རྩེ་ཞྭའི་བྱུང་བ་དང་ཀརྨ་བཀའ་བརྒྱུད་ཀྱི་རྩེ་ཞྭ་སྒྲོན་ཚུལ་ལ་དཔྱད་པ།

0
1052

རྩེ་ཞྭའི་བྱུང་བ་དང་ཀརྨ་བཀའ་བརྒྱུད་ཀྱི་རྩེ་ཞྭ་སྒྲོན་ཚུལ་ལ་དཔྱད་པ།

—པར་རིས་གཙོར་བཟུང་གི་དཔྱད་ཞིབ།

[ནང་དོན་གནད་བསྡུས།]    དཔྱད་རྩོམ་འདིར་གནའ་ཡི་ཡིག་རྙིང་དཔྱད་གཞིར་བྱས་ནས་རྩེ་ཞྭ་ག་དུས་དར་བ་དང་གང་ནས་བྱུང་བ། རྩེ་ཞྭའི་མཚན་གྱི་འགྱུར་བ། ཀརྨའི་མཁན་པོ་རིན་ཆེན་དར་རྒྱས་ཀྱིས་མཛད་པའི་རྩེ་ཞྭའི་བཤད་པ་མང་ཐོས་ཞལ་རྒྱུན་ཞེས་པ་དཔེ་དཀོན་གསར་རྙེད་དང་རྩེ་ཞྭ་རྙིང་པ་སོགས་དཔྱད་གཞི་བྱས་ནས་ཀརྨ་བཀའ་བརྒྱུད་ཀྱིས་རྩེ་ཞྭ་ག་དུས་སྒྲོན་པ། རྩེ་ཞྭའི་ཁ་དོག་གང་དག་སྤྱོད་པ། གནས་གང་ལ་ཇི་ལྟར་སྒྲོན་པའི་ཚུལ་སོགས་དཔྱད་པ་ཞིབ་མོ་བྱས་ནས་མཐའ་སྡོམ་བཀོད་ཡོད།

[གནད་ཚིག།] རྩེ་ཞྭ། ཀརྨ་བཀའ་བརྒྱུད། ཁ་དོག།

གླེང་སློང་།

བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་རྩེ་ཞྭའི་བྱུང་བ་དང་ཀརྨ་བཀའ་བརྒྱུད་ཀྱི་རྩེ་ཞྭ་ཇི་ལྟར་སྒྲོན་ཚུལ་སྐོར་ལ་དཔྱད་ཞིབ་ཅུང་ཙམ་བྱ་འདོད་བྱུང་ལ། ཟླ་བ་འགའ་ཞིག་གི་སྔོན་ནས་དམིགས་ཡུལ་དེ་ལྟར་འཛིན་ཏེ་འགྲུལ་བཞུད་ཀྱི་གོ་སྐབས་བེད་སྤྱད་ནས། ཆོས་འབྱུང་དང་ངག་རྒྱུན་སོགས་ལས་བྱུང་བའི་རྩེ་ཞྭའི་བྱུང་བ་སྨྲ་ཚུལ་འདྲ་མིན་ཅི་ནུས་བསྡུ་རུབ་དང་། ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་ཁག་ནས་རྩེ་ཞྭ་དང་འབྲེལ་ཡོད་རྒྱུ་ཆ་མང་ཙམ་འཚོལ་བསྡུ་བྱས། དེ་དག་མཇལ་བར་བརྒྱུད་རྩེ་ཞྭ་ཞེས་པའི་ཞྭ་མོ་འདི་ནི་བོད་ཀྱི་ཞྭ་ཞིག་ཡིན་མིན་དང་དེ་ཉིད་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་པའི་ཞྭ་རིགས་ཤིག་ཏུ་ཇི་ལྟར་གྱུར་པའི་སྐོར་ལ། སྔོན་བྱོན་ཆོས་འབྱུང་སྔ་ཕྱིའི་དགོངས་པ་དང་དེང་གི་མཁས་པའི་དགོངས་པ་སོགས་དུ་མ་ཞིག་ནང་ཕན་ཚུན་མི་འདྲ་བར་བཤད་ཚུལ་མི་གཅིག་སྣ་ཁ་བཅོ་བརྒྱད་ཀྱི་ཚུལ་འདུག་པ་ཤེས་རྟོགས་བྱུང་བས། ཁོང་རྣམས་ཀྱི་འདོད་ཚུལ་དག་ཤོག་ཁག་བསྒྲིགས་ནས་གླེང་བ་ལས་ལྷན་ཅིག་ཏུ་སྤུངས་ན་ཉོབ་པར་དོགས་དགོས་པ་བྱུང་།

༡ རྩེ་ཞྭ་བོན་ལས་བྱུང་བར་སྨྲ་བ།

དེའང་རྩེ་ཞྭའི་བྱུང་བ་སྨྲ་བའི་སྔོན་བྱོན་མཁས་པ་མང་ཤོས་དང་དེང་གི་ལོ་རྒྱུས་སྨྲ་བ་བྱིངས་ཀྱིས། ཆོས་འབྱུང་ཁག་ལས་མངོན་པའི་བླ་ཆེན་དགོངས་པ་རབ་གསལ་གྱིས་ཀླུ་མེས་ལ་ཞྭ་སེར་གནང་བའི་ལོ་རྒྱུས་ཕྱིས་ཀྱི་ཆོས་འབྱུང་ལས་བྱུང་བ་དེ་ཉིད་འདྲེན་གྱིན་པར་མངོན་ཏེ། དཔེར་ན་དུས་རབ་༡༩པའི་ནང་དུ་ཕེབས་པའི་མཁས་པ་ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས་(༡༨༣༥-༡༩༡༣)ཀྱིས་མཛད་པའི་<<རྩེ་ཞྭའི་བཤད་པ་མང་ཐོས་ཞལ་རྒྱུན་བཞུགས་སོ་>>ཞེས་པའི་དཔེ་དཀོན་གསར་རྙེད་ལས། གཏམ་གྱི་ཐོག་མར་ “ཞྭ་འདི་བླ་ཆེན་དགོངས་པ་རབ་གསལ་གྱིས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ལ་གནང་ནས། ང་ཡིས་སྒོམས་པ་བྱེད་པའི་ཚེ་གྱོན་པ་ཡིན་པས་བྱིན་རླབས་ཡོད། ཁྱོད་ཀྱིས་བླ་མའི་རྟེན་འབྲེལ་འབྲལ་བ་མེད་པར་བསྣམས་ཤིག་དང་། རྟེན་འབྲེལ་གྱི་སྒོ་ཁྱད་པར་ཅན་ཞིག་ཡོད་གསུངས་”ཞེས་བྱུང་ལ། དེང་གི་མཁས་པ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་། “བླ་ཆེན་དགོངས་པ་རབ་གསལ་གྱིས་ཀླུ་མེས་ལ་ཁོང་གིས་དུས་རྒྱུན་མནབ་བསྡད་པའི་སྒོམ་ཞྭ་རེད་ཟེར། ཁ་ཤས་ཀྱིས་ཁོང་དང་པོ་བོན་པོ་རེད་ཟེར་གྱི་འདུག། བོན་པོའི་དབུ་ཞྭ་འདྲ་པོ་གཅིག་མིན་འགྲོ། བོན་པོའི་སྒོམ་ཞྭ་ཡིན་ནམ་གང་ཤེས། ཐོག་མར་དབུ་ཞྭ་དེ་ཁ་དོག་དཀར་པོ་ཞིག་ཡོད་རེད་ཟེར། དཀར་པོ་ཡིན་དུས་གྱོན་དུ་རུང་ངམ་ཞུས་པའི་ཚེ། འོ་ན་ཁ་སྒྱུར་ཅིག་གསུངས་པ་རེད། ཁ་བསྒྱུར་བ་ལ་ཆ་རྐྱེན་ཞེ་དྲག་མེད་པ་ཡིན་དུས་ས་སེར་པོ་ཞིག་བྱུག་བཞག་པ་རེད་ཟེར།[1]” ཞེས་བྱུང་། ཁོ་བོའི་བསམ་པར་ཞྭ་ཁུངས་བོན་ལ་གཏུགས་པའི་གསུང་འདི་གཉིས་ཀ་ལ་བུ་སྟོན་ཆོས་འབྱུང་སོགས་ལས་བྱུང་བའི་ཀླུ་མེས་ཀྱི་ཞྭ་ཁུངས་སྟོན་པའི་ཚིག་འགྲོས་རྣམས་མ་ཉམས་པར་གནས་འདུག་སྙམ། དེ་བཞིན་རྩེ་ཞྭའི་ལོ་རྒྱུས་སྨྲ་བ་བན་བོན་མང་ཤོས་ཀྱིས་ཀྱང་། ཞྭ་འདིའི་ཁུངས་གླེང་སྐབས་སུ་བླ་ཆེན་དང་ཀླུ་མེས་ཀྱི་ལོ་རྒྱུས་དང་འབྲེལ་བའི་བན་གྱི་ཆོས་འབྱུང་དུས་རབས་༡༤དང་༡༦བཅས་སུ་བྱུང་བའི་ལུང་ཚིགས་རྣམས་ཇི་བཞིན་དྲངས་ནས། བོན་ཞྭ་འོབ་ཞུ་ཞེས་པ་དཀར་པོ་ཞིག་ལ་ས་སེར་པོ་བྱུག་པ་སོགས་དང་འབྲེལ་ཏེ་ཞྭ་འདིའི་འབྱུང་ཁུངས་ནི་བོན་ལ་གཏུག་ཡོད་པ་གསལ། ལྟ་ཚུལ་འདིའི་འབྱུང་ཁུངས་སྟོན་པའི་ལུང་འདྲེན་ཁག་ནི་ཅུང་ཕྱི་མོ་ཡིན་པའི་སྣང་ཚུལ་བྱུང་བས་འོག་ཏུ་དུས་རབས་རིམ་པའི་ཆོས་འབྱུང་ཁག་དཔྱད་གཞི་བྱས་ནས་རང་གི་བསམ་ཚུལ་སྤེལ་ཡོད།

༢ རྩེ་ཞྭ་ནུབ་ཕྱོགས་ནས་བྱུང་བར་སྨྲ་བ།

རྩེ་ཞྭ་ཞེས་པའི་ཞྭ་རིགས་འདིའི་དབྱིབས་དང་རྣམ་པ་སོགས་ལ་བརྟེན་ནས་ཐོག་མར་ཕྱི་ལོ་༡༦༢༤ལོར་བོད་ཁམས་མངའ་རིས་གུ་གེའི་ཡུལ་དུ་ཐོན་པའི་ཡེ་ཤུའི་ཆོས་སྤེལ་བ་ཨང་ཋོ་ནཱི་་དྷུ་་ཨང་དྷུ་ཝ་དྷུ་(安東尼奧 德爾 安德拉德༡༥༨༠-༡༦༣༤)ལགས་ཀྱིས་བོད་པའི་དགེ་འདུན་པའི་རྩེ་ཞྭ་དང་ཟླ་གམ་ནི་གནམ་བདག་ཆོས་ལུགས་སམ་ཡེ་ཤུའི་ཆོས་ལུགས་པའི་བླ་མ་དག་གི་ཆས་གོས་དང་མཚུངས་ཚུལ་གྱི་གཏམ་ཞིག་མངའ་རིས་ཆོས་སྤེལ་དང་འབྲེལ་བའི་ཁོའི་འཕྲིན་ཡིག་གཉིས་པ་རུ་འཁོད་ཡོད་ཚུལ་སྙན་བཟང་གཡུང་དྲུང་ཚེ་རིང་གི་རྩོམ་ཡིག་ཏུ་གསལ་ལ[2]། ཚངས་དབང་དགེ་འདུན་བསྟན་པའི་དཔྱད་རྩོམ་<<ཡེ་ཤུ་བོད་ཡུལ་ཏུ་ཕེབས་པའི་སྐོར་བཤད་པ་>>ཞེས་པ་ལས་ནི་འཕྲིན་ཡིག་དེའི་རྩེ་ཞྭ་དང་འབྲེལ་བའི་སྐོར་རྒྱས་པའི་ཚུལ་གྱི་སྒོ་ནས་བཤད་ཡོད་ཅིང་། དེ་ལས་བྱུང་བ་ལྟར་ན་རྩེ་ཞྭའི་འབྱུང་ཁུངས་ནི་གྷི་རིགས་ཀྱི་དམག་ཞྭ་ཡིན་ཚུལ་བསྟན་འདུག། དེ་བས་ན་རྩེ་ཞྭའི་འབྱུང་ཁུངས་ནི་ནུབ་ཕྱོགས་ཡིན་པའི་ལྟ་ཚུལ་ཞིག་དུས་རབས་༡༧པའི་ནང་བྱུང་ཡོད་པ་འདྲ་ལ། ལྟ་ཚུལ་འདིའི་རྒྱུན་འདྲ་བོ་ཡོངས་འཛིན་དྲ་བར་སྤེལ་བའི་<<གཡུང་དྲུང་བོན་ནང་རྩེ་ཞྭ་བྱུང་ཚུལ་[3]>>ཞེས་པའི་དཔྱད་རྩོམ་འབྲིན་མཁན་ཁ་བ་འབོནད་མྱི་ཡིས་རྒྱུན་འཛིན་བྱས་ཡོད་པར་མངོན་ལ། གཞན་ཡང་ཁ་བརྡ་དྲ་བར་ཀླུ་སྨྱོན་ཞེས་པ་ཞིག་གིས་སྤེལ་བའི་རྩོམ་ཡིག་<<བོད་ཀྱི་གྲྭ་ཞྭ་དང་རོ་མན་དམག་ཞྭ་[4]>>ཞེས་པ་ལས་ཀྱང་དབྱིབས་འདྲ་བ་རྒྱུ་མཚན་དུ་བྱས་ནས་རྩེ་ཞྭ་ནི་རོམ་གྱི་དམག་ཞྭ་ཡིན་པའི་ལྟ་ཚུལ་འཛིན་འདུག། འདི་ལྟར་རྩེ་ཞྭ་ནི་ནུབ་ཕྱོགས་ནས་བྱུང་བའི་ཞྭ་ཞིག་ཡིན་པའི་ལྟ་ཚུལ་སྐྱོང་གནང་མཁན་དུ་མ་སྣང་རུང་། ཁོ་བོས་འདི་ནི་རྣ་ལམ་དུ་འགྲོ་བའི་གཏམ་དུ་མ་སྣང་བས་འོག་ཏུ་རྒྱ་ཆེར་དཔྱད་ཡོད།

༣ བོན་འགའ་ཞིག་གིས་རྩེ་ཞྭ་ནི་བདུད་ཞྭ་ཡིན་པར་སྨྲ་བ།

གོང་དུ་རྩེ་ཞྭའི་འབྱུང་ཁུངས་གླེང་སྐབས་དེ་ནི་བོན་ལས་བྱུང་བའི་ལྟ་ཚུལ་ཞིག་ཡོད་སྐོར་ཞུས་མོད། དེང་གི་ཆར་བོན་གྱི་ཁྲོད་དུ་ཞྭ་འདི་ནི་བོན་ལས་བྱུང་བ་མིན་པ་དང་བོན་གྱི་ཞྭ་ཡི་ནང་དུ་འདི་འདྲའི་ཞྭ་ཞིག་མེད་པ་མ་ཚད། དེ་ནི་བདུད་ཞྭ་ཡིན་པ་དང་དེ་ཉིད་བོན་གྱིས་གྱོན་ན་བོན་བསྟན་ནུབ་པའི་རྟེན་འབྲེལ་ཡིན་པའི་སྐོར་གླེང་མཁན་ཡང་སྣང་སྟེ། བོན་གྱི་གཏེར་སྟོན་བྲ་བོ་སྒམ་ཉག་གིས་རྒྱུད་སྲུབ་གསང་བའི་བྲག་ནས་གཏེར་ཏུ་བཞེས་པའི་(༡༡༧༣)རྩ་རྒྱུད་ཉི་ཟེར་སྒྲོན་མའི་ལུང་། “བདུད་ང་མིན་ཆོས་པོས། ཕྱར་བུ་སེར་པོ་ལུས་ལ་གྱོན། གྲུམ་ཙེ་ཞྭ་གཙུག་མགོ་ལ་གོན། རྡོ་རྗེ་དྲིལ་བུ་ལག་ན་བཟུང་”ཞེས་པ་དང་། ཞང་ཞུང་དྲན་པ་ནམ་མཁས་བརྩམས་པར་སྐད་པའི་ <<ཞྭ་བཤད་པི་ཝང་དྲུག་འགྱུར་>>ཞེས་པའི་བོན་ཞྭ་སྣ་ཚོགས་ཀྱི་བཤད་པ་ལས།  “རྩེ་གྲུམ་རྩེ་འཁྱོག་རྩེ་འགུག་དང་། ལེབ་མོ་གོར་མོ་པར་བུའི་མགོ།  མཆུ་ཅན་རྔོག་ཅན་ལྟག་འཕྱང་ཅན།  དེ་རྣམས་རབ་ཏུ་སྤང་བར་བྱ། དེ་རྣམས་གྱོན་ན་བོན་བསྟན་ནུབ།”  ཅེས་པའི་ལུང་དག་དྲངས་ནས། དེའི་དགོངས་དོན་གྱི་དོར་བྱའི་ཞྭ་དེ་རྩེ་ཞྭར་ངོས་བཟུང་སྟེ་དགག་གཞག་གནང་གིན་པ་<<གཡུང་དྲུང་བོན་གྱི་ཞྭ་དཀར་ལས་འཕྲོས་པའི་དཔྱད་གཏམ་[5]>>ཞེས་པ་ལས་འདི་ལྟར་གསལ་ཏེ། “དེས་ན་འདི་བདུད་ཞྭ་ཡིན་པ་ལུང་གིས་གྲུབ་འདུག”ཅེས་དང་། དེ་བཞིན་<<གཡུང་དྲུང་བོན་ནང་རྩེ་ཞྭ་བྱུང་ཚུལ་>>ཞེས་པ་ལས་ཀྱང་དེ་མཐུན་གྱི་ལྟ་ཚུལ་བྱུང་བར་མངོན། ལྟ་ཚུལ་འདི་བྱུང་དོན་དང་འབྲེལ་བའི་ཁོ་བོའི་བསམ་ཚུལ་འོག་ཏུ་བཀོད་ཡོད།

༤ བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་དེ་རྩེ་ཞྭ་མིན་པར་སྨྲ་བ།

དེང་གི་བོད་བརྒྱུད་ནང་བསྟན་གྱི་ཞྭ་རིགས་སྤྱི་དང་ཁྱད་པར་རྩེ་ཞྭའི་སྐོར་གྱི་རྩོམ་འགའ་ཞིག་ལས་ནི། བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་ཡི་སྐོར་གྱི་ལུང་ལས་དེ་ཉིད་རྩེ་ཞྭ་ཡིན་པའི་བདེན་དཔང་ཁ་གསལ་མེད་ཚུལ་གྱི་དོགས་སློང་དང་། ཞྭ་དེ་ནི་པཎ་ཞྭ་སེར་པོ་སྣ་རིང་མ་ཡིན་པའི་ལྟ་ཚུལ་འཛིན་མཁན་ཡང་ཡོད་པར་སྙམ་སྟེ། དཔེར་ན་མཁས་དབང་དགེ་ཆོས་ཀྱིས། “བུ་སྟོན་ཆོས་འབྱུང་དུ་བླ་ཆེན་གྱིས་ཀླུ་མེས་འགྲོ་ཁར་བོན་པོའི་ཞྭ་འོབ་ཞུ་ཁོག་ནས་ས་སེར་བཏབ་པ་ཞིག་གནང་ནས་འདི་རྟག་ཏུ་གྱོན་གསུངས་པར་བྲིས། དེས་ན་ཞྭ་དེ་བོན་ཞུ་རྣ་ལེབ་བཅད་པ་ལ་ཚོས་སེར་བསྒྱུར་བ་ཞིག་ཡིན་པར་གསལ་ལ། འབྲུག་པད་ཀར་གྱིས། བླ་ཆེན་གྱིས་ཞྭ་གནང་པ་དེ་ནས་བཟུང་ཞྭ་སེར་གྱོན་པའི་སྲོལ་བྱུང་གསུངས། དེ་ན་རང་རེའི་ཞྭ་སྣེ་རིང་གི་ཕྱི་མོ་དེ་བོན་ཞྭ་ཡིན་པ་ཡང་གསལ།[6]”ཞེས་ཀླུ་མེས་ཀྱི་ཞྭ་ནི་རྩེ་ཞྭ་མིན་པར་རྗེ་ཙོང་ཁ་པ་སོགས་ཀྱིས་སྒྲོན་པའི་པཎ་ཞྭ་སྣ་རིང་ཡིན་པར་སྨྲས་འདུག་ལ། འདི་འདྲའི་ལྟ་ཚུལ་འཛིན་མཁན་ཡང་ད་བར་མང་ཙམ་ཡོད་པར་མངོན། འོན་ཀྱང་། སྔ་ཕྱིའི་ཡིག་རྙིང་གུང་བསྒྲིགས་པར་ལྟ་ཚུལ་འདིའང་རྣ་བའི་བུ་རམ་དུ་གྱུར་མ་སོང་བས་འོག་ནས་དཔྱད་པ་བྱས་ཡོད།

གུས་པ་དབྱིན་ཡིག་ལ་ཡིག་རྨོངས་ཡིན་རྐྱེན་དེའི་ཐོག་ཏུ་རྩེ་ཞྭ་དང་འབྲེལ་བའི་དཔྱད་ཞིབ་ཡོད་མེད་ཤེས་ཐབས་མ་བྱུང་ལ། རྒྱ་ཡིག་གི་ཁྲོད་དུ་བོད་བརྒྱུད་ནང་བསྟན་གྱི་དབུ་ཞྭ་རིགས་སྤྱི་ལ་དཔྱད་པ་འདྲ་བོ་འགའ་འདུག་ནའང་དམིགས་བསལ་རྩེ་ཞྭའི་ཐད་དུ་ཞིབ་རྒྱས་ཅན་ཡིད་སེམས་འཕྲོག་པའི་དཔྱད་ཞིབ་ནི་ཉིན་མོ་སྐར་མ་དང་འདྲ་བར་མངོན། འདིའི་འོག་ཏུ་རང་གི་རྣམ་དཔྱོད་ལ་བརྟེན་ནས་ད་ཐེངས་ཅུང་ཞིབ་མོའི་སྒོ་ནས་ཚན་པ་མང་དུ་བགོས་ཏེ་བརྗོད་གཞི་འདི་གླེང་འདོད་བྱུང་བས་ན། མཁྱེན་ལྡན་སྤྲོ་བ་ཅན་རྣམས་ཀྱི་རིག་གཞུང་དཔྱད་གཞི་རུ་འགྲོ་བར་རེ་བ་བྱས་ཡོད་དོ།།

དང་པོ། རྩེ་ཞྭ་ཇི་ལྟར་དར་བའི་ཚུལ་ལ་དཔྱད་པ།

བདག་གིས་དཔྱད་ཞིབ་བྱས་པ་བརྒྱུད་མཁས་པ་ཁག་གིས་རྩེ་ཞྭའི་བྱུང་བ་བྲིས་པའི་རྩོམ་གྱི་ཐོག་མར་ཞྭ་འདིའི་འབྱུང་ཁུངས་དང་འབྲེལ་བའི་ཆོས་འབྱུང་གི་ལུངས་འདྲེན་སྐབས། ལུང་དེ་དག་ནི་དུས་རང་༡༤པ་དང་༡༥པ་༡༦པ་བཅས་སུ་འབྱུང་བའི་རྒྱལ་དབང་འབྲུག་པ་པད་མ་དཀར་པོས་མཛད་པའི་འབྲུག་པའི་ཆོས་འབྱུང་དང་བུ་སྟོན་ཆོས་འབྱུང་སོགས་ཀྱི་ལུང་ཚིགས་ཤས་ཆེ་བ་ལས། བླ་ཆེན་དགོངས་པ་རབ་གསལ་དང་ཀླུ་མེས་ལ་བར་ཐག་ཐུང་བའི་ལོ་རྒྱུས་ཀྱི་ཡིག་ཆ་ནི་ཧ་ལམ་མཐོང་དུ་མི་འདུག་པས། རྩེ་ཞྭའི་འབྱུང་ཁུངས་སྟོན་པའི་ཆོས་འབྱུང་སྔ་ཕྱིའི་ལུང་ཚིག་ལ་དཔྱད་བསྡུར་བརྒྱུད་དེ། ཕྱིས་ཡོངས་གྲགས་ཀྱི་བླ་ཆེན་གྱིས་ཀླུ་མེས་ལ་ཞྭ་སེར་གནང་བའི་གཏམ་རྒྱུད་ཀྱི་བདེན་པའི་ཆ་དང་ཁུངས་བཙུན་གྱི་གནད་ལ་དཔྱད་པ་ཞིབ་མོ་དགོས་པར་འདོད།

༡  རྩེ་ཞྭའི་འབྱུང་ཁུངས་སྟོན་པའི་ཆོས་འབྱུང་གི་ལུང་ཚིགས་ལ་བསྐྱར་དུ་དཔྱད་པ།

སྔོན་བྱོན་མཁས་པས་རྩེ་ཞྭའི་འབྱུང་ཁུངས་སུ་བཞེད་པའི་བླ་ཆེན་དང་ཀླུ་མེས་ཀྱི་ལོ་རྒྱུས་སྐོར་དེ་ཆོས་འབྱུང་མང་ཙམ་ལས་མཐོང་དུ་འདུག་ལ། དེ་དག་ཕན་ཚུར་བསྡུར་བ་དང་གསར་རྙིང་བར་ལ་དཔྱད་པ་བྱས་ན། ད་གཟོད་ལོ་རྒྱུས་དུམ་བུ་དེས་ཡང་སྙིང་རྩེ་ཞྭའི་འབྱུང་ཁུངས་སྟོན་བཞིན་པ་ཡིན་ནམ་ཡང་ན་པཎ་ཞྭ་སྣ་རིང་གི་འབྱུང་ཁུངས་སྟོན་གྱིན་ཡོད་གསལ་བོ་གོ་ནུས་པར་འདོད་ཅིང་། དེས་ང་ཚོར་རྩེ་ཞྭ་ནི་ཡང་སྙིང་བོད་ཕྱི་ནང་གང་ལས་བྱུང་བ་ལའང་ངོས་འཛིན་གསལ་པོ་བཟོ་ངེས་སྙམ། ཆོས་འབྱུང་ཁག་ལས་བྱུང་བའི་བླ་ཆེན་གྱིས་ཀླུ་མེས་ལ་ཞྭ་གནང་བའི་ལོ་རྒྱུས་དུམ་བུ་དེའི་རྗེས་ཤུལ་རེ་བཙལ་ན་དེ་དག་ནང་ཕན་ཚུན་དོན་མ་འདྲ་བ་དང་། ཚིག་གི་ཆ་ནས་མང་ཉུང་། ཚིག་སྣ་རིང་ཐུང་སོགས་མ་འདྲ་བའི་ཆ་དུ་མ་སྣང་བས་ཆོས་འབྱུང་མི་འདྲ་བ་དེ་དག་ལས་བྱུང་བའི་ཚིག་རྣམས་རེ་རེ་བཞིན་བཀོད་དེ་མགོ་ཁུངས་བཙལ་བར་བྱ།

དེའང་རང་རེ་རྣམས་དང་ལོ་ངོ་བརྒྱ་ཕྲག་འགའ་ཡིས་བར་ཐག་ཡོད་པའི་གཞུང་ལུགས་སྨྲ་བ་རྒྱལ་དབང་འབྲུག་པ་པད་མ་དཀར་པོ་(༡༥༢༧- ༡༥༩༢)ཡིས་མཛད་པའི་འབྲུག་པའི་ཆོས་འབྱུང་ལས།“དེ་ནས་ཀླུ་མེས་ཀྱིས་མཁན་པོ་ལ་ཁོ་བོ་དབུས་གཙང་དུ་འགྲོ་བས་མཆོད་གནས་ཤིག་ཞུ་བྱས་པས། བོན་པོའི་འོབས་ཞུ་ཕོག་ནས་དེ་ཚུན་དུ་བཞེས་པའི་ཞྭ་ས་སེར་གཏབ་པ་གསོལ་འཕྲོ་གནང་། འདི་གྱོན་ལ་ང་དྲན་པར་གྱིས་གསུངས། ཞྭ་སེར་པོར་བྱེད་པ་དེ་ནས་དར་བ་ཡིན།[7]”ཞེས་འབྱུང་ཞིང་། དཔེ་ཆ་འདི་ནི་ཀླུ་མེས་ཀྱི་ཞྭ་ཡི་ལོ་རྒྱུས་ཆོས་འབྱུང་ལས་བྱུང་བ་ཕྱི་ཤོས་མིན་མོད། ཕྱི་ཤོས་རྣམས་རེ་རེ་བཞིན་བཀོད་ན་སྙིང་པོ་མ་མཐོང་བས་ཆོས་འབྱུང་འདི་ནས་མགོ་བཟུང་སྟེ་ལོ་རྒྱུས་ཀྱི་རྗེས་ཤུལ་ཕྱིར་ལྡོག་བྱ་འདོད་བྱུང་། དུས་རབས་༡༦པའི་ནང་དུ་བྱུང་བའི་འབྲུག་པའི་ཆོས་འབྱུང་འདི་ལས་བྱུང་བའི་ཞྭ་སེར་ལོ་རྒྱུས་ཐད་དོན་ཚན་བཞི་བསྟན་ཡོད་དེ། གཅིག། བླ་ཆེན་གྱིས་ཀླུ་མེས་ལ་ཞྭ་གནང་བ། གཉིས། ཞྭ་དེའི་ཁུངས་ནི་བོན་པོའི་ཞྭ་འོབས་ཞུ་ཞེས་པ་དེ་ཡིན་པ། གསུམ། ཞྭ་དེ་ཉིད་དང་ཐོག་ཁ་དོག་དཀར་པོ་ཡིན་པ་དང་ས་ཡིས་སེར་པོར་བསྒྱུར་བ། བཞི། ཞྭ་སེར་དར་བའི་དུས་ཀྱི་ཐོག་མ་ཡིན་པ་ངོས་འཛིན་སོགས་བྱས་པའོ།། གསལ་བོར་ཤེས་ཐུབ་པ་ནི་འདི་ལས་ཀླུ་མེས་ཀྱིས་ཞྭ་སེར་པོ་ཞིག་གནང་བ་ཙམ་ལས་ཞྭ་ཡི་དབྱིབས་ལ་གསལ་ཁ་ཅིའང་མངོན་མེད་པ་རེད།

མུ་མཐུད་འབྲུག་པའི་ཆོས་འབྱུང་གི་ལོ་རྒྱུས་དུམ་བུ་འདིའི་མགོ་ཁུངས་སློག་ན་དུས་རབས་༡༥པའི་ནང་བྱོན་པའི་ལོ་རྒྱུས་སྨྲ་བ་སྟག་ཚང་ལོ་ཙཱ་བ་དཔལ་འབྱོར་བཟང་པོས་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོར།“དེའི་ཕྱི་ལོ་ཀླུ་མེས་ཀྱིས་མཁན་པོ་ལ་ཁོ་བོ་དབུས་གཙང་དུ་འགྲོ་བས། མཆོད་པའི་རྟེན་གཅིག་ཞུ་བྱས་པས་བོན་པོའི་ཞྭ་འབོས་སུ་ཕོག་ནས་ས་སེར་པོ་གཏབ་པ་གཅིག། གསོལ་འཕྲོ་ལ་གནང་སྟེ། འདི་གྱོན་ལ་རྗེས་སུ་དྲན་པར་གྱིས་གསུངས། ཡར་བྱོན་ཏེ་ཐམས་བཅད་དབུས་སུ་འདུས་པ་དང་།[8] “ཞེས་སུ་འབྱུང་། འདི་དང་འབྲུག་པའི་ཆོས་འབྱུང་ལས་བྱུང་བ་གཉིས་ལ་རྩ་བའི་ཆ་ནས་ཁྱད་པར་ཆེན་པོ་མ་མཐོང་། ཅུང་ཙམ་ཡོད་པ་ནི་རྒྱལ་དབང་འབྲུག་པ་སྒེར་གྱི་ལྟ་ཚུལ་དེ་ཙམ་རེད། ཡིག་ཚང་འདིའི་སྔོན་དུ་དུས་རབས་༡༤པའི་ནང་བརྩམས་པའི་ཆོས་འབྱུང་མིང་གྲགས་ཆེ་ཤོས་བུ་སྟོན་ཆོས་འབྱུང་ལས། “དེའི་ཕྱི་ལོ་ཀླུ་མེས་ཀྱིས་མཁན་པོ་ལ་ཁོ་བོ་དབུས་གཙང་དུ་འགྲོ་བས་མཆོད་གནས་ཤིག་ཞུ་བྱས་པས་བོན་པོའི་ཞྭ་འོབ་ཞུ་ཕོག་ནས་ས་སེར་བཏབ་པ་ཞིག་གསོལ་འཕྲོ་ལ་གནང་སྟེ། འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས།[9]”ཞེས་འབྱུང་བ་ཙམ་ལས། ཞྭ་ཡི་དབྱིབས་སོགས་ལ་སྔར་བཞིན་གསལ་ཁ་གང་ཡང་མི་མངོན།

དེ་བས་ཁོ་བོ་བསམ་པར་རྣམ་དཔྱོད་ཅན་དགེ་འདུན་ཆོས་འཕེལ་གྱིས་བུ་སྟོན་རིན་ཆེན་གྲུབ་དང་འབྲུག་པའི་ཆོས་འབྱུང་ལས་བྱུང་བའི་ཞྭ་སེར་གྱི་ལོ་རྒྱུས་ཙམ་ལ་བརྟེན་ནས་བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་དེ་ནི། རྗེ་ཙོང་ཁ་པ་སོགས་ཀྱིས་གསོལ་བའི་པཎ་ཞྭ་སྣ་རིང་ཡིན་པར་ཐག་བཅད་མཛད་པ་ནི་ཅུང་སྔ་སོང་བར་འདོད་ཅིང་། དེ་བཞིན་གོང་གི་ལོ་རྒྱུས་དུམ་བུ་ལ་བརྟེན་ནས་ཞྭ་དེ་རྩེ་ཞྭ་ཡིན་པར་གླེང་བ་ཡང་སྔ་སོང་བར་འདོད། བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་སྨྲ་བ་ལ་འགྲན་ཟླ་དང་བྲལ་བ་དཔའ་བོ་གཙུག་ལག་ཕྲེང་བས་ཀྱང་གོང་བཀོད་བླ་ཆེན་དང་ཀླུ་མེས་ཀྱི་ཞྭ་ཡི་ལོ་རྒྱུས་ལ་དཔྱད་པ་མཛད་ཡོད་པར་མངོན་ཏེ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། “ཕྱི་ལོ་ཀླུ་མེས་ཀྱིས་མཁན་པོ་ལ་ཁོ་བོ་དབུས་གཙང་དུ་འགྲོ་བས་མཆོད་གནས་ཤིག་ཞུ་བྱས་པས་བོན་པོའི་ཞྭ་འོབས་ཞུ་ཕོག་ནས་ས་སེར་བཏབ་པ་གསོལ་འཕྲོ་ཞིག་གནང་ནས་འདི་གོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས་ཏེ་གསོལ་ནས་ཕྱིས་དབུས་སུ་ཚད་པ་ཚབས་རྒྱབ་བལྟབ་སྟེ་གསོལ་བས་ཞྭ་སྣ་རིང་སུ་གྲགས་པ་བྱུང་ལ་དབུས་གཙང་མི་བཅུ་ལས་མཆེད་པ་ཕལ་ཆེར་གྱི་ཞྭ་ཡིན། ཕྱིས་བཀའ་གདམས་ཀྱི་གཞུང་མང་ངག་པ་གཉིས་ལའང་འདི་ལས་གྱེས་པའི་ཞྭ་ཅུང་ཟད་མི་འདྲ་བ་རེ་ཡོད་ཅིང་དྭགས་པོ་སྒོམ་ཚུལ་གྱི་ཞྭ་ཞེས་སྒོམ་ཞྭར་ཡང་གྲགས་སོ། །[10]”ཞེས་འདི་ལས་འབྱུང་བའི་ཞྭ་སེར་གྱི་ལོ་རྒྱུས་དངོས་ནི་གོང་གི་ཆོས་འབྱུང་ཁག་དང་གཅིག་པར་གནས་རུང་། ཁོང་ཉིད་ཀྱིས་དཔྱད་པ་དམིགས་བསལ་བ་འགའ་ཞིག་བྱུང་བ་ནི། གཅིག། བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་སེར་ལ་བརྟེན་ནས་ས་གནས་གནམ་གཤིས་ཀྱི་རྐྱེན་གྱིས་ཞྭ་སྣ་རིང་བྱུང་བ་དང་། གཉིས། དབུས་གཙང་མི་བཅུ་གཙོས་པའི་ཕྱི་དར་གྱི་རབ་བྱུང་གི་སྡེ་ཕལ་ཆེ་བའི་ཞྭ་ཁུངས་ཡིན་པ། གསུམ། ཕྱི་དར་གྱི་ཆོས་བརྒྱུད་ཐོག་མ་བཀའ་གདམས་པའི་དབུ་ཞྭ་སེར་པོ་སྣ་ཐུང་སོགས་དང་དྭགས་པོ་བཀའ་བརྒྱུད་ཀྱི་སློབ་དཔོན་སྒོམ་ཚུལ་གྱི་དབུ་ཞྭ་ཁག་ཀྱང་ཀླུ་མེས་ཀྱི་ཞྭ་འཕེལ་འགྱུར་ལས་བྱུང་བ་སོགས་ལོ་རྒྱུས་འཕེལ་འགྱུར་གྱི་ངོས་ནས་དཔྱད་པ་གཏིང་ཟབ་གནང་བར་མངོན། དེས་ན་མཁས་པ་ཁོང་གི་གིས་བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་སེར་དེ་ལས་རིམ་གྱིས་པཎ་ཞྭ་སྣ་རིང་དང་བཀའ་གདམས་པའི་དབུ་ཞྭ་སོགས་བྱུང་བ་དང་། ཞྭ་དེ་ནི་བསྟན་པ་ཕྱི་དར་གྱི་རབ་བྱུང་པའི་སྡེ་ཡི་ཆོས་བརྒྱུད་སོ་སོའི་དབུ་ཞྭ་རྣམས་ཀྱི་འབྱུང་ཁུངས་ཡིན་པར་བསྟན་ཡོད་ནའང་། ཁོང་གིས་གོང་བཀོད་ཡིག་ཆ་ཁག་ལྟར་བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་སེར་དེའི་ཐོག་མའི་དབྱིབས་ལ་ལྟ་ཚུལ་གང་ཡང་གནང་མེད། དེ་བས་འདི་དང་དགེ་ཆོས་ཀྱི་བར་ལའང་ངང་གིས་དགོངས་ཚུལ་མ་འདྲ་བ་བྱུང་འདུག།

དཔའ་བོའི་གསུང་དེ་ཙམ་གྱིས་ཆོག་ཤེས་མི་བྱ་བར་མུ་མཐུད་ད་དུང་ཡང་ལོ་རྒྱུས་དུམ་བུ་འདིའི་ཁུངས་བླ་ཆེན་དང་ཀླུ་མེས་ལ་བར་ཐག་ཐུང་བའི་ཆོས་འབྱུང་ཁག་ཏུ་ཡོད་མེད་འཚོལ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པ་སྨོས་མ་དགོས། བོད་ཀྱི་ཆོས་འབྱུང་ཁག་ལས་བསྟན་པ་ཕྱི་དར་རྗེས་ཀྱི་ཆོས་འབྱུང་སྔ་ཤོས་ཀྱི་གྲལ་ལ་འཁོད་པ་གཅིག་ནི་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ཞེས་པ་དེ་ཉིད་ཡིན་པར་སྙམ་སྟེ། ལོ་རྒྱུས་སྨྲ་བ་ཆབ་སྤེལ་ཚེ་བསྟན་ཕུན་ཚོགས་ཀྱིས་ཆོས་འབྱུང་འདིའི་དཔེ་སྐྲུན་སྔོན་གླེང་དུ་ཕྱི་ལོ་༡༩༨༧ལོར་སྤེལ་བའི་རྩོམ་ཡིག་ཅིག་ལས“དགེ་བཤེས་ལྡེའུ་ནི་དུས་རབས་༡༢པའི་ནང་བྱུང་བ་ཞིག་ཡིན་པས་ཆོས་འབྱུང་འདི་བརྩམས་ནས་ད་ཕན་མི་ལོ་བརྒྱད་བརྒྱ་ཡས་མས་ཤིག་སོང་བར་མངོན།[11]”ཞེས་བྱུང་། དེ་བས་ཆོས་འབྱུང་འདི་ནི་བླ་ཆེན་དང་ཀླུ་མེས་ཀྱི་དུས་ཚོད་དང་ཐག་མི་རིང་བའི་ལོ་རྒྱུས་ཡིག་རྙིང་ཁུངས་ལྡན་ཡིན་ན། འདི་རུ་ཞྭ་སེར་གྱི་སྐོར་རེ་འཁོད་པའི་རེ་བ་བྱས་མོད། བླ་ཆེན་དང་ཀླུ་མེས་བར་གྱི་ཞྭ་སེར་སྐོར་ཅིའང་འདི་རུ་མི་མངོན་པས་རེ་འབྲས་དོན་སྨིན་མ་བྱུང་། འོན་ཀྱང་། འདི་དང་དུས་རབས་གཅིག་གི་ནང་དུ་བྱུང་བའི་ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད་ཅེས་པ་ཉང་ཉི་མ་འོད་ཟེར་གྱིས་མཛད་པ་དེ་རུ་ཞྭ་སེར་གྱི་སྐོར་ནས་ཚིག་དུམ་འགའ་ཞིག་བྱུང་བ་དང་། དེ་ཉིད་ཀྱང་ཕྱིས་ཀྱི་ཆོས་འབྱུང་ཀུན་ལས་བྱུང་བའི་ཞྭ་སེར་ལོ་རྒྱུས་ཀྱི་ཕྱི་མོ་ཡིན་པར་སྙམ་དགོས་པ་ཞིག་འདུག་པས། ཁོ་བོ་བསམ་པར་འདི་ནི་སྐབས་བབ་ལོ་རྒྱུས་ཀྱི་ཆུ་མགོ་ལྟ་བུར་འདོད་ཡོད། གཤམ་དུ་རང་བློས་ནུས་ཚོད་ཀྱིས་འདི་ལ་དཔྱད་ཞིབ་ཅུང་ཟད་བྱས་ན།  “ཡར་བྱོན་ཁར་མཁན་པོ་ལ་མོས་པའི་ན་བཟའ་གཅིག་དང་མཆོད་གནས་ཞུས་པས། ཁོང་རང་གི་དབུ་ལ་གསོལ་འཕྲོ་བོན་པོའི་ཞྭ་འོབ་དང་གྲུ་བཞི་སེར་པོ་བཏབ་པ་གཅིག་གནང་། དེ་ཀླུ་མེས་ཀྱིས་གསོལ་བས་མོ་བྱིས་གཅིག་ན་རེ། སྐྲ་ལོ་འདུག་ཟེར་བས། ཀླུ་མེས་ཀྱི་བཙུན་ཞེས་གྲགས་སོ།། སྡེ་པའི་གཙུག་ལག་ཁང་ཀུན་ན་ཡོད་དོ།།[12]”ཞེས་འབྱུང་།

ད་བར་གུས་པས་མཇལ་བའི་ཡིག་ཆ་ཁག་ལས་ཆོས་འབྱུང་རྙིང་པ་འདིའི་ནང་གི་བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་ཡི་ལོ་རྒྱུས་དྲངས་པ་ནི་མཐོང་མ་བྱུང་། དཔའ་བོ་གཙུག་ལག་ཕྲེང་བ་དང་རྒྱལ་དབང་འབྲུག་པ་པད་མ་དཀར་པོ། མཁས་པ་དགེ་འདུན་ཆོས་འཕེལ་སོགས་ཀྱིས་ལུང་དུ་དྲངས་པ་ནི་བུ་སྟོན་རིན་ཆེན་གྲུབ་མས་ཀྱི་གསུང་ལས་བྱུང་བ་དེ་ཙམ་དུ་འདུག། དེ་བས་ཆོས་འབྱུང་འདིར་བྱུང་བའི་གསུང་ལ་རྩ་བའི་ཆ་ནས་དཔྱད་གཞི་གལ་ཆེན་དུ་འགྲོ་བའི་ཡིག་རྙིང་གི་ཁྱད་ཆོས་ཡོད་པར་འདོད་ཅིང་། ལོ་རྒྱུས་དུམ་བུ་འདི་རུ་ད་སྔོན་གོང་དུ་གསལ་བའི་ཡིག་ཆ་ཁག་ལས་བྱུང་བ་དང་མ་འདྲ་བའི་ཆ་ཞྭ་དབྱིབས་དང་འབྲེལ་བའི་དོན་ཚན་འགའ་ཞིག་མངོན་ཡོད་པ་དང་། དེ་དག་ནི་སྐབས་བབ་དཔྱད་གཞིའི་རྒྱུ་ཆ་གལ་བོ་ཆེ་རུ་འགྲོ་ངེས་འདོད་དེ། གཅིག། ཞྭ་འོབ་དང་གྲུ་བཞི་སེར་པོ་བཏབ་པ་གཅིག་གནང་ཞེས་ཞྭ་དེའི་ཁ་དོག་སེར་པོ་དབྱིབས་གྲུ་བཞི་ཅན་ཞིག་ཡིན་པ་དང་། གཉིས། དེ་ཀླུ་མེས་ཀྱིས་གསོལ་བས་མོ་བྱིས་གཅིག་ན་རེ། སྐྲ་ལོ་འདུག་ཟེར་བས། ཀླུ་མེས་ཀྱི་བཙུན་ཞེས་གྲགས་སོ།། ཞེས་ཞྭ་དེ་ཀླུ་མེས་ཀྱིས་སྒྲོན་པར་བུ་མོ་ཆུང་ཆུང་ཞིག་གིས་སྐྲ་ལོ་འདུག་ཅེས་བརྗོད་ཡོད་པ་དང་དེ་ཕྱིན་ཞྭ་དེར་ཀླུ་མེས་ཀྱི་བཙུན་ཞྭ་ཞེས་སུ་གྲགས་ཡོད་པའི་དོན་དུ་འདུག་སྙམ། གསུམ། སྡེ་པའི་གཙུག་ལག་ཁང་ཀུན་ན་ཡོད་དོ་ཞེས་ཕྱིས་ཞྭ་དེ་དབུས་གཙང་གི་རབ་བྱུང་གི་སྡེ་ཀུན་ལ་ཁྱབ་པ་བཅས་སོ།།

ཁོ་བོའི་བསམ་པར་འདི་དག་ལས་དོན་ཚན་གཅིག་དང་གཉིས་པ་པ་ནི་ཀླུ་མེས་ཀྱི་ཞྭ་སེར་དང་འབྲེལ་བའི་རྒྱུ་ཆ་གལ་ཆེན་ཡིན་མོད་ད་སྔོན་གྱི་ཞྭ་དཔྱད་པ་སུས་ཀྱང་འདི་ཉིད་ལ་དོ་སྣང་མ་བྱུང་བ་དང་། མཁས་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས་ཞྭ་ཁུངས་ལོ་རྒྱུས་འདྲེན་སྐབས་ཀྱང་འདི་སྣང་མེད་བྱས་རྐྱེན་ཕྱིས་ཀྱི་ལོ་རྒྱུས་ཁག་ཏུ་བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་ཡི་དབྱིབས་ལ་གསལ་ཁ་ཅིའང་མེད་པར་གྱུར་སྣང་ངོ་།། དེའང་ཀླུ་མེས་ཀྱིས་ཞྭ་སྒྲོན་པར་བུ་མོ་བྱིས་པས་སྐྲ་ལོ་འདུག་ཅེས་བཤད་པ་ནི། ཀླུ་མེས་དགེ་སློང་གིས་སྐྲ་རིང་འཇོག་མི་སྲིད་པས་སྐྲ་ལོ་འདུག་པའི་དོན་ནི་ཞྭ་དེ་ལ་གོ་དགོས་སྙམ་ཞིང་། ཞྭ་ལ་སྐྲ་ལོ་འདུག་ཅེས་པའང་ཞྭ་སེར་དེའི་རྩེ་ལ་ཏན་ཏན་རྩེ་ཞྭའི་སྤུ་ཉག་ལྟ་བུའི་སྤུ་ཡོད་པ་ལ་གོ་དགོས་པ་འདྲ། ཞྭ་རྩེ་ལ་སྤུ་ཉག་གམ་སྣམ་བུའི་འཛར་ཡོད་པ་ཅན་ནི་བོད་ཡུལ་གྱི་དམངས་ཁྲོད་དུའང་པར་རིས་༦པ་ལས་གསལ་བའི་སྣ་དཀར་རྩེའི་ཞྭ། ཨ་མདོའི་ཡུར་གྱི་ཕྱིང་ཞྭ་རྩེ་རིང་སོགས་དུ་མ་སྣང་བས་བོད་རང་ས་ནས་དར་བའི་ཞྭ་ལ་རྩེ་ཞྭ་ལྟར་སྤུ་ཉག་ཡོད་པར་སྣང་།

 

དེ་བས་ཁོ་བོའི་བསམ་པར་བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་དེའི་ཐོག་མའི་རྣམ་པ་ནི་འོག་གི་པར་རིས་༧པ་ལས་གསལ་བ་བཞིན་དབྱིབས་གྲུ་བཞི་དང་ཞྭ་རྩེ་ལ་སྤུ་ཉག་ཡོད་པ་ཞིག་ཡིན་པར་འདོད། འདི་ལ་འགའ་ཞིག་གིས་འོ་ན་ཞྭ་དེ་བོན་ཞྭ་ཡིན་པ་ལ་དེང་གི་གཡུང་དྲུང་བོན་གྱི་ཞྭ་རིགས་གང་དངའང་མི་གཅིག་པས་དོགས་ཟེར་བ་ལ། ཁོ་བོས་བླ་ཆེན་ནི་དུས་ཀྱི་ཆ་ནས་གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་མ་ཕྱིན་སྔོན་གྱི་གདོན་མའི་བོན་དང་བར་ཐག་ཉེ་བས་འོབས་ཞྭ་ཞེས་པ་དེའང་གདོན་མའི་བོན་གྱི་ཞྭ་ཞིག་ཡིན་པར་སྙམ་ལ། ཞྭ་དེ་བླ་ཆེན་གྱིས་ཁ་བསྒྱུར་བ་ནས་བཟུང་ངོ་བོ་འགྱུར་ཏེ་བོན་ཞྭ་བན་ཞྭ་ལ་འགྱུར་རྐྱེན། དེང་གི་གཡུང་དྲུང་བོན་གྱི་ཆོས་བརྒྱུད་ཁྲོད་ནས་རྩེ་ཞྭ་དང་ཆ་འདྲ་བའི་ཞྭ་དབྱིབས་དཀར་པོ་ཞིག་མི་རྙེད་པ་ནི་དོན་དང་མཐུན་ནོ་བསམས། ཞྭ་དབྱིབས་གྲུ་བཞི་དང་ཞྭ་རྩེ་སྤུ་ཉག་ཅན་ནི་དགེ་ཆོས་ཀྱིས་གསུངས་པའི་པཎ་ཞྭ་སྣ་རིང་མིན་པ་གསལ་བོ་རེད་ལ། ཞྭ་དབྱིབས་དེ་ནི་ལྡོག་སྟེ་རྩེ་ཞྭ་དང་བར་ཐག་ཇེ་ཉེའི་རྣམ་པ་བྱུང་བར་མངོན་ཏེ། རིག་གསར་སྔོན་གྱི་དུས་ནས་ད་བར་ལྷག་པའི་གདན་ས་ཀརྨ་དགོན་གྱི་རྩེ་ཞྭ་རྙིང་པ་ཁག་གི་འདྲ་པར་དང་། དེ་བཞིན་གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་རྩེ་ཞྭ་རྙིང་པ་སོགས་ཀྱི་ཞྭ་དབྱིབས་ནི་གྲུ་བཞི་ནར་མོ་དང་སྤུ་ཉག་གིས་གྲུབ་འདུག། རྩེ་ཞྭ་རྙིང་པ་དེ་དག་མཇལ་བ་ཙམ་གྱིས་དེང་གི་རྩེ་ཞྭ་ནི་མཛེས་ཆོས་ཀྱི་ཕྱོགས་སུ་འཕེལ་འགྱུར་སོང་བ་ངང་གིས་གསལ། གཤམ་དུ་བཀོད་པ་ནི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས་བྱུང་བའི་ཞྭ་བཀོད་ཀྱི་དཔེ་རིས་དང་། དེ་མཚམས་རིམ་པ་ལྟར་གདན་ས་ཀརྨ་དགོན་གྱི་རྩེ་ཞྭ་རྙིང་པ་མི་འདྲ་བ་གཉིས་དང་གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་རྩེ་ཞྭ་བཅས་ཡིན།

འདི་དག་ལ་མཇལ་དུས་གདན་ས་ཀརྨ་དགོན་གྱི་རྩེ་ཞྭ་དང་གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་རྩེ་ཞྭའི་དབྱིབས་ནི་ཆོས་འབྱུང་མེ་ཏོག་སྙིང་པོ་ལས་བྱུང་བའི་ཀླུ་མེས་ཀྱི་ཞྭ་སེར་དང་བཀོད་པ་འདྲ་པོ་ཡིན་པ་མངོན་སུམ་རེད། གཞན་ཡང་དུས་རབས་༡༦པའི་སྨད་དང་༡༧པའི་སྟོད་ཙམ་ལ་བྲིས་པའི་རྒྱལ་དབང་མི་བསྐྱོད་རྡོ་རྗེའི་སྐུ་ཐང་རྙིང་པ་པར་རིས་༡༢པ་ལས་ཀྱང་རྩེ་ཞྭའི་གཟུགས་བརྙན་མངོན་ཡོད་ལ། དེའི་རྩེ་ཞྭའི་དབྱིབས་ཀྱང་གྲུ་བཞི་ཞིག་ཡིན་འདུག། ཕྱིས་ཀྱི་མཁས་པ་ཚོས་རྩེ་ཞྭའི་ཞྭ་ཁུངས་བསྟན་པའི་ལུང་འདྲེན་སྐབས་ཆོས་འབྱུང་རྙིང་པ་ལས་བྱུང་བའི་ཚིག་དངོས་སུ་འདྲེན་མ་ཐུབ་པས་ན། ཞྭ་ཡི་རྣམ་པ་རབ་རིབ་མག་མོག་ཅན་དུ་གྱུར་སོང་བའོ།། དེ་བས་ཁོ་བོའི་བསམ་པར་ཀླུ་མེས་ཀྱི་ཞྭ་སེར་ནི་མ་གདན་གྲུ་བཞི་ནར་མོ་དང་དེ་ལ་སྤུ་ཉག་ཡོད་པ་ཅན་ཞིག་ཡིན་པའི་འདུ་ཤེས་ཇེ་བརྟན་ཏུ་སོང་།

དེང་སང་ཞྭ་འདིའི་མཚན་ལ་རྩེ་ཞྭ་ཞེས་སུ་འབོད་ནངའང་། གོང་དུ་ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད་ལས་ཞྭ་ཡི་ལོ་རྒྱུས་འདྲེན་སྐབས། “ཀླུ་མེས་ཀྱི་བཙུན་ཞེས་གྲགས་སོ།།” ཞེས་བྱུང་བར་བསམས་ན་ཞྭ་སེར་འདིའི་དང་ཐོག་གི་མཚན་ལ་“བཙུན་ཞྭ་”ཞེས་བརྗོད་པར་སྣང་། བཙུན་ཞྭ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ་དབུས་སུ་འདུལ་བསྟན་ནུབ་ཡོད་པས་ཀླུ་མེས་སོགས་ནི་རབ་བྱུང་འདུལ་སྡེ་བཙུན་པའི་ཤོག་ཁག་ཡིན་ལ། ཕྱིས་སུ་རབ་བྱུང་དང་སྔགས་པའི་བར་འགལ་ཟླ་ཆེན་པོ་བྱུང་བ་རེད། དེས་ན་དུས་སྐབས་དེའི་རབ་བྱུང་གི་ཞྭ་ལ་བཙུན་ཞྭ་ཞེས་སུ་བརྗོད་པ་ནི་བློ་ཡུལ་ལ་འགྲོ་བདེ་བར་འདུག། ཅ་དངོས་ཅི་ཞིག་ཡིན་རུང་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་འགྱུར་བ་འགྲོ་སྲིད་པ་ནི། བོད་ཀྱི་ཡུལ་དབུས་ཀྱི་མིང་ལ་སྔོན་ར་ས་ཞེས་འབོད་རུང་ཕྱིས་སུ་ལྷ་ས་ཞེས་པར་འགྱུར་བ་ལྟ་བུ་རེད། དེ་བས་ཀླུ་མེས་ཀྱི་ཞྭ་སེར་གྱི་མིང་ལ་དང་ཐོག་“བཙུན་ཞྭ་”ཞེས་སུ་འབོད་རུང་རྗེས་སུ་དེ་དང་སྒྲ་ཉེ་བའི་“རྩེ་ཞྭ་”ཞེས་པར་མིང་འགྱུར་བར་འདོད། རྩེ་ཞྭ་ཞེས་མིང་འགྱུར་བའི་རྗེས་སུ་མཚན་དོན་འགྲེལ་བའི་ཚེ་ན་“ཐུབ་བསྟན་རྒྱས་བྱེད་རྟེན་འབྲེལ་གྱི་ཡང་རྩེར་གྱུར་པ་”ཞེས་དང་“དམ་ཆོས་འདུལ་བའི་བསྟན་པ་འཕེལ་ཞིང་རྒྱས་པར་བྱེད་པའི་རྩེ་ཞྭ་”ཞེས་དང་། “རྟེན་འབྲེལ་ཁྱད་འཕགས་ཐུབ་བསྟན་ཡང་རྩེའི་ཞྭ་[13]”ཞེས་ཀརྨའི་མཁན་ཆེན་གྱི་གསུང་ལས་བྱུང་བ་ལྟར། ཕྱིས་ཀྱི་བོད་མི་མཁས་པ་ཚོས་དེ་ལྟར་འགྲེལ་བ་མཛད་པར་མངོན་ནོ།།

མདོར་ན། བླ་ཆེན་གྱིས་ཀླུ་མེས་ལ་བོན་གྱི་ཞྭ་ཁ་དོག་སེར་པོར་བསྒྱུར་པ་གྲུ་བཞི་ནར་མོ་དང་རྩེ་ལ་སྤུ་ཉག་ཡོད་པ་ཞིག་གནང་ནས་བཟུང་བསྟན་པ་ཕྱི་དར་གྱི་རབ་བྱུང་གི་སྡེ་ཡིས་ཞྭ་སེར་གྱོན་པའི་སྲོལ་བྱུང་བ་དང་། དེ་ཉིད་ཀླུ་མེས་ཀྱིས་སྒྲོན་པར་མཚན་ལ་བཙུན་ཞྭ་ཞེས་སུ་གྲགས་པ་དང་རིམ་གྱིས་དབུས་གཙང་གི་རབ་བྱུང་པའི་སྡེ་སོ་སོས་བརྒྱུད་འཛིན་བྱས་པས་ཅུང་ཟད་མ་འདྲ་བའི་ཞྭ་སྣ་ཚོགས་ཕྱིས་སུ་བྱུང་བར་མངོན་ལ། པཎ་ཞྭ་སྣ་རིང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་པ་དང་། ཇོ་བོ་རྗེ་ཕེབས་སྐབས་བོད་སྟོན་རྣམས་བསུ་བར་ཕེབས་དུས་ཞྭ་སྣ་རིང་གསོལ་བར་དེབ་སྔོན་དུ་བྱུང་བས་བཀའ་གདམས་པའི་དབུ་ཞྭ་ལས་ཀྱང་པཎ་ཞྭ་སྣ་རིང་བྱུང་སྔ་བར་འདུག། ཕྱི་དབྱིབས་སོགས་ལ་བལྟས་ན་བཀའ་གདམས་པས་ཀླུ་མེས་ཀྱི་ཞྭ་མོ་འཕེལ་འགྱུར་ལས་བྱུང་བའི་པཎ་ཞྭ་སྣ་རིང་ཁུངས་སུ་བྱས་པའི་ཁ་དོག་སེར་པོ་ཅན་གྱི་སྣ་ཐུང་གསོལ་བས་ན། བཀའ་གདམས་པའི་ལྡེབས་རིས་སོགས་སུ་ཞྭ་མོ་དེ་ཡོངས་ཁྱབ་ཏུ་བྱུང་བ་ལས་གཞན་རྣམས་མ་བྱུང་བར་མངོན། དེས་ན་རྩེ་ཞྭ་ཞེས་པའི་དེང་གི་བན་བོན་ཐུང་མོང་གིས་བེད་སྤྱོད་པའི་ཞྭ་འདིའི་འབྱུང་ཁུངས་ནི་བོན་ཡིན་པ་དང་། དེ་ཉིད་ཀྱང་བོད་རང་ས་ནས་དར་བའི་ཞྭ་ཡིན་པ་རིགས་པས་གྲུབ་པར་འདོད། གལ་ཏེ་ཁ་ཅིག་གིས་བཤད་པ་ལྟར་ཞྭ་འདི་དངོས་གནས་རོམ་དམག་གི་རྨོག་ཞྭ་ལས་བྱུང་བ་ཡིན་ན། ཐོག་མར་ཤུགས་རྐྱེན་ཐེབས་ཡུལ་ནི་བོད་ཀྱི་དམག་ཆས་ཡིན་སྲིད་མོད། སྔ་དར་ཕྱི་དར་གང་གི་དུས་ཀྱི་དམག་ཆས་ལ་བལྟས་རུང་དེ་འདྲའི་ལོ་རྒྱུས་ཀྱི་རྗེས་ཤུལ་ཕྲ་མོ་ཙམ་ཡང་མི་སྣང་། གཞན་ཐད་ཀར་ནུབ་ཕྱོགས་ཀྱི་དམག་གི་ཆས་གོས་ཤིག་བོད་ཀྱི་ཆོས་ལུགས་ཀྱི་ཆས་གོས་སུ་འགྱུར་དགོས་ན་དེ་ནི་དཀའ་ལས་ཁག་པོ་ཡིན་ཏེ། བོད་པའི་ཆོས་ལུགས་པས་གཞན་གྱི་ལུགས་སྲོལ་དང་ལེན་བྱས་པ་འགའ་ཞིག་ཡོད་རུང་དེ་ནི་གཙོ་ཆེར་རྒྱ་གར་དང་། རྒྱ་ནག། སོག་པོ་བཅས་ཡིན། ལྡོག་སྟེ་རོམ་ལ་ཆོས་འབྲེལ་མེད་པ་དང་ཁོ་ཚོ་ཡེ་ཤུའི་ཆོས་ལུགས་ཡིན་པས་འཛེམ་དོགས་ཀྱང་ངང་གིས་ཡོད་པ་རེད། དེ་ན་དབྱིབས་འདྲ་བ་ཙམ་རྒྱུ་མཚན་དུ་བྱས་ནས་ལོ་རྒྱུས་ཀྱི་བདེན་དཔང་གཞན་མེད་པར། དེ་ནི་རོམ་གྱི་དམག་ཞྭའོ་ཞེས་སྨྲས་རུང་ཤེས་ལྡན་སུས་ཀྱང་ཁས་ལེན་ནུས་དཀའོ་སྙམ། རྩེ་ཞྭ་ནི་བོན་ཞྭ་བསྒྱུར་བ་ལས་བྱུང་བ་ཡིན་པས་བོན་འགའ་ཞིག་གིས་དེ་ཉིད་ལ་བདུད་ཞྭ་ཞེས་འབོད་པའང་ཁག་མེད་དེ། ཁ་དོག་བསྒྱུར་བའི་ཞྭ་སེར་དེ་བན་ཞྭ་ཡིན་པས་དང་དེ་དུས་བན་བོན་བར་ལའང་དགལ་བ་ཆེ་བའི་དུས་བ་ཡིན་པས་སོ།།

གཉིས་པ། རྩེ་ཞྭ་ཀརྨ་བཀའ་བརྒྱུད་དུ་དར་ཚུལ་དང་དེའི་མཚོན་དོན་ཁ་དོག་སོགས་ལ་དཔྱད་པ།

བསྟན་པ་ཕྱི་དར་གྱི་ཐོག་མའི་དུས་སྐབས་སུ་བླ་ཆེན་གྱིས་ཀླུ་མེས་ལ་ཞྭ་སེར་གནང་བར་བརྟེན་ནས་ཕྱི་དར་གྱི་རབ་བྱུང་པའི་སྡེ་རུ་ཞྭ་སྣ་ཚོགས་དར་བ་ལས། རྩེ་ཞྭ་ནི་ཁྱབ་རྒྱ་ཆེ་བའི་རིགས་ཤིག་ཡིན་ལ། བོད་གངས་ཅན་གྱི་འདུལ་འཛིན་མཁན་པོ་རྣམས་ཀྱིས་ཀྱང་སྔོན་ནས་ཞྭ་སེར་གྱོན་པའི་སྲོལ་ཡོད་པ་ནང་བཞིན། འདི་ཉིད་སྔོན་ནས་ཆོས་བརྒྱུད་སོ་སོས་བེད་སྤྱད་ཡོད། དེ་དག་གི་ཁྲོད་དུ་ཀརྨ་བཀའ་བརྒྱུད་ཀྱང་ཡོད་པ་རེད། འོན་ཀྱང་། ཀརྨ་བཀའ་བརྒྱུད་ཀྱིས་དུས་གང་ཙམ་ལ་རྩེ་ཞྭ་སྒྲོན་པ་ནི་དོགས་གཞིའི་ཚུལ་དུ་གནས་པ་ལས་ལན་གསལ་བོ་ད་སྔོན་མ་མཐོང་ལ། མཐོང་ཐོས་ཀྱིས་ཤེས་རྒྱ་དམན་པའི་ཀརྨ་བཀའ་བརྒྱུད་ཀྱི་གྲྭ་བཙུན་འགའ་ཤས་ཀྱིས་ནི་ཆོས་བརྒྱུད་འདི་ལ་དྭགས་པོའི་སྒོམ་ཞྭ་ལས་རྩེ་ཞྭ་སྒྲོན་སྲོལ་མེད་པ་དང་རྩེ་ཞྭ་ནི་དགེ་ལུགས་པའི་ཞྭ་ལ་ངོས་འཛིན་བྱས་འདུག་ཅིང་། བཤད་གྲྭའི་དམ་བཅའ་སོགས་ཀྱི་སྐབས་སུ་རྩེ་ཞྭ་སྒྲོན་པར་དེ་རྣམས་ལ་ཁྲེལ་དགོད་ཀྱང་བྱེད་ཀྱིན་པ་མཐོང་མོད་བླུན་པོའི་སྤྱོད་པ་དེ་རྣམས་མང་དུ་སྨྲ་འདོད་མེད།

དེས་ན་ཡང་སྙིང་ཀརྨ་བཀའ་བརྒྱུད་ལ་རྩེ་ཞྭ་ག་དུས་དར་བའི་ཐད་གུས་པས་ད་སྔོན་ཡུན་གྱིས་ཡིག་ཆ་མཇལ་རུང་འདིའོ་བསམ་པ་ནི་མ་མཐོང་ཞིང་། སྔོན་གྱི་ཐང་རྙིང་སྐུ་རྙིང་ལས་ནི་ཀརྨ་པ་སྐུ་ཕྲེང་དང་པོ་དང་གཉིས་པ་སོགས་ཀྱི་སྐབས་སུ་ཞྭ་འདི་སྒྲོན་སྲོལ་ཡོད་མེད་ལ་གསལ་ཁ་གང་ཡ་བྱུང་མ་སོང་། ཡིན་ཡང་། ཉེ་ཆར་གདན་ས་ཀརྨ་དགོན་གྱི་དགེན་ཀརྨ་ཕུར་པ་ལགས་ནས་ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས་ཀྱིས་མཛད་པའི་<<རྩེ་ཞྭའི་བཤད་པ་མང་ཐོས་ཞལ་རྒྱུན་>>ཞེས་པ་ཤོག་ལྡེབ་གསུམ་གྱི་བདག་ཉིད་ཅན་དཔེ་དཀོན་ཞིག་གི་མ་ཕྱི་པར་དུ་བསྒྲོན་ནས་བདག་ལ་གནང་བར་བརྟེན། དེ་རུ་ཞིབ་ཀྱིས་མཇལ་བར་ས་བཟང་ནི་རིང་པཎ་ཆེན་ལ་ལན་དུ་གནང་བའི་རྩེ་ཞྭའི་མཚོན་དོན་དང་འབྲེལ་བའི་ཞྭ་དམར་སྐུ་ཕྲེང་བཞི་པ་སྤྱན་སྔ་ཆོས་གྲགས་ཡེ་ཤེས་(༡༤༥༣ -༡༥༢༤)ཀྱི་ལུང་ཞིག་དྲངས་མཛད་འདུག་པར་བསམས་ན་ཁོང་གི་དུས་ཙམ་ལ་ཀརྨ་བཀའ་བརྒྱུད་དུ་རྩེ་ཞྭ་དར་བ་ཡིན་སྙམ[14]།  དེ་ནི་ཀརྨ་བཀའ་བརྒྱུད་ལས་རྩེ་ཞྭའི་སྐོར་གྱི་ཡིག་ཆ་སྔ་ཤོས་ཀྱི་གྲས་ཡིན་པ་འདྲ། ལྷག་པར་ཁོང་ནི་རྒྱལ་དབང་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོའི་(༡༤༥༤ -༡༥༠༦)དུས་སུ་ཁེལ་ཞིང་། རྗེ་བདུན་པ་ནི་ཀརྨ་བཀའ་བརྒྱུད་ཀྱི་ཁྲོད་དུ་བཤད་གྲྭ་ཐོག་མར་འཛུག་མཁན་ཡིན་ན། ཁོ་བོའི་བསམ་པར་ཀརྨ་བཀའ་བརྒྱུད་ལ་བཤད་གྲྭ་དར་བ་དང་ལྷན་དུ་འདུལ་བསྟན་རབ་བྱུང་གི་སྡེ་ཡི་རྩེ་ཞྭ་ཡང་དར་བར་འདོད། རྒྱལ་དབང་མི་བསྐྱོད་རྡོ་རྗེའི་(༡༥༠༧-༡༥༥༤)དུས་སུ་བྲིས་པའི་ཞལ་ཐང་རྙིང་པ་འདི་གཉིས་ལས་ཀྱང་བླ་སློབ་ཀུན་གྱིས་རྩེ་ཞྭ་སྒྲོན་བཞིན་ཡོད་པ་གསལ་བོར་མངོན་པས། ཐོག་མར་དར་བའི་དུས་ཏན་ཏན་ཞུ་མ་ཐུབ་རུང་རྒྱལ་དབང་ཀརྨ་པ་མི་བསྐྱོད་རྡོ་རྗེའི་དུས་སུ་ནི་ཏན་ཏན་དར་ཁྱབ་སོང་ཟིན་པ་གསལ་བོ་རེད་དོ།།

རྩེ་ཞྭའི་མཚོན་དོན་ལ་ཆོས་བརྒྱུད་སོ་སོས་འགྲེལ་བ་རྒྱག་སྟངས་སོ་སོར་ཡོད་པར་མངོན་ཏེ། ཞྭ་དམར་བཞི་པས་མཛད་པའི་རྩེ་ཞྭའི་ཞྭ་བཤད་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཚོགས་གཏམ་ཆེན་མོ་ལས་བྱུང་བའི་རྩེ་ཞྭའི་ཞྭ་བཤད་དང་། ཀརྨའི་མཁན་པོས་གསུངས་པའི་ཞྭ་བཤད་སོགས་ལ་མ་འདྲ་བའི་ཆ་ཅུང་ཙམ་རེ་ནི་ཡོད་སྣང་། དེའང་ཞྭ་དམར་བཞི་པའི་ཞྭ་བཤད་ལས། “ཞྭ་ནང་སྟོང་པ་འོད་གསལ་ཆོས་ཀྱི་སྐུ། །ཞྭ་ཐོད་ཐལ་སྦྱར་ཟུང་འཇུགས་ལོངས་སྤྱོད་རྫོགས། །ཞྭ་ཡི་ཟེ་བ་སངས་རྒྱས་སྟོང་སྐུ་མཚོན། །ཞྭ་ཡི་དངོས་གཞི་འཕགས་པའི་དགེ་འདུན་ཚོགས། །ཞྭ་ཡི་སྤུ་ཉག་ཆོས་ཕུང་བརྒྱད་ཁྲི་མཚོན། །ཞྭ་ཡི་གུང་སྦྱོར་ཚོགས་གཉིས་ཟུང་དུ་འཇུག  །ཞྭ་འདབས་ཟུང་འབྲེལ་བདེན་གཉིས་ཟུང་དུ་འཇུགས། །ཞྭ་ཕྱི་སེར་བས་འདུལ་བ་མདོ་སྡེ་མཚོན། །ཞྭ་ནང་དམར་བས་མངོན་པ་གསང་སྔགས་མཚོན། །ཞྭ་འདབས་ཚེམ་སྐོར་ཆོས་སྐྱོང་སྲུང་མ་མཚོན། །” ཞེས་གསུངས་པ་དང་། དེ་ལས་ཅུང་མ་འདྲ་བ་ནི་སེར་བྱེས་ཚོགས་གཏམ་ཆེན་མོ་ལས། “ཁ་གང་སེར་སེར་དགོས་པ་ལས་ནག་པོ་ཕོ་རོག་ལྟ་བུ་མནབས་མི་ཆོག་ཅིང་། དེ་ཡང་ཞྭ་སྣམ་སངས་རྒྱས་ཀྱི་ཞིང་ཁམས་དང་། ཞྭ་སྒྲོ་སངས་རྒྱས་སྟོང་གི་མཚོན་དོན། ཞྭ་སྣམ་གྱི་ནང་ཤ་དཀར་པོ་དང་། ཞྭ་ལག་ནང་ཤ་སྔོན་པོ་དང་། ཕྱི་ཤ་དམར་པོ་བཅས་རིགས་གསུམ་མགོན་པོའི་མཚོན་དོན། ཞྭ་ལག་གི་གོང་ལ་ཚེམ་བུ་བཅུ་གཉིས་ཡོད་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མཚོན་དོན། ཞྭ་ལག་གི་སྟེང་དུ་ཕོད་སྔོན་པོ་གསུམ་ཡོད་པ་ནི་སྡེ་སྣོད་གསུམ་གྱི་མཚོན་དོན། [15]”ཞེས་གསུངས་འདུག་ལ། ཀརྨའི་མཁན་པོ་རིན་ཆེན་དར་རྒྱས་ཀྱིས་ཞྭ་དམར་བཞི་པའི་ཞྭ་བཤད་ཀྱི་ཁ་སྣོན་ཚུལ་དུ་ཅུང་རྒྱས་པའི་ཚུལ་གྱི་སྒོ་ནས། “ཞྭ་ལག་གླིང་བཞིར་བཅད་དེ་བཙེགས་པ་འདི་ནི་རྣམ་ཐར་སྒོ་བཞི་མཚོན། ཞྭ་ལག་གི་ཕྱོགས་རེར་གླིང་རེའི་སྟེང་དུ་གཤར་གཤར་གཉིས་གཉིས་རེ་ཕྱོགས་གཉིས་མ་སྡོམས་པའི་གཤར་བཅུ་གཉིས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་མཚོན། ཞྭ་ལག་གི་རྒྱབ་ནས་སྟོད་སྨད་གཉིས་དང་དབུས་སུ་ཟུང་གདབ་པས་སྐུད་པའི་ཕན་ཡོན་གསུམ་ཡོད་པ་ནི་སླབ་པ་གསུམ་ཡ་མ་བྲལ་བའི་མཚོན་བྱེད་ཡིན་པར་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་གསུངས།”ཞེས་ཞྭ་ལག་གི་མཚོན་དོན་སོགས་རྒྱས་པར་བསྟན་ཡོད། དམིགས་བསལ་ས་སྐྱ་པའི་རྩེ་ཞྭ་པར་རིས་༡༣པ་ལས་མངོན་པའི་མཚོན་དོན་ཁུངས་ལྡན་ཡིག་ཆ་མ་མཇལ་མོད། སྤུ་ཉག་དམར་པོ་དང་ཞྭ་གདན་ནག་པོ། ཞྭ་ཡི་ཁ་དཀྲིས་དཀར་པོ་བཅས་གསུམ་གྱིས་ཀྱེ་རྡོ་རྗེའི་ཞལ་གསུམ་མཚོན་པའི་ངག་རྒྱུན་ཞིག་ཐོས་པས་དཔྱད་འཚལ། མཚོན་དོན་འགྲེལ་བཤད་ཐད་འདི་བདེན་དང་འདི་མི་བདེན་གྱི་དཔྱད་པ་འགྲོ་ཐབས་མེད་པར་སྙམ་པས་དེ་ཙམ་གྱིས་ཆོག་པར་བྱ།

དེང་གི་ཆར་རྩེ་ཞྭའི་ཁ་དོག་ལ་རིགས་མི་འདྲ་བ་གསུམ་ཙམ་འདུག་པ་ནི། ས་སྐྱ་པའི་རྩེ་ཞྭ་གཞི་ནག་པོ་དང་སྤུ་ཉག་དམར་པོ་ཅན། ཇོ་ནང་སོགས་ཀྱིས་གྱོན་པའི་ཁ་དོག་དམར་པོ་ཅན། དགེ་ལུགས་པ་སོགས་ཀྱིས་གྱོན་པའི་རྩེ་ཞྭ་ཁ་དོག་སེར་པོ་ཅན་བཅས་སོ།།

འདི་དག་ལ་མཇལ་ན་རྩེ་ཞྭ་ཁ་དོག་སོ་སོ་ལ་མཚོན་དོན་དམིགས་བསལ་བ་རེ་ཡོད་སྲིད་པར་སྙམ་མོད། ད་བར་རྩེ་ཞྭ་དམར་པོའི་མཚོན་དོན་བསྟན་པའི་དཔེ་ཆ་གསལ་བོ་རེ་ནི་མཐོང་མ་བྱུང་ལ། བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་ཞྭ་ཡང་སེར་པོ་ཡིན་པ་དང་། དེ་ལས་འཕེལ་འགྱུར་བྱུང་བའི་ཞྭ་རྣམས་ཀྱང་སེར་པོ་ཡིན་ཞིང་། ཞྭ་དམར་བཞི་པ་སོགས་ཀྱིས་མཛད་པའི་ཞྭ་བཤད་ལས་ཀྱང་རྩེ་ཞྭའི་ཁ་དོག་སེར་པོ་ཡིན་པ་བསྟན་ཡོད་པས། རྩེ་ཞྭ་དམར་པོ་ནི་རྩེ་ཞྭ་སེར་པོ་ལས་ཁྱབ་རྒྱ་ཆུང་བ་དང་དར་ཕྱི་བ་མཚོན་གྱིན་འདུག་སྙམ། འོན་ཀྱང་། རྩེ་ཞྭ་དམར་པོ་ཡང་མི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་བྱུང་ཡོད་པ་ནི་གསལ་བོར་གོང་དུ་བཀོད་པའི་ཐང་རྙིང་པར་རིས་༡༡པ་དང་༡༢པ་ལས་ཀརྨ་པའི་མདུན་གྱི་གྲྭ་པའི་དབུ་རུ་རྩེ་ཞྭ་དམར་པོ་སྒྲོན་ཡོད་པ་གསལ་བས་གོ་ནུས། དེས་ན་རྩེ་ཞྭ་དམར་པོ་ཡང་མ་མཐའ་དུས་རབས་༡༦པའི་ནང་དར་ཟིན་པ་དང་མ་ཚད་ཀརྨ་བཀའ་བརྒྱུད་ཀྱི་ཁྲོད་ནས་ཡོངས་ཁྱབ་ཏུ་སྤྱོད་བཞིན་པ་གྲུབ་སྙམ་མོ།། འོན་ཀྱང་། རྩེ་ཞྭ་དམར་པོ་དེ་ཆོས་བརྒྱུད་གང་ནས་ཐོག་མར་དར་བ་སོགས་ནི་ད་དུང་ཡང་ལོ་རྒྱུས་ཀྱི་ཡིག་ཚང་གིས་ནམ་ཞིག་ཁ་གྲག་པར་ངང་སྒུག་དགོས་པ་ཡིན། ད་བར་མཇལ་བའི་རྩེ་ཞྭ་ལ་དབྱིབས་མི་འདྲ་བ་གཙོ་ཆེར་གསུམ་ཙམ་སྣང་བ་ནི། གོང་འཁོད་པར་རིས་༡༣པ་ལས་གསལ་བའི་ས་སྐྱའི་རྩེ་ཞྭ་དང་གཞན་ཡང་སྒྲོ་བཙེམས་མ་དང་སྒྲོ་ལྷུག་མ་ཞེས་སུ་གྲགས་པ་གཉིས་འདུག་ལ། དེ་ལས་སྒྲོ་ལྷུག་མ་ནི་གོང་གི་པར་རིས་༡༥པ་ནང་གི་རྩེ་ཞྭ་འདི་ཡིན་ཞིང་། སྒྲོ་བཙེམས་མ་ནི་སྒྲོ་ལྷུག་ལས་ཀྱང་རྫིག་ཉམས་ཆེ་བ་ཞིག་ཏུ་འདུག། ཞྭ་དབྱིབས་མི་འདྲ་བའི་རྩེ་ཞྭ་འདི་གཉིས་སྤྱོད་ཚུལ་ཡང་མི་འདྲ་བར་སྣང་བས་དེ་དག་འོག་ནས་ཅུང་རྒྱས་ཙམ་འབྱུང་ངོ་།།

གསུམ། ཀརྨ་བཀའ་བརྒྱུད་ཀྱི་རྩེ་ཞྭ་སྒྲོན་ཚུལ་དང་ཆོས་བརྒྱུད་སོ་སོའི་རྩེ་ཞྭ་སྒྲོན་ཚུལ་ལ་དཔྱད་པ།

 དེང་གི་ཆར་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེའི་ཁྲོད་ནས་རྩེ་ཞྭ་སྒྲོན་སྲོལ་ཐད་རིགས་མི་གཅིག་པ་སྣ་ཚོགས་པ་མཐོང་སྟེ། གདན་ས་གོང་མ་སྟོད་ལུང་མཚུར་ཕུ་དགོན་ལྟ་བུ་ལ་མཚོན་ན་མཆོད་གོང་གིས་རྩེ་ཞྭ་སེར་པོ་དང་། གཞན་གྲྭ་ཚང་གིས་རྩེ་ཞྭ་དམར་པོ་སྒྲོན་པ་དང་། གདན་ས་བར་པ་ཀརྨ་དགོན་སོགས་ཀྱིས་རྩེ་ཞྭ་དམར་པོ། གདན་ས་དཔལ་སྤུངས་དགོན་པས་རྩེ་ཞྭ་སེར་པོ་སྤྱོད་ལ། ཡང་དགོན་པ་ལ་ལས་དམར་པོ་དང་སེར་པོ་གཉིས་ཀ་སྤྱོད་བཞིན་པ་ཡང་མངོན། འཕགས་ཡུལ་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་ཚོས་ནི་སེར་པོ་ཁོ་ན་སྤྱོད་བཞིན་པ་རེད།  འོན་ཀྱང་། སྣང་ཚུལ་འདི་དག་ནི་རིག་གསར་སྔོན་གྱི་ཕྱག་ལེན་ཡིན་མིན་ཐད་ལ་དོགས་གཞི་ཆེ་ཙམ་འདུག། དེ་བས་རྩེ་ཞྭ་སྤྱོད་ཚུལ་ལ་ཆོས་བརྒྱུད་ཀྱི་ངོས་སྔོན་ནས་སྤྱི་ལ་ཁྱབ་པའི་ཕྱག་སྲོལ་ཡོད་མེད་ནི་ད་ལྟ་གསལ་བོ་ཧ་གོ་མི་ཐུབ་པ་ཞིག་ཏུ་གྱུར་འདུག། ཡིན་ན་ཡང་། སྔོན་གྱི་ངག་རྒྱུན་དང་ཐང་རྙིང་གདན་སའི་རྩེ་ཞྭ་རྙིང་པ་སོགས་དཔྱད་གཞིར་བྱས་ནས་རྩེ་ཞྭ་འདི་ཉིད་ཀརྨ་བཀའ་བརྒྱུད་ཀྱི་ཁྲོད་དུ་དར་ཟིན་རྗེས་དེ་ཉིད་ཇི་ལྟར་བེད་སྤྱོད་བྱས་ཕྱོགས་ཀྱང་ང་ཚོས་དཔྱད་དགོས་པ་ཞིག་ཏུ་སྣང་།

ཞྭ་དམར་བཞི་པའི་རྩེ་ཞྭའི་ཞྭ་བཤད་ལས་ཁ་དོག་སེར་པོ་ཅན་གྱི་རྩེ་ཞྭ་ལས་མ་བྱུང་བས། ཞྭ་དམར་བཞི་པའི་སྐུ་དུས་ལ་ནི་ཏན་ཏན་ཀརྨ་བཀའ་བརྒྱུད་ལ་རྩེ་ཞྭ་དམར་པོ་བྱུང་མེད་སྙམ། དེ་བས་རྩེ་ཞྭ་དམར་པོ་སྒྲོན་པ་ནི་གོང་དུ་ཞུས་པ་ལྟར་རྒྱལ་དབང་མི་བསྐྱོད་རྡོ་རྗེའི་དུས་ཙམ་དུ་ཡིན་པར་འདོད། གདན་ས་ཁག་གིས་རྩེ་ཞྭ་སེར་པོ་དང་དམར་པོ་སྒྲོན་པའི་མགོ་ཁུངས་བཙལ་ན་གདན་ས་མཚུར་ཕུ་མཆོད་གོང་གིས་རྩེ་ཞྭ་སེར་པོ་སྒྲོན་པའི་ཕྱག་སྲོལ་ནི་རིག་གསར་སྔོན་གྱི་ཕྱག་ལེན་ཡིན་པ་དང་། གྲྭ་ཚང་གཞན་གྱིས་རྩེ་ཞྭ་དམར་པོ་སྒྲོན་པ་ནི་བཅོས་སྒྱུར་རྗེས་སེར་པོ་ལ་རྣམ་རྟོག་བྱས་ཏེ་དམར་པོར་བསྒྱུར་བ་ཡིན་པའི་ངག་རྒྱུན་འདུག། དེ་བཞིན་གོ་ཐོས་ལྟར་ན་གནས་ཚུལ་འདི་འདྲ་ཞིག་ཇོ་ནང་ཛམ་ཐང་དགོན་ཆེན་ལའང་བྱུང་བ་རེད་ཟེར།  གདན་ས་བར་པ་ཀརྨ་དགོན་གྱིས་རྩེ་ཞྭ་དམར་པོ་སྒྲོན་པ་ནི་སྔོན་གྱི་ཕྱག་སྲོལ་ཡིན་པ་རིག་གསར་སྔོན་གྱི་རྩེ་ཞྭ་རྙིང་པ་དག་གིས་ཁ་གྲག་གིན་པ་མངོན་ལ། དགེན་རྣམས་ཀྱིས་ཀྱང་སྔོན་གྱི་ལུགས་སྲོལ་རྒྱུན་སྐྱོང་བྱས་པ་ཡིན་གསུང་གིན་འདུག། དེའི་ཟུར་གྱི་དགོན་རྙིང་ཀརྨ་ལྷ་སྟེང་དགོན་དུའང་སྔོན་གྱི་རྩེ་ཞྭ་རྙིང་པ་དམར་པོ་ད་ལྟ་འདུག་པས། འདི་རྣམས་ཀྱིས་རིག་གསར་སྔོན་ནས་དམར་པོ་རང་བེད་སྤྱད་པར་མངོན། གཞན་དཔལ་སྤུངས་དགོན་པས་རྩེ་ཞྭ་སེར་པོ་སྒྲོན་པ་ནི་རིག་གསར་སྔོན་གྱི་ཕྱག་ལེན་ཡིན་པ་དགེན་ཀུན་ཁྱབ་ཀྱིས་ཁོ་བོར་གསུངས་པ་ཡིན། དེ་བས་ན་རིག་གསར་སྔོན་ནས་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེའི་ཁྲོད་དུ་རྩེ་ཞྭ་དམར་པོ་དང་སེར་པོ་གཉིས་ཀ་སྒྲོན་སྲོལ་ཡོད་པ་གསལ་བོར་གྲུབ་བོ།།

ཡིན་ན་ཡང་། དགོན་པ་ལ་ཤས་ཀྱིས་རྩེ་ཞྭ་སེར་པོ་སྒྲོན་པ་དང་ལ་ཤས་ཀྱིས་དམར་པོ་སྒྲོན་དོན་ཅི་ཡིན་ནམ། སྐབས་བབ་བརྗོད་གཞིའི་ངོས་ནས་འདི་ནི་གནད་འགག་ཅིག་ཏུ་མཐོང་། ཁོ་བོ་བསམ་པར་གོང་དུ་བཀོད་པའི་ཐང་རྙིང་པར་རིས་ཨང་༡༢དང་༡༣ལས་གསལ་བ་ལྟར། མདུན་གྱི་དགེ་འདུན་པས་རྩེ་ཞྭ་དམར་པོ་སྒྲོན་ཡོད་པ་དང་། མདུན་གྱི་གྲྭ་ཞིག་གིས་རྒྱལ་དབང་ཀརྨ་པ་ལ་ཕུལ་རྒྱུའི་རྩེ་ཞྭ་ཕྱག་ཏུ་བཟུང་བ་གང་དེ་ནི་རྩེ་ཞྭ་སེར་པོ་ཞིག་ཡིན་འདུག་པས། ཚོད་དཔག་བྱས་ན་དེ་དུས་རྒྱལ་དབང་མཆོག་གཙོས་པའི་བླ་ཆེན་དང་མཁན་ཆེན་སོགས་ཀྱིས་རྩེ་ཞྭ་སེར་པོ་སྒྲོན་པ་དང་། ཕལ་བའི་དགེ་འདུན་རྣམས་ཀྱིས་རྩེ་ཞྭ་དམར་པོ་སྒྲོན་པ་ཡིན་ས་རེད་སྙམ་པ་ཞིག་བྱུང་། ཁ་དོག་དམར་པོ་དང་སེར་པོ་གཉིས་ལ་མཆོག་དམན་གྱི་འདུ་ཤེས་ཤིག་བཀའ་བརྒྱུད་ཀྱི་ཁྲོད་ཡོངས་ཁྱབ་ཏུ་ཡོད་པ་རེད་ལ། ད་ལྟ་ཡང་ཁ་དོག་སེར་པོ་ཅན་གྱི་སྟོད་འབོག་དང་ཞྭ་སོགས་ནི་དགོན་སྡེ་སོ་སོའི་སྤྲུལ་སྐུ་རྣམས་ཀྱིས་གྱོན་པ་དང་། གྲྭ་བཙུན་ཕལ་བས་ཁ་དོག་དམར་པོ་ཅན་གྱི་གྲྭ་ཆས་གྱོན་པ་ཡིན། སྔོན་གྱི་དུས་སུའང་འདུ་ཤེས་དེ་འདྲའི་ངོས་ནས་རྒྱལ་དབང་ཀརྨ་པས་སྒྲོན་རྒྱུའི་རྩེ་ཞྭ་ནི་སེར་པོ་ཡིན་པ་དང་མདུན་གྱི་དགེ་འདུན་ཚོས་དམར་པོ་གྱོན་པ་ཡིན་སྙམ། དེ་རྗེས་དགའ་སོག་མཉམ་འབྲེལ་དམག་གིས་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་སྣུབ་རྗེས། གདན་ས་བར་པ་ཀརྨ་དགོན་སོགས་ལ་བླ་ཆེན་སུའང་བཞུགས་མཁན་མེད་པར་གྱུར་པས་ན། རིམ་གྱིས་རྩེ་ཞྭ་དམར་པོ་ལས་སེར་པོ་སྒྲོན་པའི་སྲོལ་ནུབ་པ་དང་། གདན་ས་མཚུར་ཕུ་དང་དཔལ་སྤུངས་སོགས་སུ་མུ་མཐུད་རིག་གསར་སྔོན་བར་བླ་ཆེན་རྣམས་བཞུགས་མུས་ཡིན་པས་རྩེ་ཞྭ་སེར་པོ་སྒྲོན་པའི་ལུགས་སྲོལ་ཡང་རྒྱ་ཁྱབ་ཏུ་སོང་བའི་ཚོད་དཔག་བྱ་ཆོག། ཁོ་བོའི་བསམ་པར་ཚོད་དཔག་འདི་འདྲ་ཞིག་ནི་མུ་མཐུད་མ་འོངས་པར་རྒྱུ་ཆ་སྟོབས་ཆེན་ཞིག་མ་རྙེད་བར་དུ་བྱེད་ཆོག་སྙམ།།

ཀརྨ་བཀའ་བརྒྱུད་ཀྱིས་དེང་གི་ཆར་རྩེ་ཞྭ་སྒྲོན་པའི་དུས་ནི། ཚོགས་པའི་གར་འཆམ་དང་སེར་ཕྲེང་སོགས་མཛད་སྒོ་ཁག་གི་སྐབས་དང་། བཤད་གྲྭའི་མཚན་ཕུད་དམ་བཅའ་སྐབས་བཅས་སུ་སྒྲོན་སྲོལ་ཡོད་ལ། འཕགས་ཡུལ་གྱི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་བརྙན་ལ་མཇལ་དུས་སྨོན་ལམ་སྐབས་དགེ་སློང་རྣམས་ཀྱིས་རྩེ་ཞྭ་སྒྲོ་བཙེམས་མ་སྒྲོན་འདུག། འདི་དག་ལ་མཐའ་གཅིག་ཏུ་འདི་དགོས་དེ་དགོས་ཀྱི་དགེ་ལུགས་པ་ལྟར་གཏན་ཁེལ་མེད་པ་འདྲ།

འོན་ཀྱང་། རིག་གསར་སྔོན་རྩེ་ཞྭ་འདི་ཉིད་སྒྲོན་ཚུལ་ལའང་ཕྱག་ལེན་ཡོད་སྣང་སྟེ། ཀརྨའི་མཁན་ཆེན་གྱིས་མཛད་པའི་རྩེ་ཞྭའི་ཞྭ་བཤད་ལས། “གྱོན་ཚུལ་གྱི་ཕྱག་བཞེས་ལ། ཚོགས་སྐབས་དང་གྲོལ་སྐབས། ཚོགས་སུ་ཤིས་བརྗོད་མཛད་སྐབས་གྱོན་པས་བསྟན་པ་དར་བའི་རྟེན་འབྲེལ་ཡོད། ཚོགས་སུ་གྲྭ་མང་བཞུགས་བཞིན་པའི་ཚེ། བླ་ཚོགས་དབུས་སུ་ཕེབས་ཚེ་ཐམས་ཅད་ཀྱིས་ཞྭ་ལག་ནས་བཟུང་ཞྭ་མོ་ས་ལ་བཏིང་བ་བླ་མའི་ཞབས་སྤྱི་བོར་ལེན་པའི་ཚུལ། བླ་མ་ཁྲི་ཐོག་ཏུ་བཞུགས་ཟིན་པ་དང་ཞྭ་མོ་ཕྲག་ཏུ་ཟེ་སྒྲོ་འགྲེམ་པ་དང་ཞྭ་ལག་མདུན་དུ་བལྟས་ནས་བཀལ་བའམ།  ཚོགས་པ་ཚོགས་སྐབས་བླ་མ་བཞུགས་ཁྲིལ་འཁོད་ཟིན་ན།  ཕྱི་ནས་དབུ་ཞྭ་གྱོན་ཏེ་ཚོགས་ཤིང་ནང་དུ་བླ་མ་མཇལ་བ་དང་སྔ་རིམ་གྱི་དབུ་ཞྭ་ཕུད་ནས་ཕྱག་ཏུ་བསྣམས་ཤིང་ཕྲག་པར་བཀལ་བའི་འཇོག་པ་སོགས་གང་བདེ་བྱ། ཞྭ་བླ་མའི་རྟེན་འབྲེལ་ཡིན་པས་རང་གི་ཞབས་སུ་མནན་མི་རུང་། ཞྭ་རྟ་ཐོག་ཏུ་ལྡོག་སྟེ་གྱོན་པ་ནི་སྟབས་བདེ་བའི་ཆད་ཙམ་ལས་དགོས་པ་མེད་ཅེས། མཁས་དབང་ཚུལ་ཁྲིམས་རྣམ་རྒྱལ་གྱི་གསུང་རྒྱུན། ཀླུ་འབུམ་དགེ་བཤེས་བྱང་ཆུབ་རབ་གསལ་གྱིས་གསུངས་པ་ལགས། །” ཞེས་བྱུང་བས། དེ་སྐབས་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་ཚོས་ཞྭ་བཤད་ལྟར་གྱོན་བཞིན་ཡོད་པ་འདྲའོ།།

ཆོས་བརྒྱུད་གཞན་གྱིས་རྩེ་ཞྭ་སྒྲོན་ཚུལ་ཅུང་བཀོད་ན། དགེ་ལུགས་པས་རྩེ་ཞྭ་སྒྲོན་པའི་སྲོལ་ནི་དེབ་སྔོན་ལས་བྱུང་བ་ལྟར་ན་རྗེ་ཙོང་ཁ་པ་འདས་ཟིན་རྗེས་བྱུང་བ་དང་། དེ་དང་མཐུན་པར་སྡེ་སྲིད་ཀྱི་བཻ་སེར་ལས། རྗེ་རིན་པོ་ཆེ་དང་དགེ་འདུན་གྲུབ་པ་སོགས་ལ་ཞྭ་ལུགས་ཆས་གོས་གཞན་དང་མ་འདྲ་བ་བྱ་འདོད་མེད་ཀྱང་། སློབ་མ་རྒན་གྲས་མང་པོ་ཞིག་གི་དགོངས་པ་དང་བསྟུན་ནས་ཡོངས་ཁྱབ་ཏུ་ཞྭ་སེར་སྒྲོན་པ་གསལ། ཆོས་བརྒྱུད་འདིས་ཞྭ་སེར་ཁོ་ན་སྒྲོན་པ་དང་། རྩེ་ཞྭ་སྒྲོ་བཙེམས་མ་དགེ་སྐོས་དང་མཆོད་དཔོན་སོགས་ལས་འཛིན་རྣམས་ཀྱིས་སྤྱོད་ཅིང་། སྒྲོ་ལྷུག་མ་ནི་དགེ་འདུན་ཕལ་བ་རྣམས་ཀྱིས་སྒྲོན་ཞིང་། དམིགས་བསལ་རྡོབ་རྡོབ་རྣམས་ཀྱིས་རྩེ་ཞྭ་འཕྲེད་གྱོན་བྱེད་པའི་ཕྱག་སྲོལ་ཡང་ཡོད་པར་མངོན། ཡིན་ན་ཡང་། དགོན་ཆེན་སོ་སོ་དང་གྲྭ་ཚང་སོ་སོ་ལ་ཅུང་མ་འདྲ་བའི་ཕྱག་སྲོལ་རེའང་ཡོད་འདུག་བསམ་པ་བྱུང་མོད། དེ་དག་རེ་རེ་བཞིན་ཞིབ་ཆ་གླེང་མ་ནུས་པས་འདི་ཙམ་གྱིས་ཆོག་པར་བྱ།

གཞན་ཇོ་ནང་དང་ས་སྐྱ་སོགས་ཀྱིས་ནི་རྩེ་ཞྭ་དམར་པོ་སྒྲོན་མང་བ་དང་ཕྱག་སྲོལ་ཡང་སོ་སོ་ལ་སོ་སོའི་ལུགས་ཅུང་མ་འདྲ་བ་རེ་ཡོད་མངོན། ཇོ་ནང་པས་རྩེ་ཞྭའི་ཁ་དོག་མ་འདྲ་བ་ཙམ་ལས་སྒྲོན་ཚུལ་ནི་དགེ་ལུགས་དང་འདྲ་བར་འདུག། བོན་པོ་རྣམས་ཀྱང་དེ་བཞིན་རྩེ་ཞྭ་དང་ཟླ་གམ་སོགས་དགེ་ལུགས་པའི་ཕྱག་སྲོལ་ཇི་བཞིན་མཛད་པར་མཐོང་ངོ་།། འདི་སོགས་རྒྱས་པར་ནི་ཆོས་བརྒྱུད་རང་རང་གི་མཛད་སྤྱོད་དང་ཞྭ་བཤད་དཔྱད་གཞིར་བྱས་ནས་གླེང་དགོས་པར་སྣང་མོད། ཁོ་བོར་ད་ལྟ་ཆ་རྐྱེན་དེ་དག་མེད་པས་གང་འདོད་དུ་མང་པོར་གླེང་བ་ལས་བསྡད་ན་དགའ་བར་འདོད་དོ།།

མཇུག་བསྡུའི་གཏམ།

བོད་བརྒྱུད་ནང་བསྟན་ལ་ཡོངས་ཁྱབ་ཏུ་དར་བའི་རྩེ་ཞྭ་ཞེས་པའི་ཞྭ་འདི་ཉིད་ཀྱི་ཐོག་མའི་བྱུང་བ་ལ་འདོད་ཚུལ་མི་འདྲ་བ་དུ་མ་ཡོད་རུང་། བླ་ཆེན་གྱིས་ཀླུ་མེས་ལ་གནང་བའི་གདོད་མའི་བོན་གྱི་དབུ་ཞྭ་འོབས་ཞུ་ཞེས་པ་ཁ་དོག་སེར་པོར་བསྒྱུར་བ་དེ་རང་ཡིན་པ་ནི། བོད་ཀྱི་ཡིག་ཚང་རྙིང་པ་ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད་ལས་བྱུང་བའི་ཞྭ་དབྱིབས་སོགས་ཀྱིས་གསལ་བར་མངོན་ལ། དེ་ཉིད་ཕྱིས་སུ་མཛེས་ཆོས་ཀྱི་ཕྱོགས་ལ་འཕེལ་འགྱུར་ཅུང་སོང་བས་ན་ཁ་དོག་མ་འདྲ་བ་དམར་པོ་བྱུང་བ་དང་ཞྭ་དབྱིབས་ཅུང་མ་འདྲ་བ་འགའ་ཤས་བྱུང་བའང་མིག་མཐོང་ལག་ཟིན་རེད་བསམས།  དེ་བས་ན་རྩེ་ཞྭ་ནི་བོད་རང་ས་ནས་དར་བའི་ཞྭ་ཞིག་ཡིན་པ་སྨོས་མ་དགོས།

རྩེ་ཞྭ་འདི་ཉིད་ཐོག་མར་ཀླུ་མེས་ཀྱི་དུས་ཙམ་ནས་རབ་བྱུང་གི་སྡེ་ཡིས་འདུལ་བའི་བསྟན་པ་མཚོན་བྱེད་དུ་དབུ་རུ་སྒྲོན་པའི་སྲོལ་བྱུང་བ་དང་། དེ་ནས་ཆོས་བརྒྱུད་དུ་མས་ནང་འདྲེན་བྱས་པ་ལས་ཀརྨ་བཀའ་བརྒྱུད་ལའང་ཞྭ་དམར་བཞི་པ་སྤྱན་སྔ་ཆོས་གྲགས་དང་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོའི་དུས་ཙམ་ནས་དར་ཞིང་། ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་དུས་ཙམ་ནས་བླ་ཆེན་སོགས་ཀྱིས་རྩེ་ཞྭ་སེར་པོ་སྒྲོན་པ་དང་དགེ་འདུན་ཕལ་བས་དམར་པོ་སྒྲོན་པའི་སྲོལ་འཕེལ་འགྱུར་བྱུང་བར་ཚོད་དཔག་བྱ་ཆོག་པ་རེད། ཀརྨ་བཀའ་བརྒྱུད་བསྟན་བསྟན་སྣུབ་རྗེས་སུ་ཡབ་སྲས་བླ་ཆེན་རྣམས་རྒྱུན་བཞུགས་མེད་པའི་དགོན་སྡེའི་ཕྱོགས་སུ་རྩེ་ཞྭ་དམར་པོ་སྒྲོན་པའི་ལུགས་བྱུང་བ་དང་། བླ་ཆེན་ཡབ་སྲས་རྣམས་དངོས་སུ་བཞུགས་པའི་དགོན་པ་ནས་རྩེ་ཞྭ་སེར་པོ་སྒྲོན་པ་གསལ་བ་ནི་གོང་ཞུས་ལོ་རྒྱུས་ཀྱི་རྗེས་ཤུལ་ཞིག་རེད་བསམས་པ་བྱུང་།

དེ་ལྟར་རྩེ་ཞྭ་འདི་ཉིད་ཀརྨ་བཀའ་བརྒྱུད་ཀྱིས་བེད་སྤྱོད་བྱས་ནས་ད་བར་མི་ལོ་བརྒྱ་ཕྲག་དུ་མ་སོང་ཟིན་པ་ཡིན་ལ། ལོ་རྒྱུས་ཀྱི་རླབས་རྒྱུན་རིང་མོའི་ཁྲོད་ཆོས་བརྒྱུད་འདིས་རྩེ་ཞྭ་ཇི་ལྟར་སྒྲོན་ཚུལ་ཡང་། དུས་རབས་༡༨པའི་ནང་ཀརྨའི་མཁན་པོས་ཡིག་ཆ་ལ་བཀོད་འདུག་ན། དེའི་སྔོན་ནས་རྒྱ་ཁྱབ་ཏུ་བེད་སྤྱད་དེ་སྒྲིག་སྲོལ་ཞིག་གྲུབ་ཡོད་པའང་གསལ་པོ་རེད། དེ་བས་ན་ཕྱིས་ཞྭ་འདི་སྒྲོན་དུས་ཆོས་བརྒྱུད་རང་གི་སྒྲིག་སྲོལ་ལྟར་སྤྱད་ན་ལེགས་པར་འདོད།

གུས་པ་རྩེ་ཞྭ་སོགས་ལ་དོ་སྣང་དགོས་རྐྱེན་གདན་ས་རྙིང་པ་འགའ་ལ་དངོས་སུ་འགྲོ་རྒྱུ་བྱུང་བ་དང་། འགའ་ལ་རང་ཉིད་མ་ཐོན་རུང་དེ་གའི་དགེན་ལྷག་བསམ་ཅན་དུ་མས་རོགས་པ་བྱུང་ཞིང་། ལྷག་པར་དགེན་ཀརྨ་ཕུར་པ་ལགས་ཀྱིས་ཀརྨའི་མཁན་ཆེན་གྱི་རྩེ་ཞྭའི་ཞྭ་བཤད་དཔེ་དཀོན་རྒྱུ་ཆ་རུ་གནང་བ་སོགས་རྒྱུ་རྐྱེན་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་རྩོམ་འདི་གྲུབ་པས་འབྲེལ་ཡོད་གྲོགས་པོ་ཀུན་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། སླར་ཡང་བོད་ཀྱི་རིག་གཞུང་གནའ་སྲོལ་དང་འབྲེལ་བའི་གར་སྟེགས་གཞན་ནས་རང་རེ་ལྷན་དུ་འཛོམས་པར་སྨོན་ནོ།།

རྩོམ་འདིའི་བརྗོད་བྱ་དོན་གྱི་ཆ་ལ་འབུམ་ཡག་བཤད་གྲྭ་ནས་མཆེད་གྲོགས་རྣམས་དང་ལྷན་ཡུན་རིང་དཔྱད་པ་བྱས་ཤིང་། བོད་ཆུ་སྟག་ལོའི་ཟླ་བ་༡༢པ་ཚེས་༨དང་ཕྱི་ལོ་༢༠༢༣ལོ་ཟླ་བ་༡པོ་ཚེས་༢༨ཉིན་བཤད་གྲྭའི་དགུན་གནང་དང་བསྟུན་ནས། སྒ་ཡུལ་ཤུལ་གྱི་རང་ཁྱིམ་དུ་ཆུ་སྒང་ཤཱཀྱ་ཤེས་རབ་ཀྱིས་ལེགས་པར་སྦྱར་བ་ཡིན་ནོ།།

དཔྱད་གཞིའི་ཡིག་ཆ།

༡ ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ། དབུ་ཞྭ་སེར་པོའམ་རྩེ་ཞྭའི་བྱུང་བ་མདོར་བསྡུས། འཕྲིན་སྟེགས།

༢ སྙན་བཟང་གཡུང་དྲུང་ཚེ་རིང་། བོད་དུ་སླེབས་པའི་ཡེ་ཤུའི་ཆོས་སྤེལ་མཁན་ཐོག་མ་དང་ཁོང་གི་འཕྲིན་ཡིག་སྐོར་གླེང་བ།

༣ ཁ་བ་འབོནད་མྱི། གཡུང་དྲུང་བོན་ནང་རྩེ་ཞྭ་བྱུང་ཚུལ། ཡོངས་འཛིན་དྲ་བ།

༤ ཀླུ་སྨྱོན། བོད་ཀྱི་གྲྭ་ཞྭ་དང་རོ་མན་དམག་ཞྭ། ཁ་བརྡ་དྲ་བ།

༥ ཁྱུང་ཤེས་རབ། གཡུང་དྲུང་བོན་གྱི་ཞྭ་དཀར་ལས་འཕྲོས་པའི་དཔྱད་གཏམ།

༦ དགེ་འདུན་ཆོས་འཕེལ། གཏམ་རྒྱུད་གསེར་གྱི་ཐང་མ།

༧ རྒྱལ་དབང་འབྲུག་པ་པད་མ་དཀར་པོ། འབྲུག་པའི་ཆོས་འབྱུང་།

༨ སྟག་ཚང་ལོ་ཙཱ་བ་དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ།

༩ བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་།

༡༠ དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པ་དགའ་སྟོན།

༡༡ མཁས་པ་ལྡེའུ། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། གླེང་གཞི།

༡༢ ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད།

༡༣ ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས། རྩེ་ཞྭའི་བཤད་པ་མང་ཐོས་ཞལ་རྒྱུན།

༡༤ སེར་བྱེས་ཚོགས་གཏམ་ཆེན་མོ། སེར་བྱེས་གྲྭ་ཚང་།

༡༥ སྡེ་སྲིད་སངས་རྒྱས་རྒྱ་མཚོ། དགེ་ལྡན་ཆོས་འབྱུང་བཻ་སེར།

དཔྱད་ཡིག་དང་ཞབས་མཆན། 

[1] ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ། དབུ་ཞྭ་སེར་པོའམ་རྩེ་ཞྭའི་བྱུང་བ་མདོར་བསྡུས། https://mp.weixin.qq.com/s/LtKOuK2B99-zItSTS78naA

[2]སྙན་བཟང་གཡུང་དྲུང་ཚེ་རིང་། བོད་དུ་སླེབས་པའི་ཡེ་ཤུའི་ཆོས་སྤེལ་མཁན་ཐོག་མ་དང་ཁོང་གི་འཕྲིན་ཡིག་སྐོར་གླེང་བ། བོད་རིག་པ་དྲ་བ། https://bodrigpa.org/archives/3079

[3] ཁ་བ་འབོནད་མྱི། གཡུང་དྲུང་བོན་ནང་རྩེ་ཞྭ་བྱུང་ཚུལ། ཡོངས་འཛིན་དྲ་བ། https://app.yongzin.com/mobile/wenku/detail/40288cc16f316aa50170532cee645c62

[4] ཀླུ་སྨྱོན། བོད་ཀྱི་གྲྭ་ཞྭ་དང་རོ་མན་དམག་ཞྭ། ཁ་བརྡ་དྲ་བ། https://www.khabdha.org/?p=22111

[5] ཁྱུང་ཤེས་རབ། གཡུང་དྲུང་བོན་གྱི་ཞྭ་དཀར་ལས་འཕྲོས་པའི་དཔྱད་གཏམ། https://mp.weixin.qq.com/s/IDq56q4q_G8ZW4r_Z714LA

[6] དགེ་འདུན་ཆོས་འཕེལ། གཏམ་རྒྱུད་གསེར་གྱི་ཐང་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོ། ༦༤།

[7] རྒྱབ་དབང་འབྲུག་པ་པད་མ་དཀར་པོ། འབྲུག་པའི་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༢༢ལོ། ༢༥༤།

[8] སྟག་ཚང་ལོ་ཙཱ་བ་དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༡ལོ། ༢༩༢།

[9] བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ལོ། ༡༩༥།

[10]དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦། ༤༧༣།

[11] མཁས་པ་ལྡེའུ། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། གླེང་གཞི། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢། ༢།

[12]ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོ། ༤༡༦།

[13] ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས།   རྩེ་ཞྭའི་བཤད་པ་མང་ཐོས་ཞལ་རྒྱུན།  བོད་དཔེ་རྙིང་པ།

[14] ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས། རྩེ་ཞྭའི་བཤད་པ་མང་ཐོས་ཞལ་རྒྱུན། བོད་དཔེ་རྙིང་པ།

[15] སེར་བྱེས་ཚོགས་གཏམ་ཆེན་མོ། སེར་བྱེས་གྲྭ་ཚང་། ༢༠༡༢། ༩༦།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།