ཞོལ་རྡོ་རིང་ཕྱི་མ་དང་གཙུག་ལག་ཁང་མདུན་གྱི་རྡོ་རིང་གཤིབ་སྡུར།

0
812

[ནང་དོན་གནད་བསྡུས།] ཇི་སྐད་དུ་གཤིབ་སྡུར་བྱས་ན་གོ་བ་སྐྱེད་པ་དང་། དབྱེ་ཞིབ་བྱས་ན་ཆ་ལག་འགྲུབ་པར་སྨྲ་བ་ལྟར། གཤིབ་སྡུར་གྱི་ཐབས་ལ་བརྟེན་ནས་རིག་པ་བྱེ་བྲག་པ་ཞིག་གི་གྲུབ་སྟངས་དང་། ཁྱད་ཆོས་སོགས་ལ་དཔྱོད་པར་བྱེད་པ་ནི་རིག་པའི་གནས་ཀུན་ལ་གྲགས་ཆེ་བའི་དཔྱད་ཞིབ་ཀྱི་ཐབས་ཤིག་ཡིན་པ་བཞིན། འདིར་བོད་ཡིག་གི་རྡོ་རིང་ལས་པོ་ཏ་ལའི་ཞོལ་རྡོ་རིང་ཕྱི་མ་དང་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་གཉིས་གཤིབ་སྡུར་གྱིས་དུས་སྐབས་དེ་གཉིས་ཀྱི་ཡི་གེའི་དབྱངས་ཡིག་དང་སྔོན་མིང་རྗེས་ཡང་། ཐོབ་ཐང་སོགས་སྦྱོར་སྲོལ་མི་འདྲ་བ་དམིགས་སུ་བཟུང་སྟེ། དུས་སྐབས་མི་འདྲ་བ་དེ་གཉིས་ནང་བྱུང་བའི་བོད་ཡིག་གི་འཕེལ་རིམ་གསལ་བར་བསྟན་ཡོད།

[བརྡ་ཆད་གཙོ་བོ།] རྡོ་རིང་ཡི་གེ གཤིབ་སྡུར། བོད་ཀྱི་བརྡ་སྤྲོད། འཕེལ་འགྱུར།

དང་པོ། བསྡུར་བྱའི་རྡོ་རིང་གཉིས་ངོ་སྤྲོད་ཞུ་བ།

བོད་བཙན་པོའི་སྐབས་ཀྱི་རྡོ་རིང་ཞེས་“ཐོག་མར་རྡོ་གང་ལེགས་ཤིག་བདམས་ནས་རྒྱལ་པོར་གཟིགས་མོར་མཛད་དུ་འཇུག་པ་དང་། རྒྱལ་པོས་དེ་དག་གི་ཁ་དོག་དང་རྒྱུ་སྤུས་སོགས་ལ་ཞིབ་ཏུ་གཟིགས་ནས་བཀའ་གནང་རྗེས། ད་གཟོད་རྡོ་བཟོ་བ་རྣམས་ཀྱིས་རྒྱལ་པོའི་ཐུགས་བཀོད་ལྟར་རྡོ་རིང་བཟོས་པ་དང་། དེ་ལེགས་པོར་གྲུབ་པའི་ཚེ་ནའང་ལོ་པཎ་དང་གྲུབ་ཐོབ་པ། བླ་མཆོག་སོགས་གདན་དྲངས་ནས་རབ་གནས་བྱེད་པ་དང་། སྟོང་སྡེའི་མི་རྣམས་ཀྱིས་དགའ་སྟོན་རྒྱ་ཆེན་པོ་བྱེད་ལ། ལྷག་པར་བཙན་པོ་སྐུ་དངོས་དང་བཙན་པོའི་སྲིད་གཞུང་གིས་གཟིགས་རྟོག་མཛད་ནས་བཞེངས་པ་”བཅས་ཞིབ་ཚགས་ལྡན་པས་རྡོ་རིང་གི་ནང་དོན་དང་ཡི་གེའི་བརྡ་སྤྲོད་ལུགས་སོགས་གང་ཐད་ནས་ཚད་ལྡན་དང་ཁུངས་དག་ཅིག་ཡིན་ནོ། །

༡ ཞོལ་རྡོ་རིང་ཕྱི་མ།

དེ་ཡང་རྡོ་རིང་འདི་ཐོག་མར་བསླངས་སའི་གནས་ནི་“བོད་ཀྱི་རྒྱལ་རབས་དེབ་ཐེར་རྒྱ་བོད་ཡིག་ཚང་ཞེས་པ་དང་དམངས་ཁྲོད་ཀྱི་ཁ་རྒྱུན་ལ་གཞིགས་ཚེ་རྡོ་རིང་དེ་དང་ཐོག་ལྷ་སའི་ཤར་ངོས་ཀྱི་ཕྱི་བྱ་བའི་ཡུལ། དེང་སང་ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་གི་ཁོངས་སུ་གཏོགས་པའི་ཁ་སྐད་དུ་སྤིའམ་ཀྲི་ཞེས་པའི་ཡུལ་གྲོང་དུ་བཙུགས་པར་སྣང་། ཡུལ་དེར་བང་སོ་སྤྱི་ལེ་གྲུ་བཞི་མ་སྟོང་གསུམ་ཙམ་མཆིས་པ་ཞིག་འདུག་པས་ཕལ་ཆེར་ངན་ལམ་སྟག་སྒྲ་ཀླུ་ཁོང་གི་བང་སོ་ཡིན་ནམ་སྙམ་” [①]པས། དེང་སང་བོད་རིག་པའི་ཁྱབ་ཁོངས་ཁྲོད་རྡོ་རིང་འདི་ལ་སྟག་སྒྲ་ཀླུ་ཁོང་གི་བང་སོའི་རྡོ་རིང་ཞེས་བརྗོད་ལ། ཕྱིས་སུ་སྤྱི་ལོ་༡༦༩༠ལོ་ནས་༡༦༩༥ལོའི་བར་སྡེ་སྲིད་སངས་རྒྱམ་གྱིས་ཕོ་བྲང་དམར་པོ་བཞེངས་གྲུབ་ཀྱི་མཚམས་རྩེ་ཞོལ་དུ་སྤོས་ནས་བཙུགས་པས་རྩེ་ཞོལ་རྡོ་རིང་དང་། ཡང་“སྤྱི་ལོ་༡༩༨༠ལོའི་རྗེས་ཙམ་ལ་ཕོ་བྲང་པོ་ཏ་ལའི་མདུན་དུ་ལམ་ཆེན་དང་ཐང་ཆེན་ལ་སོགས་རྒྱ་ཆེར་གསར་སྐྲུན་བྱེད་སྐབས། རྡོ་རིང་དེ་ཤར་ཕྱོགས་ཀྱི་རྨིད་༧༠་ཙམ་གྱི་སར་སྤོས་བཙུགས་བྱས་ཏེ་དེར་ལྕགས་རི་ཞིག་ཀྱང་བསྐྲུན་ཏེ་”[②]ད་ལྟའི་གནས་དེར་བསླངས། པོ་ཏ་ལའི་ཞོལ་ན་རྡོ་རིང་གཉིས་ཡོད་པ་ལས་རྡོ་རིང་འདི་ནི་ཕྱི་མ་དེ་ཡིན་པས་ཡོངས་གྲགས་སུ་པོ་ཏ་ལའི་ཞོལ་རྡོ་རིང་ཕྱི་མ་ཞེས་བརྗོད་དོ། །

<<བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ>>དང་<<ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ཆ།>>ལས་བྱུང་བའི་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་དོན་ཆེན་གནད་བསྡུས་ཀྱི་སྐབས་“སྟག་གི་ལོ་ལ་བབསྟེ(སྤྱི་ལོ༧༦༢)།་་་་་་ཞང་རྒྱལ་ཟྀགས། དང་། བློན་སྟག་སྒྲ་དང་ཞང་སྟོང་རྩན་དང་བཙན་བ། ལས། སྩོགས་པས། ཀེང་ཤྀར་དྲ་མ་དྲང་སྟེ་ཀེ་ཤྀ་ཕབ། རྒྱ་རྗེ་གསར་དུ་བཅུག་ནས། དྲ་མ་སླར་ལོག་ནས། ཞང་རྒྱལ་ཟིག་བོད་ཡུལ་དུ་མོལ་ཅེན་ལ། མཆིས། པར་ལོ་གཅིག”[③]ཅིག་དང་། ཡང་དེ་ལས་“ཡོས་བུའི་ལོ་ལ་བབསྟེ(སྤྱི་ལོ༧༦༣)།་་་་་ཞང་ལོན་ཆེན་ཕོ། སྤོ་བླེག་མཛད་དེ། བློན་ཆེ་སྣང་བཞེར་ཀེ་ཀེ་རུའི་ཡྀ་གེ་སྩལདེ། བློན་ཆེར་བཅུག ཞང་རྒྱལ་ཟིགས་ཆེན་ཕོ་གཡུའྀ་ཡི་གེ་སྩལདེ། མགར་འཛི་རྨུན་གྱི་ཐང་དུ་ཆོག་ཤེསུ་བསྟོད། བློན་ཁྲི་བཟང་བློན་ཅེར་བཅུག ཞང་སྟོང་རྩན་གཡུའྀ་ཡི་གེ སྩལ་ཏེ། སོ་མཐ་བཞྀ་དམག་པོན་དུ་བཀའ་སྩལ། པར་ལོ་གཅིག”[④]ཅེས་པ་ལྟ་བུ་དང་། ཡང་<<རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས>>ལས་བྱུང་བའི་སྲིད་སྐྱོང་མེ་ལོང་ལས་“ཐང་ཏའེ་ཙུང་གི་སྐབས། (སྤྱི་ལོ་༧༦༣ལོའི་ཟླ་དགུ་པ།) ཚེས་དགུའི་ཉིན་བོད་དམག་ཁྲང་ཨན་མཁར་དུ་སླེབས།་་་་”[⑤]ཞེས་པ་སོགས་ལ་བལྟས་ན། བློན་སྟག་སྒྲ་ཀླུ་ཁོང་གིས་ནང་སྲིད་བདེ་ལ་བཀོད་ཅིང་རྒྱ་ནག་ལ་ཕར་རྒོལ་བྱས་ཏེ་བོད་རྒྱལ་ཁམས་ཆེན་མོར་བྱས་རྗེས་བཞག་པར་བསྟོད་སྔགས་བྱེད་ཕྱིར་བཙན་པོའི་སྲིད་གཞུང་གིས་ཕལ་ཆེར་སྤྱི་ལོ་༧༦༣ལོའི་ལོ་སྨད་དམ་དེའི་ཕྱི་ལོ་སྟེ་༧༦༤ལོའི་ཡས་མས་ཙམ་ལ་བསླངས་པ་ཤེས་ཐུབ།

རྡོ་རིང་འདིའི་བྱང་ངོས་སུ་ཡིག་ཕྲེང༦༨ལ་ཚིག་འབྲུ་ཁ་གལས་བ་གྲངས་༤༦༢དང་། ཤར་ངོས་སུ་ཡིག་ཕྲེང༡༦ལ་ཚིག་འབྲུ་ཁ་གསལ་བ་གྲངས༦༣ ལྷོ་ངོས་སུ་ཡིག་ཕྲེང༧༤ལ་ཚིག་འབྲུ་ཁ་གསལ་བ་གྲངས་༤༣༢བཅས་རྡོ་རིང་གི་ངོས་གསུམ་ལ་བོད་ཡིག་རྐྱང་བའི་ཡིག་ཕྲེང་ཁྱོན་བདུན་ཅུ་དོན་བཞི་བརྐོས་ཡོད། དེའི་ནང་དོན་གཙོ་བོ་ནི། རྡོ་རིང་ཤར་ངོས་ན་སྟག་སྒྲ་ཀླུ་གོང་ནང་བློན་ཆེན་པོར་བསྐོས་ཡོད་པ་གསལ་བོར་བསྟན་པ་དང་། ལྷོ་ངོས་སུ་སྟག་སྒྲ་ཀླུ་གོང་གིས་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་རིང་ནས་སྲིད་ཀྱི་ཞབས་ཞུ་གནང་བ་ནས་མགོ་བཙུགས་ཏེ་སྤྱི་ལོ༧༦༣ལོར་ཐང་གི་རྒྱ་ས་ཁྲང་ཨན་བླངས་པའི་བར་གྱི་གནས་ཚུལ་འཁོད་ཡོད། བྱང་ངོས་སུ་ནང་བློན་སྟག་སྒྲ་ཀླུ་གོང་དང་ཁོང་གི་ཁྱིམ་རྒྱུད་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་གཙིགས་གནང་བའི་གནས་ཚུལ་འཁོད་ཡོད་པ་བཅས་སོ། །

རྡོ་རིང་འདིའི་རྩེ་མོར་ཆར་ཁེབས་དང་ཏོག་ཡོད་ལ“་འཕང་ལ་མིག་ཚོད་བྱས་ན་ཧ་ལམ་རྨིད༦ཙམ་དང་། ཞེང་ལ་ཆ་སྙོམས་རྨི༠.༤ཡས་མས་ཡོད་པར་སྣང་”[⑥]ངོ། །

 ༢ གཙུག་ལག་ཁང་མདུན་གྱི་རྡོ་རིང་།

“སྤྱི་ལོ་༨༠༡ལོར་བོད་ཀྱིས་ཐང་གི་ཁོངས་གཏོགས་ལིན་ཀྲོའུ་མཁར་ཕབ་སྟེ་དེ་གའི་ཚི་ཧྲིའི་ཐབས་ཡོད་པའི་དམག་དཔོན་ཀུའོ་ཧྥུན་ཟེར་བ་བཀྲོངས་ནས་འཕྲོག་བཅོམ་མང་པོ་བྱས་པ་དང་། ཐང་གིས་ཀྱང་ཡཱ་ཀྲོའུ་ཕྱོགས་ནས་བོད་དམག་ཆམ་ལ་ཕབ་པ་དང་། སྤྱི་ལོ༨༡༩ལ་བོད་ཀྱིས་དམག་ཆིག་འབུམ་ལྔ་ཁྲི་ཙམ་ཡན་ཀྲོའུ་ཐད་ལ་དྲངས་ནས་ཉིན་བདུན་ཙམ་ལ་མཁར་དེ་ཕབ་ཀྱང་མ་ཐུབ་པར་ཐང་གིས་བོད་དམག་ཕམ་པ་དང་། སྤྱི་ལོ༨༢༠ལ་བོད་དམག་ཅིག་ཀྲོའུ་རུ་དྲངས་ཚེ་ཐང་གི་རྒྱལ་དཔུང་འོངས་པས་བོད་དམག་ཕྱིར་ལོག་པ་ལྟ་བུ་སོགས་ཕན་ཚུན་རུ་འདྲེན་གཡུལ་འགྱེད་མང་དུ་བྱང་བས་”[⑦]བོད་ཐང་གཉིས་བར་ཞི་མཐུན་གྱི་ཆབ་སྲིད་སྤེལ་བར་ཐུགས་ཡིད་གཅིག་ཏུ་མོལ་ནས་ས་ལ་ས་མཚམས་དང་ཆུ་ལ་ཆུ་མཚམས་ཀྱིས་མནའ་གཙིགས་ཀྱི་རྡོ་རིང་འདི་བསླངས་པ་དང་། བོད་ཐང་དབར་གྱི་གཉེན་འབྲེལ་ལ་བརྟེན་ནས་རྡོ་རིང་འདི་ལ་དབོན་ཞང་རྡོ་རིང་ཞེས་གྲགས་ལ། ཡང་“ཁྲང་ཆིང་ཁྲི་ལོ་དང་པོར། ཡུ་གུར་དང་ཐང་གཉིས་འདུམ་བོད་ཀྱིས་གསན་ཏེ་་་་་་གོང་མས་ཀྱང་གསན་དུ་བཞེད”[⑧]ཅེས་པ་ལས། རྡོ་རིང་འདི་ཉིད་ཁྲང་ཆིང་ཁྲི་ལོར་བསླངས་པས་ཁྲང་ཆིན་རྡོ་རིང་ཡང་བརྗོད་ལ། ཡོངས་གྲགས་སུ་རྡོ་རིང་འདིའི་གནས་ཡུལ་གྱི་ཆ་ནས་ལྷ་སའི་གཙུག་ལག་ཁང་གི་མདུན་ན་ཀྲེང་ངེར་བསླངས་ཡོད་པས་ལྷ་སའི་གཙུག་ལག་ཁང་གི་རྡོ་རིང་ཞེས་གྲགས་སོ། །

སྤྱི་ལོ་༨༢༡ལོའི་དགུན་ཟླ་ར་བའི་ཚེས་བཅུ་ཉིན་བོད་ཐང་ཕྱོགས་གཉིས་ཀས་སོ་སོའི་ཕོ་ཉ་མངས་ཏེ། ཐང་གི་རྒྱལ་ས་ཁྲང་ཨན་གྱི་ནུབ་ཕྱོགས་ནས་ཆིངས་ཡིག་བཞག་ཅིང་ས་མཚམས་བཅད་ནས་གཙིགས་ཀྱི་ནང་དོན་རྣམས་རྡོ་རིང་ལ་བརྐོས་ཤིང་བཙུགས། དེའི་ཕྱི་ལོ་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་སྲིད་ལོ་སྐྱིད་རྟག་ལོ་བརྒྱད་པ་ཆུ་སྟག། སྤྱི་ལོ༨༢༢ལོའི་དབྱར་ཟླ་འབྲིང་པོའི་ཚེ་དྲུག་ཉིན། བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ཕྱོགས་སྤྲ་སྟོད་ཚལ་དུ་བོད་ཐང་གཉིས་ཀྱི་ཞི་དྲག་བློན་ཆེན་རྣམས་འཚོགས་ནས་མཇལ་དུམ་གྲོས་མོལ་མཛད་དེ། དེའི་ཕྱི་ལོ་སྤྱི་ལོ༨༢༣ལོའི་དཔྱིད་ཟླ་འབྲིང་བའི་ཚེས་བཅུ་བཞིའི་ཉིན་རྡོ་རིང་དེ་ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་ཇོ་བོའི་དབུ་སྐྲ་ཟེར་བའི་རྒྱ་ལྕང་གི་འཁྲིས་སུ་བཙུགས་པ་དང་། ས་མཚམས་སུའང་དེ་འདྲའི་རྡོ་རིང་ཞིག་བཙུགས་པར་བཤད་ཀྱང་། ས་མཚམས་ཀྱི་རྡོ་རིང་དེ་ད་ལྟ་གར་སོང་ཆ་མེད་དུ་གྱུར་པས་ང་ཚོའི་འདྲེན་བྱེད་ལམ་དུ་སྣང་རྒྱུ་མ་བྱུང་བའོ། །

རྡོ་རིང་འདིའི་ཤར་ངོས་ལོགས་ཆེ་བར་བོད་ཡིག་རྐྱང་བའི་ཡིག་ཕྲེང༧༡ལ་ཚིག་འབྲུ་གྲངས༡༠༡༢ཡས་མས་མཆིས། ནུབ་ངོས་ཀྱི་གཡོན་དུ་བོད་ཡིག་ཡིག་ཕྲེང་༧༧ལ་ཚིག་འབྲུ་གྲངས་ཧ་ལམ་༥༨༣དང་གཡས་སུ་རྒྱ་ཡིག་གི་ཡིག་འབྲུ༤༦༤བརྐོས་ཡོད། ལྷོ་བྱང་གཉིས་སུ་བོད་རྒྱ་ཤན་སྦྱར་གྱི་ཡིག་ཕྲེང་ཁྱོན་༢༠༦ཙམ་མཆིས། རྡོ་རིང་གི་ཕྱོགས་བཞིར་བརྐོས་པའི་ཡི་གེའི་ནང་དོན་ལ། ཤར་ངོས་སུ་བོད་ཡིག་རྐྱང་བའི་ལམ་ནས་བོད་རང་གི་བཙན་པོའི་གདུང་རབས་ཀྱི་ཆེ་བ་དང་བོད་ཐང་གཉིས་ཀྱི་འབྲེལ་བ་ཁག་བརྗོད་ཡོད། ནུབ་ངོས་སུ་བོད་རྒྱ་གཉིས་ཀའི་ཡིག་ལམ་ནས་འདུམ་པར་གྱུར་བའི་གཙིགས་ཡིག་གི་ནང་དོན་དངོས་བརྗོད་ཡོད། ལྷོ་ངོས་སུ་རྒྱ་ཕྱོགས་ནས་གནའ་གན་འཇོག་པར་ཞུགས་མཁན་དཔོན་རིགས་བཅོ་བརྒྱད་ཀྱི་མིང་ཐོ་རྒྱ་བོད་ཤན་སྦྱར་གྱི་ཡི་གེར་བཀོད་ཡོད་ལ། བྱང་ངོས་སུ་བོད་ཕྱོགས་ཀྱི་མནའ་གན་འཇོགས་པར་ཞུགས་མཁན་གྱི་དཔོན་རིགས་བཅུ་བདུན་གྱི་མིང་ཐོ་དེ་བོད་རྒྱ་ཤན་སྦྱར་གྱི་ཡི་གེར་བཀོད་ཡོད་དོ། །

རྡོ་རིང་འདིའི་རྩེ་མོར་ཆར་ཁེབས་དང་ཏོག་ཡོད་ལ། རྡོ་རིང་གི་འཕང་ལ་རྨིད༤.༧༨དང་ཞེང་ལ་རྨིད༠.༩༤ ལྷོ་བྱང་ཟུར་ངོས་ཀྱི་ཞེང་ལ་ཆ་སྙོམས་རྨིད་༠.༥མཆིས་སོ། །

གཉིས་པ། རྡོ་རིང་གཉིས་ཀྱི་ཡི་གེའི་སྦྱོར་བ་སྡུར་བ།
༡ མིང་གཞི་ཁག་གི་འགྱུར་བ་སྡུར་བ།

བོད་ཡིག་གི་ཡིག་རྙིང་ཁག་ཏུ་མིང་གཞིར་གྱུར་བའི་གསལ་བྱེད་ཁག་ནང་ཕན་ཚུན་བརྗེ་རེས་ཀྱིས་བེད་སྤྱོད་བྱེད་པའི་ཁྱད་ཆོས་ཤིག་ཡོད་ལ། དེ་ཡང་ནང་ཕན་ཚུན་ཇི་ལྟར་བརྗེ་རེས་བྱེད་པའི་ཚུལ་ནི། གནའ་བོའི་ཡིག་རིགས་ཁག་ལ་ཞིབ་འཇུག་བྱེད་པའི་ཡིག་ཆ་རེར་ཕྱོགས་བསྡོམས་སམ་དབྱེ་ཞིབ་བྱས་པ་དག་གཞིར་བཟུང་ན། སྐྱེ་གནས་གཅིག་པའི་ཀ་ཁ་ག་གསུམ་དང་། ཅ་ཆ་ཇ་གསུམ། ཏ་ཐ་ད་གསུམ། པ་ཕ་བ་གསུམ། ཙ་ཚ་ཟ་ས་བཞི། ཅ་ཞ་ཤ་གསུམ་སོགས་ནང་ཕན་ཚུན་བརྗེ་རེས་ཀྱིས་བེད་སྤྱོད་བྱེད་པ་དང་། ཡང་སྒྲ་གདངས་དང་མཚན་རྟགས་མཚུངས་པའི་ཅ་དང་ཙ་གཉིས་དང་། ཆ་དང་ཚ་གཉིས། ཟ་དང་ཡ་གཉིས། ཡ་དང་འ་གཉིས། ཉ་དང་ན་གཉིས་སོགས་ནང་ཕན་ཚུན་བརྗེ་རེས་བྱེད་པ་སོགས་ཡོད།

རྡོ་རིང་ཡི་གེ་འདི་གཉིས་ལས་ཞོལ་རྡོ་རིང་ཕྱི་མའི་ཡི་གེའི་ནང་མིང་གཞི་ཕན་ཚུན་བརྗེ་བའི་ཁྱད་ཆོས་མངོན་གསལ་ལྡན་ཏེ། རྡོ་རིང་དེའི་བྱང་ངོས་ཀྱི་ཐིག་ཕྲེང་ལྔ་བར་བཙན་པོ་ལ“བཙན་པོ”དང་། ཡང་ཐིག་ཕྲེང་བཅུ་གཉིས་པར་སྩལ་པར་ལ“སྩལ་ཕར” ཐིག་ཕྲེང་བཅུ་གཉིས་པར་སྐུ་ཚེ་ལ“སྐུ་ཙེ” ཐིག་ཕྲེང་ཉེར་བཞི་བར་བཀའ་བཀྱོན་ལ“བཀའ་གྱོན”ལྟ་བུ་སོགས་དང་། ལྷོ་ངོས་ཀྱི་ཐིག་ཕྲེང་དྲུག་པ་དང་དྲུག་ཅུ་རེ་དྲུག་ན་ཆེན་པོ་ལ“ཆེན་ཕོ” ཀོང་ཇོ་ལ“ཀོང་ཅོ”སོགས་མིང་གཞི་ཕན་ཚུན་བརྗེ་བའི་སྦྱོར་སྲོལ་མང་དུ་མཐོང་ཐུབ། གཞན་གཙུག་ལག་ཁང་མདུན་གྱི་རྡོ་རིང་གི་ནུབ་ངོས་ཀྱི་ཡིག་ཕྲེང་རེ་ན་མན་ཆད་དང་ཡན་ཆད་ལ་“མན་ཅད་དང་ཡན་ཅད”ཅེས་པ་ལྟ་བུ་སོགས་མིང་གཞི་ཕན་ཚུན་བརྗེ་བའི་སྦྱོར་སྲོལ་ཉུང་ཉུང་ལས་མེད་པ་འདིས། རྡོ་རིང་འདི་གཉིས་བསླངས་པའི་དུས་སྐབས་སྔ་ཕྱིའི་ནང་རིམ་བཞིན་བོད་ཡིག་གི་མིང་གཞི་སྦྱོར་སྲོལ་འདི་གཅིག་གྱུར་ཅན་དང་ངེས་སྲོལ་ཅན་དུ་འགྲོ་བཞིན་པ་ཤེས་རྟོགས་བྱ་ཆོག

༢ སྔོན་རྗེས་ཡང་གསུམ་སྡུར་བ།

སྔོན་འཇུག་ལྔ་བོ་ཡིག་རྙིང་ཁྲོད་ནང་ཕན་ཚུན་རེས་མོས་ཀྱིས་བེད་སྤྱོད་བྱེད་སྲོལ་ཡོད་ལ། དཔེར་ན། བཙན་ལ་“མཙན” མནའ་ལ“བནའ”། ཞོལ་རྡོ་རིང་ཕྱི་མ་ལས་འཕྲོག་པ་ལ“དཕྲོག་པ”ལྟ་བུ་དང་། དེ་མིན་སྔོན་འཇུག་ག་ཡིག་དང་མ་ཡིག་གཉིས་རྗེས་འཇུག་མེད་པར་སྦྱོར་སྲོལ་ཡང་ཡོད་དེ། ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེ་ལས་ཉི་ཟླ་དང་གཟའ་སྐར་ལ“གཉི་ཟླ་དང་གཟ་སྐར”མཐའ་བཞི་ལ“མཐ་བཞི”ལྟ་བུའོ། །

རྗེས་འཇུག་བཅུ་བོ་ལས་ཕལ་ཆེར་ག་ང་ད་ན་འ་ལྔ་བོ་ཡིག་རྙིང་ཁྲོད་རེས་མོས་ཀྱིས་བེད་སྤྱོད་བྱེད་སྲོལ་ཡོད་དེ། དཔེར་ན། གང་ལ“གག”དང་། ཆེན་པོ་ལ“ཆེད་པོ” བྱུང་བ་ལ“བྱུཉ་བ”སོགས་མང་པོ་མོད། རྡོ་རིང་འདི་གཉིས་ལས་ཞོལ་རྡོ་རིང་ཕྱི་མའི་ཡི་གེ་ལས་བཀའ་བཀྱོན་ལ“བཀའ་གྱོད”ལྟ་བུ་ཉུང་ཉུང་ཞིག་དང་། གཙུག་ལག་ཁང་མདུན་གྱི་རྡོ་རིང་ངོས་ན་མཐོང་དུ་མེད་པས་ཡིག་རྙིང་ཁག་དང་བསྡུར་ན་རྡོ་རིང་ཡི་གེ་འདི་གཉིས་ལ་འགྱུར་བ་མངོན་གསལ་བྱུང་ཡོད། གཞན་རྗེས་འཇུག་འ་ཡིག་མིང་གཞི་རྐྱང་པར་སྦྱོར་ཚུལ་དངོས་སུ་མཐོང་རྒྱུ་ཡོད་དེ། ཞོལ་རྡོ་རིང་ཕྱི་མའི་ངོས་ན“ལའ་སྤོའ”སོགས་ཁ་ཤས་དང་། གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེའི་ངོས་ན་རྗེས་འཇུག་འ་ཡིག་མིང་གཞི་རྐྱང་བའི་རྗེས་སུ་སྦྱོར་ཚུལ་བྱུང་མེད་པས། ཕལ་ཆེར་རྡོ་རིང་འདི་བསླངས་པའི་སྐབས་ཙམ་ལ་ཡི་གེ་འབྲི་བདེ་བའི་ཆེད་དུ་ཟོར་ཇེ་ཡང་དུ་བཏང་སྟེ་འ་མཐའ་བསྡུས་པ་ཨེ་ཡིན་ན་སྙམ།

ཡང་འཇུག་གཉིས་ཡིག་རྙིང་ཁྲོད་དངོས་སུ་བྲིས་ཡོད་པ་མ་ཟད་ཕན་ཚུན་རེས་མོས་ཀྱིས་སྦྱོར་སྲོལ་པ་བཞིན། རྡོ་རིང་འདི་གཉིས་ཀའི་ཡི་གེའི་ནང་ཡང་སྦྱོར་ཚུལ་དེ་ཅུང་མང་སྟེ། ཞོལ་རྡོ་རིང་ཕྱི་མའི་ངོས་ན“སྩལད”དང“གསྩནད”“རྡོ་རིངས”སོགས་ལྟ་བུ་དང་། གཙུག་ལག་ཁང་མདུན་གྱི་རྡོ་རིང་ངོས་ན་ཡང་“བཀའ་སྩལད”དང“དམག་སྟོངས”“མོལད”“ཡུནད”ལྟ་བུ་སོགས། དེ་མིན་ཡིག་རྙིང་ཁག་ཏུ་ཡང་འཇུག་སའི་འཇུག་ཡུལ་རྗེས་འཇུག་ཡི་གེ་བཅུ་ལས་ག་ང་བ་མ་བཞི་མ་ཟད། རྗེས་འཇུག་འ་མཐར་སྦྱར་བའང་ཡོད[⑨]་དེ། དཔེར་ན། བཀའ་ལ་“བཀའས”དང་དཔའ་ལ“དཔའས”དགའ་ལ“དགའས”དབའ་ལ“དབའས”སོགས་ལྟ་བུའོ། །

༣ མགོ་འདོགས་ཀྱི་ཡི་གེ་སྡུར་བ།

སྤྱིར་ཡིག་རྙིང་ཁག་ཏུ་མགོ་ཅན་གསུམ་ཀ་སྦྱོར་ཚུལ་མི་འདྲ་བ་ཡོད་མོད། འདིར་རྡོ་རིང་འདི་གཉིས་ཀྱི་ཡི་གེ་གཞིར་བྱས་ན་གཙོ་བོ་ཙ་ཡིག་ས་མགོ་ཅན་དང་ས་ལ་ཙ་བཏགས་པ་རྡོ་རིང་གཉིས་ཀའི་ངོས་ན་ཁ་ཤས་ཡོད་དེ། ཞོལ་རྡོ་རིང་གི་བྱང་ངོས་ཀྱི་ཐིག་ཕྲེང་སུམ་ཅུར“གངཿ  ཉེཿ  བསྩལདཿ ”དང་། ཐིག་ཕྲེང་སོ་བདུན་དང་ཞེ་དྲུག་གཉི་ཀར“སྩལད”གཉིས། ཡང་ཐིག་ཕྲེང་ལྔ་བཅུ་ང་གཉིས་པར“ཚལཿ  ལསཿ  སྩོགསཿ  ཏེཿ ” ཐིག་ཕྲེང་ལྔ་བཅུ་ང་དགུ་པར“ཕྲཿ  མཿ  མྱིཿ  གསྩནྟ”སོགས་མང་ཙམ་འདུག གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེའི་ནུབ་ངོས་ཀྱི་ཐིག་ཕྲེང་ཞེ་གསུམ་པར“སྩེ་ཞུང་ཆེག་དུ”དང་། ཐིག་ཕྲེང་བདུན་ཅུ་པར“ལི་ཀྲིའུ་ལ་སྩོགས་པས”སོགས་རྡོ་རིང་དེ་ངོས་ན་རིམ་པ་བཞིན་ཙ་ཡིག་ས་མགོ་ཅན་དང་ས་ཡིག་ཙ་བཏགས་ཅན་བཞི་ཙམ་ལས་བྱུང་མེད་པ་དང་། ཞོལ་རྡོ་རིང་ཕྱི་མའི་ངོས་ན་རིམ་པ་བཞིན་ཁྱོན་བསྡོམས་བཅུ་ཙམ་བྱུང་ཡོད། འདི་ལས་ང་ཚོས་ཤེས་རྟོགས་བྱེད་ཆོག་པ་ནི། གཅིག རྡོ་རིང་འདི་གཉིས་བསླངས་པའི་དུས་སྐབས་དེར་ཙ་ཡིག་ས་མགོ་ཅན་དང་ས་ཡིག་ཙ་བཏགས་ཅན་སྦྱོར་ཚུལ་ཡོད་པ་ཤེས་ཐུབ་ལ། གཉིས། རིམ་པ་བཞིན་རྣམ་པ་དེ་ལྟ་བུའི་སྦྱོར་ཚུལ་ཇེ་ཉུང་དུ་འགྲོ་བའི་ཆོས་ཉིད་ཅིག་ཀྱང་ཤེས་ཐུབ་བོ། །

འདོགས་ཅན་བཞི་ལས་ཡ་སྟ་དང་ར་སྟ་གཉིས་ཡིག་རྙིང་ཁག་ཏུ་ནང་ཕན་ཚུན་རེས་མོས་ཀྱིས་སྦྱོར་སྲོལ་ཡོད་དེ། དཔེར་ན། ཤ་ཁྲི་དང་ཉ་ཁྲི་ལ“ཤ་ཁྱི་དང་ཉ་ཁྱི” རལ་གྲི་ལ་“རལ་གྱི” སོགས་མང་མོད། རྡོ་རིང་ཡི་གེ་འདི་གཉིས་སུ་སྦྱོར་ཚུལ་འདི་ལྟ་བུ་བྱུང་མེད། ཡིན་ནའང་རྡོ་རིང་ཡི་གེ་འདི་གཉིས་ཀར་ཆེས་མངོན་གསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་མ་དང་མི། མེ་སོགས་ལ་ཡ་སྟ་བཏགས་ཡོད་དེ། ཞོལ་རྡོ་རིང་ཕྱི་མའི་བྱང་ངོས་ཀྱི་ཐིག་ཕྲེང་བཅུ་བར་“ནཿ  མྱིཿ  དབབ”དང་། ཡང་ཐིག་ཕྲེང་ལྔ་བཅུ་ང་གསུམ་པར“མྱིཿ  དབྲྀཿ  གཞནཿ  གྱིསཿ  མྱིཿ  དཕྲོ”ལྟ་བུ་སོགས་མང་། དེ་བཞིན་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེའི་ནུབ་ངོས་ཀྱི་ཐིག་ཕྲེང་བརྒྱད་པར“ལྷ་མྱྀ་ཀུན་གྱྀས”དང་། ཡང་བྱང་ངོས་ཀྱི་ཐིག་ཕྲེང་གསུམ་པར“ཐབས་དང་མྱིང་རུས་ལ”ལྟ་བུ་དང་། དེའི་ཤར་ངོས་ཀྱི་ཐིག་ཕྲེང་བཅུ་བདུན་པར“ཕྱོགས་མྱྀ་གུས་པ་མྱེད་དེ”ལྟ་བུ་སོགས་རྡོ་རིང་ཡི་གེ་གཉིས་ཀར་སྦྱོར་ཚུལ་མང་པོ་མངོན་འདུག དེ་དག་རྗེས་སུ་ཡི་གེ་ཟོར་ཡངས་ཕྱིར་དོར་ཏེ་ད་བར་ཡི་གེར་དངོས་སུ་མི་སྣང་ནའང་། ད་རུང་ཨ་མདོའི་ཁ་སྐད་དུ་མིག་ལ་མྱིག་དང་། འགྲོ་ལ་འགྱོ། སྐྲ་ལ་སྐྱ་སོགས་བེད་སྤྱོད་བྱེད་བཞིན་ཡོད་དོ། །

གསུམ་པ། རྡོ་རིང་གཉིས་ཀྱི་སྲོག་རྐྱེན་གྱི་ཡི་གེ་སྡུར་བ།
༡ ཚེག་གི་འབྲི་སྟངས་སྡུར་བ།

ཡིག་རྙིང་ཁྲོད་ཚེག་ལ་ཆིག་ཚེག་དང་ཉིས་ཚེགཿ  གཏེར་ཚེག༔ སོགས་རྣམ་པ་མི་འདྲ་བ་རེ་གཉིས་བྱུང་ཡོད། རྡོ་རིང་ཡི་གེ་འདི་གཉིས་ལས་ཚེག་གི་འགྱུར་རིམ་མངོན་གསལ་ཞིག་ཤེས་ཐུབ་སྟེ། ཞོལ་རྡོ་རིང་ཕྱི་མར“༄། །བློནཿ  སྟགཿ  སྒྲཿ  ཀླུཿ  ཁོང་། དཀུཿ  རྒྱལཿ  གཙུགཿ  གནང་བའྀ”ཞེས་པ་ལྟ་བུ་ཉིས་ཚེག་གི་རྣམ་པར་བྲིས་ཤིང་། རྡོ་རིང་འདིའི་རྗེས་སུ་བསླངས་པའི་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེའི་ངོས་སུ་ཚེག་ལ་འགྱུར་བ་མངོན་གསལ་བྱུང་སྟེ། ཆིག་ཚེག་ཁོ་ན་ལས་ཉིས་ཚེག་གི་རྣམ་པ་རྡོ་རིང་གི་ཤར་ངོས་ཀྱི་ཐིག་ཕྲེང་ཉི་ཤུ་བར“ཆོས་བཟངཿ  གཙུག་ལག་ཆེ་བས”ཞེས་འཁོད་པ་ཁོ་ན་ལས་གཞན་མཐོང་དུ་མེད་པས། དུས་སྐབས་མི་འདྲ་བ་དེ་གཉིས་དབར་དུ་ཚེག་ལ་འགྱུར་བ་མངོན་གསལ་བྱུང་སྟེ་ཉིས་ཚེག་ནས་ཆིག་ཚེག་ཏུ་འགྱུར་བ་ཤེས་ཐུབ།

༢ དབུ་ཁྱུད་འབྲི་སྟངས་སྡུར་བ།

ཡིག་རྙིང་ཁག་ཏུ་དབུ་ཁྱུད་ཀྱི་རྣམ་པ་མི་འདྲ་བ་བདུན་ཙམ་བྱུང་བར་བཞེད།(འོག་གི་པར་རིས་དང་པོ།)རྡོ་རིང་ཡི་གེ་འདི་གཉིས་ཀར་བྱུང་བའི་དབུ་ཁྱུད་ཀྱི་རྣམ་པ་གཅིག་མཚུངས་སུ་སྣང་ལ། རྣམ་པ“༄།”[⑩]འདི་ལྟ་བུ་ཞིག་ཡིན། ཞོལ་རྡོ་རིང་ཕྱི་མའི་ངོས་སུ་རིམ་པ་བཞིན་དབུ་ཁྱུད་བདུན་དང་། ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་ངོས་སུ་རིམ་པ་བཞིན་དབུ་ཁྱུད་སོ་ལྔ་བྱུང་ཡོད། དུས་སྐབས་མི་འདྲ་འདི་གཉིས་དབར་དབུ་ཁྱུད་ཀྱི་རྣམ་པར་འགྱུར་བར་མངོན་གསལ་བྱུང་མེད་དོ། །

(པར་རིས་དང་པོ།)
(པར་རིས་དང་པོ།)

༣ ཤད་ཀྱི་འབྲི་སྟངས་སྡུར་བ།

ཤད་ལ་ཆིག་ཤད་ཉིས་ཤད་དང་། །བཞི་ཤད་རིན་ཆེན་སྤུངས་ཤད་དང་། །སྦྲུལ་གཟུགས་འཁྱིལ་བ་ལྟ་བུའི་ཤད། །ཅེས་པའི་ཤད་ཀྱི་རྣམ་པ་ལྔ་ལས། ཡིག་རྙིང་ནང་རིན་ཆེན་སྤུངས་ཤད་ལས་གཞན་མཐོང་རྒྱུ་ཡོད་དེ། རྡོ་རིང་ཡི་གེ་འདི་གཉིས་ཀར་ཐུན་མོང་དུ་ཉིས་ཤད་དེ་རྣམ་པ“༎”འདི་ལྟ་བུ་མང་ཞིང་། སྐབས་རེར་བཞི་ཤད“༎༎”དང་། ག་སོགས་རྐང་བ་ཅན་གྱི་མཐར་ཤད་སྦྱར་བ་སོགས་དེང་སང་གི་ཤད་སྦྱོར་ཚུལ་དང་ཅུང་མི་འདྲ་ས་ཡོད་མོད། རྡོ་རིང་དེ་གཉིས་བསླངས་པའི་དུས་སྐབས་དབར་ཤད་ཀྱི་རྣམ་པ་དང་སྦྱོར་ཚུལ་ལ་ཁྱད་པར་ཆེན་པོ་བྱུང་མེད་དོ། །

བཞི། ཞར་བྱུང་འཕྲོས་དོན་གཞན་བཤད་པ།
༡ བསྡུས་ཡིག་གི་སྐོར།

བཙན་པོའི་སྐབས་ཀྱི་ལེགས་བཟོའི་རྡོ་རིང་ཡི་གེ་ཁག་ཏུ་བསྡུས་ཡིག་ཅུང་མང་ཞིང་། དེ་དག་ནི་རྡོ་རིང་ཡི་གེ་དེ་དག་ཞུ་དག་བྱེད་སྐབས་ཡི་གེ་ཆད་པ་ལ་ཁ་སྣོན་བྱས་པ་ལས་བསྡུས་ཡིག་གི་རྣམ་པའི་ཡིག་གཟུགས་བྱུང་བར་ངེས་ལ། གཞན་དུ་སྐབས་དེར་བསྡུས་ཡིག་གི་སྦྱོར་སྲོལ་ཡོད་པའང་བཤད། ཞོལ་རྡོ་རིང་ཕྱི་མའི་བྱང་ངོས་ཀྱི་ཐིག་ཕྲེང་གསུམ་པར“རྡོཿ  རིངསཿ  ལཿ  ཡྀཿ  གྼེ།”ཞེས་དང་། དེའི་ཐིག་ཕྲེང་བཅུ་གཉིས་པར“དབོནཿ  ཙེཿ  རབྶ།” ཐིག་ཕྲེང་བཅུ་བཞི་བར“ཞམཿ  འབྲྔི”དང་། ཐིག་ཕྲེང་བཅུ་བདུན་པར“མཆྀསཿ  པྼ” སོ་གཅིག་པར“པརཿ  གནངོ༔”སོགས་དང་། ལྷོ་ངོས་ཀྱི་ཐིག་ཕྲེང་བཅུ་བཞི་ནས་བཅུ་བདུན་པར་རིམ་བཞིན“འབླ”དང“གཏྣ”“ཁྲིཿ  སྲྔོ”“གསོལདཿ  ནྶ”བཅས་རྡོ་རིང་ངོས་ན་ཁྱོན་བསྡུས་ཡིག་སོ་བདུན་ལྷག་བྱུང་ཡོད། དེ་བཞིན་གཙུག་ལག་ཁང་མདུན་གྱི་རྡོ་རིང་ཡི་གེའི་ཤར་ངོས་ཀྱི་ཐིག་ཕྲེང་ལྔ་གཉིས་པར“མཛད་པ་ནྀ་ལྷའི་ལུགས་དང་མཐུན་ཏེ། བཀྰ”ལྟ་བུ་ཁོ་ན་ལས་བསྡུས་ཡིག་གི་རྣམ་པ་བྱུང་མེད་པས། དུས་སྐབས་དེ་གཉིས་བར་བསྡུས་ཡིག་གི་རྣམ་པ་སྦྱོར་སྲོལ་ཉུང་དུ་སོང་བའམ་གཙུག་ལག་ཁང་མདུན་གྱི་རྡོ་རིང་བསླང་སྐབས་ཡི་གེ་རྐོ་བར་ཞིབ་ཚགས་སུ་སོང་བའི་གནས་ཚུལ་ཞིག་ཤེས་ཐུབ་པར་འདོད་དོ། །

༢ ཚིག་ཕྲད་ཀྱི་ཐོབ་ཐང་།

ཀ ལ་དོན་གྱི་ཕྲད་དུ་དང་ཏུ་ཡིག

ཞོལ་རྡོ་རིང་ཕྱི་མའི་བྱང་ངོས་ཀྱི་ཐིག་ཕྲེང་བཅོ་ལྔ་ན“ནང་ཀོར་ཡན་ཅད་དུཿ ”དང་། ལྷོ་ངོས་ཀྱི་ཐིག་ཕྲེང་བཅུ་གཉིས་ན“སྐུཿ  ལཿ  ནིཿ  དརདཿ  དུ” ཐིག་ཕྲེང་བཅུ་གསུམ་པར“སྲིདཿ  ནྀཿ  འཁྲུགཿ  དུ”སོགས་ལ་དོན་གྱི་ཕྲད“དུ”ཡིག་རིམ་པ་བཞིན་རྡོ་རིང་ངོས་ན་ཁྱོན་བཅུ་བཞི་ཙམ་བྱུང་བ་ལས་ལ་དོན་གྱི་ཕྲད“ཏུ”ཡིག་མཐོང་དུ་མེད་ལ། དེའི་རྗེས་སུ་བསླངས་པའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་ནུབ་ངོས་ཀྱི་ཐིག་ཕྲེང་ཞེ་གསུམ་པར“ཡོག་ཏུ་རྟ་བརྗེས”དང་། ཐིག་ཕྲེང་ལྔ་བ་ན“གཅྀག་དུ་མོལ” ཞེས་སོགས་དང་། ཡང་རྡོ་རིང་དེའི་ཤར་ངོས་ཀྱི་ཐིག་ཕྲེང་ཉེར་ལྔ་ན“བཙན་པོའི་ཁབ་དུ་བླངས”ཞེས་པ་སོགས་ལས། རྡོ་རིང་འདི་གཉིས་བསླངས་པའི་དུས་སྐབས་ནང་ལ་དོན་གྱི་ཕྲད“དུ”དང“ཏུ”ཡིག་གཉིས་ཀའི་ཚབ་ཏུ“དུ”ཡིག་ཁོ་ན་སྦྱོར་བ་ལས་རིམ་བཞིན“དུ”དང“ཏུ”ཡིག་གཉིས་ཕན་ཚུན་རེས་མོས་ཀྱིས་སྦྱོར་བ་ལས་སུམ་ཅུ་བའི་ཕྲད་ཀྱི་ཐོབ་ཐང་ལྟར་སྦྱོར་གྱིན་མེད་པ་ཤེས་ཐུབ་བོ། །

ཁ འབྲེལ་སྒྲའི་ཕྲད་ཀྱི་དང་གྱི་ཡིག

ཞོལ་རྡོ་རིང་ཕྱི་མའི་བྱང་ངོས་ཀྱི་ཐིག་ཕྲེང་དྲུག་པ་ན“བརྩནཿ  གྱི”དང་། ལྷོ་ངོས་ཀྱི་ཐིག་ཕྲེང་དགུ་པར“གཙུགཿ  རྩནཿ  གྱི” ཡང་ཤར་ངོས་ཀྱི་ཐིག་ཕྲེང་དགུ་པར“ཕྱིཿ  ནངཿ  གཉིསཿ  གྱི”སོགས་འབྲེལ་སྒྲའི་ཕྲད“གྱི”ཡིག་ཁོ་ན“ཀྱི”དང“གྱི”གཉིས་ཀྱི་ཚབ་ཏུ་སྦྱར་ཡོད་པས། རྡོ་རིང་འདི་བསླངས་པའི་དུས་སྐབས་ནང་འབྲེལ་སྒྲའི་ཕྲད“ཀྱི”ཡིག་སྦྱོར་ཚུལ་བྱུང་མེད་པ་འདྲ། གཙུག་ལག་ཁང་མདུན་གྱི་རྡོ་རིང་གི་ནུབ་ངོས་ཐིག་ཕྲེང་གཉིས་པ་ན“འཕྲུལ་གྱི་ལྷ་བཙན་པོ”དང་། ཤར་ངོས་ཀྱི་ཐིག་ཕྲེང་དགུ་པར“ཆེན་པོས་ནི་ཡུནད་ཀྱི་སྲིད” ཡང་ཐིག་ཕྲེང་བདུན་ཅུ་ན“གཙིགས་གྱི་རྡོ་རིང”སོགས་འབྲེལ་སྒྲའི་ཕྲད“ཀྱི”དང“གྱི”གཉིས་རེས་མོས་ཀྱིས་སྦྱོར་སྲོལ་བྱུང་ཡོད། འདི་ལས་ང་ཚོས་ཤེས་རྟོགས་ཤིག་བྱེད་ཐུབ་པ་ནི་འབྲེལ་སྒྲའི་ཕྲད“ཀྱི”ཡིག་ཞོལ་རྡོ་རིང་བསླངས་པའི་རྗེས་དང་གཙུག་ལག་ཁང་མདུན་གྱི་རྡོ་རིང་བསླངས་པའི་སྔོན་ལ་སྦྱོར་སྲོལ་བྱུང་བ་ཤེས་ཐུབ་བོ། །[11]

ག བྱེད་སྒྲའི་ཕྲད་ཡིས་ཡིག

བྱེད་སྒྲའི་ཕྲད“ཡིས”ཡིག་གི་སྦྱོར་ཚུལ་ནི་ཞོལ་རྡོ་རིང་ཕྱི་མའི་ངོས་ནས་རྩ་བ་ནས་མི་སྣང་ལ། དེ་བཞིན་བསམ་ཡས་རྡོ་རིང་དང་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང་། རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་སོགས་སུ་སྦྱོར་སྲོལ་དེ་ལྟ་བུ་མི་སྣང་མོད། རྡོ་རིང་འདི་དག་གི་རྗེས་ཙམ་སྟེ་དུས་རབས་དགུ་བའི་ནང་བསླངས་པའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་གི་ཤར་ངོས་ཀྱི་ཐིག་ཕྲེང་དྲུག་ཅུ་ན“དཀྱིལ་འཁོར་ལ་འཛེགས་ནས། རྒྱ་ཡིས་གཙིགས་བཟུང་ངོ། །བོད”ཞེས་པ་ལས་བྱེད་སྒྲའི་ཕྲད“ཡིས”ཡིག་གཅིག་མངོན་སུམ་དུ་སྣང་བ་དང་། རྡོ་རིང་འདིའི་ཡི་གེ་ཡོངས་ནའང་“ཡིས”ཡིག་གཅིག་ཁོ་ན་ལས་བྱུང་མེད་པས་ཕལ་ཆེར་བྱེད་སྒྲའི་ཕྲད“ཡིས”གཙུག་ལག་ཁང་མདུན་གྱི་རྡོ་རིང་བསླངས་པའི་བར་སྐབས་དེར་གསར་དུ་བོད་ཀྱི་བརྡ་སྤྲོད་ཁྲོད་བྱུང་བ་ཨེ་ཡིན་ན་སྙམ་མོ། །

མདོར་ན། པོ་ཏ་ལའི་ཞོལ་རྡོ་རིང་དང་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་གཉིས་བསླངས་པའི་དུས་སྐབས་ནང་བོད་ཡིག་གི་འགྱུར་བ་ལ་ཞིབ་ཏུ་དཔྱད་རྒྱུ་མང་མོད། འདི་ཙམ་གྱིས་ཀྱང་སྐབས་དེའི་བོད་ཡིག་གི་འགྱུར་བ་མངོན་གསལ་ཅན་ཁ་ཤས་ཀྱི་འགྱུར་རིམ་ལ་ངེས་ཤེས་ཙམ་འདྲོངས་ཡོད།

དཔྱད་ཡིག་དང་ཞབས་མཆན། 

[①] པ་ཚབ་དབང་འདུས་ཀྱིས་བསྒྲིགས། <<སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ།>>[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013.4 P.7 གཞན། <ཤུལ་བཞག་འཁྱམ་པོ། ལྷ་སའི་ཞོལ་རྡོ་རིང་གི་གནས་གཞི་དང་པོ་རྙེད་པ།> རྒུམ་འབྲུམ་ཧྭ་ཙོ་རྡ(Hazod Guntram)ཡིས་བརྩམས། ཤ་བོ་མཁའ་བྱམས་ཀྱིས་བསྒྱུར།

[②] གོང་མཚུངས། P.7

[③] གཉའ་གོང་དཀོན་མཆོག་ཚེ་བརྟན། <<བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།>> [M] 214.6 P.118

[④] གོང་མཚུངས། P.119-120

[⑤] འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར། <<རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས།>>[M] 2013.11 P.142

[⑥] པ་ཚབ་དབང་འདུས་ཀྱིས་བསྒྲིགས། <<སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ།>>[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013.4 P.6

[⑦] རྒྱལ་མོ་འབྲུག་པས་བརྩམས། <<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།>> [M] 2014.6 P.142

[⑧] <<ཐང་ཡིག་གསར་རྙིང་།>>

[⑨] ད་དང་སའི་ཡང་འཇུག་གཉིས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་གང་དུའང་མ་བསྟན་པའི་དབང་གིས། མེར་གེན་ཡེ་ཤེས་རྣམ་རྒྱལ་གྱིས་མཛད་པའི<<སུམ་ཅུ་པའི་ཚིག་དོན་གསལ་བའི་མེ་ལོང>>ལས་“རྗེས་སུ་ཞུགས་པའི་ག་ང་བ་མ་འ་རྣམས་ལ་ཡང་འཇུག་སྦྱར་རུང་བའི་ཕྱིར་སྟེ་དང་། རྗེས་སུ་ཞུགས་པའི་ན་ར་ལ་གསུམ་དུ་ད་ཡང་འཇུག་སྦྱར་རུང་བ”ཞེས་རྗེས་འཇུག་འ་ཡིག་མཐར་ཡང་འཇུག་ས་སྦྱར་རུང་ལེགས་པར་གསུངས་འདུག་མོད། རྗེས་སུ་བྱེད་སྒྲའི་ཕྲད་དང་འཁྲུལ་ཉེན་ཆེ་བས་ས་མཐར་ས་དྲག་སྦྱོར་བ་དོར་པས་ད་བར་གྱི་སྐད་ལ་མི་སྦྱོར་བའོ། །

[⑩] མ་ཡིག་ཏུ་བྲིས་པའི་དབུ་ཁྱུད་ཀྱི་རྣམ་པ་འདིར་ཇི་བཞིན་དུ་བཏགས་མ་ནུས་མོད། གོང་གི་རྣམ་པ་དེ་དང་ཕལ་ཆེར་འདྲ་མོད་འོག་གི་འཁྱོག་བྲིས་དེ་ཐུང་བའི་རྣམ་པ་ཞིག་ཏུ་མངོན།

[11] བྱེད་སྒྲའི་ཕྲད་ཀྱིས་དང་གྱིས་ཡིག་གི་སྦྱོར་སྲོལ་བྱུང་ཚུལ་ཡང་འབྲེལ་སྒྲའི་ཕྲད་དང་གཅིག་མཐུན་དུ་བྱུང་བར་མངོན།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།