ཤེར་ཕྱིན་ཡི་གེ་གཅིག་མའི་སྐོར་གྱི་དཔྱད་གླེང་།

0
1001

༡ ཐོག་མའི་གླེང་བརྗོད།

སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་མང་དུ་གསུངས་པ་མཐའ་དག་གི་སྙིང་པོ་མཐར་ཐུག་ཏུ་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྐོར་རྣམས་ཡིན་པ་དང་། དེ་ཡང་གྲུབ་མཆོག་ཀརྨ་པཀྵིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རབ་དབྱེ་ལས་གསལ་བ་ལྟར་བྱས་ན་ཤེར་ཕྱིན་གྱི་བཀའ་དེ་ལའང་རྩ་བའི་ཆ་ནས་བསྡུས་པ་སྐོར་གསུམ་དང་། འབྲིང་པོ་སྐོར་གསུམ། རྒྱས་པ་སྐོར་གཉིས་ཞེས་བཤད་སྲོལ་ཆགས་ཡོད། བསྡུས་པ་སྐོར་གསུམ་ཞེས་པ་ནི། གདུལ་བྱ་དབང་པོ་རབ་ཀྱི་རབ་རྣམས་ཀྱི་ཆེད་དུ་གསུངས་པ་ཤེར་ཕྱིན་བསྡུས་པའི་བསྡུས་པ་ཡི་གེ་གཅིག་མ། དབང་པོ་རབ་ཀྱི་འབྲིང་རྣམས་ཀྱི་ཆེད་དུ་གསུངས་པ་བསྡུས་པའི་འབྲིང་པོ་ཉི་མ་དང་ཟླ་བའི་མདོ། ཀོའུ་ཥི་ཀའི་མདོ་དང་ཤེས་རབ་སྙིང་པོ་བཅས་ཡིན། འདིར་གསལ་བཤད་དགོས་པ་ཞིག་ལ། ཀརྨ་པཀྵིའི་གཞུང་དུ་ཉི་མ་དང་ཟླ་བའི་མདོ་ཞེས་གསུངས་འདུག་ཀྱང་། ཤེར་ཕྱིན་སྣ་ཚོགས་ཀྱི་ནང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་ནས་བཀྲ་ཤིས་ཆེན་པོའི་མདོའི་བར་མདོ་བཅུ་གསུམ་ཙམ་ཞིག་བཞུགས་སུ་གསོལ་ཡོད་པ་དེ་དག་ཤེར་ཕྱིན་དུ་གཏོགས་པ་མ་ཡིན་ཞེས་སི་ཏུ་པཎ་ཆེན་གྱིས་མཛད་པའི་སྡེ་དགེའི་བཀའ་འགྱུར་དཀར་ཆག་ཏུ་གསལ་བས་དཔྱད་དགོས་པ་ཡིན། བདག་གི་བསམ་པར་ཀརྨ་པཀྵིའི་ཡིག་ཆ་ལས་གསལ་བའི་ཉི་མ་དང་ཟླ་བའི་མདོ་ཞེས་པ་དེ་ཉི་མའི་སྙིང་པོས་ཞུས་པའི་མདོ་དང་ཟླ་བའི་སྙིང་པོས་ཞུས་པའི་མདོ་གཉིས་ལ་གོ་དགོས་སམ་སྙམ། དབང་པོ་རབ་ཀྱི་ཐ་མ་རྣམས་ཀྱི་ཆེད་དུ་གསུངས་པ་བསྡུས་པའི་རྒྱས་པ་ཤེར་ཕྱིན་སུམ་བརྒྱ་པར་གྲགས་པ་རྡོ་རྗེ་གཅོད་པ་དང་མདོ་སྡུད་པ། ཤེར་ཕྱིན་ཉིས་སྟོང་ཆིག་བརྒྱ་པར་གྲགས་པ་རབ་རྩལ་རྣམ་གནོན་གྱིས་ཞུས་པའི་མདོ་བཅས་ཡིན། འབྲིང་པོ་སྐོར་གསུམ་ཞེས་པ་ནི། གདུལ་བྱ་དབང་པོ་འབྲིང་གི་རབ་རྣམས་ཀྱི་དོན་དུ་གསུངས་པ་འབྲིང་པོའི་བསྡུས་པ་འཕགས་པ་བརྒྱད་སྟོང་པ། དབང་པོ་འབྲིང་གི་འབྲིང་རྣམས་ཀྱི་དོན་དུ་གསུངས་པ་འབྲིང་པོའི་འབྲིང་པོ་ཤེས་རབ་ཁྲི་པ། དབང་པོོ་འབྲིང་གི་ཐ་མ་རྣམས་ཀྱི་དོན་དུ་གསུངས་པ་འབྲིང་པོའི་རྒྱས་པ་ཁྲི་བརྒྱད་སྟོང་པ་བཅས་ཡིན། རྒྱས་པ་སྐོར་གཉིས་ཞེས་པ་ནི། གདུལ་བྱ་དབང་པོ་ཐ་མའི་རབ་དང་འབྲིང་གཉིས་ཀྱི་དོན་དུ་གསུངས་པ་རྒྱས་པའི་བསྡུས་པ་ཉི་ཁྲི་ལྔ་སྟོང་པ། གདུལ་བྱ་དབང་པོ་ཐ་མའི་ཐ་མའི་དོན་དུ་གསུངས་པ་རྒྱས་པའི་རྒྱས་པ་ཤེར་ཕྱིན་འབུམ་པ་བཅས་ཡིན་ནོ། །ཀུན་མཁྱེན་བུ་སྟོན་སོགས་ཀྱི་གཞུང་དུ་རྒྱས་འབྲིང་བསྡུས་པ་ཕྱེ་སྟངས་དང་ཅུང་ཟད་མི་མཐུན་པས་དཔྱད་དགོས། དེ་ལྟར་ཕྱེས་པ་ཡང་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། དེ་ལས་གཞན་དུ་བོད་འགྱུར་རང་ལ་ཡང་ཤེར་ཕྱིན་ཚུལ་ལྔ་བརྒྱ་པ། ཚུལ་བརྒྱ་ལྔ་བཅུ་པ། བདུན་བརྒྱ་པ། ཤེར་ཕྱིན་ཡི་གེ་ཉུང་ངུ་། སྒོ་ཉེར་ལྔ་པ། ཤེར་ཕྱིན་ཀུན་ཏུ་བཟང་པོ། ལག་ན་རྡོ་རྗེས་ཞུས་པ། རྡོ་རྗེ་རྒྱལ་མཚན་གྱིས་ཞུས་པ་སོགས་དུ་མ་བཞུགས་ཡོད། མ་ཟད་བོད་འགྱུར་མེད་ཅིང་རྒྱ་ནག་གི་འགྱུར་དུ་བཞུགས་པའི་ཤེར་ཕྱིན་གྱི་སྐོར་ལ་ཡང་འགའ་བཞུགས་ཏེ། དཔེར་ན་ཤེར་ཕྱིན་འོད་བཀྱེ་ཞེས་བྱ་བ་བམ་པོོ་ཉི་ཤུ་པ་རྒྱ་གར་གྱི་པཎྜི་ཏ་གོང་ཀཱི་དང་ཤཱུ་རམ་གའི་འགྱུར། མ་ཧཱ་པྲཛྙཱ་པཱ་ར་མི་ཏ་ཞེས་བྱ་བ་བམ་པོ་སུམ་བཅུ་པ་འཕགས་ཡུལ་གྱི་པཎྜི་ཏ་རིག་འཛིན་ཀུ་མཱར་དང་ལོ་ཙཱ་བ་ཧྭ་ཤང་སེང་ཧོའུའི་འགྱུར། ཤེར་ཕྱིན་ཀུའང་བཙན་པོ་བཞི་བམ་པོ་བཅུ་པ་རྒྱ་གར་གྱི་པཎྜི་ཏ་དྷརྨཱ་རཀྵི་ཏའི་འགྱུར། པཎྜི་ཏ་སྦྱིན་སྲུང་གི་འགྱུར་ཤེར་ཕྱིན་ཀུན་ཏུ་སྣང་བ་བམ་གང་། ཡང་ཤེར་ཕྱིན་དེ་བཞིན་ཉིད་རྒྱ་ཆེར་བསྟན་པའི་མདོ་བམ་བཞི་པ་དྷརྨཱ་རཀྵི་ཏའི་འགྱུར་སོགས་དུ་མ་ཡོད། དམིགས་བསལ་ཞུ་དགོས་པ་ཞིག་ལ། རྒྱ་ནག་གི་འགྱུར་དུ་བཞུགས་པའི་ཡིག་ཆ་ཁ་ཤས་བོད་མ་ཡོད་གསུངས་མཁན་ཡོད་ཀྱང་གང་ཡིན་གྱི་སྐོར་ལ་ངོས་འཛིན་གསལ་པོ་མེད་པས་བློ་ལྡན་དོན་གཉེར་ཅན་ཚོས་དེ་ཚོའི་སྐོར་ལ་མུ་མཐུད་ནས་དཔྱད་བསྡུར་གནང་ན་ལེགས།

དཔེར་ན་ལོ་ཙཱ་བ་སྦྱིན་སྲུང་གི་འགྱུར་ཤེར་ཕྱིན་བྱང་ཆུབ་སྙིང་པོའི་བཀོད་པའི་ལེའུ་ཟེར་བ་ཞིག་ཡོད། འདི་བོད་མ་ཡང་ཡོད་ཟེར་མཁན་འདུག་ཀྱང་གང་ཡིན་བདག་གིས་མ་ངེས། དེ་བཞིན་དུ་དམིགས་བསལ་དོ་སྣང་དགོས་པ་ཞིག་ལ། ཤེར་ཕྱིན་འོད་བཀྱེ་ཞེས་པ་དང་མ་ཧཱ་པྲཛྙཱ་པཱ་ར་མི་ཏ་ཞེས་པ་དང་ཤེར་ཕྱིན་ཀུའང་བཙན་པོ་བཞི་ཟེར་བ་གསུམ་པོ་འགྱུར་ཁྱད་མ་གཏོགས་བོད་འགྱུར་གྱི་ཤེར་ཕྱིན་སྒོ་ཉེར་ལྔ་པ་དང་གཅིག་པ་དང་། གཞན་ཡང་རྒྱ་ནག་གི་བཀའ་འགྱུར་དུ་བཞུགས་པའི་ཤེར་ཕྱིན་དོན་བསྡུས་བམ་ལྔ་པཎྜི་ཏ་སངས་རྒྱས་ཅན་གྱི་འགྱུར། ཤེར་ཕྱིན་བྱང་ཆུབ་ཀྱི་ལམ་ཞེས་པ་བམ་བཅུ་ཡུ་ཝ་ཌིའི་པཎྜི་ཏ་ཙི་ལུ་ཀཀྵིའི་འགྱུར། ཤེར་ཕྱིན་ལེ་ཕྲན་བམ་བཅུ་རིག་འཛིན་ཀུ་མཱ་རའི་འགྱུར། ཤེར་ཕྱིན་བཀོད་པ་མཐའ་ཡས་པ་བམ་ལྔ་རྒྱ་གར་གྱི་པཎྜི་ཏ་དགེ་བསྙེན་ཎི་ཥིའན་གྱི་འགྱུར་བཅས་བཞི་པོ་ནི་འགྱུར་མི་འདྲ་བ་མ་གཏོགས་དོན་བརྒྱད་སྟོང་པ་གཅིག་པ་ཆགས་ཡོད་པ་དང་། ཤེར་ཕྱིན་འཇམ་དཔལ་གྱིས་བསྟན་པ་བམ་ཟུང་དྲང་སྲོང་མནྡ་རའི་འགྱུར་དེ་ཡང་བོད་ཀྱི་བཀའ་འགྱུར་དུ་བཞུགས་པའི་དཀོན་མཆོག་བརྩེགས་པའི་འདུས་པ་ཞེ་དྲུག་པ་ལས་བྱུང་བའི་ཤེར་ཕྱིན་བདུན་བརྒྱ་པ་ཞེས་པ་འགྱུར་རྙིང་ལ་སྐད་གསར་བཅད་ཀྱིས་བཅོས་པ་དེ་དང་གཅིག་པར་སྣང་ཟེར། ཤེར་ཕྱིན་ཡང་དག་པའི་ཚད་མ་ཞེས་པ་དྷམ་རུ་ཙིའི་འགྱུར་དེ་ཡང་ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ་དང་གཅིག་ཡིན་ཞེས་ལོ་ཙཱ་བ་གུར་མགོན་སྐྱབས་ཀྱིས་རྒྱ་ནག་ཆོས་འབྱུང་དུ་གསུངས་ཡོད། གཞན་ཡང་རྒྱ་ནག་གི་འགྱུར་དུ་ཤེར་ཕྱིན་སྐོར་ད་དུང་ཁ་ཤས་བཞུགས་འདུག་ཀྱང་དོན་གནད་དག་དག་རེ་རེ་བཞིན་བརྗོད་ཐུབ་པའི་འབད་པ་མ་བྱས་སོ། །གང་ལྟར་གྲུབ་ཆེན་ཀརྨ་པཀྵིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོའི་རབ་དབྱེ་ཞེས་པ་ལས། དེ་ཡང་སངས་རྒྱས་ཉིད་ཀྱིས་གསུངས་པ་ལ་གང་གིས་ཚིག་སླད་མ་ཞུགས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་རྒྱས་བསྡུས་འདི་རྣམས་ཀྱི་རྩ་བ་ཡི་གེ་གཅིག་མ་ཡིན་པ་སྟེ། ཞེས་གསུངས་པ་ལྟར་སྤྱིར་ང་ཚོས་ཐད་ཀར་སངས་རྒྱས་ཀྱི་བཀའ་རྣམས་ལ་སློབ་སྦྱོང་གནང་ཐུབ་རྒྱུ་ཧ་ཅང་གལ་ཆེ་བ་དང་། ཁྱད་པར་ཤེར་ཕྱིན་ཡི་གེ་གཅིག་མ་ནི་ཚིགས་ཚོགས་ཉུང་ཞིང་ནང་དོན་གལ་གནད་ཆེ་བའི་མདོ་གཅིག་ཡིན་པས་འདིའི་སྐོར་ལ་དམིགས་བསལ་གྱི་དོ་སྣང་ཞིག་བྱས་ན་དགོས་པ་དང་དགེ་མཚན་གཉིས་ཀ་ཡོད་པ་འདྲ། དེ་ཡང་དབུ་མ་རང་སྟོང་པ་དང་གཞན་སྟོང་པ་སོ་སོས་དང་། གསང་སྔགས་ཀྱི་རྒྱུད་སྡེ་སོ་སོ་ནས་དང་། སྙིང་པོ་ཕྱག་རྒྱ་ཆེན་པོའི་གཞུང་སོགས་ནས་ཀྱང་འདི་ལ་འགྲེལ་བཤད་མཛད་ཚུལ་དུ་མ་བྱུང་བས། འདི་ཉིད་ལ་དཔྱད་བསྡུར་ཞིབ་མོ་ཞིག་བྱས་ན་གོ་སླ་ཞིང་ཆོད་ཆེ་བའི་གལ་ཆེན་གྱི་ནང་དོན་མང་པོ་ཞིག་རྟོགས་ཐུབ་པར་འགྱུར་རོ་སྙམ།

ཉེ་ཆར་གུས་པ་རང་ཉིད་སྒེར་མཚམས་དམ་ལྷོད་རན་པོ་ཞིག་ལ་བསྡད་དེ་ཟབ་ལམ་ནི་གུའི་ཆོས་དྲུག་སྐོར་ལ་ཉམས་ལེན་དང་སློབ་སྦྱོང་གང་འཚམས་བྱས་དང་བྱེད་མུས་སུ་ཡོད། ཆོས་ཚུལ་འདིའི་ཐུན་མིན་གྱི་སྔོན་འགྲོ་དག་བྱེད་ཨའི་སྟོང་ར་ཞེས་པ་དེ་ཡང་རྩ་བ་ཤེར་ཕྱིན་ཡི་གེ་གཅིག་མའི་ཉམས་ལེན་ཞིག་ཆགས་འདུག་ཅིང་དེ་ལ་གསང་སྔགས་ཀྱི་མན་ངག་དང་སྦྱར་བའི་མདོ་སྔགས་ཟུང་འཇུག་གི་ལམ་རིམ་དམིགས་བསལ་བ་ཞིག་ཡིན་འདུག་པ་མ་ཟད། སྒྱུ་ལུས་ཀྱི་སྐབས་སོགས་སུ་ཡང་ཨ་དང་འབྲེལ་བའི་ལམ་རིམ་མང་པོ་ཡོད་པ་སོགས་ལ་ཡང་ཡང་ཉམས་ཞིབ་བྱས་ན། ཤེར་ཕྱིན་ཡི་གེ་གཅིག་མ་ནི་མདོ་སྔགས་ཀུན་གྱི་ཟབ་ལམ་མཐར་ཐུག་གི་སྙིང་པོ་ཡང་ཡིན་པར་ཤེས་ནུས། གཞན་ཡང་རྫོགས་པ་ཆེན་པོའི་ཁྲིད་ལ་ལར་རིག་པ་ངོ་སྤྲོད་ཀྱི་གདམས་ངག་འགར་ཡང་ཨ་དང་འབྲེལ་བའི་མན་ངག་མང་དུ་ཡོད་པ་སྟེ། དཔེར་ན་མཚོན་བྱེད་ཙམ་དུ་དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་དབང་བསྐུར་ཟིན་བྲིས་རྣམས་སུ་ཁྲིད་ཀྱི་བྱིན་རླབས་ཨ་ཡིག་མདའ་འཕེན་མ་སོགས་གསུངས་པ་དང་ཨ་གསུམ་སྦྲེལ་གྱི་གདམས་པ་དང་གཞན་ཡང་མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི་དབང་བསྐུར་ཡོངས་རྫོགས་ཁྲིགས་སུ་བསྡེབས་པ་ཀུན་བཟང་རིག་འཛིན་བླ་མའི་དགོངས་རྒྱན་ལས་ཨ་བཟླས་པའི་ངང་ནས་གཉུག་མའི་ངང་དུ་འཇོག་ཚུལ་གྱི་གདམས་པ་སོགས་གསུངས་པ་ལྟ་བུའོ། །ཕྱག་ཆེན་ཐིག་ལེ་དང་མཻ༌ཏྲི་པའི་ཨ་མ་ན་སིའི་ཆོས་སྐོར་འགའ་ལས་ཀྱང་ཡི་གེ་ཨ་དང་འབྲེལ་བའི་ཕྱག་ཆེན་གྱི་གདམས་ངག་ཀྱང་མི་ཉུང་བ་ཞིག་གསུངས་ཡོད། མདོ་ཕྱོགས་ཀྱི་བཀའ་འཁོར་ལོ་བར་ཐ་གཉིས་ཀ་ནས་ཨ་དང་འབྲེལ་བའི་ཆོས་ཚུལ་མང་དུ་གསུངས་ཤིང་། གསང་སྔགས་རྒྱུད་སྡེ་ཐམས་ཅད་ལས་ཨ་ནི་གསང་སྔགས་ཀུན་གྱི་འབྱུང་བའི་སྒོ་དམ་པ་ཡིན་པར་གསུངས་པ་སོགས་མང་དུ་ཡོད་པ་སྟེ། མདོར་ན་མདོ་རྒྱུད་བསྟན་བཅོས་ཕྱག་རྫོགས་ཆོས་དྲུག་ཐམས་ཅད་ཀྱི་རྩ་བའི་རྩ་བ་ནི་ཤེར་ཕྱིན་ཡི་གེ་གཅིག་མ་ཉིད་ཡིན་པར་འདུག་པས་འདིའི་སྐོར་ལ་དཔྱད་ཞིབ་ཀྱི་རྣམ་བཞག་ཅུང་ཟད་སྤྲོས་པར་འདོད།

སྤྱིར་བོད་ཀྱི་མཁས་པ་བཅོམ་ལྡན་རིག་པའི་རལ་གྲི་དང་སྟག་ལུང་བཀྲ་ཤིས་དཔལ་སོགས་ཀྱིས་མཛད་པའི་ཤེར་ཕྱིན་ཡི་གེ་གཅིག་མའི་སྐོར་གྱི་འགྲེལ་པ་ཁ་ཤས་འདུག་ཀྱང་། དེ་དག་ཐམས་ཅད་སྒོམ་རིམ་གྱི་ཚུལ་དུ་མཛད་པའི་གཞུང་ཡིན་པ་ལས་དཔྱད་པའི་སྒོ་ནས་མཛད་པ་ཞིག་མིན། དེ་བས་འདིར་ཤེར་ཕྱིན་ཡི་གེ་གཅིག་མའི་སྐོར་གྱི་དཔྱད་པའི་རྣམ་གྲངས་ཅུང་ཟད་ཅིག་བརྗོད་འདོད་དོ། །

༢ ཤེར་ཕྱིན་ཡི་གེ་གཅིག་མའི་འགྱུར་གྱི་སྐོར་ལ་དཔྱད་པ།

སྤྱིར་ཤེར་ཕྱིན་ཡི་གེ་གཅིག་མ་ཞེས་པ་དེ་ཡི་གེ་ཨ་རང་ལ་གོ་དགོས་པ་ཡིན་མོད། བོད་ཀྱི་བཀའ་འགྱུར་རྣམས་ཀྱི་ཤེས་རབ་སྣ་ཚོགས་སུ་བཞུགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་གཅིག་མ་ཞེས་པ་དེ་ལ་དབུར་གླེང་གཞི་དང་མཇུག་ཏུ་མཐུན་འགྱུར་ཡི་རངས་བཅས་ཡོད། འོན་ཀྱང་རིན་ཆེན་གཏེར་མཛོད་དུ་བཞུགས་སུ་གསོལ་བའི་ཤེར་ཕྱིན་ཡི་གེ་གཅིག་མ་དེ་ལ་མགོའི་གླེང་གཞི་དང་མཇུག་གི་མཐུན་འགྱུར་གྱི་ཡི་རངས་སོགས་གང་ཡང་མེད། དེ་ཡང་སྡེ་དགེའི་བཀའ་འགྱུར་དུ་བཞུགས་པའི་ཡི་གེ་གཅིག་མ་དང་། སྣར་ཐང་བཀའ་འགྱུར་དུ་བཞུགས་པའི་ཡི་གེ་གཅིག་མ། ལྷ་སའི་ཞོལ་བཀའ་འགྱུར་དུ་བཞུགས་པའི་ཡི་གེ་གཅིག་མ་བཅས་ནི་རྩ་བའི་ཆ་ནས་གཅིག་པ་ཡིན་པ་ལ། ཚིག་ཁ་ཤས་ཀྱི་ཁྱད་པར་བྱུང་འདུག་པས་དཔྱད་དགོས་ས་འགའ་ཞིག་ཡོད་ཀྱང་བཀའ་འགྱུར་དཔེ་བསྡུར་མར་གཟིགས་ན་མི་འདྲ་ས་དེ་དག་རེ་རེ་བཞིན་མཁྱེན་ནུས་པས་དེ་དག་གི་སྐོར་འདིར་མི་བཤད། དེ་ཡང་བོད་ཀྱི་བཀའ་འགྱུར་གྱི་ཤེས་རབ་སྣ་ཚོགས་སུ་བཞུགས་པའི་ཡི་གེ་གཅིག་མ་འདི་ལ་འགྱུར་བྱང་མི་གསལ་ཡང་། མདོ་འདི་སྔ་འགྱུར་ཡིན་ཞེས་སི་ཏུ་པཎ་ཆེན་གྱིས་མཛད་པའི་སྡེ་དགེའི་བཀའ་འགྱུར་དཀར་ཆག་ལས་གསལ་བར་གསུངས་ཏེ། དེ་ཉིད་ལས། སླར་ཡང་དུས་ཕྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་གི་རྒྱ་དཔེ་དགེ་རྒྱས་བྱེ་མ་གླིང་གི་རྩིག་ངོས་ལ་བྲིས་པ་དང་ཞུས་དག་བགྱིས་པ། ཤེར་ཕྱིན་ཡི་གེ་ཉུང་ངུ་། ཤེར་ཕྱིན་ཡི་གེ་གཅིག་མ་འགྱུར་བྱང་མེད་པ། ཞེས་གསལ། འོན་ཀྱང་སྔོན་གྱི་དཀར་ཆག་ལྡན་དཀར་མ་དང་འཕང་ཐང་མ་གཉིས་ཀའི་ནང་དུ་ཤེར་ཕྱིན་གྱི་སྐོར་མང་ཙམ་བཀོད་ཡོད་པའི་ནང་དུ་ཤེར་ཕྱིན་ཡི་གེ་ཉུང་ངུ་གསལ་ཡང་ཡི་གེ་གཅིག་མ་ཞེས་པ་གཏན་ནས་མི་གསལ་བའི་གནད་གང་ཡིན་ནམ། དེ་ཡང་པདྨ་བཀའ་ཐང་ལས། ཡུམ་སྲས་བཅུ་བདུན་ལ་སོགས་མདོ་མང་བསྒྱུར། །ཞེས་གསུངས་པ་དང་མཐུན་པར་སྔ་མ་རྣམས་ཀྱི་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་མཛད་སྲོལ་ཡོད་ཅིང་། ཡུམ་སྲས་བཅུ་བདུན་གྲངས་འདྲེན་པའི་ཚེ་སྲས་ཀྱི་གྲས་སུ་ཤེར་ཕྱིན་ཡི་གེ་གཅིག་མ་འདྲེན་དགོས་པར་རྗེ་ཙོང་ཁ་པའི་ལེགས་བཤད་གསེར་ཕྲེང་དང་གོ་རམས་པའི་ཕར་ཕྱིན་གྱི་འགྲེལ་པ་དང་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཕར་ཕྱིན་གྱི་འགྲེལ་པ་བཅས་ལས་གསལ་ན་ཡང་། སྔ་རབས་ཀྱི་གཞུང་དུ་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་འབྱུང་སའི་གཞུང་གཙོ་བོ་ཞིག་པདྨ་བཀའ་ཐང་ཡིན་ཡང་། དེར་ཡུམ་སྲས་བཅུ་བདུན་གྱི་གྲངས་འདྲེན་མཛད་མེད། དཀར་ཆག་འཕང་ཐང་མར་སྲས་ཡུམ་བཅུ་བདུན་གྱི་ཐ་སྙད་དང་གྲངས་འདྲེན་མཛད་ཡོད་ཀྱང་། དེའི་ཁྲོད་དུ་ཤེར་ཕྱིན་ཡི་གེ་གཅིག་མ་མེད་པའི་རྒྱུ་མཚན་གང་ཡིན་ནམ། མ་ཟད་དེར་གསལ་བའི་ཡུམ་སྲས་བཅུ་བདུན་གྱི་གྲངས་འདྲེན་ལུགས་དེ་རྗེ་ཙོང་ཁ་པ་སོགས་བོད་ཀྱི་མཁས་པ་ཕྱི་མ་རྣམས་ཀྱིས་གྲངས་འདྲེན་མཛད་ལུགས་དང་མི་འདྲ་བའི་རྒྱུ་མཚན་གང་ཡིན་ནམ།

དཀར་ཆག་འཕང་ཐང་མ་ལས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་མདོ་སྡེའི་མཚན་བྱང་དང་བམ་གྲངས་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚར་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་འབུམ་བམ་པོ་སུམ་བརྒྱ། ༡ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤུ་ལོག་ཉི་ཁྲི་ལྔ་སྟོང་པ། ཤློཀ་ཉི་ཁྲི་ལྔ་སྟོང་། བམ་པོ་བརྒྱད་ཅུ་རྩ་གསུམ་དང་ཤུ་ལོག་བརྒྱ་ཟེར། ༢ འཕགས་པ་ཤེས་རབ་ཀྱི་པ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་སྟེ། དཀར་ཆག་ལྡན་དཀར་མར་བམ་པོ་དྲུག་བཅུ་ཞེས་གསལ་བས་དཔྱད། མཆན། བམ་པོ་དྲུག་བཅུ་རྩ་བཞི། ༣ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། ཤློཀ་ཁྲི་སྟེ། བམ་པོ་སུམ་བཅུ་རྩ་གསུམ་དང་ཤློཀ་བརྒྱ་ཅེས་པའང་སྣང་ལྡན། ༤ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། ཤློཀ་བརྒྱད་སྟོང་སྟེ། ལྡན་དཀར་མར་བམ་པོ་ཉེར་དྲུག་དང་ཤློཀ་བརྒྱ་འདིར་བྱོན། བམ་པོ་ཉི་ཤུ་རྩ་བཞི། ༥ འཕགས་པ་ཤེས་རབ་ཀྱི་རྩལ་ཀྱིས་རྣམ་པར་གནོན་པ་ཤློཀ་ཉི་སྟོང་ཆིག་བརྒྱ་དྲུག་བཅུ་སྟེ། བམ་པོ་བདུན་དང་ཤློཀ་དྲུག་བཅུ། ༦ འཕགས་པ་བདུན་བརྒྱ་པ་ཤློཀ་བདུན་བརྒྱ་སྟེ་བམ་པོ་གཉིས་དང་ཤློཀ་བརྒྱ། ༧ འཕགས་པ་ལྔ་བརྒྱ་པ་ཤློཀ་ལྔ་བརྒྱ་སྟེ། བམ་པོ་ཅིག་དང་ཤློཀ་ཉིས་བརྒྱ། ༨ འཕགས་པ་རྡོ་རྗེ་གཅོད་པ་བམ་པོ་གཅིག་སྟེ་ཤློཀ་སུམ་བརྒྱ། ༩ འཕགས་པ་བསྡུད་པ་ཚིགས་སུ་ཤློཀ་སུམ་བརྒྱ་སྟེ་བམ་པོ་ཅིག ༡༠ འཕགས་པ་ཚུལ་བརྒྱ་ལྔ་བཅུ་པ་ཤློཀ་བརྒྱ་ལྔ་བཅུ། ༡༡ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་བརྒྱ་རྩ་བརྒྱད་པ་ཤློཀ་བརྒྱ་དང་བརྒྱད། ༡༢ འཕགས་པ་ལྔ་བཅུ་པ་ཤློཀ་ལྔ་བཅུ། ༡༣ འཕགས་པ་ཀེའུ་ཥི་ཀ་ཤློཀ་སུམ་བཅུ་རྩ་གཅིག ༡༤ འཕགས་པ་ཤེས་རབ་སྙིང་པོ་ཤློཀ་ཉེར་བརྒྱད། ༡༥ འཕགས་པ་ཉི་ཤུ་རྩ་ལྔ་པ་ཤློཀ་ཉི་ཤུ་རྩ་ལྔ། ༡༦ འཕགས་པ་ཡི་གེ་ཉུང་ངུ་ཤློཀ་སུམ་བཅུ། ༡༧ སྲས་ཡུམ་བཅུ་བདུན་ནོ། །ཞེས་གསུངས། རྗེ་ཙོང་ཁ་པ་སོགས་ཀྱི་གཞུང་ནས་འབྱུང་བའི་ཡུམ་སྲས་བཅུ་བདུན་གྱི་གྲངས་འདྲེན་དང་གཏན་མི་མཐུན་པས་ངལ་བ་ལ་མ་འཛེམ་པར་འདིར་བཀོད་པ་ལགས། གསེར་འཕྲེང་ལས། དེ་ལ་སྤྱིར་ཤེར་ཕྱོགས་ལ་ཡུམ་དྲུག་སྲས་བཅུ་གཅིག་སྟེ་ཡུམ་སྲས་བཅུ་བདུན་ཞེས་སྔ་མ་རྣམས་ཀྱིས་བརྡ་བྱས་པ་ལ་འབུམ་ཉི་ཁྲི་ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། སྡུད་པ་རྣམས་ཡུམ་ཡིན་ཞིང་། ཤེར་ཕྱིན་བདུན་བརྒྱ་པ། ལྔ་བརྒྱ་པ། སུམ་བརྒྱ་པ། ཚུལ་བརྒྱ་ལྔ་བཅུ་པ། ལྔ་བཅུ་པ། སྒོ་ཉེར་ལྔ་པ། རབ་རྩལ་རྣམ་གནོན་གྱིས་ཞུས་པ། ཀཽ་ཤི་ཀ །ཡི་གེ་གཅིག་མ། ཡི་གེ་ཉུང་ངུ་། ཤེར་སྙིང་སྟེ་བཅུ་གཅིག་ནི་སྲས་སོ། །ཞེས་དང་། གོ་རམས་པའི་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་ལས། དང་པོ་ནི་ཤེར་ཕྱིན་གྱི་མདོ་རྣམས་ཡིན་ལ། འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་ཡུམ་དྲུག་དང་།  སྲས་བཅུ་གཅིག་གི་རྣམ་གཞག་མཛད་དོ། །ཡུམ་དྲུག་ནི།  སྟོང་ཕྲག་བརྒྱ་པ་དང་།  སྟོང་ཕྲག་ཉེར་ལྔ་པ་དང་།  ཁྲི་བརྒྱད་སྟོང་པ་སྟེ་རྒྱས་པ་སྐོར་གསུམ།  ཤེས་རབ་ཁྲི་པ་དང་།  བརྒྱད་སྟོང་པ་དང་།  ཡོན་ཏན་རིན་ཆེན་སྡུད་པ་སྟེ།  བསྡུས་པ་སྐོར་གསུམ་མོ། །སྲས་བཅུ་གཅིག་ནི།  ཤེར་ཕྱིན་བདུན་བརྒྱ་པ་དང་།  ཤེར་ཕྱིན་སུམ་བརྒྱ་པ་དང་།  ཤེར་ཕྱིན་བརྒྱ་ལྔ་བཅུ་པ་དང་།  ཤེར་ཕྱིན་ལྔ་བཅུ་པ་དང་། སྒོ་ཉེར་ལྔ་པ་དང་།  རབ་རྩལ་རྣམ་གནོན་གྱིས་ཞུས་པ་དང་།  ཀོའུ་ཤི་ཀས་ཞུས་པ་དང་།  ཡི་གེ་ཉུང་ངུ་མ་དང་།  ཡི་གེ་གཅིག་མ་དང་།  རྡོ་རྗེ་གཅོད་པ་དང་།  ཤེས་རབ་སྙིང་པོའོ། །ཞེས་གསེར་ཕྲེང་དང་མཐུན་པར་གསུངས། ཤཱཀ་མཆོག་གི་གཞུང་ལས་ཀྱང་གོ་རམས་པ་དང་མཐུན་པར་གསུངས་མོད་ཀྱི། དྲང་པོར་བཤད་ན། བོད་ཀྱི་མཁས་པ་རྣམས་ཀྱིས་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་གྲངས་འདྲེན་མཛད་ཀྱི་ཡོད་པ་དཀར་ཆག་འཕང་ཐང་མ་ལ་བརྟེན་ནས་ཤེས་ནུས་པ་དང་། ཡུམ་སྲས་བཅུ་བདུན་གྲངས་འདྲེན་ཇི་ལྟར་མཛད་པ་ནི་མཁས་པ་ཕྱི་མ་འདི་དག་གི་གསུང་ལས་ཀྱང་དཀར་ཆག་འཕང་ཐང་མ་ལས་གསལ་བ་ཉིད་ཁུངས་བཙན་པར་སྣང་ངོ་། །

ཤེར་ཕྱིན་ཡི་གེ་གཅིག་མ་ཞེས་པའི་མདོ་ཟུར་པ་འདི་སྔ་འགྱུར་ཡིན་ན་སྔོན་གྱི་དཀར་ཆག་ཆེན་མོ་གཉིས་ལས་མི་གསལ་བའི་རྒྱུ་མཚན་གང་ཡིན་ནམ། ཁྱད་པར་ཁོ་བོས་ཧྥ་རན་སིའི་རྒྱ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་གཟུགས་སུ་བསྐྲུན་པ་དེབ་ཆེན་བཅུ་བདུན་ཙམ་མཇལ་རྒྱུ་བྱུང་ཡང་། ཤེར་ཕྱིན་ཡི་གེ་གཅིག་མའི་སྐོར་གཏན་ནས་མི་བཞུགས་པར་སྣང་། འོན་ཀྱང་ཉང་གི་བཀའ་ཐང་དུ་སློབ་དཔོན་པདྨའི་དུས་སུ་བསྒྱུར་བར་བཤད་ཡོད། དམིགས་བསལ་དོ་སྣང་དགོས་པ་ཞིག་ལ། ཤེར་ཕྱིན་ཡི་གེ་གཅིག་མ་ཞེས་བོད་ཀྱི་གཞུང་ལུགས་ཀྱི་ཁྲོད་དུ་གྲགས་ཤིང་གྲུབ་ཅིང་འགྲེལ་པ་ཡང་ཁ་ཤས་ཡོད་པ་ཙམ་ལས། རྒྱ་གར་གྱི་པཎྜི་ཏའི་གཞུང་ལུགས་རྣམས་སུ་ཤེར་ཕྱིན་ཡི་གེ་གཅིག་མའི་འགྲེལ་པ་ཡོད་པ་ལྟ་ཅི། ཐ་ན་འདིའི་ཐ་སྙད་དང་འདི་ལྟ་བུའི་ཤེར་མདོ་ཤིན་ཏུ་བསྡུས་པ་ཞིག་ཡོད་པའི་སྐོར་གྱི་བཤད་པ་ཟུར་ཙམ་ཡང་མི་སྣང་བའི་རྒྱུ་མཚན་གང་ཡིན་ནམ། རྒྱ་ནག་གི་བཀའ་འགྱུར་དང་རྒྱ་ནག་ཏུ་དམ་ཆོས་འགྱུར་རོ་ཅོག་གི་དཀར་ཆག་རྣམས་སུ་ཡང་འདི་ལྟ་བུའི་ཤེར་མདོ་ཞིག་མི་གསལ་བས་རྒྱ་ནག་ཏུ་མ་འགྱུར་བའི་རྒྱུ་མཚན་གང་ཡིན་ནམ། སྤྱིར་ཡི་གེ་ཨ་དང་འབྲེལ་བའི་གདམས་ངག་མདོ་སྔགས་གཉིས་ཀའི་སྐབས་སུ་རྒྱ་ཆེར་གསུངས་ཀྱང་། དོན་ངོ་མར་ཤེར་ཕྱིན་ཡི་གེ་གཅིག་མ་ཞེས་མགོར་གླེང་གཞི་དང་བར་དུ་ཡི་གེ་ཨ་བཞུགས་པ་མཐར་མཇུག་ཏུ་མཐུན་འགྱུར་ཡི་རངས་དང་བཅས་པ་ཡོད་པའི་མདོ་ཆུང་ཆུང་འདི་འདྲ་ཞིག་ཡོད་དམ། ཡོད་ན་ནཱ་ལེནྡྲའི་པཎ་གྲུབ་ཀྱི་གཞུང་ལུགས་རྣམས་སུ་མདོ་འདིའི་སྐོར་གྱི་བཤད་པ་ཟུར་ཙམ་ཡང་མི་འབྱུང་བའི་རྒྱུ་མཚན་གང་ཡིན་ནམ།

༣ ཤེར་ཕྱིན་ཡི་གེ་གཅིག་མའི་གླེང་གཞིའི་སྐོར་གྱི་དཔྱད་ཞིབ་ཕྲན་བུ།

མདོ་འདིའི་གླེང་གཞིའི་སྐོར་ལ་དཔྱད་ཞིབ་དགོས་པའི་རྒྱུ་མཚན་ནི། རིག་གཞུང་གང་ཡིན་ཡང་དེ་ཐོག་མར་ཇི་ལྟར་བྱུང་བའི་རིམ་པ། བར་དུ་འགྲོ་དོན་རྒྱས་པའི་རིམ་པ། ཐ་མ་དེ་ལ་བརྟེན་པའི་ཕན་གནོད་གྱི་རིམ་པ་སོགས་མང་དུ་ཡོད་པ་ལ། གླེང་གཞི་ནི་གཞུང་འདི་ཐོག་མར་ཇི་ལྟར་བྱུང་བའི་རིམ་པ་བཤད་པ་ཞིག་ཡིན་པས་གཞུང་འདིའི་སྐོར་ལ་རྒྱུས་ལོན་གནད་སྨིན་ཞིག་དགོས་ཚེ། ངེས་པར་གླེང་གཞིའི་སྐོར་ལ་དོ་སྣང་མ་བྱས་རང་བྱས་ཆགས་ཡོད། སྐབས་འདིར་མདོ་འདིའི་གླེང་གཞིའི་སྐོར་ལ་དཔྱད་བརྗོད་ཕྲན་བུ་ཞིག་བྱས་ན་འདི་ལྟ་སྟེ། ཐོག་མར་མདོ་ཉིད་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་འདི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཟུང་ཤིག །ཅེས་མདོ་རྒྱུ་སྤྱི་མཐུན་ལྟར་ཕུན་ཚོགས་ལྔ་ལྡན་གྱི་སྒོ་ནས་གླེང་གཞི་གསུངས་ཡོད། དུས་ཕུན་སུམ་ཚོགས་པ་ཆོས་འདི་གསུངས་ཤིང་ཐོས་པའི་དུས། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པ། གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི། འཁོར་ཕུན་སུམ་ཚོགས་པ་ཀུན་དགའ་བོས་གཙོས་པའི་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོ། ཆོས་ཕུན་སུམ་ཚོགས་པ་ཤེར་ཕྱིན་ཡི་གེ་གཅིག་མ་ཞེས་བྱ་བའོ། །དེ་ལ་ཆོས་ཕུན་སུམ་ཚོགས་པ་ཡི་གེ་ཨའི་འགྲེལ་བཤད་སྐོར་གྱི་དཔྱད་པ་རྣམས་རེ་རེ་བཞིན་འོག་ཏུ་འཆད་པར་འགྱུར་བས་འདིར་མི་གླེང་། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པའི་སྐུ་འཁྲུངས་འདས་ཀྱི་སྐོར་དང་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བ་སོགས་ཀྱི་དཔྱད་པ་ཡང་གཞན་དང་གཞན་དུ་རྒྱ་ཆེར་འབྱུང་བས་རེ་ཞིག་འདིར་མི་གླེང་། ཆོས་ཚུལ་འདི་ཉིད་དང་འབྲེལ་བ་ཟབ་པའི་ཆོས་འདི་གསུངས་པའི་དུས་དང་འཁོར་དང་གནས་ཀྱི་སྐོར་བཅས་ལ་ཅུང་ཟད་ཅིག་དཔྱད་ན་ལྐོག་ཏུ་ཡིབ་པ་ལྟ་བུའི་དཀའ་གནད་འགའ་ཞིག་གསལ་པོར་ཆགས་ངེས། དེ་ལ་ཐོག་མར། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་སོགས་ཀྱི་སྐབས་སུ་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་པའི་སྒོ་ནས་མདོ་འདིའི་གླེང་གཞི་བརྗོད་ཡོད་པས་སྐབས་དེ་ནས་མདོ་འདིའི་བྱུང་བ་བཤད་ཡོད་པ་ཡིན་མོད། སྔོན་གྱི་མཁས་པ་རྣམས་གཅིག་མཐུན་གྱི་བཞེད་པ་མེད་པར་འདོད་ཚུལ་ཐ་དད་པ་དུ་མ་ཡོད་པ་བསྟན་བཅོས་ཁག་ལ་བལྟས་པས་ཤེས་ནུས་པ་ཞིག་གོ། །ཁྱད་པར་དུ་དེར་མདོ་འདི་སྡུད་པ་པོའི་སྐོར་བརྗོད་པ་ཡིན་པས་བདག་ཅེས་པ་ནི་མདོ་འདིའི་སྡུད་པ་པོ་ལའོ། །

ཤེར་ཕྱིན་གྱི་མདོ་ཤིན་ཏུ་བསྡུས་པ་ཡི་གེ་གཅིག་མའི་མདོ་འདིའི་སྡུད་པ་པོའི་སྐོར་ལ་བཞེད་པ་འདྲ་མིན་ཡོད་པ་ཆེར་མ་མཐོང་ཡང་། སྤྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ཀྱི་སྡུད་པ་པོ་སུ་ཡིན་གྱི་སྐོར་ལ་བཤད་པ་མི་མཐུན་པ་ཧ་ཅང་མང་། དེ་ལ་ཤྲཱི་མ་ཧཱ་ཛ་ནའི་ཤེར་སྙིང་གི་འགྲེལ་པ་ལས། འདི་ཉིད་ཀྱང་རིན་ཆེན་འབྱུང་གནས་ཞི་བས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ཅན། འཕགས་པ་ཀུན་དགའ་བོ་སྡུད་པ་པོ་ཡིན་ནོ་ཞེས་བརྗོད་དོ། །འོ་ན་སྡུད་པ་པོ་ཅིའི་དོན་དུ་ཡིན་ཞེ་ན། འདྲི་བ་པོ་ཙམ་དུ་ཟད་དོ། །ཞེས་མདོ་འདིའི་སྡུད་པ་པོ་ཀུན་དགའ་བོ་ཡིན་པར་གསུངས། སློབ་དཔོན་རྣམ་གྲོལ་སྡེ་དང་སེང་གེ་བཟང་པོས་ནི་ཀུན་དགའ་བོས་རང་སྟོབས་ཀྱིས་མདོ་འདི་ཐོས་མི་ནུས་ཀྱང་སངས་རྒྱས་ཀྱི་བྱིན་རླབས་ཀྱི་སྟོབས་ཀྱིས་འཛིན་ནུས་པར་གསུངས་པས་ཀུན་དགའ་བོ་སྡུད་པ་པོར་གསུངས་ཤིང་། ཁྱད་པར་དུ་ཤེར་ཕྱིན་བསྡུས་པ་འཕགས་པ་བརྒྱད་སྟོང་པའི་ལེའུ་ཉེར་བརྒྱད་པ་མེ་ཏོག་བཀྲམས་པའི་ལེའུ་དང་ལེའུ་སོ་གཉིས་པ་ཡོངས་གཏད་ཀྱི་ལེའུ་གཉིས་སུ་མདོ་ཉིད་ལས་ཤེར་ཕྱིན་འདི་ཀུན་དགའ་བོ་ལ་གཏད་པའི་ལུང་གི་རྗེས་སུ་འབྲངས་ཏེ་ཤེར་ཕྱིན་གྱི་མདོ་ཐམས་ཅད་སྟོན་པ་འདས་རྗེས་ཀུན་དགའ་བོས་སྡུད་པར་བཞེད་ཅིང་། ལྷག་པར་སྙིགས་དུས་ཀྱི་སྟོན་པ་ཆེན་པོ་སློབ་དཔོན་ཤཱནྟི་པས་ཀྱང་སྟོན་པས་བྱིན་གྱིས་བརླབ་པ་ལ་བརྟེན་ནས་ཀུན་དགའ་བོས་བསྡུས་པར་བཞེད་དོ། །འོན་ཀྱང་པཎ་ཆེན་ཛྙཱ་ན་མི་ཏྲའི་ཤེས་རབ་སྙིང་པོའི་འགྲེལ་པ་ལས་ནི་ཤེར་ཕྱིན་གྱི་མདོ་ཡོངས་ཀྱི་སྡུད་པ་པོ་ནི་འཕགས་པ་འཇམ་དཔལ་ཡིན་པར་བཞེད། ཡང་ཤེར་མདོ་རྣམས་བཅོམ་ལྡན་འདས་མྱ་ངན་ལས་འདས་རྗེས་ལྷ་གནས་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་དཔལ་ཕྱག་ན་རྡོ་རྗེ་སོགས་ཀྱིས་བསྡུས་པར་སློབ་དཔོན་ཕྱོགས་ཀྱི་གླང་པོས་བཞེད་པ་ཡིན་ཞེས་པཎྜི་ཏ་མ་ཧཱ་ཛ་ནའི་ཤེར་སྙིང་གི་འགྲེལ་པ་ལས་གསལ་མོད་ཕྱོགས་གླང་གི་གཞུང་གང་དུ་གསུངས་ཡོད་མེད་ཁ་གསལ་མེད། ཇོ་ནང་རྗེ་བཙུན་ཆེན་པོ་ཡང་སློབ་དཔོན་འདིའི་རྗེས་སུ་འབྲངས་ཏེ་སྡུད་པ་པོར་ཕྱག་རྡོར་ཡིན་པར་བཞེད་པ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཀྱང་ཤེར་མདོ་ཉན་ཐོས་ཀྱི་སྤྱོད་ཡུལ་མིན་པས་དེ་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཡིན་པར་འདོད་པ་སོགས་མཁས་པའི་གསུང་ཟིན་མི་འདྲ་བའང་དུ་མ་སྣང་། དེ་ལྟར་ན་དེང་དུས་ཀྱི་ཉམས་ཞིབ་པ་རྣམས་དོགས་པ་ཟ་བ་ལའང་ཁག་མེད་དེ། མདོ་ཉིད་ཀྱི་བྱུང་ཁུངས་ཡང་གསལ་པོ་མེད་ན་མདོ་འདིའི་བྱུང་ཁུངས་ཀྱི་ཐད་ལ་དཔྱད་པ་རེ་ལོས་བྱེད་འོས་ཞེས་པ་འདིའོ། །བྱུང་ཁུངས་གསལ་པོ་མེད་པའི་གནད་དོན་ཡང་གོང་གསལ་ལྟར་མདོ་འདི་དག་གི་སྡུད་པ་པོ་གང་ཡིན་ཙམ་ལའང་ཐུན་མོང་དུ་ཁས་ལེན་ཐུབ་པའི་བཤད་སྟངས་མེད་པའི་གནད་དོན་ཞིག་ཡོད་འདུག་པས་སོ་ཞེས་ཟེར། ཡང་བོད་ཀྱི་མཁས་པ་ལ་ལས་འདི་ལྟར་ཟེར་ཏེ། ཤེར་མདོ་རྣམས་ཀྱི་སྡུད་པ་པོ་ལ་ཀུན་དགའ་བོར་འདོད་པ་ཉིད་ལེགས་ཏེ། སྤྱིར་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་དང་ཆོས་རྣམས་སྟོན་པ་འདས་རྗེས་ལོ་བཞི་བཅུའི་བར་དུ་སྟོན་པ་བཞུགས་པའི་དུས་ལྟར་མིའི་ཡུལ་དུ་གནས། དེ་ལྟར་གནས་པར་བྱེད་པའི་ཁུར་སྟོན་པས་འོད་སྲུང་ཆེན་པོ་ལ་གཏད་པ་དང་། འོད་སྲུང་ཆེན་པོ་ལ་དེ་ལྟར་ནན་ཏན་གྱིས་གདམས་པའི་ཚུལ་རྔ་བོ་ཆེའི་མདོ་དང་སྤྲིན་ཆེན་པོའི་མདོ་ལས་གསུངས།

འོད་སྲུང་ཆེན་པོས་བཀའ་བསྡུ་དང་པོ་མཛད་པའི་ཚེ་ཀུན་དགའ་བོ་ལ་གཏད་ཅིང་མདོ་སྡེ་སྡུད་པར་བཀའ་གནང་ནས། ཀུན་དགའ་བོས་མདོ་སྡེ་སྡུད་པར་ཐེག་པ་ཆེ་ཆུང་དང་། སྡེ་བ་ཐམས་ཅད་ལ་གྲགས་པ་ལྟར་དང་། དེའི་ཕྱིར་ཀུན་དགའ་བོས་ཐེག་པ་ཆེ་ཆུང་གི་མདོ་སྡེ་ཐམས་ཅད་སྡུད་པར་ངེས་པས་ཤེར་མདོ་ལ་སོགས་པ་རྣམས་ཀྱང་ཀུན་དགའ་བོས་བསྡུས་པར་བཞེད་པ་ལ་སྐྱོན་ཡོད་པ་མ་ཡིན་ཞེས་ཟེར་ཞིང་། དེ་ལྟར་ན་སྔ་མ་རྣམས་ཀྱིས་བཞེད་པ་ལྟར་ཡི་གེ་གཅིག་མའི་མདོ་འདིའང་ཀུན་དགའ་བོས་བསྡུས་པས་མདོ་འདིའི་སྡུད་པ་པོར་ཀུན་དགའ་བོ་བཞག་ན་འགྲིག་ཅེས་ཟེར། འདི་ལ་མདོ་རང་ལས་གསལ་བའི་ཁུངས་ཡོད་ཅེས་བཤད་མོད། འོན་ཀྱང་བཤད་སྲོལ་འདི་ལ་དོགས་པ་གཏན་ནས་མེད་པའང་མ་ཡིན་ཏེ། སྟོན་པ་སངས་རྒྱས་པའི་ཉིན་མོ་སྟེ་ས་ག་ཟླ་བའི་ཚེ་བཅོ་ལྔ་ལ་གྲགས་འཛིན་མ་ལ་སྒྲ་གཅན་འཛིན་འཁྲུངས་པ་དང་དུས་མཉམ་དུ་བདུད་རྩི་ཟས་ལ་བུ་ཞིག་སྐྱེས་པ་དེ་ཀུན་དགའ་བོ་ཡིན་ཞིང་། དེ་ལྟར་ན་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས་གསལ་བ་ལྟར་ན་སྟོན་པ་སངས་རྒྱས་པའི་ཕྱི་ལོར་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་རྩ་རྒྱུད་གསུངས་པ་དང་དུས་མཉམ་དུ་བྱ་རྒོད་ཕུང་རིར་ཤེར་མདོ་གསུངས་པར་གསལ་བས་དེ་ལྟར་ན་ཀུན་དགའ་བོ་སྐྱེས་ནས་ཟླ་ཤས་ལས་མ་སོང་བས་ཇི་ལྟར་བཀའ་བསྡུ་མཛད་ཅེས་དོགས་སློང་མཛད་མཁན་ཡོད། འོན་ཀྱང་ཤེར་མདོ་ལས་འཁོར་རྣམ་བཞི་ཡང་ཡང་འབྱུང་བ་དང་ཤེར་མདོ་སྟོན་པ་སངས་རྒྱས་པའི་ཕྱི་ལོར་གསུངས་ཞེས་པ་འགལ་ཏེ། འཁོར་རྣམ་བཞིའི་ནང་ཚན་གྱི་དགེ་སློང་མ་དང་པོ་ནི་སྟོན་པའི་མ་མ་སྐྱེ་དགུ་བདག་མོ་ཡིན་ལ། དེ་ནི་ཉན་ཐོས་འོད་སྲུང་ཆེན་པོས་ཀུན་དགའ་བོ་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསྙེན་པར་རྫོགས་པའི་རྗེས་སུ་ཀུན་དགའ་བོས་སྟོན་པ་ལ་སྐྱེ་དགུ་བདག་མོ་དགེ་སློང་མར་བསྙེན་པར་རྫོགས་དགོས་པའི་ཞུ་བ་ལན་མང་མཛད་པ་ལ་བརྟེན་ནས་སྟོན་པས་དགེ་སློང་མའི་བསྙེན་པ་དང་པོར་རྫོགས་པས། ད་ཆོག་ཉེས་མེད་ཕུན་ཚོགས་ཀྱིས་བསྙེན་པར་རྫོགས་པར་བསྒྲུབ་བྱར་ལོ་ཉི་ཤུར་ལོན་དགོས་པའི་ཕྱིར་དང་། ད་ལྟའི་ཆོ་ག་ཡང་སྟོན་པ་སངས་རྒྱས་ནས་ལོ་དྲུག་པར་ཐོག་མར་བྱུང་བར་མདོ་རང་ལས་གསལ་བའི་ཕྱིར་དང་། ཤཱ་རིའི་བུས་འཆར་ཀ་ད་ཆོག་གིས་ཐོག་མར་བསྙེན་པར་རྫོགས་ཏེ་འཆར་ཀས་ཕོ་ཉ་མཛད་ཏེ་ཡབ་སྲས་མཇལ་བར་ཡང་མདོ་རང་ལས་གསལ་བའི་ཕྱིར་ཟེར། གནད་དེ་དག་གི་དབང་གིས་འདི་དག་གི་ཐད་ལ་དཔྱད་གཞི་ཁོ་ནར་ལུས་ཡོད་པའང་གནད་དོན་ཆེན་པོ་ཞིག་རེད།

ཡང་མཁས་པ་ལ་ལས་ནི་ཤེར་མདོ་ཐོག་མར་གསུངས་དུས་ཀུན་དགའ་བོ་མེད་ཀྱང་ཕྱིས་སུ་གསུང་པའི་དུས་སུ་ཡོད་པའི་ཞིབ་ཆ་འབྱེད་དགོས་ཞེས་ཟེར་མོད། བརྒྱད་སྟོང་པའི་གླེང་གཞི་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ། དགེ་སློང་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་དགེ་སློང་གི་དགེ་འདུན་ཆེན་པོ་དག་དང་ཐབས་གཅིག་གོ། །ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། ཞེས་པ་ནས། སེམས་ཅན་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཐོབ་པ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ། །ཞེས་གསུངས་པས་ཐོག་མར་གསུངས་པའི་གླེང་གཞི་ཡིན་ན་ཀུན་དགའ་བོ་ཡོད་པར་འགལ་ཞིང་། ཕྱིས་སུ་གསུངས་པའི་གླེང་གཞི་ཡིན་ན་ཀུན་དགའ་བོ་དགྲ་བཅོམ་མ་ཡིན་པར་བཤད་པ་འགལ་བས་བརྟགས་དགོས་ཞེས་ཀྱང་ཟེར། འབུམ་དམ་ཉི་ཁྲི་ཁྲི་བརྒྱད་སྟོང་པ་སོགས་ལས་ཀྱང་འཁོར་དུ་ཀུན་དགའ་བོ་མེད་པ་ལྟར་གསུངས་ཡོད། མདོ་དེ་དག་གི་གླེང་གཞིའི་སྐབས་སུ་ཀུན་དགའ་བོ་མེད་པར་གསལ་བ་ལས་གཞུང་དངོས་ཀྱི་སྐབས་སུ་ཀུན་དགའ་བོ་ལ་གསུངས་པའི་རྣམ་གྲངས་ཀྱང་ཧ་ཅང་མང་པོ་ཡོད་པས། ཡང་སྙིང་འདིའི་གནད་དོན་དེ་ཅི་འདྲ་ཞིག་ཡིན་ནམ། ཡང་ཀུན་དགའ་བོ་ག་དུས་འཁྲུངས་མིན་ལའང་དོགས་གཞི་ཁོ་ན་ལས་ཐག་ཆོད་པའི་རྣམ་བཞག་ཅི་ཡང་མེད་པ་སྟེ། བུ་སྟོན་ཆོས་འབྱུང་དུ་སངས་རྒྱས་རབ་ཏུ་མ་བྱུང་བའི་སྔོན་ནས་ཀུན་དགའ་བོ་ཡོད་པར་བཤད་ཅིང་མདོ་རྒྱ་རོལ་རང་ལས་གསལ་བས་དཔྱད་གཞིར་ལུས་ཡོད། ཡང་ཀརྨ་པཀྵིས་ཀུན་དགའ་བོ་ཤེར་མདོའི་སྡུད་པ་པོ་མི་རུང་བའི་རྒྱུ་མཚན་དུ་ཁོང་དགྲ་བཅོམ་པ་མ་ཐོབ་པས་ཡིན་ཞེས་གསུངས་ཡོད། ཁོང་གིས་མཛད་པའི་ཞུས་ལེན་རྒྱ་མཚོ་མཐའ་ཡས་ལས། ཁྱོད་སྡེ་སྣོད་འཛིན་པར་ཁས་ལེན་པ་ཆོས་ཅན། སྡེ་སྣོད་གསུམ་གྱི་སྒྲ་དོན་ཤེས་མི་ཤེས་ཤིང་རང་རྒྱུད་མ་ཐུལ་བ་སྡེ་སྣོད་འཛིན་པ་མ་ཡིན་པར་དམ་བཅའ། གཏན་ཚིགས་ཅིའི་ཕྱིར་ན། སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་གྱི་གཞུང་ལུགས་དང་མི་མཐུན་པའི་ཕྱིར་རོ། །གཏན་ཚིགས་ཅིིའི་ཕྱིར་ན། འཕགས་པ་བརྒྱད་སྟོང་པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་དགྲ་བཅོམ་པ་གྲངས་མེད་གཅིག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་བས། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ། །ཞེས་གསུངས་པ་ལས། ཀུན་དགའ་བོ་དགྲ་བཅོམ་པའི་འབྲས་བུ་མ་ཐོབ་པ་ལ་ཞེས་གསུངས་པ་ཡིན། ལུང་དང་བསྟན་བཅོས་མང་པོ་ལ་མཁས་ཤིང་བཤད་པ་དང་སྒོམ་པ་ཆོས་ཅན། དེའི་མ་རྟོགས་ཤིང་དགྲ་བཅོམ་པའི་འབྲས་བུ་མ་ཐོབ་ན། ཆོས་ལ་མཁས་པ་མཚན་ཉིད་དང་ལྡན་པ་མ་ཡིན་པར་དམ་བཅའ། གཏན་ཚིགས་ཅིའི་ཕྱིར་ན། གཟུངས་གྲ་ལྔ་ལས། མང་དུ་ཐོས་པ་གསང་སྔགས་འཆང་། །ཀུན་དགའ་བོ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་པའི་ཕྱིར་ན་ཀུན་དགའ་བོ་ཡང་སྔགས་མཚན་ཉིད་གཉིས་ཀ་ཤེས་ཀྱང་དགྲ་བཅོམ་པའི་འབྲས་བུ་མ་ཐོབ་པའི་ཕྱིར་ན་བཀའ་བསྡུ་བའི་རྟེན་དུ་མི་རུང་བའི་ཕྱིར་རོ། །ཞེས་གསུངས།

འོན་ཀྱང་ཁོང་གིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རབ་དབྱེ་ལས། དེའི་ཕྱིར་ན། ཤཱཀྱ་ཐུབ་པ་ཆོས་ཐམས་ཅད་འདུ་བ་དང་བྲལ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱིན་གྱིས་བརླབས་པའི་ཕུན་སུམ་ཚོགས་པ་རྣམས་ལྔའི་ལྟས་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་ནི། འདི་ལྟ་སྟེ། འདི་མན་ཆད་ཤཱཀྱ་ཐུབ་པས་བྱིན་བརླབས་པའི་བཀའ་ཆེན་པོའི་ཚོགས་རྣམས་ཀུན་དགའ་བོས་ཐོས་ཤིང་རིག་ཅིང་རྟོགས་པའི་ཚད་རྣམས། འཁོར་ཕུན་སུམ་ཚོགས་པ་ལ་ཀུན་དགའ་བོས། ཚད་རྟོགས་ཚད་གསུངས་པའི་ཆོས་ཐམས་ཅད་དཔེ་ཡིས་མཚོན་པའི་ཕྱིར་ན། ཤཱཀྱ་ཐུབ་པས་མ་གསུངས་དགའ་བོས་བྱིན་གྱིས་བརླབས་ཀྱིས་གོ་ཞིང་བཤད་ཟེར་བ་ཡང་མི་ལེགས་པ་ལ། གང་ཟག་གིས་ཚིག་རེའི་ལྷད་མ་ཞུགས་པར་ཐལ་རིགས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞུ་བ་པོ་དག་བཅོམ་ལྡན་འདས་རྒྱལ་པོའི་རི་བྱ་རྒོད་ཕུང་པོ་ལ་དགེ་སློང་ལྔ་སྟོང་ཙམ་གྱི་དགེ་འདུན་ཆེན་པོ་དང་ཐབས་གཅིག་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ་དབང་དུ་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ་བྱ་བ་བྱས་པ། མ་རིག་པའི་ཁུར་བོར་བ། རང་གི་དོན་རབ་ཏུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཞེས་སོགས་དང་། ཡང་གཞུང་དེ་ཉིད་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་བསྩལ་པ། ཀུན་དགའ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་འདི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པར་གཟུང་བར་བྱ་བའི་ཕྱིར་ཟུང་ཤིག །ཀུན་གཞི་རིག་པར་བྱ་བའི་ཕྱིར་འཆོང་ཤིག །ཀློག་ཅིག །ཀུན་ཆུབ་པར་གྱིས་ཤིག །གཞན་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་བདག་གིས་གཟུང་བར་བྱ། ཞེས་གསུངས་ཡོད། དེ་ལྟར་ན་བཤད་ཚུལ་གཉིས་པོ་ནང་འགལ་མིན་པར་བསམས་ཏེ་བཤད་ན། སྤྱིར་ཀུན་དགའ་བོ་བཀའ་བསྡུ་བའི་རྟེན་དུ་མི་རུང་ཡང་སངས་རྒྱས་ཀྱིས་བྱིན་གྱི་བརླབས་པའི་མཐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཀའ་རྣམས་ཀྱི་བསྡུ་བ་མཛད་པ་ཡིན་ཞེས་བཤད་དགོས་སམ་སྙམ་སྟེ། ཀརྨ་པཀྵིའི་གཞུང་དེ་ཉིད་ལས། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་ལ་ལེགས་པར་བྲིས་ཏེ། མེ་ཏོག་དང་། གདུགས་དང་། དྲི་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། བདུག་པ་དང་། རྒྱན་དང་བ་དན་དང་། ཁོ་ར་ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དང་། མཆོད་པ་རྣམས་པ་མང་པོས་བཀུར་བསྟིར་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ། བརྗོད་པར་བྱ། གསོལ་བར་བྱ་སྟེ། ཀུན་དགའ་བོ་འདི་ནི་ངའི་གདམས་ངག་གོ། །ཞེས་བཀོད་ཡོད་པ་ལས་དང་། ཤེར་ཕྱིན་ཡོངས་གཏད་ཀྱི་ལེའུར་ཤེར་ཕྱིན་འདི་ཀུན་དགའ་བོ་ཉིད་ལ་གཏད་པར་ཤིན་ཏུ་གསལ་ལོ། །ཨབྷྱ་ཀཱ་རའི་གནད་ཀྱི་ཟླ་འོད་ལས་ཀུན་དགའ་བོ་ལ་གཏད་པ་ནི་ཉན་ཐོས་རྣམས་ཀྱང་འཇིག་རྟེན་པ་ལ་སྤྱོད་པར་བྱེད་པའི་དོན་དུ་ཡིན་གྱི་ཆོས་སྡུད་པའི་དོན་དུ་མ་ཡིན་ཞེས་སོགས་རྒྱ་ཆེར་གསུངས་ཡོད།

དེ་ཡང་སྤྱིར་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་མཐུ་ལ་མ་བརྟེན་པར་ཀུན་དགའ་བོ་དང་ཤཱ་རིའི་བུ་སོགས་ལ་སོགས་པས་ཡུམ་མདོ་འདི་དག་བཟུང་མི་ནུས་པར་གསུངས་ཤིང་། བརྒྱད་སྟོང་པ་ལས་ཀྱང་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་མཐུ་ལ་མ་བརྟེན་པར་ཤཱ་རིའི་བུ་ལ་སོགས་པས་མདོ་འདི་བཟུང་མི་ནུས་པར་གསུངས་ཡོད། འོན་ཀྱང་སྐབས་ལན་འགར་ཤཱ་རིའི་བུ་དང་ཀུན་དགའ་བོ་རྣམས་ཉན་ཐོས་བཏགས་པ་བ་སྟེ་སྤྲུལ་པའི་ཉན་ཐོས་ཡིན་པར་ཡང་གསུངས་པས། དེ་ལྟར་ན་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་མཐུ་ལ་མ་བརྟེན་པར་ཡང་བཟུང་ནུས་པར་འདུག་པས་དོན་ངོ་མ་གང་འདྲ་ཡིན་ནམ། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་སྒྲོལ་གསལ་ལས་ནི་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའམ་དཔལ་ཕྱག་ན་རྡོ་རྗེ་ཉིད་ཡིན་པ་དང་ཀུན་དགའ་བོའི་ཚུལ་གྱིས་མཚན་ཉིད་ཐེག་པའི་བཀའ་རྣམས་ཀྱི་སྡུད་པ་པོ་དང་ཕྱག་ན་རྡོ་རྗེའི་ཚུལ་གྱིས་གསང་བ་སྔགས་ཀྱི་བཀའ་རྣམས་སྡུད་པ་པོ་ཡིན་པར་གསུངས་ཤིང་། དེ་དང་མཐུན་པར་མི་ཏྲཻ་པས་མཛད་པའི་མི་ཟད་པའི་གཏེར་མཛོད་ཀྱི་གླུའི་འགྲེལ་པ་ལས་ཀྱང་ཀུན་དགའ་བོ་འདི་སྤྲུལ་པའི་ཉན་ཐོས་ཡིན་པར་གསུངས་ཡོད། གཞན་ཡང་སྡོམ་འབྱུང་གི་དཀའ་འགྲེལ་པདྨ་ཅན་ལས་ཀྱང་འདི་དག་ཉན་ཐོས་ཀྱི་ཚུལ་འཛིན་པ་ལས་ཉན་ཐོས་ཉིད་མ་ཡིན་ཞེས་གསུངས་པ་སོགས་ཧ་ཅང་མང་པོ་དང་། མདོ་སྡེ་རྒྱན་ལས་ས་ཐོབ་པའི་བྱང་སེམས་རྣམས་ཀྱིས་ཉན་ཐོས་ཀྱི་ཚུལ་འཛིན་པ་ལ་སྤྲུལ་པའི་ཉན་ཐོས་སུ་བཞག་ཡོད་པས། དེ་ལྟར་ན་ཀུན་དགའ་བོ་དང་ཤཱ་རིའི་བུ་སོགས་ལ་དམིགས་བསལ་སངས་རྒྱས་ཀྱི་མཐུས་ཡུམ་གྱི་དོན་ལ་དྲི་བ་དང་དྲིས་ལན་མཛད་དགོས་ཚུལ་གསུངས་པ་ཡང་ཚུལ་འཛིན་པ་ཙམ་ལ་བཤད་པ་ཡིན་ན་མ་གཏོགས། ཅི་སྟེ་སྤྲུལ་པའི་ཉན་ཐོས་ཡིན་ན་བྱང་ཆུབ་སེམས་དཔའ་གཞན་རྣམས་དང་འདྲ་བར་འདི་རྣམས་ཀྱིས་ཀྱང་ཡུམ་གྱི་དོན་བཟུང་ནུས་པ་འདྲ། ཤེར་ཕྱིན་ཡི་གེ་གཅིག་མ་རང་ལས་གསལ་བ་ལྟར་ན་མདོ་འདི་ཀུན་དགའ་བོ་ལ་གཏད་པ་ཧ་ཅང་གསལ་པོ་ཡིན། ཤེར་ཕྱིན་ཡི་གེ་གཅིག་མ་ཞེས་པ་འདི་གསུངས་པའི་དུས་སུ་བརྒྱད་སྟོང་པ་སོགས་དང་འཁོར་གྲངས་མཉམ་པ་ཡིན་ཞེས་བཅོམ་ལྡན་རིག་རལ་གྱི་ཡི་གེ་གཅིག་མའི་འགྲེལ་པར་གསལ་འདུག་ཀྱང་། མདོ་རང་ལ་བལྟས་ན་འཁོར་གྱི་གྲངས་ཚད་མི་མཉམ་པར་ཧ་ཅང་གསལ་ཏེ། མདོ་འདིར། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཞེས་གསལ་བ་དང་། བརྒྱད་སྟོང་པར་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དག་དང་ཐབས་ཅིག་ཏུ་བཞུགས་ཞེས་གསལ། སངས་རྒྱས་ཀྱིས་འཁོར་རྣམས་ལ་ཆོས་གསུང་བདོ་ཙ་ཞིག་ན་མདོ་འདི་གསུངས་པ་ཡིན་ཞེས་ས་ཆེན་ཀུན་དགའ་སྙིང་པོས་མཛད་པའི་ཡི་གེ་གཅིག་མའི་འགྲེལ་པ་ན་གསལ། གང་ལྟར་མདོ་འདི་རང་རྐང་དུ་གསུངས་པ་ཞིག་ཡིན་མིན་ཡང་དཔྱད་དགོས་པའི་གནས་སུ་གྱུར་ཡོད། གྲུབ་ཀརྨ་པཀྵིའི་ཡིག་ཆ་ལས་གསལ་བ་ལྟར་ན་དབང་པོ་རབ་ཀྱི་རབ་རྣམས་ཀྱི་དོན་དུ་ཡི་གེ་གཅིག་མ་འདི་གསུངས་ཞེས་གསུངས་པས་དེ་ལྟར་ན་ཡུམ་རྒྱས་འབྲིང་མ་གསུངས་པའི་སྔོན་ནས་མདོ་འདི་གསུངས་པ་འདྲ་ཞིག་གོ་ཐུབ་བམ་སྙམ། ཁྲི་བརྒྱད་སྟོང་པའི་ལེའུ་བཅུ་དྲུག་པ་གཟུངས་ཀྱི་སྒོར་འཇུག་པའི་ལེའུར་རབ་འབྱོར་གཟུངས་ཀྱི་སྒོ་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེ་ལ་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་གསུངས་པས་དེར་བསྟན་པའི་ཡི་གེ་གཅིག་མ་དང་འདིར་ཟུར་དུ་བསྟན་པ་གཉིས་ལ་དམིགས་བསལ་མི་འདྲ་སའི་ཁྱད་ཆོས་དང་དགོས་པ་ག་རེ་ཡོད་དམ། དེ་བཞིན་དུ་ཉི་ཁྲིའི་རྟག་ངུའི་ལེའུ་དང་རབ་རྩལ་རྣམ་གནོན་ལས་ཀྱང་ཨ་ཡི་ཡི་གེ་ལ་འཇུག་པའི་ཚུལ་སོགས་གསུངས་སོ། །

དེ་ཡང་ཀརྨ་པཀྵིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རབ་དབྱེ་ལས། ཀུན་གཞི་ཀུན་འབྱུང་བའི་ཆོས་ཐམས་ཅད་ལ་མ་རིག་པའི་ཡི་གེ་ཨའི་གཤིས་དབྱིངས་ངོ་བོ་རང་བཞིན་མཚན་ཉིད་ལྔར་གནས་པ་དེ། རང་རིག་པའི་ཡེ་ཤེས་ཨ་རིག་ཅིང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱ་བའི་ཕྱིར། ཨ་ཡི་གེ་གཅིག་མའི་མདོ་སངས་རྒྱས་ཀྱིས་གསུངས་ཤིང་བྱིན་གྱིས་བརླབས་པའི་དབང་པོ་རབ་ཀྱི་རབ་རྣམས་ཀྱིས་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པའོ། །དབང་པོ་རབ་ཀྱི་འབྲིང་རྣམས་ཀྱིས་ཀུན་གཞི་ཨ་རིག་ཅིང་རྟོགས་པའི་ཐབས་སུ་ཉི་མ་དང་ཟླ་བའི་མདོ་དང་། ཀོའུ་ཤི་ཀའི་མདོ་དང་། ཤེས་རབ་སྙིང་པོོ་གསུངས་ཤིང་བྱིན་གྱིས་བརླབས་པ་ཡིས། ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་རིག་ཅིང་རྟོགས་པ་སྟེ། དབང་པོ་རབ་ཀྱི་མཐའ་མ་རྣམས་ཀྱིས་རང་ཉིད་ཀྱི་ཀུན་གཞི་དངོས་པོ་ཀུན་འབྱུང་བའི་ཆོས་ཅན་རིག་ཅིང་རྟོགས་པའི་ཐབས་སུ་རྡོ་རྗེ་གཅོད་པ་སྡུད་པ་རབ་རྩལ་རྣམ་པར་གནོན་པས་ཞུས་པའི་མདོ་གསུངས། སངས་རྒྱས་ཀྱིས་གསུངས་ཤིང་བྱིན་གྱིས་བརླབས་པ་ཙམ་གྱིས་ཀུན་གཞི་ཀུན་རིག་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དབང་པོ་འབྲིང་གི་རབ་རྣམས་ཀྱིས་རང་གི་སེམས་ཉིད་རྟོགས་པའི་ཐབས་སུ་སངས་རྒྱས་ཉིད་ཀྱིས་འཕགས་པ་བརྒྱད་སྟོང་པ་གསུངས་ཤིང་བྱིན་གྱིས་བརླབས་པ་སྟེ། གདུལ་བྱ་དབང་པོ་འབྲིང་གི་འབྲིང་དང་འབྲིང་གི་ཐ་མའི་དོན་དུ། ཁྲི་པ་དང་ཁྲི་བརྒྱད་སྟོང་པ་སངས་རྒྱས་ཉིད་ཀྱིས་གསུངས་ཤིང་བྱིན་གྱིས་བརླབས་པ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུས་ཤིང་རྟོགས་པའོ། །དེའི་ཕྱིར་ན། གདུལ་བྱ་དབང་པོ་ཐ་མའི་རབ་འབྲིང་གཉིས་ཀྱིས་དོན་དུ་སངས་རྒྱས་ཉིད་ཀྱིས་ཉི་ཤུ་ལྔ་པ་ཐམས་ཅད་བསྡུས་པ་ལས་ཅུང་ཟད་རྒྱས་པར་གསུངས་ཤིང་བྱིན་གྱིས་བརླབས་པ་ཡིས། ཀུན་གཞི་ཀུན་འབྱུང་བའི་ཆོས་ཅན་མ་རིག་པའི་ཚོགས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རིག་ཅིང་རྟོགས་པ་མངོན་སུམ་ཚད་མ། ཅིའི་ཕྱིར་ན། གདུལ་བྱ་དབང་པོ་ཐ་མའི་ཐ་མ་རྣམས་ཀྱི་དོན་དུ་སངས་རྒྱས་ཀྱིས་གསུངས་པ་དེ་རྣམས་མ་རིག་མ་རྟོགས་ན་འབུམ་རྒྱས་པ་ཤོ་ལོ་ཀ་འབུམ་ཡོད་པར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པར་གསུངས་ཤིང་བཤད་ཀྱང་། ཀུན་གཞི་ཀུན་འབྱུང་བའི་ཆོས་ཅན་མ་རིག་པའི་འཁྲུལ་འཁོར་འདི་རྣམས་ཆོས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕ་རོལ་ཕྱིན་པ་དང་མ་རྟོགས་པར་སྣ་ཚོགས་པར་འབྱུང་བར་ཐལ་རིགས། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གསུངས་ཤིང་བྱིན་གྱིས་བརླབས་པ་ནི། ཕ་རོལ་ཏུ་ཕྱིན་པ་ལ་རྒྱས་བསྡུས་ཐམས་ཅད་གཅིག་ཏུ་བསྡོམས་པ་དང་། རྣམ་གྲངས་སོ་སོར་འབྱེད་པའི་ཆིངས་ལྟ་བུ་སྟེ། ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་ཡིན་ལ། དེར་ཤེས་རབ་སྙིང་པོ་ནི་དབང་པོ་རབ་ཀྱི་འབྲིང་རྣམས་ཀྱི་དོན་དུ་གསུངས་པ་ཡིན་ཞེས་བཤད་པ་སོགས་རིམ་གྱིས་རྒྱས་པ་རྣམས་ནི་དབང་པོ་དམན་པ་རྣམས་ལ་གསུངས་པ་ཡིན་ཞེས་གསུངས་མོད། ཡོངས་གྲགས་ཀྱི་བཤད་སྲོལ་དེ་ལྟར་མ་ཡིན་པས་ཅུང་ཟད་དཔྱད་འོས། ཤེས་རབ་སྙིང་པོའི་མདོའི་གདུལ་བྱ་ནི་རྒྱས་འབྲིང་བསྡུས་གསུམ་གྱི་གདུལ་བྱ་ལ་ལྟོས་ན་དབང་པོ་དམན་པ་ལ་བྱ་དགོས་པ་པཎྜི་ཏ་ཤྲཱི་མ་ཧཱ་ཛ་ནའི་ཤེར་སྙིང་གི་འགྲེལ་པ་ནང་དུ་གསུངས་ཡོད་པས་མདོ་འདི་གསུང་སའི་འཁོར་ཙམ་ལ་ཉན་རང་ཡང་ཡོད་མོད། གསུངས་སའི་གདུལ་བྱ་གཙོ་བོ་ནི་བྱང་སེམས་འབའ་ཞིག་དང་དེ་ཡང་བྱང་སེམས་ཚོགས་ལམ་པ་ཁོ་ན་ཡིན་ཞེས་ཟེར་རོ། །

དེ་ལྟར་ན་འདི་ལྟར་གྲགས་ཏེ། གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབང་དུ་བྱས་ནས་གསུངས་པ། དང་པོ་ལ་ཤོ་ལོ་ཀ་འབུམ། གཉིས་པ་ལ་ཤོ་ལོ་ཀ་ཉིས་ཁྲི། གསུམ་པ་ལ་ཤོ་ལོ་ཀ་སྟོང་ཚོ་བརྒྱད་ཡོད་པ་ཞིག་དང་གསུམ་ཡོད་པ་དང་། དང་པོ་ལ་འབུམ། གཉིས་པ་ལ་ཉིས་ཁྲི། གསུམ་པ་ལ་བརྒྱད་སྟོང་པ་ཟེར། ད་ལྟར་བོད་ཡིག་ཐོག་ལ་བཞུགས་པའི་བརྒྱད་སྟོང་པ་འདི་ལ་ཤོ་ལོ་ཀ་བདུན་བརྒྱ་ལྷག་ཅིག་ཚང་གི་མེད་པས་གནད་དོན་གང་ཡིན་ལ་ཐུགས་བསམ་བཞེས་གལ་ཆེ། གཞུང་ཆེན་འདི་གསུམ་སྟོང་ཉིད་བསྟན་པའི་གཞུང་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུ་ཡིན་ཞེས་ཟེར། འོན་ཀྱང་ང་ཚོ་ལྟ་བུ་གདུལ་བྱ་དབང་པོ་དམན་པ་ཞིག་གིས་གཞུང་ཆེན་འདི་རྣམས་ལ་འཆད་ཉན་བྱ་དགོས་ན་ཧ་ཅང་དཀའ་བས། རྒྱུ་མཚན་དེ་ལ་དགོངས་ནས་གདུལ་བྱ་དམན་པ་རྣམས་ཀྱི་ཆེད་དུ་སངས་རྒྱས་ཀྱིས་གཞུང་ཆེན་དེ་དག་གི་སྙིང་པོ་བསྡུས་ཏེ་ཤེས་རབ་སྙིང་པོ་ཞེས་པ་ཚིག་ཉུང་ཞིང་དོན་འདུ་བའི་ལེགས་བཤད་འདི་གསུངས་པ་ཡིན་ཞེས་གྲགས་ཆེའོ། །དེ་ལྟར་བཤད་ཚུལ་མི་འདྲ་བ་གཉིས་ཡོད་པ་འདིས་ཤེར་ཕྱིན་སྐོར་གྱི་མདོའི་འཕེལ་རིམ་ལའང་བཤད་སྟངས་གཉིས་འབྱུང་ཡོང་བ་ཡིན། གང་ཞེ་ན། ཀརྨ་པཀྵིའི་གཞུང་ལས་འབྱུང་བ་ལྟར་བྱས་ན། ཡི་གེའི་ཨ་རིམ་པ་ལས་བརྩམས་ཏེ་རིམ་གྱིས་ཇེ་རྒྱས་ནས་ཇེ་རྒྱས་སུ་སོང་བའི་བྱུང་བ་གྲུབ་པ་ཡིན་ལ། ཡོངས་སུ་གྲགས་པའི་བཤད་སྲོལ་ལྟར་བྱས་ན་རྒྱས་པ་ནས་བརྩམས་ཏེ་རིམ་གྱིས་ཇེ་བསྡུས་ནས་ཇེ་བསྡུས་སུ་གྱུར་པའི་བྱུང་བ་ཞིག་བཤད་དགོས་པ་ཡིན། འོན་ཀྱང་བྱུང་བ་རིག་པའི་ངོས་ནས་བལྟས་ན། མཚན་ཉིད་རིག་པའི་གཞུང་ལུགས་དང་ཆོས་ལུགས་ཀྱི་གཞུང་ལུགས་གང་འདྲ་ཡིན་ཡང་། གྲ་ཇེ་རྒྱས་སུ་སོང་བའི་རྣམ་པ་འདི་ཁས་ལེན་ན་སྟབས་བདེ་བ་ཡིན། ཐོག་མར་རྨང་གཞི་བསྐྲུན་པ་ནས་རིམ་གྱིས་རྣམ་བཞག་རྣམས་གྲ་རྒྱས་སུ་གཏོང་བའི་རྣམ་པ་ཡོད་པ་འདི་ནི་བྱུང་བ་རིག་པ་མཐུན་ཆེ་བ་ཡིན། འོན་ཀྱང་དེང་དུས་ཀྱི་ཞིབ་འཇུག་པས་བཤད་སྲོལ་ལྟར་ན། གཞི་རྩའི་ཤེར་ཕྱིན་བརྒྱད་སྟོང་པ་དང་། རྒྱས་སྤྲོས་ཅན་གྱི་ཤེར་ཕྱིན་འབུམ་དང་ཉི་ཁྲི་སོགས། རང་བཙན་ཅན་གྱི་ཤེར་ཕྱིན་ཤེར་སྙིང་སོགས། སྔགས་དང་འབྲེལ་བའི་ཤེར་ཕྱིན་བཅས་དར་བའི་རིམ་པ་དེ་ལྟར་བཤད་པ་སོགས་འོག་ཏུ་འཆད་འགྱུར་ལྟར། གང་ལྟར་ཤེར་ཕྱིན་ཡི་གེ་གཅིག་མའི་མདོ་འདི་ཇི་ལྟར་བྱུང་བའི་རིམ་པ་ནི། མདོ་འདི་ནི་འཁོར་ལོ་བར་མཚན་ཉིད་མེད་པའི་ཆོས་འཁོར་དུ་གཏོགས་པའི་ཤེར་ཕྱིན་སྐོར་གྱི་མདོ་སྡེ་ཞིག་ཡིན་པ་དང་། འདི་གནས་བྱ་རྒོད་ཕུང་པོའི་རི་ལ་སྟོན་པ་འཁོར་རྣམ་བཞི་ལ་སོགས་པ་དང་ལྷན་ཅིག་བཞུགས་པའི་དུས་གཅིག་ལ་གསུངས་པར་མདོའི་གླེང་གཞི་ཉིད་ལས་གསལ། དུས་ནི་སྟོན་པ་སངས་རྒྱས་རྗེས་ལོ་ཉི་ཤུའི་རྗེས་ལ་ཡིན་པ་ལྟར་བྱས་ན་ཅུང་ལེགས་པར་སྣང་བ་སྟེ། མདོ་འདི་ཉན་པའི་འཁོར་ན་ཀུན་དགའ་བོ་ཡོད་ཅིང་། འཕགས་པ་འདི་སྟོན་པ་སངས་རྒྱས་པའི་ཚེ་སྐུ་འཁྲུངས་པར་རང་ཅག་གི་ཡིག་ཆའི་ནང་དུ་གྲགས་ཤིང་། དེ་ནས་ལོ་ཉི་ཤུ་ལོན་པ་ན་བསྟན་པ་ལ་རབ་ཏུ་བྱུང་ནས་སྟོན་པ་ལས་དངོས་སུ་ཐོས་པར་མདོའི་གླེང་གཞི་ལས་གསལ་བ་ལྟར་རོ། །

དེ་ལྟར་ན་བརྒྱད་སྟོང་པ་སོགས་ཡུམ་རྒྱས་འབྲིང་སོགས་གསུངས་སྔ་བའི་རྣམ་པ་ཡང་ཡོད་པ་ཡིན་ཏེ། བརྒྱད་སྟོང་པ་སོགས་ཀྱི་གླེང་གཞི་ལས་གསལ་བ་ལྟར་ན་མདོ་དེ་དག་གསུང་སར་ཀུན་དགའ་བོ་མེད་པ་ལྟར་གསུངས་པས་སོ། །སྤྱིར་ཤེར་མདོ་རྣམས་ལ་དང་པོོ་ནས་མི་ཡུལ་དུ་བཞུགས་པ་དང་། མི་བཞུགས་པའི་རིགས་མང་པོ་ཞིག་ཕྱིས་སུ་མཁས་པ་དང་གྲུབ་ཐོབ་རྣམས་ཀྱིས་ལྷ་ཡུལ་དང་། ཀླུ་ཡུལ་སོགས་ནས་གདན་དྲངས་པའང་མང་བས། དེ་རྣམས་ལས་ཤེར་ཕྱིན་ཡི་གེ་གཅིག་མ་འདི་རིགས་གང་དུ་གཏོགས་མིན་གྱི་སྐོར་ལ་གསལ་ཁ་མེད། དེ་ལ་དེང་གི་དུས་སུ་མཁས་པ་ཀོང་རྩེའི་ཤེར་ཕྱིན་གྱི་རྩོམ་རིག་ཅེས་པར་བཀོད་པའི་བསམ་ཚུལ་དེ་བཞིན་ད་ལྟའི་ཆར་སྤྱིར་བཏང་ཡོངས་གྲགས་སུ་ཁས་ལེན་བྱེད། དེ་ཡང་ཤེར་ཕྱིན་ཡོངས་རྫོགས་རྩོམ་རིམ་ལ་ལོ་ཆིག་སྟོང་ཞིག་འགོར་ཞིང་ཕྱི་ལོ་མ་ཚུགས་གོང་རོལ་གྱི་དུས་རབས་དང་པོ་ཙམ་ནས་ཕྱི་ལོ་དུས་རབས་གསུམ་པ་ཙམ་གྱི་བར་རྒྱས་སྤྲོས་ཅན་གྱི་ཤེར་ཕྱིན་རྣམས་བརྩམས། དུས་རབས་གསུམ་པ་ཙམ་ནས་དུས་རབས་ལྔ་པ་ཙམ་གྱི་བར་རང་བཙན་ཅན་གྱི་ཤེར་ཕྱིན་མདོ་སྡེ་རྣམས་བརྩམས། དུས་རབས་དྲུག་པ་ནས་དུས་བཅུ་གཉིས་པ་ཙམ་གྱི་བར་གསང་སྔགས་དང་འབྲེལ་བའི་ཤེར་ཕྱིན་མདོ་སྡེ་རྣམས་བརྩམས་པར་འདོད། གཞི་རྩའི་ཤེར་ཕྱིན་ཅེས་པ་བརྒྱད་སྟོང་པ་དང་། རྒྱས་སྤྲོས་ཅན་གྱི་ཤེར་ཕྱིན་ཅེས་པ། འབུམ་དང་། ཉི་ཁྲི། ཁྲི་བརྒྱད་སྟོང་པ་སོགས་རེད། གང་གིས་ཤེ་ན། བརྗོད་བྱའི་ཆ་ནས་གཞི་རྩའི་ཤེར་ཕྱིན་དང་འདྲ་བ་གང་ཞིག་ལ་ཚིག་གི་སྤྲོས་པ་རྒྱས་སུ་ཕྱིན་ཡོད་པ་རེད། རང་བཙན་ཅན་གྱི་ཤེར་ཕྱིན་ནི་རྡོར་གཅོད་དང་། ཤེར་སྙིང་བཅས་ཡིན་གཤིས་འདི་གཉིད་ཀྱི་བརྗོད་དོན་བརྒྱད་སྟོང་པ་དང་མི་འདྲ་བ་རེད། ཅེས་གསུངས་པ་ལྟར་རང་བཙན་གྱི་ཤེར་ཕྱིན་གྱི་ཁོངས་སུ་གཏོགས་པའི་ཤེས་རབ་སྙིང་པོ་ཡང་སྤྱི་ལོ་དུས་རབས་གསུམ་པ་ནས་ལྔ་པ་ཙམ་གྱི་བར་བརྩམས་ཡོད་པར་འདོད། འདོད་ཚུལ་འདི་ལྟར་ལགས་མོད། ཤེས་རབ་སྙིང་པོ་མདོ་ལ་ཀླུ་སྒྲུབ་ཀྱིས་མཛད་པའི་འགྲེལ་པ་ཡོད་པ་སོགས་དཔྱད་ཞིབ་དགོས་ས་མང་བས་མཐའ་གཅིག་ཏུ་ཞིབ་འཇུག་པའི་དཔྱད་དེབ་ལས་བཤད་པ་འདི་དག་གི་རྗེས་སུ་འབྲང་ཆོག་ཆོག་ཅིག་མིན་པར་ཡང་ཤེས་དགོས།

སྤྱིར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་འདི་དག་གསུངས་པའི་དུས་རབས་ཀྱི་སྐོར་ལ་ང་ཚོའི་ཡིག་ཆ་ཁག་གི་བཞེད་སྒྲོས་ཀྱང་མི་མཐུན་ཏེ། ཁ་ཅིག་ལེགས་བཤད་གསེར་ཕྲེང་སོགས་ལས་འབྱུང་བ་ལྟར་ན་སྟོན་པ་སངས་རྒྱས་པའི་རྗེས་ཀྱི་ལོ་ལྔ་པ་ལ་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་སྐོར་གསུངས་པར་བཞེད། ཡང་ཁ་ཅིག་བཅོམ་ལྡན་རིག་རལ་གྱི་ཕར་ཕྱིན་ལས་འབྱུང་བ་ལྟར་བྱ་རྒོད་ཕུང་པོོའི་རིར་ཤེར་ཕྱིན་གསུངས་པ་དང་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་རྩ་རྒྱུད་གསུངས་པ་དུས་གཅིག་ཡིན་པར་བཞེད། འབྲུག་པ་པདྨ་དཀར་པོའི་ཆོས་འཁོར་དོགས་གཅོད་ལས་སྟོན་པ་སངས་རྒྱས་ནས་ལོ་བཅུ་དྲུག་ཙམ་ན་ཤེར་ཕྱིན་འདི་བྱ་རྒོད་ཕུང་པོའི་རིར་གསུངས་པར་བཞེད། དེ་བཞིན་བོད་ཆེན་པོ་རྣམས་ལ་བཤད་སྲོལ་འདྲ་མིན་མང་མོད་དེ་དག་གི་ཁུང་བཅོལ་ས་འདི་ཡིན་གྱི་ངེས་པ་གསལ་ཁ་མེད་པར་མ་ཟད། གཅིག་མཐུན་གྱི་བཞེད་པ་བྱུང་མེད་པས་མུ་མཐུད་ནས་དཔྱད་དགོས་པ་ཞིག་ལས་ཐག་ཆོད་ཟིན་པ་ཞིག་དང་ཀུན་གྱིས་ཐུན་མོང་དུ་ཁས་ལེན་ཐུབ་པ་གཞན་ད་དུང་གཏན་ནས་ཆགས་ཐུབ་མེད། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་ཤེར་འགྲེལ་ལས་གསུངས་པ་ལྟར་ན་སྟོན་པ་དགུང་ལོ་ལྔ་བཅུ་ང་བདུན་པ་ལ་བབས་པ་མེ་ཕོ་འབྲུག་གི་ལོར་གཉན་ཡོད་དུ་ཆོས་འཕྲུལ་ཆེན་པོ་བསྟན། དེ་ནས་བྱ་རྒོད་ཕུང་རིར་བྱོན། མདོ་གསུང་བའི་ཆོས་ཁྲི་རང་ཉིད་ཀྱིས་གཤམས་ཏེ་ཆོ་འཕྲུལ་རྣམ་པ་གསུམ་གྱི་སྒོ་ནས་གདུལ་བྱ་སྣོད་རུང་དུ་བྱིན་གྱིས་བརླབ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་གསུངས་པར་གསུངས། དེ་ལྟར་ན་སྟོན་པ་སངས་རྒྱས་ནས་ལོ་ཉེར་གཉིས་ན་ད་གཟོད་ཤེར་མདོ་གསུངས་པར་གསལ་ཞིང་། ཚུལ་འདི་ལྟར་ན་མདོ་ཉན་པའི་འཁོར་ན་ཀུན་དགའ་བོ་ཡོད་པའང་ལེགས་པར་གནས་སོ་ཞེས་མཁས་པ་ལ་ལས་ཟེར། གཞན་ཡང་རང་རེ་བོད་ཀྱི་བསྟན་བཅོས་སྔ་མ་ཕལ་མོ་ཆེར་གྲགས་པ་ལྟར་ན་སྟོན་པ་སངས་རྒྱས་པའི་ཕྱི་ལོར་བྱ་རྒོད་ཕུང་པོའི་རིར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་ཞིང་། གདུལ་བྱ་ཐེག་ཆེན་རིགས་ཅན་རྣམས་ལ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གསུངས་པར་གྲགས་པ་ལྟར། ཡི་གེ་གཅིག་མའི་མདོ་འདིའང་དེ་དུས་ཤིག་ན་བྱུང་ཡོད་དམ་སྙམ་པ་འདྲ་ཡོད་དེ། མདོར་ན་བཀའ་བར་པའི་མཚན་གཞིར་གྱུར་པ་ཤེར་ཕྱིན་གྱི་དུས་རིམ་དེར་མདོ་འདི་ཡང་དར་ཡོད་པར་ངེས། དེའང་སངས་རྒྱས་ཀྱི་བཀའ་ལ་བདག་རྐྱེན་སྒོ་ནས་དབྱེ་ན་ཞལ་ནས་གསུངས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ། བྱིན་གྱིས་བརླབས་པའི་བཀའ་སོགས་དུ་མ་ཞིག་ཡོད་པ་ལས། ཤེར་ཕྱིན་ཡི་གེ་གཅིག་མ་འདི་ཞལ་ནས་གསུངས་པ་བཀའ་ཡིན་པར་འདོད་དགོས། དེ་ཡང་སྔོན་གྱི་མཁས་པའི་བཤད་སྲོལ་ལྟར་བྱས་ཏེ་མདོ་འདི་ག་དུས་དར་བའི་དུས་རབས་ངོས་འཛིན་ན་འདི་ལྟར། སངས་རྒྱས་ཤཱཀྱ་ཐུབ་པ་དུས་ནམ་ཞིག་མྱ་ངན་ལས་འདས་པར་རང་རེའི་ཡུལ་དུ་བཞེད་པ་སྣ་ཚོགས་པ་ཧ་ལམ་བཅུ་བཞི་ཡོད་པར་གྲགས་ཤིང་། དེ་ལ་འདས་ལོ་ཆེས་མང་བའི་ཕྱོགས་དང་། འདས་ལོ་མང་བའི་ཕྱོགས་དང་། འདས་ལོ་ཉུང་བའི་ཕྱོགས་དང་། འདས་ལོ་ཆེས་ཉུང་བའི་ཕྱོགས་བཅས་ཡོད་པ་ལས། འདས་ལོ་ཆེས་ཉུང་བའི་དབང་དུ་བྱས་ཀྱང་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པར་སྐུ་འཁྲུངས་པར་བཤད་ཀྱིན་ཡོད་པས། མདོ་འདིའང་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པའི་ནང་དུ་བྱུང་བའི་ཡིག་ཆ་ཞིག་ཡིན་ཞེས་ངོས་འཛིན་དགོས་པ་ཆགས་ཀྱིན་ཡོད་མོད། ཤེར་ཕྱིན་ཡི་གེ་གཅིག་མའི་མདོ་འདི་ག་དུས་གསུངས་པ་དང་ཇི་ལྟར་གསུངས་པའི་སྐོར་ལ་གནའ་དེང་གི་མཁས་པ་ཚོས་དོ་སྣང་ཆེན་པོ་ཞིག་མཛད་མི་འདུག །

༤ ཤེར་ཕྱིན་ཡི་གེ་གཅིག་མའི་འགྱུར་ཕྱག་སྐོར་གྱི་དཔྱད་གླེང་།

སྤྱིར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་རྣམས་ཀྱི་དབུར་འགྱུར་ཕྱག་ཏུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་བཀོད་ཡོད་མོད། འདིར་མི་འདྲ་བ་ཞིག་ལ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་བྱའི་དོན་ལ་མཆོད་བརྗོད་མཛད་ཡོད་པ་དེ་ཡང་གནད་དོན་དམིགས་བསལ་ཞིག་ཆགས་ཡོད། འགྱུར་ཕྱག་འདི་ལ་ཆོས་རྒྱལ་བཀས་བཅད་ཀྱི་ཕྱག་གམ་སྡེ་སྣོད་ངོས་འཛིན་གྱི་ཕྱག་ཅེས་གསུངས་ཤིང་། ཀུན་མཁྱེན་བུ་སྟོན་གྱིས་དེ་ལ་ངེས་པ་མི་འདུག་ཅིང་བཀས་བཅད་དག་ནའང་མི་སྣང་ཞེས་གསུངས་ཡོད། དེ་ལ་བཀའ་བཅད་གསུམ་བྱུང་ལི་ཤའི་ཁུར་ཁང་དུ་གསུངས་ཤིང་། འགྱུར་ཕྱག་ནི་བཀས་བཅད་གཉིས་པའི་སྐབས་སུ་བཅས་པ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་མཁས་པ་དུ་མས་བཤད་ཀྱང་། དེ་ལ་རྗེ་ཙོང་པའི་ལེགས་བཤད་གསེར་འཕྲེང་ལས། འདིར་སྔ་མ་རྣམས་འདུལ་བའི་ཀླད་དུ་ཐམས་ཅད་མཁྱེན་པ་དང་། མདོ་སྡེ་ལ་སངས་རྒྱས་བྱང་སེམས་དང་། མངོན་པ་ལ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་སྨོས་ཤིག །ཅེས་ལོ་པན་གྱིས་བཀས་བཅས་པས་སྡེ་སྣོད་ངོས་འཛིན་གྱི་ཕྱག་ཡིན་ཞེས་སྤྲོས་ནས་འཆད་ཅིང་། དེ་ལ་ཕྱི་རབས་པ་རྣམས་ཀྱིས་མ་ངེས་པའི་རྒྱུ་མཚན་དུ་མ་བཤད་ནས། ལོ་ཙཱ་བ་བ་རང་དད་པའི་ལྷ་ལ་ཕྱག་བྱེད་པར་འཆད་མོད། འོན་ཀྱང་། སྔོན་དུ་བསྒྱུར་བའི་འདུལ་བ་དང་། མངོན་པ་དང་། མདོ་སྡེ་ཕལ་མོ་ཆེ་ལ་ངེས་པ་ཅན་དུ་སྨོས་འདུག་པས་ཕྱིས་མ་ངེས་ཀྱང་དང་པོའི་ཆོས་རྒྱལ་རྣམས་ཀྱིས་དུས་སུ་བཀས་བཅས་པ་འདྲའོ། །ཞེས་གསུངས་མོད། ཅི་སྟེ་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་དུས་སུ་འགྱུར་ཕྱག་ལ་ངེས་པ་ཅན་ཡིན་པར་བཤད་ན། ཤེར་ ཕྱིན་ཡི་གེ་གཅིག་མ་འདིའི་འགྱུར་ཕྱག་ལ་ངེས་པ་ཅན་མིན་པའི་རྒྱུ་མཚན་གང་ཡིན་ཤོད་དགོས་པ་ཆགས་ཡོད། གཞན་དབང་མཁས་དབང་ཚེ་བརྟན་ཞབས་དྲུང་གིས་ཐེག་ཆེན་གྱི་མདོ་སྡེའི་སྡེ་སྣོད་དང་དེའི་དགོངས་འགྲེལ་རྟོགས་པའི་ཆེད་དུ་དཀོན་མཆོག་གསུམ་དང་སངས་རྒྱས་བྱང་སེམས་ལ་འགྱུར་ཕྱག་མཛད་པ་གདམ་ག་ཅན་དུ་གསུངས་པས་དཔྱད་དགོས་སོ། །དེ་ལས་ཀྱང་ཁྱད་པར་དུ་ཤེས་དགོས་པ་ཞིག་ལ། དེང་སང་རྒྱ་དཔེ་རང་རང་གི་སྟེང་དུའང་འདི་ལྟ་བུའི་སྔོན་འགྲོའི་ཕྱག་ཚིག་རེ་མཐོང་རྒྱུ་ཡོད་པ་ནི་དཔྱད་གཞི་གལ་ཆེན་ཞིག་ཡིན་ལ། འགའ་རེས་ཟེར་ན་བསྟན་བཅོས་འདི་དག་གི་དབུར་ཡོད་པའི་ཕྱག་ཚིག་འདི་འགྱུར་ཕྱག་མ་ཡིན་པར་བསྟན་བཅོས་རྩོམ་པ་པོ་སོ་སོས་བཀོད་པའི་ཕྱག་ཚིག་ཡིན་པའི་བདེན་དཔང་རྙེད་པ་ཡིན་ཟེར་མོད། དེ་ཡང་ཐམས་ཅད་ལ་ངེས་པ་མེད།

འདི་ལས་གཞན་དུ་དཔེར་ན་ད་བཞུགས་ཤེས་རབ་སྙིང་པོའི་འགྱུར་ཕྱག་ལ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཞེས་གསལ་བ་དང་། ཛྙཱ་ན་མི་ཏྲས་མཛད་པའི་ཤེས་རབ་སྙིང་པོའི་འགྲེལ་བ་ལས་སྔོན་འགྲོའི་ཕྱག་ཚིག་དེ་ཉིད་ལ་འགྲེལ་པ་མཛད་འདུག་པའི་ཕྱིར། རྒྱ་འགྲེལ་ཕལ་མོ་ཆེ་ལས་སྔོན་འགྲོའི་ཕྱག་ཚིག་ལ་འགྲེལ་བ་མཛད་པ་འདི་འདྲ་མཐོང་དཀོན་པའི་ཆ་ནས་གཞུང་འདི་བོད་འགྲེལ་ཡིན་ལས་ཆེ་ཟེར་བའང་འདུག་མོད། སྔོན་འགྲོའི་ཕྱག་ཚིག་ལ་འགྲེལ་བ་མཛད་པའི་ཕྱིར་ཞེས་པ་ཙམ་གྱིས་ནི་བོད་འགྲེལ་ཡིན་པ་འགྲུབ་དཀའ་ལ་རྒྱུ་མཚན་གཞན་ནི་ཆེར་མི་སྣང་ངོ་། །ཛྙཱ་ན་མི་ཏྲས་མཛད་པའི་ཤེར་སྙིང་གི་འགྲེལ་པ་དེར་གོང་སྨོས་ཕྱག་འཚལ་བའི་ཚིག་དེའི་འགྲེལ་པ་ཡོད་ཅིང་འགྲེལ་པ་འདི་རྒྱ་འགྲེལ་ཡིན་པ་མ་གཏོགས་བོད་འགྲེལ་ཡིན་པའི་ཁུངས་ཡང་མི་སྣང་བས་དཔྱོད་རིགས་ཤིང་། པཎྜི་ཏ་ཕྱག་ན་རྡོ་རྗེས་མཛད་པའི་འགྲེལ་པ་ཡང་དེ་ལྟར་གསལ། ཅི་སྟེ་འདི་རྒྱ་འགྲེལ་ཚད་ལྡན་ཡིན་ན་རྒྱ་དཔེ་འགའ་ལ་འདི་ལྟ་བུའི་ཕྱག་ཚིག་འདི་ཡོད་དགོས་པར་སྣང་མོད། ད་ལྟ་ཤེར་སྙིང་གི་རྒྱ་དཔེ་ལེགས་སྦྱར་གཉིས་བཞུགས་ཡོད་པ་ལ་གཉིས་ཀར་དེ་ལྟ་བུའི་ཕྱག་འཚལ་བའི་ཚིག་དེ་མི་སྣང་བའི་རྒྱུ་མཚན་གང་ཡིན་ལའང་ཐུགས་བསམ་ནན་ཏན་བཞེས་དགོས་པ་འདྲ། ཡང་ཏུང་ཧོང་ཡིག་རྙིང་དུ་བཞུགས་པའི་ཤེར་སྙིང་གི་ཡིག་ཚགས་ལ་ལར། སྟོན་པ་ཐུབ་པའི་དབང་པོ་ལ་ཕྱག་འཚལ་ལོ། །ཞེས་འཁོད་པ་དང་། ཡང་ལ་ལར་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བ་ཡང་འཁོད་ཡོད་པ། ད་དུང་ཏུན་ཧོང་ཡིག་རྙིང་དུ་བཞུགས་པའི་ཤེར་སྙིང་གི་འགྲེལ་པ་ཀཱ་མ་ལས་ཤཱི་ལས་མཛད་པ་ཡིན་ཟེར་བ་དེའི་ནང་དུ་སྟོན་པ་ལ་ཕྱག་འཚལ་བའི་ཚིག་ལ་འགྲེལ་པ་ཡང་མཛད་ཡོད་པ་སོགས་དཔྱད་དགོས་སའི་གནས་ཧ་ཅང་མང་པོ་ཡོད། དེ་དང་མཚུངས་པར་ཤེར་ཕྱིན་ཡི་གེ་གཅིག་མ་ཞེས་པའི་མདོ་རང་རྐང་བ་ཞིག་གསུངས་ཡོད་མེད་དང་། མདོ་འདིའི་འགྱུར་ཕྱག་དང་། མདོ་འདིའི་ནང་དོན་བཅས་ལ་དཔྱད་ཞིབ་གནད་སྨིན་ཞིག་གནང་དགོས་པ་ནི་ཧ་ཅང་གལ་ཆེའོ་སྙམ། ཤེར་ཕྱིན་ཡི་གེ་གཅིག་མའི་སྐོར་རྒྱ་འགྲེལ་དག་ལས་གསལ་ཁ་ཅན་མེད་མོད། འདིའི་རྒྱ་དཔེ་ཞིག་ཡོད་ཚུལ་ནི་ཕྱིས་ཀྱི་དཀར་ཆག་དག་ལས་ཅུང་གསལ་མོད། སྔོན་གྱི་དཀར་ཆག་གཉིས་སུ་འདིའི་མཚན་ཙམ་ཡང་མི་འབྱུང་།

༥ ཤེར་ཕྱིན་ཡི་གེ་གཅིག་མ་མདོ་རྒྱུད་གང་ཡིན་སྐོར་གྱི་དཔྱད་ཞིབ།

ཤེར་ཕྱིན་ཡི་གེ་གཅིག་མ་འདི་མདོ་རྒྱུད་གང་ཡིན་གྱི་སྐོར་ལ་དཔྱད་བརྗོད་དགོས་དོན་ནི། སྔོན་གྱི་མཁས་པའི་ཁྲོད་དུ་ཤེས་རབ་སྙིང་པོའི་མདོ་དེ་མདོ་རྒྱུད་གང་ཡིན་ལ་རྩོད་པ་མཛད་ཡོད་ཅིང་། དེང་དུས་ཀྱི་ཞིབ་འཇུག་པས་ཤེས་རབ་སྙིང་པོ་ནི་གསང་སྔགས་ཀྱི་ཁོངས་སུ་འདོད། གང་ལྟར་ཤེས་རབ་སྙིང་པོ་དང་ཤེར་ཕྱིན་ཡི་གེ་ཉུང་ངུ་སོགས་རྒྱུད་དུ་འདོད་ན། ཤེར་ཕྱིན་ཡི་གེ་གཅིག་མ་འདི་ཡང་རྒྱུད་དུ་འདོད་མི་དགོས་པའི་རྒྱུ་མཚན་ཆེན་པོ་མེད། འོན་ཀྱང་སྔོན་གྱི་མཁས་པ་ཚོས་ཤེར་ཕྱིན་ཡི་གེ་ཉུང་ངུ་དང་ཤེས་རབ་སྙིང་པོ་སོགས་ཤེར་མདོ་འགའ་ཤས་ཤིག་རྒྱུད་ཁོངས་སུ་བཞུགས་སུ་གསོལ་ཡོད་ཀྱང་། ཤེར་ཕྱིན་ཡི་གེ་གཅིག་མ་འདི་རྒྱུད་ཁོངས་སུ་བཞུགས་སུ་གསོལ་བ་ཞིག་ད་བར་མཇལ་ཡུལ་དུ་མ་གྱུར། རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱི་རྒྱུད་འགྲེལ་རྣམས་སུ་ཡི་གེ་ཨ་ཡི་སྐོར་ལ་འགྲེལ་བཤད་མང་པོ་ཡོད་ཀྱང་། མདོ་ཕྱོགས་ཀྱི་གཞུང་འགྲེལ་རྣམས་ཀྱི་སྐབས་སུ་ཕལ་ཆེར་མེད་པས། ཡི་གེ་ཨ་དང་འབྲེལ་བའི་ཆོས་ཚུལ་འདི་དག་མདོ་ལས་ཀྱང་སྔགས་དང་འབྲེལ་ཆེ་བ་ཧ་ཅང་གསལ་པོ་ཆགས་ཡོད། འོན་ཀྱང་ཨའི་ཆོས་ཚུལ་གསུངས་པ་ཙམ་གྱིས་ངེས་པར་རྒྱུད་དུ་འདོད་དགོས་ཞེས་ཀྱང་མི་བྱ་སྟེ། ཁྲི་བརྒྱད་སྟོང་པ་དང་ཡབ་སྲས་མཇལ་བའི་མདོ་སོགས་མདོ་མང་པོ་ཞིག་ལས་ཨའི་ཆོས་ཚུལ་གསུངས་པས་སོ། །དེས་ན་བདག་གི་བསམ་པར་ཤེར་ཕྱིན་ཡི་གེ་གཅིག་མ་འདི་ནི་མདོ་སྔགས་ཐུན་མོང་གི་གཞུང་དུ་བཤད་འདོད་དོ། །ས་ཆེན་ཀུན་དགའ་སྙིང་པོས་འདི་ཡི་སྒོམ་རིམ་ཞིག་མཛད་འདུག་པའི་ནང་དུ་རྩ་རླུང་ལ་སྦྱར་བའི་ལམ་གྱི་རིམ་པ་དང་ཡུམ་ཆེན་མོ་བསྐྱེད་པ་སོགས་ཀྱི་ལམ་གྱི་རིམ་པ་གསུངས་ཡོད་ཕྱིར་རྒྱུད་ལྟར་དུ་ཡིན་པ་འདྲ་བོ་ཡོད། སྟག་ལུང་བཀྲ་ཤིས་དཔལ་གྱིས་མཛད་པའི་འདིའི་འགྲེལ་པ་དང་། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱིས་མཛད་པའི་འགྲེལ་པ། འཇམ་དབྱངས་མཁྱེན་བརྩེས་དབང་པོས་མཛད་པའི་འགྲེལ་པ་རྣམས་ཀྱང་རྒྱུད་སྡེའི་ཉམས་ལེན་གྱི་རིམ་པ་དང་མཐུན་པར་མཛད་ཡོད། བཅོམ་ལྡན་རིག་རལ་གྱི་མདོ་དང་མཐུན་པར་སེམས་བསྐྱེད་དང་སྟོང་ཉིད་ཀྱི་ལམ་རིམ་དང་སྦྱར་ནས་གསུངས་ཡོད།

བཀའ་བརྒྱུད་པའི་མཁས་གྲུབ་མཁན་པོ་ཀརྨ་རཏྣས་མཛད་པའི་ཤེར་ཕྱིན་ཡི་གེ་གཅིག་མའི་འགྲེལ་ཆུང་ཆོས་ཉིད་ཐིག་ལེའི་ནང་དུ་གྲུབ་ཆེན་ཐར་འབྱུང་སྦས་པའི་དོ་ཧའི་དཀའ་འགྲེལ་དང་མཐུན་པར་ཕྱག་རྒྱ་ཆེན་པོའི་ལུགས་ཀྱི་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་ལམ་རིམ་ལྟར་གཞུང་འདིའི་དགོངས་པ་བཀྲལ་མཛད་ཡོད། དེ་ལྟར་ན་མདོ་སྔགས་སྙིང་གསུམ་ཐུན་མོང་གི་གཞུང་ཕྱི་མོ་ཡིན་ཞིང་། དགོངས་པ་མཐར་ཐུག་ནི་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་འོད་གསལ་ཕྱག་རྒྱ་ཆེན་པོ་ལ་གནས་པར་བཞེད་དགོས་ཏེ། དེ་ལྟར་ན་ཕྱག་ཆེན་ཐིག་ལེ་དང་མངའ་བདག་མཻ་ཏྲི་པའི་གཞུང་སོགས་གཞུང་ཚད་ལྡན་མང་པོ་དང་མཐུན་ནོ། །སྙིང་པོ་ཕྱག་རྒྱ་ཆེན་པོའི་གཞུང་འདི་དག་མདོ་སྔགས་གང་དུ་བཀྲལ་ནའང་འགྲོལ་རུང་དུ་ཡོད་མོད། དགོངས་པ་མཐར་ཐུག་སྙིང་པོ་ཆིག་ཆོག་ཏུ་བཤད་དགོས་པ་ཡིན་པ་འདིའང་རང་རེ་བཀའ་བརྒྱུད་པ་རྣམས་ཀྱིས་ངེས་པར་མཁྱེན་དགོས་པའི་གནད་ཅིག་ཡིན། འོག་ཏུ་ཤེར་ཕྱིན་ཡི་གེ་གཅིག་མའི་དགོངས་པ་ཕྱག་ཆེན་གྱི་མན་ངག་ལྟར་བཤད་དགོས་པའི་རྒྱ་བོད་ཀྱི་འགྲེལ་པ་དག་གི་ཁུངས་ཅུང་ཟད་བརྗོད་ཡོད་པས། སྙིང་པོ་ཕྱག་རྒྱ་ཆེན་པོའི་བསྟན་པ་ལ་མོས་ཤིང་དུང་བ་དག་གིས་དེར་ནན་ཏན་གྱིས་གཟིགས་མཛད་པར་ཞུ།

༦ ཤེར་ཕྱིན་ཡི་གེ་གཅིག་མའི་དགོངས་པ་རང་སྟོང་གཞན་སྟོང་གི་དབུ་མའི་ལུགས་སོ་སོས་འགྲེལ་སྟངས་སྐོར་གྱི་ཕྲན་དཔྱད།

དེ་ལ་གཞི་དབྱིངས་ཀྱི་གསལ་སྟོང་ཟུང་འཇུག་གི་ཆོས་ཉིད་ཟབ་མོ་གཏན་ལ་འབེབས་པའི་ཚེ་སྟོང་ཕྱོགས་ཀྱི་གནས་ལུགས་རྩལ་དུ་བཏོན་ནས་འཆད་པ་པོ་རང་སྟོང་དབུ་མ་པ་དང་། གསལ་ཕྱོགས་རྩལ་དུ་བཏོན་ནས་འཆད་པ་པོ་གཞན་སྟོང་དབུ་མ་པ་ཞེས་དབུ་མའི་ལུགས་སྲོལ་ཆེན་པོ་གཉིས་སུ་བྱུང་བ་དང་། ཁྱད་པར་གསལ་སྟོང་ཟུང་འཇུག་གི་གནས་ལུགས་ཉིད་རྩལ་དུ་བཏོན་ནས་འཆད་པ་པོ་ཟུང་འཇུག་རབ་ཏུ་མི་གནས་པའི་ཕྱག་རྒྱ་ཆེན་པོའི་དབུ་མ་པ་ཞེས་རང་གཞན་གྱི་སྟོང་པ་གང་གིས་རྒྱར་མ་ཆད་ཅིང་གསལ་སྟོང་གང་གི་ཕྱོགས་སུའང་མ་ལྷུང་བའི་ལམ་གྱི་རིམ་པ་རྩལ་དུ་བཏོན་པའི་དབུ་མའི་ཆོས་ཀྱི་ཚུལ་འདི་ཡང་ངེས་པར་ཤེས་དགོས་པ་ཡིན་ནོ། །ལར་དེང་གི་དུས་སུ་སྙིང་པོ་ཕྱག་རྒྱ་ཆེན་པོའི་དབུ་མའི་ཆོས་ཚུལ་འདི་ལ་ལས་རང་སྟོང་དབུ་མའི་ཆོས་ཚུལ་ཡིན་ཟེར་བ་དང་ཡང་ལ་ལས་གཞན་སྟོང་དབུ་མའི་ཆོས་ཚུལ་ཡིན་ཟེར་བ་སོགས་རྒྱར་ཆད་ཕྱོགས་ལྷུང་གི་ཆོས་ཚུལ་ཞིག་ཏུ་འགྲེལ་གང་ཐུབ་མཛད་མཁན་མང་པོ་འདུག་མོད། ལྟ་གྲུབ་ཀྱི་གཉེར་ཁ་མཛད་སྟངས་འདི་དག་བལྟས་ཚོད་ལ་ལེགས་ལེགས་འདྲ་ཡང་། རྩ་དོན་མེད་པའི་ཨུ་ཚུགས་ལས་མ་འདས་པས་རིམ་པ་དེ་འདྲ་བ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་ཆོས་ཀྱི་ཚུལ་ཕྱོགས་རེ་ཙམ་ལས་ཡོངས་སུ་ཤེས་པར་དཀའ་འོ། །དེ་ལ་རང་སྟོང་དབུ་མ་པ་དག་གིས་ཨའི་དོན་ནི་སྐྱེ་བ་མེད་དོན་དུ་འཆད་པ་ཡིན་ཏེ། དེ་ཡང་ཡུམ་རྒྱས་འབྲིང་རྣམས་ལ་ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་གསུངས་པ་དང་མཐུན་པར་ཆོས་ཐམས་ཅད་ལ་ཁྱབ་པའི་གནས་ལུགས་རང་བཞིན་གྱིས་མ་གྲུབ་པའི་དོན་དུ་བཤད་པ་དང་། གསང་བ་འདུས་པ་རིམ་པ་ལྔ་པ་ལས་ཡི་གེ་ཐུང་ངུ་ཡི་གེ་ཨ་ཞེས་བྱ་བ་ནི་ངག་མཐའ་དག་དང་། ཚིག་མཐའ་དག་འཇུག་པའི་རྒྱུ་ཡིན་པའི་ཕྱིར་ན་དེ་སྤངས་པའི་བརྗོད་པ་ཅུང་ཟད་ཀྱང་མི་ནུས་ཞེས་གསུངས་པ་དང་མཐུན་པར་དབྱངས་གསལ་གྱི་ཡི་གེ་གང་ཡིན་ཡང་ཨ་ཡི་སྒྲ་གདངས་ལ་མ་ལྟོས་པར་རང་སྟོབས་ཀྱིས་ཡི་གེ་རང་གི་སྒྲ་གདངས་ཡོང་ཐུབ་པ་གཅིག་ཀྱང་མེད་པ་ལྟར་ཆོས་ཐམས་ཅད་ཀྱང་ཆ་ཤས་སོགས་ལ་ལྟོས་ནས་ཕར་བཏགས་ཙམ་དུ་གྲུབ་པ་སྟེ་ལྟོས་གྲུབ་ཀྱི་དོན་དུའང་བཤད་པའོ། །འདི་ལྟར་ཨ་ཡི་དོན་རང་བཞིན་གྱིས་མ་གྲུབ་པའི་དོན་དང་ལྟོས་གྲུབ་ཀྱི་དོན་དུ་བཤད་པའི་མདོ་དང་རྒྱུད་ཧ་ཅང་མང་། ཡུམ་རྒྱས་འབྲིང་བསྡུས་པ་རྣམས་ལས་འདི་རང་གསུངས། དེ་བཞིན་དུ་ཡབ་སྲས་མཇལ་བའི་མདོ་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་གསུངས། གཙོ་བོར་ཡུམ་སྟོང་ཕྲག་བརྒྱ་པ་དང་། ཉི་ཁྲི་སོགས་ལས་གསུངས་པ་ལྟར་བཤད་པའོ། །

གཞན་སྟོང་དབུ་མ་པ་དག་གིས་ཨ་ཡི་དོན་ནི་དོན་དམ་པའི་གནས་སུ་ལུགས་གྱུར་པའི་ཡེ་ཤེས་ཀྱི་དོན་དུ་འཆད་པ་དང་། དེ་ཡང་དབྱངས་གསལ་གཞན་གྱི་སྒྲ་གདངས་བརྗོད་པ་ལ་ཨའི་སྒྲ་གདངས་ལྟ་བུ་ཡི་གེ་གཞན་གྱི་སྒྲ་གདངས་ལ་ལྟོས་དགོས་ཀྱང་ཨ་རང་གི་སྒྲ་གདངས་བརྗོད་པ་ལ་དེ་ལྟར་ལྟོས་མི་དགོས་པས་དེ་དང་མཐུན་པར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལྟོས་གྲུབ་ཙམ་དུ་གྲུབ་ཀྱང་ཆོས་ཉིད་ཟབ་མོ་དེ་ནི་ལྟོས་གྲུབ་ལས་འདས་སོ་ཞེས་གསུངས། འོན་ཀྱང་ཨའི་སྒྲ་གདངས་བརྗོད་པ་ལའང་འ་ཡི་སྒྲ་གདངས་དང་འབྲེལ་བས་དེ་ལའང་དོགས་པ་ཅུང་ཟད་ཡོད་མོད། གཙོ་བོར་ཨ་ཡི་དོན་གསལ་བ་ཡེ་ཤེས་ཀྱི་དོན་ལ་བཤད་པ་འདི་ནི་གཞན་སྟོང་པ་རྣམས་ཀྱི་རྩ་དོན་ཡིན་ཞིང་། དེ་ཡང་རྒྱུད་སྡེ་ལ་ཁུངས་བཅོལ་བ་གཙོ་ཆེ་བ་ཡིན། དཔེར་ན་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པ་བརྗོད་པ་ཞེས་པ་ལས། །ཡི་གེ་ཨ་ནི་ཡེ་ཤེས་མཆོག །གསུང་གི་རྡོ་རྗེ་སྙིང་པོ་མཆོག །ཅེས་དང་། རྣལ་འབྱོར་གྲུབ་པའི་རྒྱུད་ཅེས་བྱ་བ་ལས། ཨ་ནི་མ་སྐྱེས་ཡེ་ཤེས་ཡིན། །ཞེས་གསུངས་པ་དང་། ཕག་མོ་མངོན་འབྱུང་གི་རྒྱུད་ལས། ཨ་ནི་ཆོས་དབྱིངས་ཡེ་ཤེས་འཕེལ། །ཞེས་སོགས་གསུངས་པ་ལྟ་བུའོ། །མདོ་ན་ཁུངས་གསལ་པོ་མི་སྣང་ཡང་། ཁྲི་བརྒྱད་སྟོང་པ་ལས། རབ་འབྱོར་གཟུངས་ཀྱི་སྒོ་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེ་ལ་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །ཞེས་གསུངས་པ་འདི་ལ། གཞན་སྟོང་པའི་སློབ་དཔོན་ཆེན་མོ་ཇོ་ནང་ཀུན་མཁྱེན་དོལ་པོ་བས་གཟུངས་ཀྱི་ཤེས་པའི་སྒོ་ཞེས་གསལ་ཕྱོགས་ཀྱི་གནས་ལུགས་ལ་འགྲེལ་བཤད་གནང་མཛད་ཡོད་ཅིང་། དེའི་ཁུངས་ཀྱང་ཡུམ་གསུམ་གནོད་འཇོམས་ལ་བཅོལ་མཛད་ཡོད། མདོར་ན་མདོ་རྒྱུད་གཉིས་ཀའི་སྐབས་སུ་ཨ་ཡི་དོན་ལ་སྐྱེ་མེད་སྟོང་པའི་གནས་ལུགས་ཀྱི་ཕྱོགས་སུ་འགྲེལ་ཚུལ་ཞིག་དང་། ཡེ་ཤེས་གསལ་བའི་གནས་ལུགས་ཀྱི་ཕྱོགས་སུ་འགྲེལ་ཚུལ་ཞིག་སྟེ་གཉིས་ཀར་གསུངས་ཡོད་ཅིང་། དེར་བརྟེན་འཕགས་པའི་ཡུལ་གྱི་པཎ་གྲུབ་རྣམས་ཀྱིས་མཛད་པའི་མདོ་རྒྱུད་ཀྱི་གཞུང་འགྲེལ་རྣམས་ཀྱི་ཁྲོད་དུའང་འགྲེལ་སྲོལ་གཉིས་ཀའི་ཕྱོགས་ཡོད། དེ་ཡང་རང་བཞིན་གྱིས་མ་གྲུབ་པ་སྟོང་ཕྱོགས་ཀྱི་གནས་ལུགས་སུ་བཤད་པའི་གཞུང་འགྲེལ་གསལ་ཁ་ཅན་ཧ་ཅང་མང་ཞིང་གྲགས་ཆེ་བས་འདིར་མི་འགོད།

འདིར་གསལ་བ་ཡེ་ཤེས་ཀྱི་ཕྱོགས་སུ་བཤད་པའི་གཞུང་འགྲེལ་འགའ་ཤས་ཤིག་ཞུས་ན། མངའ་བདག་རྒྱལ་བ་མཻ་ཏྲི་པའི་དེ་ཁོ་ན་ཉིད་ཐེག་ཆེན་ཉི་ཤུ་པ་ཞེས་པ་དེ་ལས། ཡང་ན་ཨ་ཞེས་པ་ནི་འོད་གསལ་བའི་ཚིག་ལ། ཡིད་ལ་བྱེད་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་ཚིག་སྟེ། འདི་ཡང་ཨ་ཡང་ཡིན་ལ་ཡིད་ལ་བྱེད་པ་ཡང་ཡིན་པས་ཡིད་ལ་མི་བྱེད་པའོ། །འདིས་ནི་ཡིད་ལ་མི་བྱེད་པའི་གནས་བསམ་གྱིས་མི་ཁྱབ་པ་འོད་གསལ་བ་བདག་ལ་བྱིན་གྱིས་བརླབ་པའི་བདག་ཉིད་སྟོང་པ་ཉིད་དང་། སྙིང་རྗེ་དབྱེར་མེད་པ་ཟུང་དུ་འཇུག་པ་གཉིས་སུ་མེད་པའི་རྒྱུན་ཡང་དག་པར་རིག་པ་བསྐྱེད་པར་འགྱུར་རོ། །ཞེས་དང་། ཁྱད་པར་དུ་སློབ་དཔོན་ཆེན་པོ་ཐར་པའི་འབྱུང་གནས་སྦས་པས་མཛད་པའི་དོ་ཧ་མཛོད་ཀྱི་དཀའ་འགྲེལ་ལས། མཚན་བརྗོད་པ་ལས། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཅེས་པས་སོ། །ཨ་ཞེས་པས་ཀྱང་སེམས་སྐྱེ་མེད་མཚོན་ནོ་སྙམ་ན། དེ་མ་ཡིན་ཏེ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སྙིང་གའི་དབུས་ན་མི་ཤིགས་པ། །འབར་ཞིང་མར་མེ་དག་དང་མཚུངས། །ཨ་ནི་མི་འགྱུར་དམ་པའོ། །ཞེས་པ་དང་། ཧེ་བཛྲ་ལས། དེ་ལྟར་ཕྱག་རྒྱ་ཆེན་པོ་ནི། །དབྱངས་ཡིག་དང་པོའི་རང་བཞིན་ཏེ། །བློ་ཆེན་སངས་རྒྱས་རྣམས་ཀྱི་རྟགས། །ཞེས་གསུངས་པས། སྐྱེ་མེད་ལ་ཨའི་བརྡ་བསྟན་པ་མ་ཡིན་ཏེ། སྐྱེ་མེད་ནི་ཐུན་མོང་དུ་གྲགས་པས། བརྡ་དོན་མེད་དུ་འགྱུར་རོ། །དེ་ལྟར་རྒྱུའི་ལྷན་ཅིག་སྐྱེས་པ་བསྟན་ནས། ཞེས་ཕྱག་རྒྱ་ཆེན་པོ་དོ་ཧའི་གཞུང་ནས་བཤད་པའི་རྒྱུ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་ལ་སྦྱར་ནས་གསུངས་ཤིང་། དེ་ཡང་གསལ་བ་ཡེ་ཤེས་ཀྱི་ཕྱོགས་རྩལ་དུ་བཏོན་སྣང་ངོ་། །འདི་ལ་ཁུངས་མེད་པ་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ཤིན་ཏུ་གསལ་བར་གསུངས་ཡོད་པ་འོག་ཏུ་འཆད་པར་འགྱུར་བ་ལྟར་ཡིན། གང་ལྟར་ཡང་ཨ་ཡི་དོན་ལ་སྟོང་པ་རང་བཞིན་གྱིས་མ་གྲུབ་པའི་གནས་ལུགས་ཀྱི་དོན་དུ་འགྲེལ་ཚུལ་དང་གསལ་བ་དོན་དམ་པའི་ཡེ་ཤེས་ཀྱི་དོན་དུ་འགྲེལ་ཚུལ་གཉིས་ཀ་ལ་མདོ་རྒྱུད་ཀྱི་ཁུངས་ཡོད་ཅིང་། རྗེས་འཇུག་མཁས་པའི་བསྟན་བཅོས་ཀྱི་རྒྱབ་རྟེན་ཡོད་པ་འདི་ཤེས་དགོས་སོ། །ཨ་ཡི་དགོངས་དོན་ལ་འགྲེལ་བཤད་མཛད་སྲོལ་མི་འདྲ་བ་འདི་འདྲ་གཉིས་ཡོད་པའི་དབང་གིས་ཤེར་མདོའི་དགོངས་པ་གསལ་ཕྱོགས་ཀྱི་གནས་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་བཤད་པའི་གཞན་སྟོང་གི་རིམ་པ་ཞིག་དང་། སྟོང་ཕྱོགས་ཀྱི་གནས་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་བཤད་པའི་རང་སྟོང་གི་རིམ་པ་ཞིག་སྟེ་དབུ་མའི་ཆོས་ཚུལ་གྱི་རིམ་པ་གཉིས་བྱུང་བ་འདི་ཡང་ལེགས་པར་ཤེས་དགོས་སོ། །སངས་རྒྱས་ཀྱི་མདོ་རྒྱུད་གཉིས་ཀའི་སྐབས་སུ་སྐབས་ལ་ལར་ཨ་ཡི་དོན་སྐྱེ་མེད་ཀྱི་དོན་ཡིན་པ་འདྲ་བོ་དང་། སྐབས་ལ་ལར་ཡེ་ཤེས་ཀྱི་དོན་ཡིན་པ་འདྲ་བོ་གསུངས་འདུག་ཀྱང་། མཐར་གཏུགས་ན། དེ་གཉིས་གང་གིའང་ཕྱོགས་སུ་མ་ལྷུང་བའི་གསལ་སྟོང་གཉིས་མེད་ཀྱི་ཟུང་འཇུག་གི་རིམ་པ་ཞིག་ལ་འཆད་དགོས་པ་ཡིན་ཏེ། དཔལ་རིན་ཆེན་འབར་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བའི་གསར་རྒྱུད་ལས། ཐོག་མ་ཉིད་ནས་མ་སྐྱེས་པ། །ཨ་ནི་གཉིས་མེད་རང་བཞིན་ཏེ། །གཉིས་མེད་བློ་ཡི་སྤྱོད་ཡུལ་མིན། །བློ་དང་སྒྲ་ནི་ཀུན་རྫོབ་ཕྱིར། །ཞེས་དང་། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ་ཞེས་པའི་རྙིང་རྒྱུད་ལས། ཨ་ནི་སྟོང་དང་མི་སྟོང་གི། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་སོགས་གསུངས་པ་ལྟར་རོ། །དེ་བས་རྗེ་མཻ་ཏྲི་པ་ཡབ་སྲས་དང་། དེ་ལས་བརྒྱུད་པའི་དྭགས་པོ་བཀའ་བརྒྱུད་པ་རྣམས་ཀྱིས་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་ཆེན་པོ་ཕྱག་རྒྱ་ཆེན་པོའི་མན་ངག་ལྟར་འཆད་དགོས་པའི་གདམས་ངག་མང་དུ་གསུངས་པ་ཡིན་ནོ། །དེའི་སྐོར་མདོར་བསྡུས་ཤིག་འོག་ཏུ་འཆད་རྒྱུ་ཡིན།

༧ ཤེར་ཕྱིན་ཡི་གེ་གཅིག་མའི་དགོངས་པ་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་པའམ་ཕྱག་རྒྱ་ཆེན་པོ་པ་རྣམས་ཀྱིས་ཇི་ལྟར་འགྲེལ་ཚུལ་ལ་ཅུང་ཟད་དཔྱད་པ།

གོང་ནས་ཞུས་པ་ལྟར་རང་སྟོང་དབུ་མའི་ལུགས་ལྟར་གྱི་བཤད་སྲོལ་དང་གཞན་སྟོང་དབུ་མའི་ལུགས་ལྟར་གྱི་བཤད་སྲོལ་གཉིས་ཀའི་ཁུངས་མདོ་རྒྱུད་གཉིས་ཀ་ན་གསལ་ཡང་། མཐར་གཏུགས་ན་ཟུང་འཇུག་དབུ་མ་ཆེན་པོའི་ལུགས་ལྟར་འཆད་དགོས་པ་ནི་རྗེ་མངའ་བདག་མཻ་ཏྲི་པ་ཡབ་སྲས་ཀྱི་དགོངས་པ་བླ་ན་མེད་པ་ཡིན་ཞིང་། དེ་ལྟར་དུ་འཆད་པ་ལ་ཁྱད་ཆོས་དམིགས་བསལ་བ་ཡང་ཡོད་པས་འཆད་དགོས་པའི་ཁུངས་ལུང་གི་སྐོར་ཅུང་ཟད་ཞུ་རྒྱུ་ཡིན། རྗེ་མཻ་ཏྲི་པ་ཡབ་སྲས་ཀྱི་ལུགས་འདིར་ཤེར་ཕྱིན་ཡི་གེ་གཅིག་མའི་དགོངས་པ་ཕྱག་ཆེན་གྱི་མན་ངག་ལྟར་འཆད་པའི་རིམ་པ་འདི་ཡོད་པའི་དབང་གིས། འདི་དང་མཐུན་པར་ཡུམ་རྒྱས་འབྲིང་བསྡུས་པ་རྣམས་ཀྱི་དགོངས་པ་ཡང་ཕྱག་རྒྱ་ཆེན་པོའི་མན་ངག་ལྟར་འཆད་པའི་ལམ་སྲོལ་ཡང་ཡོད་པ་ཡིན་ཞིང་། དེ་བས་རྗེ་མཻ་ཏྲི་པའི་དངོས་སློབ་རྒྱ་གར་ཕྱག་ནས་ཀྱང་ཤེས་རབ་སྙིང་པོ་དགོངས་པ་ཕྱག་རྒྱ་ཆེན་པོ་དོ་ཧའི་མན་ངག་སྐོར་བཞིའི་སྒོ་ནས་བཤད་པ་ཤེས་རབ་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་པ་བརྩམས་མཛད་ཡོད། མ་ཟད་མཁས་པ་ཆེན་པོ་ཐར་འབྱུང་སྦས་པས་ཀྱང་དོ་ཧའི་དཀའ་འགྲེལ་གྱི་ནང་དུ་ཨ་ཡི་དོན་ནི་སེམས་ཉིད་ལྷན་ཅིག་སྐྱེས་པའི་དོན་དང་གཅིག་པར་འཆད་དགོས་ཚུལ་རྒྱ་ཆེར་གསུངས་ཡོད། དེ་ཡང་རྗེ་མཻ་ཏྲི་པའི་ཨ་མ་ན་སིའི་ཆོས་སྐོར་ཉི་ཤུའི་གྲས་སུ་བཞུགས་པའི་དེ་ཁོ་ན་ཉིད་ཐེག་པ་ཆེན་པོ་ཉི་ཤུ་པ་ཞེས་པའི་ནང་དུ། ཨ་ཡི་དོན་ལ་སྐྱེ་མེད་ཀྱི་དོན་དུ་འགྲེལ་ཚིག་གཅིག་དང་། འོད་གསལ་བའི་དོན་དུ་འགྲེལ་ཚུལ་གཅིག་བཅས་གཉིས་གསུངས་ཤིང་། ཁོང་གི་དགོངས་པ་མཐར་ཐུག་ཟུང་འཇུག་རབ་ཏུ་མི་གནས་པའི་དོན་དུ་འཆད་དགོས་པར་གཞུང་ཉིད་ལས་གསལ་ཞིང་རྗེ་མཻ་ཏྲི་པའི་གཞུང་གཞན་རྣམས་ཀྱི་གསུངས་ཚུལ་ལས་ཀྱང་ཤེས་ནུས་པ་ཡིན་ནོ། །ཁྱད་པར་ཕྱག་རྒྱ་པའི་སློབ་དཔོན་དགའ་བ་སྐྱོང་གིས་མཛད་པའི་མཻ་ཏྲི་པའི་དབང་ངེས་པར་བསྟན་པའི་དཀའ་འགྲེལ་ལས། ཨ་ཞེས་བྱ་བ་ནི་རབ་ཏུ་མི་གནས་པའོ། །ཞེས་རྗེ་མཻ་ཏྲི་པའི་དགོངས་པ་མཐར་ཐུག་དེ་ལྟར་དུ་གནས་པར་གསུངས་སོ། །དོན་ངོ་མར་ཕྱག་རྒྱ་ཆེན་པོ་པ་རྣམས་ཀྱིས་ཤེར་ཕྱིན་ཡི་གེ་གཅིག་མའི་དགོངས་པ་ཇི་ལྟར་འགྲེལ་དགོས་སམ་ཞེ་ན། པཎ་གྲུབ་ཆེན་པོ་ཐར་པ་འབྱུང་གནས་སྦས་པས་མཛད་པའི་དོ་ཧའི་དཀའ་འགྲེལ་ལས་འབྱུང་བ་ལྟར་འདོད་དགོས་པ་ཡིན། གཞུང་དེ་ཉིད་ལས། དེ་ལྟར་ན་སེམས་ཉིད་གཅིག་པོ་ཀུན་གྱི་ས་བོན་ཏེ་ཞེས་བསྟན་པའོ། །སེམས་ཉིད་གཅིག་པུ་དེ་ཉིད་དཔྱད་པར་བྱ་སྟེ། རང་རིག་རྟོག་མེད་ལ་བྱའམ་འོན་ཏེ་གཞན་ཅི་ཡིན་དང་པོ་ནི་མ་ཡིན་ཏེ། དེ་ནི་ལྟ་བའི་གནས་ལུགས་ཡིན་ཏེ།  དེ་ནི་འཁོར་བའམ་མྱ་ངན་ལས་འདས་པ་གང་ཡང་མ་བྱས་པ་མ་ཡིན་ཏེ་བྱེད་པ་དང་བྲལ་བས་སོ། །གཞན་ནི་མ་ཡིན་ཏེ། སེམས་ལས་མ་གཏོགས་པའི་གཞན་མེད་དོ་སྙམ་ན་དེ་ནི་བདེན་ཏེ། དང་པོ་ལྟ་བའི་གནས་ལུགས་ནི། །ལམ་དུ་གྱུར་པ་མ་ཡིན་ཏེ། །རྒྱུད་དུ་མ་ལས་བཀག་པས་སོ། །འོ་ན་གང་ལ་བྱ་ན་མི་ཤིགས་པ་ལ་སྟེ། དེ་ནི་རྩ་བའི་འོད་གསལ་ཞེས་བྱ། རྣམ་རྟོག་བྱང་ཆུབ་སེམས་ཞེས་བྱ། མ་དག་པའི་དུས་ན་མ་རིག་པ་ཞེས་པའོ། །དེ་ནི་རྒྱུད་རྣམས་སུ་ཨ་ཞེས་བྱ་བའི་བརྡས་བསྟན་ཏེ། མཚན་ཡང་དག་པར་བརྗོད་པ་ལས། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཅེས་པས་སོ། །ཨ་ཞེས་པས་ཀྱང་སེམས་སྐྱེ་མེད་མཚོན་ནོ་སྙམ་ན། དེ་མ་ཡིན་ཏེ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སྙིང་གའི་དབུས་ན་མི་ཤིགས་པ། །འབར་ཞིང་མར་མེ་དག་དང་མཚུངས། །ཨ་ནི་མི་འགྱུར་དམ་པའོ། །ཞེས་པ་དང་། ཧེ་བཛྲ་ལས། དེ་ལྟར་ཕྱག་རྒྱ་ཆེན་པོ་ནི། །དབྱངས་ཡིག་དང་པོའི་རང་བཞིན་ཏེ། །བློ་ཆེན་སངས་རྒྱས་རྣམས་ཀྱི་རྟགས། །ཞེས་གསུངས་པས། སྐྱེ་མེད་ལ་ཨའི་བརྡ་བསྟན་པ་མ་ཡིན་ཏེ། སྐྱེ་མེད་ནི་ཐུན་མོང་དུ་གྲགས་པས། བརྡ་དོན་མེད་དུ་འགྱུར་རོ། །དེ་ལྟར་རྒྱུའི་ལྷན་ཅིག་སྐྱེས་པ་བསྟན་ནས། ཞེས་སོགས་གསུངས་པ་ལྟར་ཡིན་ནོ། །

དེའི་ཁུངས་ཀྱང་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། ཨ་ནི་ཡིག་འབྲུ་གཟུགས་ཀྱི་མཆོག །ཐམས་ཅད་ཀུན་གྱི་ལུས་ནང་ཡོད། །རྣམ་པ་ཐམས་ཅད་མཆོག་ནི་རྫོགས། །ཀུན་ཡོད་མ་སྐྱེས་ཐམས་ཅད་མཁྱེན། །རྟག་ཏུ་སྟོང་པ་ཐམས་ཅད་ཁྱབ། །ཐམས་ཅད་སུན་གཅིག་བྱེད་པའི་རྒྱུ། །སྲིད་པ་སྲིད་མཆོག་ཉིན་མོ་ནི། །སྤྲུལ་པའི་སྐུ་ཡི་བདེ་བའོ། །ཞེས་གསལ་ཡོད། མན་ངག་གི་འདི་དག་གཞིར་བྱས་ཏེ་བསྟན་བཅོས་ཟབ་མོ་ནང་དོན་རྩ་འགྲེལ་དུ་ཡང་གཞི་ཡི་སྟོང་པའི་གནས་ལུགས་ཀྱི་ཆ་ནས་རང་བཞིན་གནས་རིགས་དང་གཞི་ཡི་ཡེ་ཤེས་ཀྱི་གནས་ལུགས་ལ་རྒྱས་འགྱུར་གྱི་རིགས་ཞེས་གཞི་རིགས་གཉིས་ཟུང་འཇུག་གི་རྣམ་བཞག་གསུངས་པ་དང་། ཁྱད་པར་གཞིིའི་རྒྱས་འགྱུར་གྱི་རིགས་བཤད་པ་འདི་ཐུན་མོང་གི་རང་སྟོང་གཞན་སྟོང་གི་དབུ་མ་རྣམས་ཀྱི་ལུགས་ལ་མི་འབྱུང་ཡང་སྙིང་པོ་ཕྱག་རྒྱ་ཆེན་པོའི་མན་ངག་གི་ལུགས་འདིར་འབྱུང་བ་ཡིན་ཞིང་། ས་དང་པོའི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་དོན་དམ་པའི་བདེན་པར་འདོད་པ་དེ་ཡང་ཐུན་མོང་བའི་རང་སྟོང་དང་གཞན་སྟོང་དབུ་མའི་ཆོས་ཚུལ་རང་རྐང་བ་རྣམས་ལས་མི་འབྱུང་ཞིང་ཕྱག་ཆེན་གྱི་མན་ངག་ལས་འབྱུང་ཚུལ་སོགས་བདག་གིས་བྲིས་པའི་ཤེར་འགྲེལ་དུ་རྒྱ་ཆེར་བཤད་ཡོད་པས་དེར་གཟིགས་པས་འཐུས། རང་རེ་དྭགས་པོ་བཀའ་བརྒྱུད་པའི་ལུགས་འདིར་སྤྱིར་རང་སྟོང་གཞན་སྟོང་གི་དབུ་མ་སོ་སོའི་ལུགས་ཀྱི་བཤད་སྲོལ་ཙམ་ལས་ཁྱད་པར་དུ་འཕགས་པའི་མན་ངག་གི་བཤད་སྲོལ་ཞིག་ཀྱང་ཡོད་པ་འདི་ངེས་པར་ཤེས་དགོས། ལ་ལས་རང་སྟོང་དབུ་མ་ལས་ལྷག་པའི་བཤད་སྲོལ་ཞིག་མེད་ཟེར་བ་དང་། ཡང་ལ་ལས་གཞན་སྟོང་དབུ་མ་ལས་ལྷག་པའི་བཤད་སྲོལ་ཞིག་མེད་ཟེར་རུང་། དེ་དག་ནི་ཕྱག་རྒྱ་ཆེན་པོའི་དོན་ཧའི་སྒོམ་རིམ་མན་ངག་གི་བཤད་སྲོལ་ལ་རྒྱུས་མེད་པའི་གཏམ་ལས་མ་འདས། བདག་གིས་བྲིས་པའི་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་ཆེན་ལུང་རིགས་མན་ངག་གཏེར་མཛོད་ཅེས་པའི་ནང་དུ་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་དགོངས་པ་ཕྱག་ཆེན་མན་ངག་ལྟར་འཆད་དགོས་ཚུལ་སོགས་སྒྲུབ་བྱེད་མང་དུ་བཤད་ཡོད་ཅིང་། གཞན་ཡང་བདག་གིས་བྲིས་པའི་ཤེར་ཕྱིན་གྱི་དགོངས་པ་ཕྱག་ཆེན་ལྟར་འཆད་དགོས་ཚུལ་གྱི་ཁུངས་ལུང་ཅུང་ཟད་བརྗོད་པ་ཞེས་པའི་ནང་དུའང་ཤེས་རབ་སྙིང་པོའི་མདོའི་དགོངས་པ་ཕྱག་ཆེན་གྱི་མན་ངག་ལྟར་འཆད་དགོས་ཚུལ་དམིགས་སུ་བཤད་ཡོད། སྐབས་འདིར་ཤེར་ཕྱིན་ཡི་གེ་གཅིག་མ་འདི་ཕྱག་ཆེན་གྱི་མན་ངག་ལྟར་འཆད་དགོས་ཚུལ་གྱི་ཁུངས་ལུང་ཅུང་ཟད་བརྗོད་པ་ཡིན། དེ་ཡང་ཐར་འབྱུང་སྦས་པའི་གཞུང་དུ་ཨ་ཡི་དགོངས་དོན་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་རྒྱུ་ཡི་ཡེ་ཤེས་ཀྱི་དོན་དུ་འཆད་དགོས་ཚུལ་དོ་ཧའི་མན་ངག་ལྟར་གསུངས་པ་དེ་དང་མཐུན་པར། གྲུབ་ཆེན་ཀརྨ་པཀྵིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རབ་དབྱེ་ཞེས་པའི་ནང་དུ་ཡང་ཨའི་དོན་དོན་གྱི་ཀུན་གཞི་ལ་གསུངས་ཤིང་དེའི་གནད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ཡང་དོན་གྱི་ཀུན་གཞིའི་ལ་གསུངས་པ་སོགས་གཞུང་ཉིད་ལ་བལྟས་པས་ཤེས། དེ་ཡང་གཞུང་དེ་ཉིད་ལས། ཀུན་གཞི་ཀུན་འབྱུང་བའི་ཆོས་ཐམས་ཅད་ལ་མ་རིག་པའི་ཡི་གེ་ཨའི་གཤིས་དབྱིངས་ངོ་བོ་རང་བཞིན་མཚན་ཉིད་ལྔར་གནས་པ་དེ། རང་རིག་པའི་ཡེ་ཤེས་ཨ་རིག་ཅིང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱ་བའི་ཕྱིར། ཨ་ཡི་གེ་གཅིག་མའི་མདོ་སངས་རྒྱས་ཀྱིས་གསུངས་ཤིང་བྱིན་གྱིས་བརླབས་པའི་དབང་པོ་རབ་ཀྱི་རབ་རྣམས་ཀྱིས་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པའོ། །ཞེས་གསུངས།

ཁྱད་པར་གོང་དུ་ཞུས་པ་ལྟར་ཕྱག་རྒྱ་ཆེན་པོོ་དོ་ཧའི་སློབ་དཔོན་རྣམས་ཀྱིས། གྲུབ་ཆེན་ས་ར་ཧའི་དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་དང་མཐུན་པར་ཤེར་ཕྱིན་ཡི་གེ་གཅིག་མའི་དགོངས་པ་འགྲེལ་མཛད་ཅིང་། གནད་དེའི་དབང་གིས་དྭགས་པོ་བཀའ་བརྒྱུད་པའི་མཁས་གྲུབ་དམ་པ་མཁན་པོ་ཀརྨ་རཏྞས་མཛད་པའི་ཤེར་ཕྱིན་ཡི་གེ་གཅིག་མའི་འགྲེལ་པ་ཆོས་ཉིད་ཐིག་ལེ་ཞེས་པ་ལས། དྲུག་པ་ནི། ཡི་གེ་གཅིག་མ་རྫོགས་སོ། །དེ་དག་གི་བརྗོད་དོན་ནི་སེམས་ཉིད་མ་བཅོས་འོད་གསལ་ཕྱག་རྒྱ་ཆེན་པོའི་དོན་རྩེ་གཅིག་ཏུ་ཉམས་སུ་ལེན་ཞིང་སྒོམ་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་ཀུན་འབྱུང་ཡིན་ཏེ། ཇི་སྐད་དུ་ཡང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་དོན་དམ་དེ་ཁོ་ན་ཉིད་ལ་བརྩོན་པར་བྱའོ། །ཞེས་སོགས་ཐར་འབྱུང་སྦས་པའི་གཞུང་དང་མཐུན་པར་གསུངས་སོ། །གཞན་ཡང་སེམས་ཉིད་གཅིག་པུ་ཞེས་སོགས་ཀྱི་མན་ངག་འདིས། མདོ་སྡུད་པ་ལས། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང་། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཤེས་རབ་ནམ་ཡང་ཟད་པ་མེད་ཅིང་འཕེལ་བ་མེད། །ཅེས་སོགས་ཀྱི་སྦས་དོན་སྒོམ་པའི་མན་ངག་གི་རིམ་པ་བསྟན་ཡོད་པ་དང་། ཡུམ་རྒྱས་འབྲིང་རྣམས་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་སོགས་ཀྱི་དོན་དང་། མངོན་རྟོགས་རྒྱན་ལས། ཉན་ཐོས་བྱང་ཆུབ་སེམས་དཔའི་ཞཚོགས་བཅས་སངས་རྒྱས་ཀྱི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱི་སྦས་དོན་གྱི་མན་ངག་དངོས་དེ་བསྟན་ཡོད་དོ། །གཞན་ཡང་དོ་ཧའི་མན་ངག་གིས་ཤེར་མདོའི་སྦས་དོན་གསལ་བར་བྱས་ཡོད་ཚུལ་དཔེ་མཚོན་ཙམ་འགའ་ཤས་ཤིག་ཞུས་ན། དོ་ཧ་ལས། གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེས། །ཞེས་སོགས་ཀྱི་མན་ངག་གིས། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །ཞེས་སོགས་ཀྱི་སྦས་དོན་སྒོམ་པའི་མན་ངག་གི་རིམ་པ་དངོས་གསལ་བར་བྱས་ཡོད་པ་དང་། དོ་ཧ་ལས། དབང་པོ་གང་དུ་ནུབ་གྱུར་ཅིང་། །ཞེས་སོགས་ཀྱི་མན་ངག་གིས། མདོ་སྡུད་པ་ལས། གཟུགས་ཀྱི་དག་པས་འབྲས་བུའི་དག་པར་རིག་པར་བྱ། །ཞེས་སོགས་དང་། མངོན་རྟོགས་རྒྱན་སྐབས་གཉིས་པ་ནས་བཤད་པའི་རྣམ་དག་སྐོར་གྱི་ཕྱི་ནང་གསང་གསུམ་གྱི་སྒོམ་པའི་རིམ་པ་རྣམས་བསྟན་པ་ཞེས་རྗེ་རང་བྱུང་ཞབས་ཡབ་སྲས་ཀྱིས་གསུངས་སོ། །

འདི་དག་ལ་ཐུན་མོང་བའི་རང་སྟོང་གཞན་སྟོང་གི་དབུ་མའི་ལུགས་རྣམས་དང་མི་འདྲ་བའི་ཕྱི་ནང་གསང་གསུམ་གྱི་སྒོམ་རིམ་གྱི་མན་ངག་མང་དུ་ཡོད་པ་ནི་གཞུང་འདི་དག་ལ་ཞིབ་མོར་བལྟས་པས་མཁྱེན་ནུས་སོ། །གཞན་ཡང་། གལ་ཏེ་ཡིད་དུ་འོང་ངམ་སྙམ་པའི་སེམས། །ཞེས་སོགས་ཀྱི་མན་ངག་གིས། སྐབས་གསུམ་པ་ལས། རྒྱལ་ལ་སོགས་པ་ཆགས་པ་ཕྲ། །ཞེས་སོགས་ཀྱི་སྦས་དོན་སྒོམ་རིམ་གྱི་མན་ངག་གསལ་བར་བྱས་ཡོད་པ་དང་། ཡང་། བྱང་ཆུབ་སེམས་ཟིན་པ་དང་བྱང་ཆུབ་སེམས་རྟོགས་དང་། །ཞེས་སོགས་ཀྱི་མན་ངག་གིས། སྐབས་དང་པོ་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་སོགས་ཀྱི་ཐུན་མོང་མ་ཡིན་པའི་སྒོམ་རིམ་གསལ་བར་བྱས་ཡོད་དོ། །དེས་ན་ས་ར་ཧའི་དོ་ཧ་ལས། གཟུགས་སོགས་དངོས་པའི་ཆོས་རྣམས་དེ་ཡིས་མདོག་བསྒྱུར་ནས། །ཞི་བ་དང་བཅས་མན་ངག་གིས་ནི་ཤེས་པར་བྱ། །འོད་གསལ་བ་ཡི་ཆོས་ཉིད་དེ་ནི་ངེས་མཐོང་ནས། །བླ་མའི་དུས་ཐབས་བསྟན་པ་དེ་ནི་ཆེར་རྟོགས་ལ། །ཤེས་རབ་ཕ་རོལ་ཕྱིན་དང་མདོ་གཞན་ལས་རྙེད་ཅིང་། །ཀུན་ལ་སྦྱར་བའི། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་མཐར་ཐུག་པ་ནི་བླ་མ་དམ་པ་རྣམས་ནས་ཉེ་བར་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་མན་ངག་དང་སྦྱར་བའི་སྒོ་ནས་ཤེས་དགོས་པར་གསུངས་ཤིང་། དེ་ལྟར་བྱས་ན་ཕྱག་རྒྱ་ཆེན་པོའི་དགོངས་པ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མདོ་གཞན་ལ་བརྟེན་ནས་ཀྱང་རྙེད་པར་འགྱུར་བའི་དགོས་པ་ཁྱད་པར་ཅན་དང་ལྡན་པར་གསུངས་སོ། །དེས་ན་རང་རེའི་ལུགས་འདིར་ཕྱག་རྒྱ་ཆེན་པོའི་མན་ངག་གི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོམ་རིམ་རྣམས་ལེགས་པར་ཁོང་དུ་ཆུད་ཅིང་དེ་ལྟར་དུ་ཉམས་སུ་བླང་ན་མཚན་ཉིད་ཐེག་པ་ནས་ཀྱང་ཚེ་གཅིག་ལ་འཚང་རྒྱ་བའི་གདམས་པ་ཡོད་པར་བཞེད་པ་སྟེ། དེའི་དབང་གིས་དམ་ཆོས་དགོངས་གཅིག་དང་ལྷོ་ལ་ཡག་པའི་དྭགས་པོ་ཆོས་བཞིའི་འགྲེལ་པ་དང་དྭགས་པོ་རིན་པོ་ཆེའི་ཚོགས་བཅས་ལས་མཚན་ཉིད་ཐེག་པས་ཀྱང་ཚེ་གཅིག་ལ་འཚང་རྒྱ་ནུས་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་བདག་གིས་ཀྱང་ཤེར་ཕྱིན་མངོན་རྟོགས་རྒྱན་ཕྱག་ཆེན་གྱི་མན་ངག་དང་སྦྱར་བའི་འགྲེལ་པ་རྒྱས་པ་ཞིག་བྲིས་པ་ལགས། ཕྱིས་སུ་དྭགས་པོ་བཀའ་བརྒྱུད་པའི་རང་ལུགས་རྣམ་དག་འཛིན་པ་སྲིད་མཐའ་ཙམ་རེ་བྱུང་ན། འདི་ལྟའི་གཞུང་ལུགས་ཀྱི་འཆད་སྲོལ་རྣམས་ལ་འབད་ཅིང་བརྩོན་པ་གནང་བར་ཞུ། དེ་ཡང་རང་རེ་དྭགས་པོ་བཀའ་བརྒྱུད་པའི་ལུགས་འདིར་ལྷན་ཅིག་སྐྱེས་སྦྱོར་གྱི་མན་ངག་གསུམ་ཞེས་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རྩལ་ཏེ། ལྷན་ཅིག་སྐྱེས་པ་གསུམ་གྱི་མན་ངག་གིས་ཁོག་དབུབ། དྲན་པ་དྲན་མེད་སྐྱེ་མེད་བློ་འདས་ཀྱི་མན་ངག་སྟེ་དོ་ཧའི་མན་ངག་རྣམ་བཞིས་གཞུང་བསྲངས་ཏེ། མདོ་སྔགས་ཀྱི་དབུ་མའི་ཆོས་ཚུལ་མཐའ་དག་འཆད་དགོས་པའི་ཆོས་ཀྱི་ཚུལ་འདི་མཁྱེན་དགོས་པ་ཡིན། འདི་ལ་ཁུངས་ལུང་མི་འདུག་ཟེར་བའམ་རྒྱུ་མཚན་མི་འདུག་ཟེར་མཁན་དེ་ཐམས་ཅད་ནི་གྲུབ་ཆེན་ས་ར་ཧ་ཡབ་སྲས་ཀྱི་ཕྱག་རྒྱ་ཆེན་པོའི་གཞུང་ལུགས་རྣམས་དང་། ཁྱད་པར་གྲུབ་ཆེན་མཻ་ཏྲི་པ་ཡབ་སྲས་ཀྱི་ཨ་མ་ན་སིའི་ཆོས་སྐོར་རྣམས་ལ་རྒྱུས་མེད་པའི་ལོང་གཏམ་སྨྲ་བ་པོ་ཁོ་ནར་ཟད། རང་རེ་སྒྲུབ་བརྒྱུད་ཀཾ་ཚང་པའི་ལུགས་ཀྱི་ཤེར་ཕྱིན་གྱི་དགོངས་པ་ཕྱག་རྒྱ་ཆེན་པོའི་མན་ངག་ལྟར་ཇི་ལྟར་འཆད་དགོས་ཚུལ་མཁྱེན་འདོད་པའི་རྗེས་འཇུག་རེ་ཡོད་ན། རྗེ་ཀརྨ་པཀྵིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རབ་དབྱེ་ཞེས་པ་དེ་དང་། ཀུན་མཁྱེན་རྫོགས་པའི་སངས་རྒྱས་མི་བསྐྱོད་རྡོ་རྗེས་མཛད་པའི་དྭགས་པོ་བཀའ་བརྒྱུད་ཀྱི་གསུང་ལས་འཕྲོས་པའི་འབེལ་གཏམ་ཞེས་པའི་བསྟན་བཅོས་གཉིས་ལ་གཟིགས་རྟོག་ཡང་ཡང་མཛོད་ཅིག །

༨ རྒྱུད་སྡེ་སོ་སོ་ནས་ཤེར་ཕྱིན་ཡི་གེ་གཅིག་མའི་དགོངས་པ་ཇི་ལྟར་འགྲེལ་ཚུལ་སྐོར་ལ་དཔྱད་པ།

དེ་ཡང་རྒྱུད་སྡེ་རྣམས་སུ་ཡང་ཡི་གེ་ཨའི་ཆོས་ཚུལ་འདི་ཧ་ཅང་གལ་ཆེན་དུ་ཆགས་ཡོད་ཅིང་། ཡང་དག་སྦྱོར་བ་ཞེས་པའི་རྒྱུད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་སྡེ་ཚན་གཙོ་བོ་ནི། །ལུས་ཅན་རྣམས་ཀྱི་སྔགས་ཀུན་ནི། །འདི་ཉིད་ལས་ནི་ཡང་དག་བྱུང་། །ཞེས་དང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། ཨ་ནི་གསང་སྔགས་ཐམས་ཅད་ཀྱི། །སྙིང་པོ་ཡིན་པར་ཡང་དག་བཤད། །འདི་ལས་བྱུང་བའི་གསང་སྔགས་ནི། །གྲངས་མེད་རྣམས་ཀྱང་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར་རྒྱུད་སྡེ་ཕལ་མོ་ཆེ་ནས་ཨ་ནི་གཟུངས་སྔགས་ཀུན་གྱི་འབྱུང་སྒོ་ཉིད་དུ་གསུངས་ཤིང་། ཁྱད་པར་དབྱངས་གསལ་རྣམས་ཀྱི་ནང་ནས་ཨ་ཐོག་མ་ཡིན་དགོས་པའི་རྒྱུ་མཚན་ཡང་གཟུངས་སྔགས་ཀུན་གྱི་རྒྱལ་པོ་ཡིན་པའི་རྒྱུ་མཚན་གྱིས་ཡིན་པ་སོགས་རྒྱ་ཆེར་གསུངས་ཡོད། ཡང་ཡེ་ཤེས་ཐིག་ལེ་དང་འཇམ་དཔལ་མཚན་བརྗོད་དང་དུས་ཀྱི་འཁོར་ལོ་བཅས་ལས་གསུངས་པ་ལྟར་སྐྱེ་མེད་ཀྱི་དོན་དུ་བཤད་པའི་སྐབས་ཀྱང་སྣང་བ་དང་། ཡང་རྒྱུད་ལས། ཨ་ནི་ལྟེ་བར་ཡང་དག་གནས། །ཞེས་གསུངས་པ་དང་མཐུན་པར་སྐབས་འགར་ལྟེ་བའི་ཨ་ཤད་དམ་གཏུམ་མོའི་མེའི་དོན་དུ་ཡང་བཤད་པ་དང་། ཡང་སྐབས་ལ་ལར་ཨ་ལ་ཟླ་བ་བྱང་ཆུབ་པ་ཕ་ལས་ཐོབ་པ་དཀར་ཆ་རྣམ་དག་ཟླ་བའི་དཀྱིལ་འཁོར་གྱི་མཚོན་བྱེད་ཀྱང་ཡིན་པ་དང་། ཡང་རྒྱུད་ལས། ཨ་ནི་སྲོག་གི་རླུང་དུ་བཤད། །ཅེས་གསུངས་པ་ལྟར་སྐབས་འགར་སྲོག་གི་རླུང་དུ་ཡང་བཤད་པ་དང་། ཡང་སྐབས་འགར་རྣམ་སྣང་མི་བསྐྱོད་པའི་མཚོན་བྱེད་དུ་ཡང་བཤད་པ་དང་། ཡང་སྐབས་འགར་ཆོས་དབྱིངས་ཡེ་ཤེས་ཀྱི་དོན་དུ་ཡང་གསུངས་པ་སོགས་གནས་སྐབས་སོ་སོར་ཨ་ཡི་དགོངས་པ་འགྲེལ་སྲོལ་སོ་སོར་ཡོད་པས། མཐའ་གཅིག་ཏུ་འདི་ཡིན་ཞེས་གཅིག་ཁོ་ན་ལ་སྨྲ་བར་མི་བྱ་ཞིང་། མཐར་གཏུགས་ཀྱི་དགོངས་པ་ནི་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ནས་འབྱུང་བ་ལྟར་ཡིན་ཏེ། དག་པའི་རྩ་ཐིག་རླུང་གསུམ་དེ་ཐམས་ཅད་ཀྱང་མཐར་གཏུགས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་ལོགས་སུ་མེད་པ་བླ་མེད་ཀྱི་རྒྱུད་སྡེ་མཐའ་དག་གི་དགོངས་པ་ཡིན་པས་སོ། །རྒྱུད་སྡེའི་སྐོར་ནས་བཤད་པའི་ཡི་གེ་ཨའི་ཆོས་ཚུལ་རྣམས་རྒྱས་པར་བཤད་ན་བརྗོད་ཀྱིན་མི་ལང་བ་ལྟ་བུར་ཡོད་ཀྱང་། གནས་སྐབས་རེ་ཞིག་ལ་འདི་ཙམ་ཞིག་བྱའོ། །

ཞེས་པ་འདི་ནི་ཤེས་རབ་མཆོག་ལྡན་དུ་འབོད་པས་རང་ཤག་བདེ་ཆེན་འོད་གསལ་འབར་བའི་དགའ་ཚལ་ནས་བྲིས་པ་དགེའོ། །བོད་རབ་བྱུང་བཅུ་བདུན་པའི་ཆུ་ཡོས་ལོའི་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་སྤེལ་བ་དགེའོ་དགེའོ། །   ། །

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།