ་ནི་མདོ་གཞན་གྱིས་ཤེས་བྱ། ། མདོ་ཡང་རྒྱུད་རྒྱུད་ཀྱིས་ཤེས་པར་བྱ། ། རྒྱུད་ཀྱང་མདོ་ཡིས་ཤེས་པར་བྱ། ། ཞེས་པ་ནས། རྒྱལ་བའི་རང་འགྲེལ་ལས་ཤེས་བྱ། ། ཞེས་གསུངས་པ་བཞིན་དུ་མདོའི་དོན་མདོ་གཞན་ལ་གཏུགས་ཤིང་རྒྱུད་ཀྱང་རྒྱུད་གཞན་ལ་གཏུགས་ཏེ། མདོ་རྒྱུད་ཕན་ཚུན་ལ་ཁུངས་གཏུགས་པ་ཉིད་ལས། གཞན་སེམས་འགྲེལ་སྐོར་གསུམ་དང་། རྒྱན་དྲུག་མཆོག་གཉིས་སོགས་རྒྱལ་བ་ཉིད་ཀྱིས་མཆོག་ཏུ་ལུང་བསྟན་པ་མ་ཡིན་པ་འཕགས་སེང་གཉིས་ལྟ་བུའི་པཎ་ཆེན་རྣམས་ཀྱང་ཁུངས་སུ་མི་མཛད་པའི་མཁས་པའི་བློ་གྲོས་ཀྱིས་གཞན་དྲིང་མི་འཇོག་པའི་རྒྱལ་བས་ལུང་ཟིན་ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་ཆོས་ཚུལ་ཇི་བཞིན་དུ་འཆད་པ་ལ།མ་མཐའ་ཡང་མདོ་རྒྱུད་ལ་བྱང་ཆུབ་པའི་ཀློག་པ་ཐོས་བསམ་གྱིས་ཕྱུག་པ་ཞིག་དགོས་པས། ཁོ་བོ་ནི་ཐོས་པ་ཞན་པའི་ཁར་བློ་གྲོས་ཆུང་བས་བློ་ཁ་ནང་དུ་སྐོར་ཚེ་སྤོབས་པས་དབུལ་ཏེ་སྨྲ་རྒྱུས་ཕོངས་བ་ཞིག་འདུག་ཨང་། འདིར་ནོར་འཛོལ་གྱི་ཆ་གང་ཡོད་མཁས་གྲུབ་གསེར་རིའི་ཕྲེང་བ་འཛིན་པ་རྣམས་དང་། ཀློག་མཁན་ཡོངས་ཀྱི་སྤྱན་ངར་མཐོལ་ཞིང་བཟོད་པར་གསོལ་ནས། རྣམ་དཀར་བགྱི་བ་གང་གི་དགེ་བའི་མཐུ་ལ་བརྟེན་ནས་གུས་པ་དྲིན་གྱིས་སྐྱོང་ཞིང་ཆོས་སྦྱིན་པའི་བཤེས་གཉེན་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ལུས་སྦྱིན་པའི་བྱམས་ལྡན་གྱི་ཕ་མ་གཉིས་ཏེ་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁྲི་ལ་གནས་ཤིང་བདེ་སྐྱིད་འཚོ་བའི་དཔལ་ལ་ལོངས་སྤྱོད་པ་དང་། བདག་ཀྱང་ཚེ་ཆོས་མཐར་ཕྱིན་ཡོང་བའི་རྒྱུ་རུ་སྨོན་པའོ། །
སྨྲས་པ། ལེགས་བྱས་རྒྱ་མཚོ་རླུང་གིས་མི་གཡོ་བར། །
དྲིན་ཟུང་དོན་མཐུན་བརྟན་པའི་གྲུར་ཞུགས་ཏེ། །
དགེ་ལེགས་ནོར་གྱི་དགོས་འདོད་འབྱུང་བ་ཡི། །
ཚེ་ཆོས་མཐར་གྱི་བ་དན་མཛེས་གྱུར་ཅིག །
ཅེས་༼ ཀུན་མཁྱེན་དོལ་པོ་སངས་རྒྱས་གཞན་དོན་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ནས་ལོ་ངོ་༦༦༠ འཁོར་བའི་རྗེས་དྲན་འཕགས་ཡུལ་རྡོར་གདན་གཞན་སྟོང་དབུ་མའི་བགྲོ་གླེང་ཆེན་མོ་སྐབས་གསུམ་༽ པའི་ཐོག་རྩོམ་ཤོག་འདི་ཉིད་ཕྱི་ཚེས། ༢༠/༡༢/༢༢ཉིན་འཕགས་ཡུལ་རྡོར་གདན་དུ་གྲུབ་པར་བྱས།
– – – – –