རྗེ་འཇིགས་མེད་ཐེག་མཆོག་གི་སྙན་ངག་གི་མཛེས་ཉམས་གླེང་བ།

0
762

གླེང་སློང་བའི་གཏམ།

དེ་ཡང[①]《སྙན་ངག་གི་རྣམ་བཤད》ལས“སྙན་ངག་ཅེས་པ་ནི་དབྱངས་ཀྱི་འདེགས་འཇོག་གསལ་བའི་ལུས་ལ་ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤྲས་ཤིང་། སྤྱི་ཚོགས་འཚོ་བ་སྙིང་བསྡུས་སུ་བྱས་པའམ་བསམ་བློ་ཟབ་མོ་སྲོག་ཏུ་བྱས་པའི་ཚོར་འདུ་ཤུགས་དྲག་པའི་རྩོམ་རིག་གི་རྣམ་པ་ཞིག་ལ་གོ་དགོས།”ཞེས་སྙན་ངག་གི་མཚན་ཉིད་གོ་བདེ་འཛིན་སླ་བ་ཞིག་བསྟན་པ་ཇི་བཞིན་དུ་སྙན་ངག་གི་མཛེས་ཉམས་ཉིད་ནི་གཙོ་བོར་ཚིག་སྦྱོར་གྱི་སྡེབ་ལུགས་དང་རྩོམ་གཤིས་ཀྱི་རང་མདངས། ཡིད་འགྱུར་གྱི་བློས་བསླངས་སོགས་ཀྱི་ཟུར་ནས་ལེགས་པར་མངོན་ཡོད། ལྷག་པར་གོང་གི་མཚན་ཉིད་དུ“དབྱངས་ཀྱི་འདེགས་འཇོག་གསལ་བ”ཞེས་པ་དང“ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤྲས”ཞེས་པ་གཉིས་ནི་སྙན་ངག་གི་མཛེས་ཉམས་སྟོན་བྱེད་ཀྱི་ཁྱད་ཆོས་གཙོ་བོ་ཡིན། མཛེས་སྡུག་རིག་པའི་ཟུར་ཚད་ནས་བོད་ཀྱི་སྙན་ངག་གི་མཛེས་ཉམས་ལ་ཆེད་དུ་ཞིབ་འཇུག་གནང་མཁན་གྱི་རིག་གཞུང་ཉམས་ཞིབ་པ་སུམ་བྷ་དོན་གྲུབ་ཚེ་རིང་དང་བདེ་སྐྱིད་སྒྲོལ་མ་གཉིས་ཀྱིས་ཀྱང་སོ་སོའི་བརྩམས་ཆོས་སུ་བོད་ཀྱི་སྙན་ངག་སྤྱིའི་མཛེས་ཉམས་དེ་ཕྱོགས་དུ་མར་བགར་ནས་དཔྱད་ཡོད། དཔེར་ན། རྒན་དོན་གྲུབ་ཚེ་རིང་མཆོག་གིས་བོད་ཀྱི་སྙན་ངག་གི་མཛེས་ཉམས་དེ་ཡིད་འགྱུར་མཚོན་པའི་མཛེས་ཉམས་དང་སྣང་བརྙན་གྱི་མཛེས་ཉམས། ཡིད་བརྙན་གྱི་མཛེས་ཉམས། ཡིད་ཡུལ་གྱི་མཛེས་ཉམས། རྩོམ་གཤིས་ཀྱི་མཛེས་ཉམས། ཚིག་རྒྱན་སྤེལ་ཐབས་ཀྱི་མཛེས་ཉམས། ཉིང་འདུས་ཀྱི་མཛེས་ཉམས། དབྱངས་ཀྱི་མཛེས་ཉམས། ཀུན་འཁོར་གྱི་མཛེས་ཉམས་བཅས་ནང་གསེས་ཀྱི་རྣམ་གྲངས་མི་འདྲ་བ་དགུ་རུ་དབྱེ་ནས་དཔྱད་པ་དང་། ཡང་ཞིབ་འཇུག་པ་བདེ་སྐྱིད་སྒྲོལ་མ་མཆོག་གིས་བོད་ཀྱི་སྙན་ངག་གི་མཛེས་པ་དེ་སྙན་ངག་གི་ཡིད་ཀྱི་ཉམས་སྣང་སྟོན་པའི་མཛེས་པ། སྙན་ངག་གི་མཚན་ཉིད་རིག་པའི་མཛེས་པ། སྙན་ངག་གི་རྟོག་ཡུལ་གྱི་མཛེས་པ། སྙན་ངག་གི་རྟོག་བཏགས་ཀྱི་མཛེས་པ། སྙན་ངག་གི་སྣང་བརྙན་གྱི་མཛེས་པ། སྙན་ངག་གི་སྒྲོ་བཏགས་ཀྱི་མཛེས་པ། སྙན་ངག་གི་སྒྲ་ཉམས་ཀྱི་མཛེས་པ། སྙན་ངག་གི་ཚོན་མདོག་གི་མཛེས་པ་བཅས་ཟུར་མི་འདྲ་བ་བརྒྱད་དུ་བགར་ནས་དཔྱད་པ་ཟུང་ནི་སྔོན་གྱི་ཚིག་རྒྱན་རིག་པ་དང་དེང་གི་མཛེས་སྡུག་རིག་པ་ཟུང་འབྲེལ་སྒོས་བོད་ཀྱི་སྙན་ངག་གི་མཛེས་ཉམས་ལ་དཔྱད་པའི་ཞིབ་འཇུག་གི་མཛད་པ་འཐུས་ཚང་བ་ཞིག་ཡིན་པས། རྒན་རྣམ་པ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་རང་རེའི་སྔོན་བྱོན་མེས་པོའི་སྙན་ངག་གི་བརྩམས་ཆོས་ཕུལ་དུ་བྱུང་བ་རྣམས་ཀྱི་ངོ་མཚར་བའི་མཛེས་ཉམས་ལ་དེང་གི་རྩོམ་རིག་གཞུང་ལུགས་གསར་བ་དང་སྦྱར་ནས་ཉམས་ཞིབ་གསར་དུ་གནང་བ་དང་མྱོང་རོལ་གཏིང་ཟབ་བྱེད་ཐུབ་པ་འདི་ཡང་རང་རེའི་རྩོམ་རིག་དང་སྒོས་སུ་བོད་ཀྱི་སྙན་ངག་གི་བསྟན་པ་ཡུན་རིང་གནས་པའི་མཐུན་རྐྱེན་གལ་ཆེན་དུ་འགྱུར་བ་གོར་མ་ཆག

《བོད་ཀྱི་སྙན་ངག་གི་མཛེས་ཉམས》ལས[②]“མཛེས་ཉམས་ཞེས་པའི་མཛེས་ནི་མཛེས་སྡུག་ཅེས་པ་སྟེ་ཡིད་སེམས་དབང་མེད་དུ་འཕྲོག་ཅིང་ལྟ་ན་སྡུག་པ་དང་ངོ་མཚར་ཆེ་བར་སྣང་པའི‹བའི›དངོས་སྟོབས་ཀྱི་དཔལ་ཞིག་ལ་བྱ་ཞིང་། ཉམས་ནི་ཁྲེར་ཎི་ཞོ་ཧྥུ་སི་ཅུས་མངོན་པར་ཉམས་སུ་མྱོང་དུ་ཡོད་པའི་དོན་ཡིན་ཏེ། དབང་ཤེས་ཚང་བའི་མི་ཞིག་གིས་ཟས་བཅུད་འཛོམས་པར་སྦྱར་བའི་ཟས་ལོངས་སུ་སྤྱད་ན་དེའི་རོ་དང་བྲོ་བ་མྱོང་ཐུབ་ཅིང་ཡིད་ལ་དགའ་ཞིང་ཚིམ་པའི་བདེ་བ་སྐྱེས་པ་ལྟར་རྣམ་དཔྱོད་ལྡན་པའི་ལྟ་མཁན་གྱིས་ཟློས་གར་གྱི་ངག་བརྗོད་ལུས་ཉམས་དུ་མའི་སྒོ་ནས་ཡིད་ཀྱི་འགྱུར་བ་སྣ་ཚོགས་འཁྲབ་སྟོན་བྱས་པ་ལས་ནང་སེམས་ཀྱི་རང་བཞིན་ཉམས་སུ་རྟོགས་ཐུབ་པས་ཡིད་སྤྲོ་ཞིང་བློ་ཚིམ་པའི་སྣང་བ་སྐྱེས་ངེས་ཞེས་གསུངས་པ་ལྟར་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་པའི་ནུས་པའམ་བྲོ་ཉམས་ཁྱད་པར་ཅན་ཞིག་ལ་བྱ། འདིར་སྙན་ངག་གི་མཛེས་ཉམས་ཞེས་གླེང་ཚེ། དེ་ལས་ལྷག་པའི་སྒྱུ་རྩལ་སྣང་བརྙན་གྱི་ཉམས་དང་འགྱུར་བ་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པ་དང་། ངོ་མཚར་ཞིང་ཕུལ་དུ་བྱུང་བའི་མཛེས་ཆའི་དཔལ་དང་རོ་ཉམས་བསམ་གྱིས་མི་ཁྱབ་པ། ཡིད་སྤྲོ་ཞིང་བློ་བག་ཚིམ་པ་དང་ཡིད་ཀྱི་དང་བ་ཅིག་ཅར་དུ་འདྲེན་ནུས་པའི་སྙན་རྩོམ་གྱི་ཡིད་འགུག་ནུས་པ་ཞིག་ལ་བྱ།”ཞེས་སྙན་ངག་གི་མཛེས་ཉམས་ཀྱི་གོ་དོན་རྫོགས་པར་བསྟན་པ་ནི་རྨད་དུ་བྱུང་བའི་ལེགས་བཤད་དུ་མཐོང་བ་དང་། ལྷག་པར་མཛེས་ཉམས་ལས་ཉམས་ཀྱི་ཐད་ལ་གཉའ་བློ་གྲོས་རྒྱལ་མཚན་མཆོག་གི་ཞལ་ནས་ཀྱང[③]“ཉམས་འགྱུར་ཞེས་པའི་ཉམས་དང་འགྱུར་བའི་གོ་རིམ་འདི་འགྲོ་བ་མིས་ཕ་རོལ་བའི་བྱ་དངོས་དག་ལ་དམིགས་ཚེ་སྔོན་ལ་སྒེག་པ་ལ་སོགས་པའི་ཉམས་ཚོར་བྱེད་ཀྱི་དབང་པོ་ལ་བརྟེན་ནས་ཡིད་དུ་འཆར་ཞིང་། དེ་ལས་དགའ་བ་ལ་སོགས་པའི་འགྱུར་བ་འཕེལ་བ་ཡིན།”ཞེས་སྙན་གཞུང་དང་སྙན་འགྲེལ་རྣམས་སུ་བརྗོད་པའི་སྙན་ངག་གི་ཉམས་དང་འགྱུར་བའི་སྐོར་ལ་ཧ་ཅང་ཁ་གསལ་གོ་བདེར་འགྲེལ་ཡོད།

དེ་ལྟར་ཙི་ན་བ་རྣམས་ལ་མཚོན་ན་ཡང་སྙན་ངག་གི་མཛེས་ཉམས་གང་དེ་གསར་རྩོམ་གྱི་མཛེས་ཉམས‹建筑美›དང་རི་མོའི་མཛེས་ཉམས‹绘画美›།  རོལ་དབྱངས་ཀྱི་མཛེས་ཉམས‹音乐美›ཞེས་རིགས་ཆེན་པོ་གསུམ་དུ་བགར་ནས་བརྗོད་སྲོལ་ཡོད། ད་དུང་གཉའ་བློ་གྲོས་རྒྱལ་མཚན་མཆོག་གིས[④]“ཐོག་མར་སྙན་ཆ་ཞེས་པ་ནི་སྙན་ངག་གི་ཚིག་སྦྱོར་རྣམས་ཀྱི་ཆ་ཤས་སུ་རང་གྲུབ་ཏུ་ཡོད་དགོས་ཤིང་།མེད་ན་སྐྱོན་དུ་འགྱུར། ངག་གི་སྦྱོར་བའི་གྲུབ་ཆ་རིལ་པོའི་ནང་ཡི་གེ་འཇམ་པོ་སྟེ་སྒྲ་ལྷོད་པོའམ་མཉེན་པོ་ཤུགས་ཆེ་རུ་གྱུར་ཏེ་བྱུང་ན་སྙན་པའི་ཡོན་ཏན་ཐོན་པས་ལེགས་ལ། དེ་ལས་ལྡོག་སྟེ་སྒྲ་རྩུབ་པོ་ཤ་ལྟ་བུ་དང་། སྒྲ་གྱོང་པོ་བསྒྲགས་ལྟ་བུ་དང་། སྒྲ་དམ་པོ་ཁྲག་ལྟ་བུ་དང་། རང་ཤུགས་ཀྱིས་བྱུང་བའི་ཟློས་སྒྲ་ལྟ་བུ་དག་ཤུགས་ཆེར་བྱུང་ན་སྙན་ངག་གི་སྙན་ཆ་འགོག་པས་མཚང་ཆེ།”ཞེས་བསྟན་པ་ནི་སྙན་ངག་གི་མཛེས་ཉམས་སྟོན་པའི་ལེགས་བཤད་དུ་མཐོང་བ་མ་ཟད། ཁོང་གིས[⑤]“སྙན་ངག་ལ་རོལ་མོའི་ཁྱད་ཆོས་ཤིག་ངེས་ཅན་དུ་ཐོན་དགོས་པ་དང་། དེ་ཐོན་བྱེད་གཙོ་བོའི་དབང་དུ་བཏང་ན་སྙན་པའི་ཡོན་ཏན་དང་གདངས་མཚམས་གསལ་པོ་ཞིག་ཡོད་དགོས་པ་དེ་ཡིན། དུས་རྒྱུན་མི་རྣམས་ཀྱིས་སྙན་ངག་གི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་བྲོ་བ་མྱོང་སྐབས་སྙན་འཇེབས་ལེགས་པར་བཤད་པའི་རོལ་མོ་ཞེས་བསྔགས་པ་ནི་སྙན་པའི་གདངས་དང་ངག་གི་འགྱུར་ཁུགས་ཡོངས་སུ་རྫོགས་པའི་ཉམས་དང་འགྱུར་བག་སྟོང་གི་རྣམ་པར་རོལ་བའི་སྙན་ངག་གི་ཡོན་ཏན་རྫོགས་པ་ཅན་གྱི་སྡེབ་ལེགས་རྨད་བྱུང་གི་ངག་སྦྱོར་ལ་སྟོན།”ཞེས་གསུངས་པ་འདི་ཡང་སྙན་ངག་ལ་མཁྱེན་དཔྱོད་ཡངས་པའི་མཁས་པ་ཆེན་པོའི་གདམས་ངག་ཏུ་སེམས་ཆོག་པར་སྣང་།ད་ནི་དཀྱུས་སུ་འཇུག་པར་བྱས་ན་རྗེ་འཇིགས་མེད་ཐེག་མཆོག་གི་སྙན་ངག་གི་མཛེས་ཉམས་དེ་ཡང་གཙོ་བོ་ཀ་རྩོམ་གྱི་མཛེས་ཉམས་དང་རྩོམ་གཤིས་ཀྱི་མཛེས་ཉམས། ཚིག་སྦྱོར་གྱི་མཛེས་ཉམས། ཡིད་འགྱུར་གྱི་མཛེས་ཉམས་བཅས་ཁྱད་ཆོས་བཞིའི་ནང་དུ་འདུས་སུ་བཅུག་ནས་རིམ་གྱིས་སྤྲོ་བ་ལ་འཇུག་པར་བྱའོ། །

གཅིག   ཀ་རྩོམ་གྱི་མཛེས་ཉམས།

དེ་ཡང་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་ཞལ་ནས[⑥]“བོད་ཡིག་གི་ཕྱི་མོ་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་ལ་ཀ་མད་ཅེས་ཟེར་ཞིང་། དེའི་གོ་རིམ་གཞིར་བཟུང་ནས་བཤད་པའི་རྩོམ་ཡིག་ལ་ཁ་སྐད་ལྟར་ན་ཀ་བཤད་ཅེས་གྲགས་པ་དང་ཡིག་སྲོལ་ལ་ཀ་ལིའི་ཕྲེང་བ་སྟར་དུ་བསྒྲིགས་པས་ཀ་ཕྲེང་ཞེས་ཟེར་གྱི་ཡོད། རྩོམ་སྲོལ་འདི་ནི་རང་ཅག་བོད་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རྩོམ་རིག་ཅིག་ཡིན་ལ། བོད་རིགས་མི་དམངས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་རྩོམ་ཚུལ་ཞིག་ཀྱང་ཡིན།”ཞེས་གསུངས་པ་དང་། ཁོང་གིས་ད་དུང[⑦]“བོད་དུ་ཀ་བཤད་རྩོམ་རིག་དར་ནས་ད་ཕན་ལོ་ངོ་བརྒྱ་ཕྲག་འགའ་ཤས་སོང་ཡོད་ཅིང་། རྩོམ་ཚུལ་འདི་ནི་སྙན་ངག་གི་གཞུང་ལྟར་བྱས་ན་སྒྲ་རྒྱན་གྱི་ནང་ཚན་ཡི་གེ་ངེས་པ་ཅན་གྱི་རྣམ་གྲངས་ཀྱི་རྗེས་འབྲངས་པའི་ཁོངས་སུ་གཏོགས་པ་ཙམ་ཡིན་པར་འདོད།”ཅེས་ཀ་རྩོམ་འདི་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་རྩོམ་ཚུལ་དམིགས་བསལ་བ་ཞིག་ཡིན་པ་དང་། བྱ་དཀའ་སླའི་དབང་དུ་བཏང་ན་སྒྲ་རྒྱན་གྱི་ཁོངས་སུ་གཏོགས་པའི་བྱ་དཀའ་བའི་རྩོམ་ཚུལ་ཞིག་ཡིན་པ་གསལ་བོར་བསྟན་ཡོད།

དེ་ལྟར་ཀ་བཤད་ལ་མིང་གི་རྣམ་གྲངས་སུ་ཀ་རྩོམ་དང་ཀ་ཕྲེང་ཞེས་ཀྱང་ཟེར་ཞིང་། དེ་ནི་ཚིགས་སུ་བཅད་པའི་ལུས་ལ་ལུགས་འབྱུང་ལུགས་ལྡོག་སོགས་ཀ་ཕྲེང་གི་གོ་རིམ་ངེས་པར་ལྡན་ཞིང་། རང་བཞིན་བརྗོད་པའམ་འཁྱོག་བརྗོད་ཀྱི་སྒྱུ་རྩལ་ལམ་ནས་སྤྱི་ཚོགས་ཀྱི་འཚོ་བ་གནད་བསྡུས་སུ་མཚོན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། ཀ་རྩོམ་གྱི་མཛེས་ཉམས་ནི་དབྱངས་ཀྱི་འགྱུར་ཁུགས་ཕུན་སུམ་ཚོགས་ཤིང་སྒྲ་རྒྱན་གྱི་ཉམས་འགྱུར་འབུམ་ཕྲག་དང་ལྡན་པའི་བོད་རང་གི་རྩོམ་རིག་གི་རྒྱན་དུ་གྱུར་ཅིང་མི་རིགས་གཞན་ལ་མེད་པའི་ཕ་ནོར་རྩ་ཆེན་ཞིག་ཡིན། མཁས་དབང་ཆབ་སྤེལ་མཆོག་གིས[⑧]“རྩོམ་རིག་དེའི་སྒྱུ་རྩལ་གྱི་ཚད་གཞི་ལྟར་བྱས་ན་ཐད་ཀར་ཀློག་སྐབས་ཀ་ཕྲེང་ཆེད་སྒྲིག་བྱས་པའི་ཚོར་སྣང་ཙམ་མེད་པར་ཚིག་སྦྱོར་རང་བཞིན་གྱིས་གྲུབ་པ་ལྟ་བུ་ཞིག་འབྲི་ཐུབ་པའི་འབད་བརྩོན་བྱེད་དགོས་པ་ཡིན། དེ་ལྟར་བྱུང་ན་རྩོམ་པ་པོའི་ཐུན་མོང་མ་ཡིན་པའི་རྩོམ་རྩལ་གྱི་རང་བཞིན་དེས་ཀློག་པ་པོ་རྣམས་ཀྱི་ཡིད་ལ་ཟད་མི་ཤེས་པའི་སྒྱུ་རྩལ་གྱི་རོ་མཆོག་དང་། ངོ་མཚར་ལྡན་པའི་རྩོམ་ཉམས་ཀྱི་རྩེ་དགའ་སྐྲུན་ཐུབ་པས་ཇི་ཙམ་བཀླགས་པ་དེ་ཙམ་གྱིས་ཡིད་དབང་འཕྲོག་ཤུགས་ཇེ་ཆེར་འགྱུར་ཞིང་། དེ་ལ་བརྟེན་ནས་བརྗོད་བྱའི་ནང་དོན་རྣམས་ཀྱང་སྙིང་ལ་སིམ་པ་ཐོབ་པ་ཞིག་ཡོང་སྲིད་ཡོད།”ཅེས་ཀ་རྩོམ་གྱི་ཁྱད་ཆོས་ལེགས་པར་བསྟན་པ་འདི་ནི་དོན་གྱིས་ཀ་རྩོམ་གྱི་མཛེས་ཉམས་སུ་ཡང་བལྟས་ཆོག་པ་ཡིན། གོང་དུ་བཤད་པ་བཞིན་ཀ་རྩོམ་ནི་སྒྲ་རྒྱན་གྱི་བྱ་དཀའ་བའི་ཁོངས་སུ་གཏོགས་པས་རྩོམ་རིག་གསར་རྩོམ་ལ་རྣམ་དཔྱོད་ཕུལ་དུ་བྱུང་བ་དང་། སྒོས་སུ་ཚིགས་བཅད་སྙན་ངག་རྩོམ་པ་ལ་མངོན་པར་བྱང་བའི་གདེང་དང་ལྡན་པ་ཞིག་མིན་ན་ཀ་རྩོམ་ལེགས་པོ་ཞིག་གསར་རྩོམ་གནང་དཀའ་ཞིང་། བརྗོད་བྱ་སྡེ་བཞིའི་གཏམ་གྱིས་བརྒྱན་ཅིང་རྗོད་བྱེད་སྙན་མོ་ཚིག་ལ་བཅིངས་པའི་མཛེས་ཉམས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་ཀ་རྩོམ་རྨད་དུ་བྱུང་བ་ཞིག་རྩོམ་རྒྱུ་ནི་དེ་ལས་ཀྱང་ཤིན་ཏུ་དཀའ། དེ་བས་རང་རེའི་སྔོན་བྱོན་མཁས་པ་རྣམས་ཀྱི་ཁྲོད་ལ་ཕྱིར་མིག་ཅིག་འཕངས་ནའང་ཀ་རྩོམ་མང་པོ་མཛད་ཡོད་པའི་མཁས་པ་ལྟོས་བཅས་ཀྱིས་ཅུང་ཙམ་ཉུང་བ་ཡིན། རྗེ་ཙོང་ཁ་པ་དང་རྡོ་རིང་བསྟན་འཛིན་དཔལ་འབྱོར། མཁས་དབང་དགེ་འདུན་ཆོས་འཕེལ་ལྟ་བུ་རྣམས་ནི་ཀ་རྩོམ་མཛད་པ་ལ་རབ་ཏུ་མཁས་པའི་སྙན་ངག་པའི་གཙུག་རྒྱན་དུ་བགྲངས་ཆོག མཁས་པ་སྔོན་མ་རྣམས་ཀྱིས་ལེགས་པར་བརྩམས་པའི་ཀ་རྩོམ་དག་ནི་སྒྱུ་རྩལ་གྱི་བློས་བསླངས་དང་ཀུན་རྟོག་གི་ཡིད་འགྱུར། ཚིག་རྒྱན་གྱི་སྡེབ་སྦྱོར་སོགས་གང་གི་ཆ་ནས་ཀྱང་ཧ་ཅང་ངོ་མཚར་ཞིང་ཕུན་སུམ་ཚོགས་པས་ན་འཛམ་གླིང་རྩོམ་རིག་གི་ཁྲོད་དུ་རང་རེ་རྣམས་ཀྱིས་རྒྱན་དུ་ངོམས་རི་བའི་རྩོམ་རིག་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན།

རྗེ་འཇིགས་མེད་ཐེག་མཆོག་ཉིད་ཀྱང་རྩོམ་རིག་གསར་རྩོམ་གྱི་ཡོན་ཏན་ལ་ཆུང་དུས་ནས་མངའ་བརྙེས་པའི་རྣམ་དཔྱོད་ཁྱད་པར་བ་དང་ལྡན་པས། གངས་ལྗོངས་སྙན་ངག་པའི་གཙུག་རྒྱན་ལྟ་བུར་གྱུར་པའི་རྗེ་ཙོང་ཁ་པ་དང་ཨ་མདོ་དགེ་འདུན་ཆོས་འཕེལ་སོགས་ཀྱི་རྩོམ་པའི་ཡོན་ཏན་ལ་སློབ་སྦྱོང་དང་རྒྱུན་འཛིན་གྱི་སྒོ་ནས་ཀ་རྩོམ་མང་པོ་མཛད་ཡོད། ཁོང་གིས་སྙན་རྩོམ་ཅོ་ཀའི་གླུ་དབྱངས་སུ[⑨]“ཀ་དག་སྤྲོས་པ་ཀུན་བྲལ་རྡོ་རྗེའི་སྐུ། །ཁ་སྦྱོར་བདུན་ལྡན་བདེ་སྟོང་ཟུང་འཇུག་ཐུགས། །ག་ལེར་ཟབ་རྒྱས་ལེགས་བཤད་འདོམས་པའི་གསུང་། །ང་ཅག་སྐྱབས་མགོན་འཛམ་གླིང་གཙུག་ན་མཛེས། །”ཞེས་གཞུང་དོན་སྙན་ངག་གི་ལམ་ནས་མཛད་པའི་ཀ་རྩོམ་འདི་ནི་སྤྱིར་བཏང་གི་མཁས་པས་བརྩམས་པའི་ཀ་རྩོམ་དང་ཡེ་ནས་མི་མཚུངས་པར་ནང་དོན་བརྗིད་ཅིང་། རྗོད་བྱེད་ཚིག་རྒྱན་ལ་བཅིངས་པའི་མཛེས་ཉམས་ཀྱི་ལང་ཚོའི་དཔལ་དང་ལྡན། གཞན་ཡང་ཀ་བཤད་བླུན་པོའི་བསླབ་བྱ་རུ[⑩]“ཀྭ་ཡེ་གཞན་གྱི་སྐྱོན་མཚང་མཐོང་ན་ཡང་། །ཁ་ནས་མ་བཤད་རང་གི་སེམས་ནས་ཞོག །ག་ལེར་སྙིང་གཏམ་བཤད་སའི་གྲོགས་པོ་དཀོན། །ང་དང་ཁྱོད་མེད་ཟེར་ཡང་བཏང་སྙོམས་ཀྱིས། །ཅ་ཅོ་ལོང་གཏམ་སྤངས་པར་མ་ནུས་ཀྱང་། །ཆ་འཇོག་འཛིན་རྒྱུ་མེད་པ་ཙམ་ཞིག་དགོས། །ཇ་སྟོན་ཤ་སྟོན་འབོད་སར་འགྲོ་མི་རུང་། །ཉ་ཉོག་ཟ་འཐུང་གཞུག་ན་སྡུག་རེ་ཡོད། །ཏཱ་རིན་དཔོན་པོར་ངོ་འཛིན་མེད་ན་དགའ། །ཐ་མར་རང་སྡུག་གཏད་ན་དཀའ་མོ་ཡིན། །ད་ལྟའི་ལེགས་སོ་ཟེར་ཚད་གུས་རྟགས་མིན། །ན་ནིང་དོ་ཚུགས་དུས་ཀྱི་གཡོ་སྒྱུ་ཡིན། །པ་ན་མ་སོགས་ཤོམ་ལྭས་ཅང་མི་ཕན། །ཕ་རོལ་མང་པོའི་ཕྱོགས་ལ་བསྟུན་ཤེས་གྱིས། །བ་ལང་མཛོ་འབྲི་སྟེར་ན་ལེན་མི་ཉན། །མ་གཞི་རང་ལ་གྱོང་ཁིས་མེད་ན་བཟང་། །ཙ་ཀ་ཙིག་ག་ཞིག་ལ་ཚགས་མི་ཉན། །ཚ་ཚ་གཞོགས་གཞོགས་དེ་བས་ཡོད་མི་ཉན། །ཛ་མོ་ཛིག་མོ་བཤད་ཤེས་ཉན་ཤེས་དགོས། །ཝ་མ་ཝུར་ལ་འུར་གྱིས་ལངས་མི་རུང་། །ཞྭ་ལྟར་གུས་ན་ཁྱི་ལྟར་སྨོད་མི་ཉན། །ཟ་འཐུང་གཡོར་སྐྱི་མང་པོ་མེད་ན་བཟང་། །འ་ལ་ལ་ཞིག་རྒྱུན་དུ་བསམ་མི་རུང་། །ཡ་ཡོ་མེད་པ་ཁ་ར་ཁུ་རེ་ཡིན། །ཤ་ཚོད་མར་ཚོད་ཟོས་ནས་བསྡད་ཆོག་ཀྱང་། །ས་རིན་ཆུ་རིན་འདྲ་ཞིག་འཇོག་རྒྱུ་དགོས། །ཧ་ཅང་འདང་རྒྱག་མང་ན་སྡུག་གྱོང་ཡིན། །ཨ་ཧོ་ཟེར་རྒྱུ་བྱུང་ན་ལན་ཆགས་ཡིན། །ཧ་ཅང་སྙིགས་མའི་དུས་འདིར་གཡོ་སྒྱུ་ཆེ། །ཨ་ཧོ་བློ་རིག་གྲིམ་ན་བཤད་རྒྱུ་མེད། །”ཅེས་ཁོང་གི་སློབ་མ་ལ་ཆེད་དུ་གདམས་པའི་ཀ་རྩོམ་འདི་ནི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་བླ་བྲང་ལ་བསྐུར་བའི་ཀ་རྩོམ་དང་ཕལ་སྐད་གསོང་བོར་བརྗོད་པའི་ཀ་རྩོམ་གཉིས་དང་འདྲ་ས་ཤིན་ཏུ་མང་ཞིང་། ཀ་རྩོམ་དེ་གཉིས་ལ་དཔེར་བལྟས་ནས་གསར་རྩོམ་མཛད་པ་མངོན་པར་གསལ། གོང་གི་ཀ་རྩོམ་འདི་ལྟ་བུ་ནི་དམ་པ་ཁོང་གི་ཚབ་མཚོན་རང་བཞིན་གྱི་ཀ་རྩོམ་བརྩམས་ཆོས་སུ་བསྙད་ཆོག བརྗོད་བྱ་ནི་བསླབ་བྱ་ཡིན་པས་གོ་བསྐོན་བློ་འགུག་གི་ནུས་པ་བླ་ལྷག་ཏུ་ཆེ་བ་དང་། རྗོད་བྱེད་ནི་ཕལ་བའི་གྲོང་སྐད་ལ་ཉེ་བར་བཅར་ནས་སྦྱར་བས་གོ་སླ་ཞིང་ཚིག་སྦྱོར་བབ་ཆགས་པ། བཏོན་མ་ཐག་ཏུ་ཁ་ནང་ལ་རྫ་ཆུ་བསིལ་མ་ཤག་ཤག་བཞུར་བ་ཇི་བཞིན་ལྷུང་ནས་ཡོང་བས་རང་བྱུང་ལྷུན་ཆགས་དང་རང་བཞིན་བརྗོད་པའི་སྙན་ངག་གི་མཛེས་པ་ལྷུར་བླངས་པ། དེང་གི་བཅད་རྩོམ་གསར་མའི་ཁྱད་ཆོས་ཀྱང་ཀུན་ནས་འཛོམས་པ་བཅས་ཀ་རྩོམ་ལ་མངའ་བའི་ཐུན་མིན་གྱི་མཛེས་ཉམས་ཡོངས་སུ་ཚང་བ་བཅས་ཀྱི་ཡོན་ཏན་དུ་མའི་རྩོམ་རྩལ་གྱི་དཔལ་ཡོན་ངང་གིས་ཐོན་འདུག

དེ་ཡང་མཁས་དབང་དགེ་ཆོས་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས“ལྷག་པར་རྩོམ་དང་སྙན་ངག་ཕུན་སུམ་ཚོགས་པ་ཞིག་འབྲི་བ་ལ་རང་གི་ལུང་བའི་སྐད་དེ་ལ་གཏིང་ནས་གོམས་འདྲིས་མཐིལ་ཕྱིན་ཞིག་མེད་ན། ཚིག་དོན་དང་སྒྲ་དོན་སྦྱོར་ཚུལ་སྙན་པོ་དང་ཟབ་པོ་ཡོང་རྒྱུ་ཁག་པོ་རེད།”ཅེས་ཁོང་གི་ཐུགས་སྲས་རཀ་ར་ཐུབ་བསྟན་ཆོས་དར་མཆོག་ལ་ལེགས་པར་གདམས་པ་འདི་ལས་ཀྱང་སྙན་ངག་རྩོམ་པའི་ཐབས་རྩལ་ཁྱད་པར་བ་ཞིག་གི་ཉམས་མྱོང་རྙེད་ཐུབ། ཉམས་མྱོང་འདི་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་ཁོང་ཉིད་ཀྱི་རྩོམ་རིག་སྤྱི་དང་སྒོས་སུ་ཀ་རྩོམ་སྙན་ངག་གི་སྐབས་སུ་རང་གི་ལུང་བའི་སྐད་དེ་ལ་གཏིང་ནས་གོམས་འདྲིས་མཐིལ་ཕྱིན་ཡོད་པའི་རྣམ་དཔྱོད་ཀྱི་རྩལ་དང་སྦྱར་ནས་གསར་རྩོམ་གནང་བས། དམ་པ་ཁོང་གི་ཀ་རྩོམ་དེ་དག་ཕར་བལྟས་ཚོད་ཙམ་གྱིས་ཚིག་ཕལ་བ་དང་ནང་དོན་སྤྱིར་བཏང་བ་ལྟ་བུ་ཞིག་ཏུ་སྣང་ཡང་། ཞིབ་ཀྱིས་དཔྱད་ཅིང་ཧྲིལ་གྱིས་ཀློག་ཡོང་དུས་ཀ་རྩོམ་གྱི་མཛེས་ཉམས་གཞན་དང་མི་འདྲ་བ་ཞིག་ལྷོད་ཀྱིས་མངོན་ནས་ཡོང་གིན་ཡོད་པར་མ་ཟད། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཀ་རྩོམ་ཞེས་གངས་ལྗོངས་མཁས་པ་ཀུན་གྱི་ཞལ་སྔ་ན་ལྷང་ལྷང་གྲགས་པའི་རྩོམ་རིག་གི་འཕྲིན་ལས་འདི་ཉིད་རྒྱས་པ་རེད།

རྗེ་འཇིགས་མེད་ཐེག་མཆོག་གི་ཀ་རྩོམ་རྣམས་ཀྱང་གོ་དཀའ་བ་དང་གོ་སླ་བ་གཉིས་ཀའི་ཁྱད་ཆོས་ལྡན་པ་དང་། གོ་དཀའ་བའི་རིགས་ནི་རྡོ་རིང་པཎྟི་ཊ་བསྟན་འཛིན་དཔལ་འབྱོར་གྱི་དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པའི་རྣམ་ཐར་གྱི་བར་སྐབས་ཚིགས་བཅད་དུ་བརྩམས་པའི་ཀ་རྩོམ་དང་རྗེ་ཙོང་ཁ་པའི་བྱ་དཀའ་བའི་ཀ་རྩོམ་གཉིས་ལ་ཅུང་ཙམ་འདྲ་བ་དང་། གོ་སླ་བའི་རིགས་ནི་གོང་དུ་བརྗོད་པ་བཞིན་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཀ་རྩོམ་རྣམས་དང་འདྲ་བ་ཡོད་པ་ནི་དམ་པ་འདི་ཉིད་ཀྱི་རྩོམ་གཤིས་ལས་མངོན་པའི་ཀ་རྩོམ་གྱི་མཛེས་ཉམས་རྨད་དུ་བྱུང་བ་ཞིག་ཡིན། སྔོན་གྱི་སྲོལ་རྒྱུན་མཁས་པ་རྣམས་ཀྱི་རྩོམ་པའི་ཡོན་ཏན་མཆོག་ཏུ་གྱུར་པ་དག་རྒྱུན་འཛིན་དང་དར་སྤེལ་ཡོད་པའི་རྨང་གཞིའི་སྟེང་ཉེ་རབས་ཀྱི་མཁས་པའི་རྩོམ་སྲོལ་གསར་བ་དང་། ད་ལྟའི་མཁས་པའི་རྩོམ་གཤིས་གསར་བ་རྣམས་ཀྱང་སློབ་སྦྱོང་དང་ལྷུར་ལེན་ཡོད་པའི་སྒོ་ནས་རྩོམ་རིག་གསར་རྩོམ་གྱི་མཛད་པ་ངོ་མཚར་བ་མངོན་པར་སྤེལ་བ་འདི་ཡང་གནའ་བཟང་དེང་སྤྱོད་དང་གནའ་དེང་ཟུང་འབྲེལ་གྱི་སྦྱོར་བ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པས། རང་ཅག་རྩོམ་རིག་གསར་རྩོམ་ལ་འཇུག་པའི་མི་རབས་གསར་བ་རྣམས་ཀྱིས་ནམ་ཡང་ཡིད་དུ་བསྲེལ་འོས་པའི་ལེགས་བཤད་ཀྱི་ནོར་བུ་ཡིན་པ་ཤེས་པར་འཚལ།

གཉིས།  རྩོམ་གཤིས་ཀྱི་མཛེས་ཉམས།

《བོད་ཀྱི་སྙན་ངག་གི་མཛེས་ཉམས》ལས[11]“རྩོམ་གཤིས་ཀྱི་མཛེས་ཉམས་ལ་སྙན་བརྗིད་གཉིས་ཀྱི་ཁྱད་པར་ཡོད་དེ། སྔ་མ་ནི་རྩོམ་གཤིས་གསལ་ཞིང་དྭངས་པ་དང་། འཇམ་ཞིང་མཉེན་པ། ཁ་ལྷོད་ཅིང་སྙན་ཉམས་ཅན་ཞིག་ཡིན་ལ། ཕྱི་མ་ནི་རྩོམ་གཤིས་ཁ་དམ་ཞིང་གོ་དཀའ་བ་དང་། །ཚིག་ལ་སྡུད་ཚབས་ཆེ་ཞིང་བརྗིད་ཉམས་ལྡན་པ་ཞིག་ཡིན།”ཞེས་བཀོད་པ་ལྟར་རྩོམ་གཤིས་ཀྱི་མཛེས་ཉམས་ནི་སྙན་པ‹མཛེས་པ›དང་བརྗིད་པའི་ཉམས་འགྱུར་གྱིས་ཕྱུག་པ་ཞིག་ཡིན་ཚུལ་གནའ་དེང་མཁས་པ་མང་པོའི་ལེགས་བཤད་ན་རླུང་ལྟར་གྲགས་ཡོད། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནས་ཀྱང“རྩོམ་པ་པོའི་ཡོན་ཏན་དངོས་དེ་ནི། རང་གི་སྔ་མའི་བག་ཆགས་དང་རྩོམ་པ་པོའི་གཤིས་ལུགས་ལ་རག་ལས་པ་ཞིག་ཡིན།”ཞེས་གསུངས་པ་ལྟར་རྩོམ་གཤིས་ནི་རྩོམ་པ་པོ་གང་ཉིད་ཆུང་ངུའི་དུས་ནས་མྱངས་པའི་སློབ་གསོའམ་དཔེ་ཀློག་གི་བག་ཆགས་དང་རྩོམ་པ་པོ་རང་ཉིད་ཀྱི་གཤིས་ལུགས་གཉིས་མཉམ་འདྲེས་སུ་གྲུབ་པའི་སྦྱར་བྱུང་གི་ཡོན་ཏན་ཞིག་ཡིན་པར་སྣང་།

དེ་ལྟར་ཕུལ་དུ་བྱུང་བའི་སྙན་ངག་པ་ཞིག་གི་རྩོམ་གཤིས་ཀྱི་མཛེས་ཉམས་ནི་སྙན་ངག་པ་གང་ཉིད་འཚར་ལོངས་བྱུང་སའི་ཁོར་ཡུག་གམ་ཐོས་བསམ་སློབ་གཉེར་གནང་སའི་སློབ་གྲྭ་དང་དགོན་སྡེ་དང་། དེ་ནས་ཁོང་གིས་བསྟེན་པའི་སྙན་ངག‹སྙན་ངག་མེ་ལོང་མ།›་གི་དགེ་རྒན། སྒོས་སུ་སྙན་ངག་པ་གང་གིས་ཞིབ་གཟིགས་མཛད་པའི་སྙན་ངག་གི་བརྩམས་ཆོས་དང་གསར་རྩོམ་གྱི་མཛེས་དཔྱོད་ལྟ་བ་བཅས་ལ་བརྟེན་ནས་གྲུབ་པ་ཞིག་རེད།  རྗེ་འཇིགས་མེད་ཐེག་མཆོག་གི་ཨེ་མ་ཡ་ཨུ་ཧུ་ཧུ་ཞེས་པའི་སྙན་ངག་ཏུ[12]“བསྟན་སྲིད་ཕྱག་རྒྱ་གཉན་པོས་དབང་བསྐུར་སྟོབས་ཀྱིས། །གནམ་བསྐོས་ཚངས་པའི་ཁྲི་འཕང་དབང་བསྒྱུར་བཙན་པོ། །དྲག་ཤུགས་མཛད་པ་ཐོས་ན་བ་སྤུ་གཡོ་ཞིང་། །ཆོས་ཀྱི་རྣམ་ཐར་དྲན་ན་མཆི་མ་དཀུའོ། །བཀའ་ལུང་གསེར་གྱི་མཁའ་ལྡིང་ཕྱོགས་སུ་བསྐྱོད་པས། །འཛམ་གླིང་སུམ་གཉིས་དབང་མཛད་ཁྲི་སྲོང་ལྡེ་བཙན། །སྙན་པའི་བ་དན་སྐྱེ་དགུའི་རྣ་བར་བཙུགས་པ། །ལྷན་སྐྱེས་ཇི་བཞིན་ཁོར་ཡུག་མཐའ་ལ་ཁྱབ་སོང་།།ཆོས་སྲིད་དར་དཀར་ཡུག་རིང་འཇམ་པོ་གཅིག་གིས། །གངས་ཅན་བདེ་སྐྱིད་བསྟན་པའི་དབུ་འཕང་རྒྱས་ཏེ། །མངའ་བདག་ཁྲི་རལ་ལ་སོགས་རྒྱལ་བློན་རྣམས་ཀྱི། །བཀའ་དྲིན་བསམ་ཞིང་མིག་མཐའ་བརླན་གྱིས་གཤེར་ཨང་། །”ཞེས་བོད་བཙན་པོའི་དུས་ཀྱི་མངའ་བདག་རྣམས་ཀྱི་མཛད་འཕྲིན་མཐོང་བའི་མོད་ལ་ཁོང་ཅག་སྙིང་ནས་དྲན་པའི་གདུང་བ་ཟབ་མོ་འདི་ནི་སྐྱོ་ཉམས་ཀྱིས་ཀུན་ནས་གཏམས་པའི་སྙན་ངག་མཚོན་པ་ཅན་དུ་གྲུབ་ཅིང་།ཀློག་པ་པོ་རྣམས་ལ་རིགས་ཞེན་གྱི་ཀུན་རྟོག་སྐྱོ་བའི་རང་བཞིན་ཅན་བསྩོལ་བའི་འགུགས་ཤུགས་དང་ལྡན་པས། ཉམས་ལྡན་གྱི་རྒྱན་ལས་སྙིང་རྗེའི་ཉམས་ཀྱི་མཛེས་ཉམས་མངོན་པར་ལྡན། ཁོང་གིས་བོད་ཀྱི་ཡི་གེ་ལ་བསྔགས་པ་ལྷག་བསམ་སྤྲིན་གྱི་སྒྲ་དབྱངས་སུ[13]“ཉམས་དགུ་ལྷུན་རྫོགས་དྲི་ཟའི་ན་ཆུང་གི་དགའ་མ། །སྒྱུ་རྩལ་དྲུག་ཅུའི་གར་གྱི་ཉམས་འགྱུར་ལ་བརྟེན་ནས། །སྣ་ཚོགས་སྐད་ཀྱི་དབྱངས་བདུན་དྲུག་འགྱུར་དུ་ལེན་པའི། །ཟློས་གར་རིག་པའི་ལྟད་མོ་ཡི་གེ་ལས་བྱུང་ངོ་། །”ཞེས་སྙན་པའི་ཉམས་འདོན་པ་ལ་ཀུན་ནས་གཞོལ་བའི་སྙན་ངག་རྣམས་ནི་རྩོམ་གཤིས་ཀྱི་ཆ་ནས་སྙན་པའི་མཛེས་ཉམས་ཀྱི་ཡོན་ཏན་ལྷུར་བླངས་པའི་སྦྱོར་བ་འབའ་ཞིག་ཏུ་ཟད་པས། རང་རེའི་རྩོམ་རིག་གི་མཁའ་དབྱིངས་སུ་ལམ་ལམ་འཚེར་བའི་སྐར་མ་འོད་ཆེན་ཞིག་ཏུ་གྱུར་ཡོད།

གསུམ། ཚིག་སྦྱོར་གྱི་མཛེས་ཉམས། 

 རྩོམ་རིག་བརྩམས་ཆོས་གང་ཞིག་ཡིན་རུང་བརྗོད་བྱ་ཕུན་སུམ་ཚོགས་པ་ཞིག་བདམས་པའི་རྗེས་སུ་རྗོད་བྱེད་ཀྱི་ཚིག་སྦྱོར་ཀྱང་རྨད་དུ་བྱུང་ཞིག་དགོས་པ་ཆོས་ཉིད་དུ་གྲུབ་ཅིང་། དེའི་ནང་ནས་ཀྱང་སྙན་ངག་ཉིད་ནི་གཙོ་བོ་ཚིག་སྦྱོར་གྱི་མཛེས་ཉམས་ལ་བརྟེན་ནས་སྒྱུ་རྩལ་གྱི་བློས་བསླངས་ངོ་མཚར་རེ་རེའི་ཞིང་ཁམས་སུ་ཁྲིད་ཅིང་། ཚིག་རྒྱན་གྱིས་ཉམས་འགྱུར་འབུམ་ཕྲག་སྤྲས་པའི་སྡེབ་སྦྱོར་ལ་བསྟུན་ནས་ཡིད་ཀྱི་དང་བ་དབང་མེད་དུ་འདྲེན་པའི་རྟོག་འགྱུའི་ཀློང་བརྡོལ་བར་བྱེད་པ་ཡིན། ཐ་སྙད་མང་པོའི་བཙོ་སྦྱང་དང་། བྱ་ཚིག་དང་རྒྱན་ཚིག་མང་པོའི་ཡང་དག་པའི་གདམ་གསེས་སོགས་ནི་ཚིག་སྦྱོར་ཕུན་སུམ་ཚོགས་པའམ་ཚིག་སྦྱོར་གྱི་མཛེས་ཉམས་ཀྱིས་རྣམ་པར་བརྒྱན་པའི་གསར་རྩོམ་གྱི་གདམས་པ་མཆོག་གྱུར་ཅིག་ཡིན།  དེ་ཡང[14]《སྐད་བརྡ་རིག་པའི་སྤྱི་དོན》ལས“ཡུལ་ལ་དམིགས་ནས་རྟོག་པས་བརྡ་དོན་དུ་བྱེད་སྐབས། ཡིད་ཀྱི་རྣམ་འགྱུར་དང་རང་ལ་གོམས་པའི་བག་ཆགས་སིམ་གདུང་བར་མ་ཅི་རིགས་བསྐྱེད་པ་ལས་བརྡ་ལ་བཟང་ངན་ལེགས་བཙོག་དང་དགའ་མོས་འཛེམ་དོགས་ཀྱི་ཤན་ཞུགས་པའམ་ཡང་ན་དབྱིབས་དང་ཁ་དོག གྲངས་ཀ ཚད་ཆེ་ཆུང་སོགས་ཀྱི་ཐད་ནས་གདེང་འཇོག་བྱེད་པ་ཞིག་སྟེ། དཔེར་ན་སྐྱེ་དམན་དང་མཛེས་མ། སྣ་ནག་མ་ལྟ་བུ་དང་། དགེ་བ་དང་སྡིག་པ། མང་བ་དང་ཉུང་བ། མཐོ་བ་དང་དམའ་བ་སོགས་བརྡ་དོན་ལ་ཟུར་དུ་ཞུགས་པའི་ཡིད་འགྱུར་གྱི་ཉམས་སྣང་སྣ་ཚོགས་པའོ།།”ཞེས་པའང་ཚིག་སྦྱོར་གལ་ཆེ་བའི་གནད་དང་དམ་དུ་འབྲེལ་ཡོད།

བོད་སྐད་ཀྱི་ཚིག་གི་རྣམ་གཞག་ལ་ལོ་མང་རིང་ཞིབ་འཇུག་གནང་བའི་རྒན་ལྕགས་ཐར་རྒྱལ་གྱིས་ཀྱང[15]“མྱང་བྱ་དོན་གྱི་ཉམས་ནི་རྗོད་བྱེད་ཚིག་ལ་བརྟེན་ཞིང་། རྗོད་བྱེད་ཚིག་གི་ཉམས་ནི་མིང་དང་ཕྲད་ཀྱི་སྡེབ་ལུགས་ལས་བྱུང་ཕྱིར་ཚིག་དོན་གྱི་ཉམས་ནུས་ཆེས་ཆེར་འདོན་པ་ལ་མིང་ལ་མི་བརྟེན་པ་མེད་ཀྱང་། དེ་ལས་བྱ་བ་བརྗོད་པའི་མིང་ངམ་དེ་དང་ནུས་མཚུངས་ཀྱི་མིང་ཁག་ཅིག་གཙོ་ཆེ་ཕྱིར། ཟུང་ལྡན་གྱི་རྒྱན་ཕལ་ཆེ་བ་བྱ་བ་དང་ཁྱད་ཆོས་བརྗོད་པའི་མིང་དག་རྗེས་ཁྲིད་དུ་སྦྱར་ཏེ་བྱས་པ་ནི། བྱ་བ་དང་ཁྱད་ཆོས་བརྗོད་པའི་མིང་དག་བསྐྱར་དུ་ཟློ་རུང་བའི་ཁར། བྱ་བ་བརྗོད་པའི་མིང་མཐར་ཚིག་ཕྲད་དང་ཆ་ཤས་གཞན་ཡོད་མེད་ཀྱིས་ཚིག་གི་དོན་བསྟན་ལུགས་ཀྱང་མི་འདྲ།”ཞེས་པ་ལྟར་ཚིག་སྦྱོར་ལེགས་པ་ཞིག་སྤེལ་བའི་གནད་ནི་མིང་གི་གདམ་ཀ་དང་བྱ་ཚིག་གི་རྣམ་འགྱུར་གཉིས་ལ་རག་ལས་པ་ཡིན། འདིར་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་གྱིས་བརྗོད་ན《བོད་ཀྱི་སྙན་ངག་གི་མཛེས་ཉམས》ལས[16]“སྐད་བརྡའི་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་ཉན་ན་སྙན་འཇེབས་ལྡན་པ་དང་། བལྟས་ན་སྣང་བརྙན་འཆར་བ། མྱངས་ན་རོ་མངར་ལྡན་པ། རེག་ན་ལུས་པས་ཟིན་པ་ལྟ་བུའི་གསོན་ཉམས་ལྡན་པ་ཞིག་ཡིན་དགོས་པ་མ་ཟད། གྱེར་བས་སེམས་ཤུགས་སྐྱོམ་ཞིང་སྙན་དབང་གསོ་བ་དང་། མྱངས་པས་རྟོག་འཆར་གྱི་བག་ཡངས་སྤྲོ་ཞིང་སྙན་རོའི་འདོད་ཁམས་སུ་འགྲིམས་པ་ལྟ་བུའི་ནུས་པ་ཞིག་ཀྱང་ལྡན་དགོས་ཕྱིར། ཚིག་རྒྱན་ལ་སློབ་སྦྱོང་ལེགས་པོ་བྱ་རྒྱུ་ནི་མཁས་དབང་རྣམ་པས་སྙན་ངག་གཞལ་ཡས་ཀྱི་ཚོམས་ཁང་ལ་འཇུག་པའི་སྒོ་ཐེམ་ལྟ་བུར་དགོངས་ནས་ཧ་ཅང་གཙིགས་ཆེན་མཛད་ཡོད།”ཅེས་ཚིག་སྦྱོར་གྱི་མཛེས་ཉམས་ལ་མཁས་པ་རྣམས་ཀྱིས་ཐུགས་མཉམ་ཆེན་པོ་གནང་བའི་རྩོམ་སྲོལ་གྱི་གདམས་པ་ལེགས་པར་བརྗོད་ཡོད། དེ་ལྟར་ཚིག་སྦྱོར་གྱི་ཚུལ་ལ་མཁས་པའི་ངག་གི་དཔལ་ལ་རྗེ་འཇིགས་མེད་ཐེག་མཆོག་ཉིད་ཀྱང་མིང་དོན་མཚུངས་པའི་སྙན་ངག་སྨྲ་བའི་དབང་བོ་ཡིན་པ་ཁོང་གིས་མཛད་པའི་སྙན་ངག་གི་བརྩམས་ཆོས་དག་ལ་མཇལ་ན་གསལ་བོར་ཤེས་ཐུབ་སྟེ། ཁོང་གིས[17]“ཁྲུས་ཀྱི་ཆུ་བོ་སྤོས་ཀྱི་ངད་ལྡང་བ། །འཕྱང་འཕྲུལ་དར་ལ་མུ་ཏིག་འོད་རིས་ཅན། །འཁྱུག་པའི་རྦ་རླབས་གསེར་གྱི་མེ་ཏོག་གིས། །རྩེ་དགའི་རི་མོ་བཀྲ་བས་གང་ཞིག་བསུ། །ལང་ཚོ་རབ་རྒྱས་བརྒྱ་བྱིན་གཞུ་རིས་ཅན། །ཁ་ན་སྦྲང་རྩིའི་རྦ་རླབས་རབ་འཕྱོ་བའི། །ཆར་ཡང་དྲི་བཟང་དཔག་ཚད་འབུམ་ལམ་ལ། །དཀྲིགས་པའི་དགེ་ལེགས་དམ་པ་སུ་ཡི་ཆེད། །ཤེལ་གྱི་མེ་ཏོག་ཚང་ཚིང་སྟུག་པོའི་ཁྲོད། །གཡུ་ཡི་རལ་བ་འབར་བའི་གདོང་ལྔ་བ། །རྒོད་པའི་གད་རྒྱངས་སྟོང་གི་སྒྲ་དབྱངས་ཀྱིས། །ས་གསུམ་གཡོ་བའི་འཕྲུལ་གྱིས་སུ་ཞིག་བསྟོད། །ཟླ་ཤེལ་ལྗོན་པར་རྒྱས་པའི་གྲིབ་བསིལ་ན། །གཞན་གསོས་ཡིད་འོང་མཛེས་པའི་སྡུག་གུ་མ། །སྒེག་ལྡན་སྒྲོ་གོར་བཞད་པའི་ཐལ་སྦྱར་གྱིས། །ངག་གི་རྒྱུད་མངས་དང་བཅས་ཅི་ཞིག་ལ། །རླུང་གི་རྩལ་འཆང་རྨིག་པའི་འཁོར་ལོ་ལ། །དཔག་ཚད་སྟོང་དུ་མཆོང་བའི་རྫུ་འཕྲུལ་ཅན། །རིན་ཆེན་ནོར་བུའི་རྒྱན་ཕྲེང་དོ་ཤལ་གྱིས། །ཉི་ཟླའི་འོད་འཕྲོག་འགྲོས་བཟང་གང་དུ་བསྐྱོད། །”ཅེས་དཔྱིད་དུས་ཀྱི་མཛེས་ལྗོངས་ལ་བསྟོད་པའི་སྙན་ངག་འདི་ནི་མངོན་བརྗོད་དང་བསྡུས་བརྗོད་ཀྱི་སྲོལ་གྱིས་མ་གབ་པར་ཁ་གསལ་ཞིང་གོ་བདེ་བའི་ཚིག་སྦྱོར་ལ་བརྟེན་ནས་མཛད་ཀྱང་།སྙན་ངག་ལས་མངོན་པའི་དབྱངས་ཀྱི་འདེགས་འཇོག་དང་ཚིག་རྩལ་གྱི་མཛེས་ཉམས་ནི་དབྱངས་ཅན་ངག་གི་བྱིན་རླབས་ཞུགས་པའི་སྙན་ངག་པ་ཁོང་ལྟ་བུ་མ་གཏོགས་གཞན་གང་གིས་ཀྱང་འཁྱོངས་དཀའ། དམ་པ་ཁོང་གིས་དཔྱིད་དུས་ཀྱི་ཁྲུས་ལ་རོལ་བའི་ཆུ་བོ་དང་ཆུ་བོའི་རྦ་རླབས་ཀྱི་མེ་ཏོག སྦྲང་ཆར་བསིལ་མའི་དངོས་གྲུབ། གངས་སེང་དཀར་མོའི་གད་རྒྱངས་སོགས་ཡིད་འོང་ན་ཆུང་མཛེས་མ་ཞིག་གི་ལང་ཚོ་ལ་སྦྱར་ནས་ལྟ་ན་སྡུག་པའི་སྣང་བརྙན་གྱི་དཔལ་ལ་བཀོད་པ་ནི་ཚིག་སྦྱོར་གྱི་སྡེབ་རྩལ་ལས་བྱུང་བའི་སྙན་ངག་གི་མཛེས་ཉམས་ཁྱད་དུ་འཕགས་པ་ཞིག་ཡིན་པས། ཚིག་སྦྱོར་ཚུལ་ལ་བྱང་བའི་རྩོམ་རིག་གི་བློ་སྦྱོང་ཚད་མཐོན་པོ་དང་རང་བྱུང་ཐོལ་གྱིས་འཕྱུར་བའི་སྙན་ངག་གི་རྟོག་འགྱུ་ཕུན་སུམ་ཚོགས་པ་ཞིག་མེད་ན་བརྗོད་བྱ་ཁོང་དང་གཅིག་པ་བདམས་ནས་བྲིས་རུང་ཚིག་སྦྱོར་གྱི་མཛེས་ཉམས་ནི་གླིང་བུའི་སྒྲ་དང་མགྲིན་བཟང་གི་སྐད་གཉིས་གཤིབ་པ་དང་གཉིས་སུ་མ་མཆིས་པའི་ཚུལ་དུ་འགྱུར་ངེས་ཡིན།

རང་རེའི་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་ཏུ་གྱུར་པའི་བོད་ཀྱི་ཡི་གེ་ལ་བསྟོད་བསྔགས་བྲིས་པའི་སྙན་ངག་ཤིན་ཏུ་མང་ཡང་། རྗེ་འཇིགས་མེད་ཐེག་མཆོག་གིས་མཛད་པའི《བོད་ཀྱི་ཡི་གེ་ལ་བསྔགས་པ་ལྷག་བསམ་སྤྲིན་གྱི་སྒྲ་དབྱངས》ལྟར་བོད་ཡུལ་བསྟོད་སྨད་བར་གསུམ་གྱི་མཁས་པའི་དབང་པོ་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གྲངས་མེད་གཏོར་བའི་སྙན་ངག་ནི་ཧ་ཅང་དཀོན། བརྗོད་བྱ་གཅིག་གི་སྟེང་ནས་དམ་པ་ཁོང་གི་སྙན་ངག་འདི་གངས་ལྗོངས་སྙན་ངག་སྨྲ་བའི་དབང་བོ་རྣམས་ཀྱི་མགྲིན་པའི་གསོས་སུ་གྱུར་པའི་བརྩམས་ཆོས་གྲགས་པ་ཅན་དུ་ཅིའི་ཕྱིར་འགྱུར་བ་རེད་ཅེ་ན། དེ་ནི་དམ་པ་ཁོང་གི་ཚིག་སྦྱོར་གྱི་མཛེས་ཉམས་ལ་འགྲན་པའི་ཟླ་དང་བྲལ་བའི་ཡོན་ཏན་གྱིས་གྲགས་སོང་བ་ཡིན། དཔེར་ན། [18]“གསེར་གྱི་ཐུར་མ་རྣོན་པོ་འཁྱུག་འཁྱུག་གི་གར་གྱིས། །ཚིག་དོན་གནད་ཀྱི་མདུད་པ་ལྷུག་ལྷུག་ཏུ་བཀྲོལ་བ། །རང་བཞིན་རྐྱེན་དང་རྣམ་འགྱུར་མཛེས་མཛེས་ཀྱི་སྒྲ་རིག །བོད་ཀྱི་ཡི་གེ་འདི་ལ་གསལ་གསལ་གྱིས་རྫོགས་སོ། །”ཞེས་དང་[19]“སྡེ་བཞིའི་དཔལ་མང་བརྒྱ་བྱིན་གཞུ་མཆོག་གི་རི་མོ། །བརྟན་གཡོ་སྣོད་བཅུད་མཛེས་བྱེད་བཅོ་བརྒྱད་སོགས་བཟོ་རིགས། །མཛེས་ཤིང་སྡུག་ལ་ཡིད་འོང་སྒྱུ་མ་ཡི་ལྟད་མོ། །བོད་ཀྱི་ཡི་གེ་འདི་ཡི་རྫུ་འཕྲུལ་རང་ཡིན་ནོ། །”ཞེས་བོད་ཀྱི་ཡི་གེའི་ཡོན་ཏན་ལ་བརྟེན་ནས་སྒྲ་རིག་པ་དང་བཟོ་རིག་པའི་གཞུང་ལུགས་སྦྱངས་ཆོག་པའི་བརྗོད་བྱ་དེ་ཉིད་རྗོད་བྱེད་ཆེས་ངོ་མཚར་ཞིང་། སྐད་ཡིག་གི་ཞུན་བརྡར་ཆོད་པའི་ངག་རིག་གི་དཔལ་ལ་བཀོད་ནས་ཕལ་བའི་བློ་ངོར་ཤོང་དཀའ་བའི་སྒོ་ནས་ལེགས་པར་མཛད་པ་ནི་ལར་རང་རེའི་བོད་ཀྱི་སྙན་ངག་གི་མཛེས་སྡུག་བླ་ན་མ་མཆིས་པ་ཞིག་དང་ལྷག་པར་རྗེ་འཇིགས་མེད་ཐེག་མཆོག་མཆོག་གི་སྙན་ངག་སྤྱིའི་ཐུན་མོང་མ་ཡིན་པའི་མཛེས་ཉམས་ཀྱི་རང་མདངས་ཤིག་ཡིན།མཛེས་ཉམས་འདི་ཡང་དོན་གྱིས་དཔྱད་ན་ཚིག་སྦྱོར་གྱི་སྡེབ་ལེགས་པའི་བྱིན་རླབས་ལས་འཁྲུངས་པའི་སྙན་ངག་གི་དགེ་མཚན་ཞིག་ཡིན།

དེ་བས་ཚིག་སྦྱོར་ཕུན་སུམ་ཚོགས་པའི་རྩོམ་རྩལ་གྱི་གོམས་གཤིས་རྒྱུད་ལ་འབྱོར་ན་སྙན་ངག་ཕུན་སུམ་ཚོགས་པ་ཡོང་བའི་གསར་རྩོམ་གྱི་གནད་འདི་ཡང་སོ་སོའི་རྩོམ་རིག་བློ་སྦྱོང་གི་གདམས་ངག་ཅིག་ཏུ་བརྩི་བའི་སྙིང་གཏམ་ཞིག་ཀྱང་ཞར་ནས་ཐལ་བར་བྱའོ། །

བཞི། ཡིད་འགྱུར་གྱི་མཛེས་ཉམས།

དེ་ཡང་བོད་ཀྱི་སྙན་གཞུང་གི་བསྟན་བཅོས་སོགས་སུ་ཡིད་འགྱུར་ཞེས་པ་ནི་ཡིད་ཀྱི་རྣམ་འགྱུར་ཞེས་པའི་ཚིག་སྡུད་ཡིན་པར་གསུངས་ཤིང་། དེང་རབས་ཀྱི་རྩོམ་རིག་གཞུང་ལུགས་དང་མཛེས་སྡུག་རིག་པ། སེམས་ཁམས་རིག་པ་སོགས་ཀྱི་གཞུང་ལུགས་སུ་ཡང་ཚོར་འདུ་དང་ཀུན་རྟོག རྟོག་འགྱུ་བཅས་སུ་འབོད་པའང་དོན་གྱིས་རང་ཅག་གི་ཡིད་འགྱུར་ཙམ་ལས་མ་འདས། རྩོམ་རིག་བརྩམས་ཆོས་ཡོད་ཚད་ནི་རྩོམ་པ་པོ་རྣམས་ཀྱི་ཡིད་འགྱུར་ཤུགས་དྲག་པོའི་ཚོགས་ཀྱི་ཤེད་ལ་བརྟེན་ནས་གསར་རྩོམ་གནང་ཞིང་། སྒྱུ་རྩལ་གྱི་ཚད་གཞི་མཐོན་པོར་བསྙེག་པའི་སྙན་ངག་ནི་དེ་ལས་ཀྱང་ཡིད་འགྱུར་ཕུན་སུམ་ཚོགས་པ་ཞིག་གི་འབྲས་བུ་ཡིན་པ་བསྙོན་མེད་ཡིན། རང་རེའི་སྲོལ་རྒྱུན་སྙན་ངག་མང་ཆེ་བ་ནི་ཚིག་སྡུད་ཀྱི་ནུས་སྟོབས་ཚབས་ཆེ་བ་དང་། གོ་དཀའ་བའི་རྩོམ་གཤིས་ཀྱིས་གཅུན་པ། བརྗོད་བྱ་དམ་ཆོས་དང་འབྲེལ་བ་སོགས་ཀྱི་དབང་གིས་བརྩམས་ཆོས་སོ་སོའི་ཡིད་འགྱུར་གྱི་མཛེས་ཉམས་ལ་མྱོང་རོལ་བྱ་རྒྱུ་ནི་སྙན་ངག་མེ་ལོང་མ་སོགས་རྩོམ་རིག་གི་གཞུང་ལ་གོ་བ་གཏིང་ཟབ་ཡོད་པ་དག་གི་ཟ་སྐལ་ཡིན།

ཉེ་བའི་དུས་རབས་སུ་མཁས་དབང་དགེ་འདུན་ཆོས་འཕེལ་གཙོ་བྱས་པའི་མཁས་པ་མང་པོ་ཞིག་གི་སྙན་ངག་རྣམས་ནི་བརྗོད་བྱའི་ཆ་ནས་འཁོར་བའི་ཕུན་ཚོགས་དང་འཁོར་བའི་རང་བཞིན། འཁོར་བའི་སྡུག་བསྔལ་སོགས་དམ་པའི་ལྷ་ཆོས་ནས་འཇིག་རྟེན་མི་ཆོས་ཀྱི་ཕྱོགས་སུ་མངོན་པར་འགྱུར་བ་དང་། རྗོད་བྱེད་ཀྱི་ཆ་ནས་སྙན་ངག་མེ་ལོང་མའི་གཤོག་འདབ་ནས་འཁྲུངས་པའི་ཁ་ཅུང་ཟད་དམ་པའི་ཆ་དང་མངོན་བརྗོད་སོགས་ཀྱིས་རྣམ་པར་བརྒྱན་པའི་ཁ་ཕྱོགས་ནས་རིམ་བཞིན་ཁ་ལྷོད་ཅིང་གསལ་བ་སྟེ་དངོས་ཡོད་རིང་ལུགས་ཀྱི་རྩོམ་སྲོལ་གསར་བའི་ལུགས་སུ་འཕེལ་བའི་མྱུ་གུ་འབུས། དཔེར་ན། ཤེལ་དཀར་གླིང་བའི《ལྷ་ས་དྲན་གླུ》་དང་དྲན་དབང་དགེ་ཆོས་མཆོག་གི《ཆུང་གྲོགས་རྗེས་དྲན》 དཔལ་དོན་གྲུབ་རྒྱལ་གྱི《རྩྭ་ཐང་དྲན་གླུ》ལྟ་བུ། འོན་ཀྱང་། མཁས་དབང་འཇིགས་མེད་ཐེག་མཆོག་ལྟ་བུར་མཚོན་ན་དགོན་སྡེའི་ཆོས་ར་ནས་གཞུང་ཆེན་བཀའ་པོད་རྣམ་ལྔའི་རྣམ་གཞག་ལ་ཐོས་བསམ་རྣལ་མ་ཡོད་པའི་ཁར། དེང་རབས་སློབ་གྲྭ་ཆེན་མོའི་ནང་ནས་ནུབ་ཕྱོགས་རིག་གནས་གསར་བ་སོགས་ལའང་སློབ་གཉེར་གྱི་ཉམས་མྱོང་ཡག་པོ་འཛོམས་པས། ཁོང་གི་སྙན་ངག་རྣམས་ཀྱི་ཁྲོད་དུ་མར་ནང་ཡབ་སྲས་སོགས་སྔོན་གྱི་མཁས་པའི་རྩོམ་སྲོལ་ལྷུར་བླངས་པའི་ཆ་དང་ད་ལྟའི་རྩོམ་རིག་གི་རླབས་རྒྱུན་བཞིན་རྩོམ་སྲོལ་གསར་བའི་ཐབས་རྩལ་ཀྱང་ལེགས་པར་བསྟེན་པའི་ཆ་གཉིས་ཀ་ཡོད། དེ་བས་ཁོང་གི་སྙན་ངག་གི་ཡིད་འགྱུར་རྣམས་ཀྱང་ཐད་ཀར་ངོས་འཛིན་བྱེད་དཀའ་བ་དང་སླ་བ་རིགས་གཉིས་འབྱུང་གིན་ཡོད།

དཔེར་ན། [20]“མི་ཤིགས་སྙིང་གི་གསང་བ་ཁ་སྦྱོར་གྱི་དབུས་སུ། །ཟག་མེད་སྐུ་བཞིའི་ཡོན་ཏན་ལྷུན་གྲུབ་ཏུ་རྫོགས་པ། །དམར་སེར་ཡེ་ཤེས་ལུས་ཅན་རྒྱལ་ཀུན་གྱི་ཡབ་གཅིག །སྙིང་ནས་གསོལ་བ་འདེབས་ལ་ཐུགས་རྗེ་ཡིས་གཟིགས་ཤིག །རང་སེམས་སྐྱེ་མེད་དག་པ་འོད་གསལ་གྱི་དབྱིངས་སུ། །གཉུག་མ་ལྷན་ཅིག་སྐྱེས་པ་ངེས་དོན་གྱི་བླ་མ། །མདོ་རྒྱུད་མན་ངག་ཇི་བཞིན་རྣལ་འབྱོར་གྱིས་བསྙེན་པས། །ཨེ་མ་ལེགས་ཚོགས་རྩ་བ་དེ་ཀ་ནས་ཚུགས་སོ། །རྒྱལ་ཀུན་དགོངས་པའི་མཐར་ཐུག་སྐྱེ་མེད་ཀྱི་ཡེ་ཤེས། །སྒྲུབ་ནུས་སྣང་སྟོང་ལུས་འདི་དོན་ཆེ་དང་རྙེད་དཀའ། །སྒྱུ་མའི་སེམས་ཀྱིས་མཐོང་ནས་དམ་ཆོས་ཀྱི་ཕྱོགས་ལ།།ཉིན་མཚན་ངལ་མེད་བསྐྱོད་པ་སྙིང་གཏམ་རང་ལགས་སོ། །”ཞེས་པ་ལྟ་བུ་ནི་བརྗོད་བྱ་དམ་པའི་ལྷ་ཆོས་དང་འབྲེལ་བས་རྩོམ་པ་པོའི་ཡིད་འགྱུར་གྱི་མཛེས་ཉམས་ཇི་བཞིན་མྱོང་རོལ་བྱ་རྒྱུ་ཤིན་ཏུ་དཀའ་བ་དང་། ཡང་ན[21]“དགེ་བའི་འབྱུང་གནས་གསེར་ལྗོངས་འོ་མའི་མཚོར། །འདུན་ལེགས་འོད་དཀར་སྤྲོ་བའི་ཟླ་བ་ཞིག །ཆོས་སྲིད་སྡེ་བཞིའི་ནོར་གྱི་རླབས་ཕྲེང་བརྒྱ། །འཕེལ་བྱེད་འཕྲུལ་འདེགས་འགྱེད་པའི་མགོན་དུ་ཤར། །ཆོ་རིགས་རྒྱལ་པོ་བླ་མའི་སྲས་སུ་དགེ། །འཁྲུངས་ཙམ་ནས་བཟུང་རྒྱལ་ཁམས་དོན་ལ་འདུན། །ལྔ་རིག་ལུགས་གཉིས་ཤེས་བྱའི་གནས་ཀྱི་ཆོས། །མཐའ་དག་སྨྲ་བའི་སྙན་པ་ཟླ་བཞིན་འཕེལ། །”ཞེས་པ་ལྟ་བུར་མཚོན་ན་དམ་པ་ཁོང་གི་ཕ་ཡུལ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་མཁས་པའི་དབང་བོ་རྟོག་གེ་པ་དགེ་འདུན་ཆོས་འཕེལ་ཨ་ལགས་རྒྱལ་པོའི་རིགས་སྲས་སུ་འཁྲུངས་ཤིང་གང་ཉིད་འཁྲུངས་མ་ཐག་ནས་རྒྱལ་ཁམས་རིག་པས་འགྲིམ་པའི་འདུན་མ་ཐུགས་སུ་གཉེར་ཞིང་། ཁ་བ་ཅན་གྱི་བཅུ་ཕྲག་རིག་པའི་གནས་ལ་ཐོས་བསམ་གྱི་ཤེས་རབ་བསམ་གྱིས་མི་ཁྱབ་པ་ལ་ཡིད་མོས་པའི་དད་གུས་ཀྱི་ཚོར་འདུ་ཤུགས་དྲག་པོ་ཡོད་པའི་སྒོ་ནས་བསྔགས་པ་འདི་ནི་ཡིད་འགྱུར་གྱི་མཛེས་ཉམས་མངོན་པར་གསལ་བའི་སྙན་ངག་སྒྲ་རྒྱན་ལ་བཅིངས་པ་ཞིག་ཡིན།

ཁོང་གིས་ད་དུང་དམ་ཆོས་གསན་པའི་རྡོ་རྗེ་ཆོས་གྲོགས་སུ་གྱུར་པའི་གྲུབ་ཆེན་ཤ་བོ་རྒྱལ་ལ་གནང་བའི་སྙན་རྩོམ་དུ[22]“ཕ་བླ་མའི་བཀའ་ཆོས་སྙན་ལྷང་ལྷང་།།ཆོས་སྒྲུབ་པའི་མཐུན་རྐྱེན་འཛོམས་སེ་འཛོམས། །ཨ་ལ་ལ་གྲུབ་ཆུང་སྐལ་བ་བཟང་། །ངས་འཁོར་བ་སྒྱུ་མའི་ལྟད་མོ་བཤད། །འཁོར་བ་བལྟས་མདོག་ཉམས་དགའ་བོར། །ཚེ་སྟོད་མ་སོད་དགྲར་ལངས་པ། །ཚེ་སྨད་ལས་ཀྱི་གཞན་དབང་གིས། །འབྲལ་གླགས་མེད་པའི་སྙིང་སྡུག་ཏུ། །གྱུར་པའི་དགྲ་གཉེན་ངེས་མེད་མཐོང་། །ཚུལ་འདིར་སྐྱོ་བ་གཏིང་ནས་སྐྱེས། །བརྩེ་དུང་འཛུམ་དཀར་ཆེས་གསལ་བའི། །སྙིང་སྡུག་མཛའ་མོ་སྤུན་ཟླ་ཡང་། །ཁ་སང་བྱམས་བརྩེའི་མཐུན་པ་ལ། །སང་ཕོད་གཅེས་པའི་སྲོག་འཕྲོག་གི། །བདུད་ཀྱི་མཐར་ཐུག་གྱུར་པ་མཐོང་། །ཚུལ་འདིར་སྐྱོ་བ་གཏིང་ནས་སྐྱེས། །སྲིད་འབྱོར་ཕུན་ཚོགས་རྒྱས་དྲག་ཀྱང་། །སྡུག་བསྔལ་ཁུར་བོའི་སྣོན་པ་ལས། །ལྟར་སྣང་བདེ་ལ་ཆོག་ཤེས་ཆུང་། །ཕུགས་སུ་སྡུག་བསྔལ་འདྲེན་པའི་སྒོ། །འཕྲལ་གྱི་བདེ་བ་འདི་ལ་མཐོང་། །ཚུལ་འདིར་སྐྱོ་བ་གཏིང་ནས་སྐྱེས། །ཞིང་ཕྱུགས་རོང་འབྲོག་ཕོ་མོ་ཀུན། །རྔུལ་ཆུ་འབབ་པའི་དཀས་སྤྱོད་ཀྱིས། །ཚེ་གང་བཙལ་བའི་ནོར་རྫས་ཀྱང་། །མཐའ་མར་འདི་ཞེས་མ་དམིགས་པའི། །ལས་ཀྱིས་བྱིན་པའི་འབྲས་བུ་མཐོང་། །ཚུལ་འདིར་སྐྱོ་བ་གཏིང་ནས་སྐྱེས། །ལས་འབྲས་མི་བསླུའི་བཀའ་ཡིག་གིས། །བྲན་དང་དཔོན་པའི་གོ་ས་ཡང་། །མ་ངེས་བརྗེ་བའི་བདེ་སྡུག་གི། །འཁོར་ལོ་འཁོར་བའི་སྣང་ཚུལ་ལས། །སྐྱིད་སྡུག་ཡིད་གཏད་མེད་པར་མཐོང་། །ཚུལ་འདིར་སྐྱོ་བ་གཏིང་ནས་སྐྱེས། །སྔ་གཞུག་ལོ་ཟླའི་དུས་ཚོད་དུ། །མཛའ་བོའི་དྭངས་མར་འདོད་པ་ཡང་། །རྒུད་པའི་སྡུག་བསྔལ་བྱུང་བ་ན། །རིང་བའི་ས་ནས་མཛུབ་ཀེར་གྱིས། །འཕྱ་ཞིང་སྐྱོན་འདོགས་ངོ་ལྐོག་མེད། །འཁོར་བའི་གྲོགས་ཀྱི་གཤིས་ལུགས་མཐོང་། །ཚུལ་འདིར་སྐྱོ་བ་གཏིང་ནས་སྐྱེས། །དོན་ཧྲིལ་གྱིས་དྲིལ་ན་ལས་ཉོན་གྱིས། །གཞན་དབང་གིས་བསྐྱེད་པའི་ཕྱི་ནང་གི། །སྡུག་བསྔལ་གྱི་བདེན་པའི་ཆོས་མཐའ་དག །འཁོར་བ་འཕྱོན་མའི་བསླུ་བྲིད་ཀྱི། །ཡིད་གཏད་མེད་པའི་འཛུམ་བག་ལྟར། །མི་རྟག་སྒྱུ་མའི་འཕྲུལ་དུ་མཐོང་། །ཚུལ་འདིར་སྐྱོ་བ་གཏིང་ནས་སྐྱེས། །ཡང་ཞིབ་ཏུ་བསམ་མནོ་བཏང་ཙ་ན། །རྐྱེན་ངན་སྡུག་བསྔལ་འབུམ་རྒུའི་ཚང་། །དུཿཁ་གསུམ་གྱི་ཆོ་འཕྲུལ་འདི ། །འཁྱེར་ཤེས་ཉམས་རྟོགས་གཏེར་ཁའི་སྒོ། །ཉམས་ལེན་གྱི་ལྡེ་མིག་ངོ་ཤེས་ནས། །ལག་ལེན་དུ་ཐེབས་ན་བུ་རབ་ཡིན། །དེ་ཨེ་གོ་ཤ་བོ་གྲུབ་ཆུང་ཡ། །”ཞེས་པའི་སྙན་ངག་ལྟ་བུར་གཞན་པའི་སྙན་ངག་ལྟར་རྟོག་འཆར་བསམ་ཡན་གྱི་འགོད་སྟངས་ཁྱད་མཚར་ཅན་དང་རྒྱན་ཕུན་སུམ་ཚོགས་པའི་སྤྲས་ཚུལ་མེད་ན་ཡང་། རྩོམ་པ་པོ་འཁོར་བའི་ཕུན་ཚོགས་དང་འཁོར་བ་སྒྱུ་མའི་སྣང་ཚུལ་རེ་རེ་ལ་ངེས་འབྱུང་གཏིང་ཟབ་སྐྱེས་པའི་སྐྱོ་སྣང་གི་ཡིད་འགྱུར་དྲག་པོ་བྲག་གསེབ་ནས་རྦབ་ཆུ་འབབ་པ་ཇི་བཞིན་ལྷོག་ལྷོག་ཏུ་འཕྱུར་བའི་ཉམས་ཐོན་པ་དང་། གོ་དཀའ་བའི་མངོན་བརྗོད་དང་ཁ་དམ་པའི་ཚིག་སྦྱོར་གྱིས་མཚར་ཉམས་ཆེ་བར་སྤུད་མེད་ནའང་ཟོལ་མེད་བབ་ཆགས་པའི་ངག་གི་སྒྱུ་འཕྲུལ་གྱིས་སྐབས་བབ་ཀྱི་ཡིད་འགྱུར་དང་བརྗོད་དོན་མགུར་དབྱངས་སུ་གྱེར་ནས་མཚོན་ཡོད་པས། ཀུན་གྱིས་བཀླགས་པ་ཙམ་གྱིས་སེམས་ཤུགས་སྒུལ་ནུས་ཤིང་ཡིད་དབང་ཅིག་ཅར་དུ་འཕྲོག་ནུས། སྙན་ངག་འདིའི་ཁྲོད་ཀྱི་ཉམས་འགྱུར་ལྟ་བུའི་ཚོར་འདུ་ཤུགས་དྲག་པོ་དང་ཡིད་འགྱུར་གྱི་མཛེས་ཉམས་ཕུན་སུམ་ཚོགས་པ་ཞིག་མེད་ཚེ། འཁོར་བའི་སྡུག་བསྔལ་བྲིས་པ་དང་ཚིག་རྒྱན་གྱིས་བཅིངས་པ་ཙམ་གྱིས་འདི་ལྟ་བུའི་སྒྱུ་རྩལ་གྱི་མཛེས་སྡུག་ཅིག་སྟེར་ཁག་པོ་ཡིན།

མདོར་ན། 《བོད་ཀྱི་སྙན་ངག་གི་མཛེས་ཉམས》ལས[23]“ཁྱད་པར་དུ་ནང་དོན་གྱི་ཐག་གཅོད་རང་བཞིན་དེ་དག་དམིགས་སུ་ཐོན་པ་ལས་ཚིག་སྦྱོར་གྱི་ཉམས་འགྱུར་དང་སྡེབ་ལུགས་རྒྱན་སྣ་ཚོགས་ཀྱི་སྤེལ་སྟངས་སོགས་བསམ་བློ་ཚོར་འདུའི་དབང་དུ་བསྡུས་ཤིང་། །དེ་དག་ཀྱང་སྲོག་བཟང་བྱད་གཟུགས་མཛེས་པའི་སྐྱེས་མས་རང་ལ་འོས་ཤིང་འཚམ་པའི་གཟབ་ཆོས་ཀྱིས་སྤྲས་པ་ནང་བཞིན་སྙན་ངག་གི་མཛེས་ཉམས་སུ་མངོན་པ་ཡིན་པས། སྙན་ངག་ནི་བསམ་བློ་ཚོར་འདུའི་དབང་ཤུགས་སུ་གྱུར་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་རེད་ཅེས་བརྗོད་ཆོག”ཅེས་བསྟན་པ་བཞིན་བསམ་བློའི་ཚོར་འདུའི་རླབས་ཤུགས་ལས་བྱུང་བའི་ཡིད་འགྱུར་ཕུན་སུམ་ཚོགས་པའི་མཛེས་ཉམས་ནི་སྙན་ངག་གི་སྒྱུ་རྩལ་མཛེས་ཉམས་གསར་དུ་བསྐྲུན་པའི་ཤེས་རབ་ཀྱི་རྟོག་བཏགས་ངོ་མཚར་བ་ཞིག་ཡིན་པའང་གདོན་མི་ཟའོ། །

ཟུར་བལྟའི་དཔྱད་གཞི།

བོད་ཡིག་གི་སྐོར།

1.བསོད་ནམས་དབང་ལྡན་དང་བུ་བཞི་གཉིས་ཀྱིས་བརྩམས་པའི《རྩོམ་རིག་རྣམ་བཤད།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2004ལོ།

  1. ཀུན་དགས་བརྩམས་པའི་《བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད།》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2009ལོ།
  2. སུམ་པ་ཚེ་རིང་དོན་གྲུབ་ཚེ་རིང་གིས་བརྩམས་པའི《བོད་ཀྱི་སྙན་ངག་གི་མཛེས་ཉམས།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2002ལོ།

4 . རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》 པོད་དང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2018ལོ།

5 . རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》 པོད་གཉིས་པ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2018ལོ།

  1.  རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》པོད་གསུམ་པ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2018ལོ།

7.  རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》པོད་བཞི་པ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2018ལོ།

  1.  རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》 པོད་ལྔ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2018ལོ།

9. རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》པོད་དྲུག་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2018ལོ།

10. འགྱུར་མེད་རྡོ་རྗེས་བརྩམས་པའི《བོད་ཀྱི་བསྟན་བཅོས་འགའི་རྣམ་བཤད་མེ་ཏོག་ཕྲེང་བ།》མི་རིགས་དཔེ་སྐྲུན་ཁང་།2016ལོ།

11. རིན་སྤུངས་ངག་དབང་འཇིགས་གྲགས་ཀྱིས་བརྩམས་པའི《སྙན་འགྲེལ་མི་འཇིགས་སེང་གེའི་ང་རོ།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1995ལོ།

12. ཀླུ་རྒྱལ་ཐར་གྱིས་བརྩམས་པའི《རྩོམ་གཞུང་སྤྱི་བཤད།》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2013ལོ།

13. རྫ་དཔལ་སྤྲུལ་གྱིས་བརྩམས་པའི《དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་འབུམ།》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2016ལོ།

14. ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྒྲིག་པའི《བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས།》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།1991ལོ།

15 . ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོས་བརྩམས་པའི《སྙན་ངག་གི་དཔེར་བརྗོད་བདུད་རྩིའི་མཆོད་ཡོན།》སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་།2015ལོ།

16. རཀཿརབཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་བརྩམས་པའི《ཤོང་དཔང་ཞལ་ལུང་མེ་ལོང་རྣམ་བཤད།》

17 . འབྲུག་མོ་སྐྱིད་ཀྱིས་སྒྲིག་པའི《ཕྱི་གླིང་རྩོམ་རིག་གཅེས་བསྡུས།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2001ལོ།

18. གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་སྒྲིག་པའི《སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དེབ་ཤར་གངས་རི་མ།》མི་རིགས་དཔེ་སྐྲུན་ཁང་།2009ལོ།

19.  ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།1993ལོ།

20. རིག་འཛིན་འཇིགས་མེད་གླིང་བའི་བརྩམས་པའི《འཇིགས་མེད་གླིང་པའི་གཏམ་ཚོགས།》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2018ལོ།

21. ལྷ་ཕྱུག་སྐྱིད་ཀྱིས་སྒྲིག་པའི《རྩོམ་རིག་སྤྱི་རྣམ།》མི་རིགས་དཔེ་སྐྲུ་ཁང་།2016ལོ།

དཔྱད་ཡིག་དང་ཞབས་མཆན། 

[①] སྦྲང་ཆར་རྩོམ་སྒྲིག་ཁང་སྒྲིག་པའི《སྙན་ངག་གི་རྣམ་བཤད》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོ། ཤོག་གྲངས༢༣ན་གསལ།

[②] སུམ་བྷ་དོན་གྲུབ་ཚེ་རིང་གིས་བརྩམས་པའི《བོད་ཀྱི་སྙན་ངག་གི་མཛེས་ཉམས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༠༢ལོ། ཤོག་གྲངས༣༥_༣༦ན་གསལ།

[③] གཉའ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི《གཉའ་བློ་གྲོས་རྒྱལ་མཚན་གྱི་རྩོམ་ཡིག་ཕྱོགས་བསྡུས》པོད་དང་པོ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོ། ཤོག་གྲངས༡༡༩ན་གསལ།

[④] 《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྒྲིགས་པའི《རྩོམ་རིག་དཔྱད་བརྗོད》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ལོ། ཤོག་ངོས༡༨༠ནགསལ།

[⑤] 《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྒྲིགས་པའི《རྩོམ་རིག་དཔྱད་བརྗོད》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ལོ། ཤོག་ངོས༡༨༩ན་གསལ།

[⑥] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༣ལོ། ཤོག་གྲངས༦༢༥ན་གསལ།

[⑦] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༣ལོ། ཤོག་གྲངས༦༢༥ན་གསལ།

[⑧] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༣ལོ། ཤོག་གྲངས༦༣༣_༦༣༤ན་གསལ།

[⑨] རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》 པོད་དྲུག་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤོག་གྲངས༦ན་གསལ།

[⑩] རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》 པོད་དྲུག་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤོག་གྲངས༢༩ན་གསལ།

[11] སུམ་བྷ་དོན་གྲུབ་ཚེ་རིང་གིས་བརྩམས་པའི《བོད་ཀྱི་སྙན་ངག་གི་མཛེས་ཉམས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོ། ཤོ་ག་གྲངས༡༩༡ན་གསལ།

[12] རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》 པོད་དྲུག་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤོག་གྲངས༢༧_༢༨ན་གསལ།

[13] རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》 པོད་དྲུག་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤོག་གྲངས༣ན་གསལ།

[14] སུམ་བྷ་དོན་གྲུབ་ཚེ་རིང་གིས་བརྩམས་པའི《སྐད་བརྡ་རིག་པའི་སྤྱི་དོན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣ལོ། ཤོག་གྲངས༡༠༥ན་གསལ།

[15] ལྕགས་ཐར་རྒྱལ་གྱིས་བརྩམས་པའི《བོད་སྐད་ཀྱི་ཚིག་གི་རྣམ་གཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༣ལོ། ཤོ་ག་གྲངས༡༦༨ན་གསལ།

[16] སུམ་བྷ་དོན་གྲུབ་ཚེ་རིང་གིས་བརྩམས་པའི《བོད་ཀྱི་སྙན་ངག་གི་མཛེས་ཉམས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོ། ཤོ་ག་གྲངས༢༢༡ན་གསལ།

[17] རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》 པོད་དྲུག་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤོག་གྲངས༤ན་གསལ།

[18] རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》 པོད་དྲུག་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤོག་གྲངས༢ན་གསལ།

[19] རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》 པོད་དྲུག་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤོག་གྲངས༢ན་གསལ།

[20] རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》 པོད་དྲུག་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤོག་གྲངས༥༤ན་གསལ།

[21] རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》 པོད་དྲུག་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤོག་གྲངས༦༨ན་གསལ།

[22] རྗེ་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི《རྗེ་འཇིགས་མེད་ཐེག་མཆོག་གི་གསུང་འབུམ།》 པོད་དྲུག་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤོག་གྲངས༡༦༧ན་གསལ།

[23] སུམ་བྷ་དོན་གྲུབ་ཚེ་རིང་གིས་བརྩམས་པའི《བོད་ཀྱི་སྙན་ངག་གི་མཛེས་ཉམས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོ། ཤོ་ག་གྲངས༦༡ན་གསལ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།