མདོ་སྔགས་ཀུན་གྱི་ལྟ་གྲུབ་ཀྱི་ཡང་སྙིང་རིགས་ལ་དཔྱད་པ།

0
1069

ནང་དོན་གནད་བསྡུས། མདོ་དང་བསྟན་བཅོས་དག་ལ་ཁུངས་བཅོལ་ནས་གསལ་སྟོང་ཟུང་དུ་འཇུག་པའི་བདེ་གཤེགས་སྙིང་པོ་དོན་ཚན་རྣམ་པ་བཞིའི་སྒོ་ནས་གཏན་ལ་ཕབ་པ་ཞིག་ཡིན།

བརྡ་ཆད་གཙོ་བོ། རིགས་དང་ཆོས་ཉིད་ཡིན་ཁྱབ་མཉམ་ཡིན་མིན། གཤེགས་སྙིང་གསལ་སྟོང་ཟུང་འཇུག་ཏུ་འགྲོ་ཚུལ། རིགས་འབྲས་ཆོས་ཡེ་ལྡན་ཡིན་ཚུལ་བཅས་སོ། །

ན་མོ་མཉྫུ་ཤཱི་ཡེ།
བདེ་སྟོང་ཉམས་རྩལ་རྫོགས་པའི་མཁའ་དབྱིངས་ལ། །
ངག་དབང་མཁྱེན་རབ་སྟོང་གི་གཟི་ཟེར་ཅན། །
འཇམ་དབྱངས་སྨྲ་བའི་ཉི་མ་དོན་གྱི་ལྷས། །
དེང་འདིར་མགྲིན་པའི་དབྱར་རྔ་ལན་གཅིག་རྡུངས། །

སྔ་ཕྱིར་འགྱུར་མེད་བདེ་ཆེན་རྒྱལ་བའི་གཤིས། །
དོན་དམ་ལྷན་སྐྱེས་ཡོན་ཏན་སྟོང་འབར་བའི། །
སེམས་ཀྱི་དམ་པ་རང་རིག་འདུས་མ་བྱས། །
གཤེགས་སྙིང་དམ་པའི་སྡེ་ལ་ཕྱག་འཚལ་ལོ། །

ཞེས་མཆོད་ཚིག་པདྨ་དཀར་པོས་མདུན་ལེགས་པར་བསུས་ཏེ། གང་ཞིག་གླེང་བར་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་སྨོན་ལམ་ལས། འདི་ཡིན་ཞེས་པ་གང་གིས་མཚོན་པ་མེད། །འདི་མིན་ཞེས་བྱ་གང་གིས་བཀག་པ་མེད། །བློ་ལས་འདས་པའི་ཆོས་ཉིད་འདུས་མ་བྱས། །ཡང་དག་དོན་གྱི་མཐའ་ནི་ངེས་པར་ཤོག །འདི་ཉིད་མ་རྟོགས་འཁོར་བའི་རྒྱ་མཚོར་འཁོར། །འདི་ཉིད་རྟོགས་ན་སངས་རྒྱས་གཞན་ན་མེད། །ཐམས་ཅད་འདི་ཡིན་འདི་མིན་གང་ཡང་མེད། །ཆོས་ཉིད་ཀུན་གཞིའི་འཚང་ནི་རིག་པར་ཤོག །ཅེས་གསུངས་པ་ལྟར་བདེ་བར་གཤེགས་པའི་སྙིང་པོ་འདི་ནི་སྐྱེ་འགྲོ་ཀུན་གྱི་གྲོལ་འཁྲུལ་གྱི་གཞི་རྟེན་དུ་གྱུར་པས་ན་འདི་ཉིད་ངོས་ཟིན་པ་ཤིན་ཏུ་གལ་ཆེ་སྟེ། འཁོར་བ་ཐོག་མེད་ནས་ད་ལ་མ་ཐུག་གི་བར་འདི་ཉིད་མ་རྟོགས་པས་འཁོར་བར་བཅིངས་ནས་ཐར་བ་མ་ཐོབ་ལ། འདི་ཉིད་ངོས་ཟིན་ན་སངས་རྒྱས་ཞེས་བྱ་བ་གཞན་ན་མེད་པའི་ཕྱིར་རོ། །

དེ་ལྟར་ཡང་རྒྱུད་བླ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། ། ཞེས་གསུངས་པ་ལྟར་རོ། །དེས་ན་འདིར་དཔྱད་པར་བྱ་བ་བཞི་སྟེ། རིགས་ཀྱི་གོ་དོན། རིགས་ཆོས་ཉིད་དང་དོན་གཅིག་མིན། རིགས་འབྲས་ཆོས་ཡེ་ལྡན་ཡིན་མིན། རིགས་གསལ་སྟོང་ཟུང་འཇུག་ཡིན་མིན་གྱི་སྐོར་དང་བཞིའོ། །

དང་པོ། རིགས་ཀྱི་གོ་དོན།

སྡོང་པོ་བཀོད་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་སྟེ། ཞེས་དང་། རྒྱུད་བླ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། ། ཞེས་དང་། གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་པའི་བདེན་པ་རང་བྱུང་གི་ཡེ་ཤེས་དེ་ནི། དྲི་མ་དང་བཅས་པའི་དུས་ན་རིགས་སམ་ཁམས་སམ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་ལ། ཞེས་གསུངས་པ་ལྟར། རང་བཞིན་འོད་གསལ་བའི་ཡེ་ཤེས་སམ་ཆོས་ཉིད་ལ་འདོད་པར་བྱའོ། །

དེ་ལྟར་ན་སངས་རྒྱས་ཀྱི་ས་ན་རིགས་ཡོད་པར་འགྱུར་བས་མི་འཐད་དེ། གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། དེའང་སངས་རྒྱས་ཀྱི་སར་དྲི་མ་དང་བྲལ་བས་རིགས་སམ་ཁམས་མཚན་ཉིད་པ་ལྡོག་ཀྱང་། ཞེས་གསུངས་པ་ལྟར། དྲི་མ་དང་བྲལ་བའི་རྒྱུ་མཚན་གྱིས་རིགས་མཚན་ཉིད་ལྡོག་པར་བསྒྲུབས་པས་སོ་ཞེ་ན། དེའི་དོན་དེ་ལྟར་མིན་ཏེ། སྒྲིབ་བྱེད་དྲི་མ་དང་བཅས་པའི་རིགས་མཚན་ཉིད་པའི་མིང་འགྱུར་བའམ་ལྡོག་པར་གསུངས་པ་ལས་སྤྱིར་རིགས་མཚན་ཉིད་པ་ལྡོག་པ་གསུངས་པ་མ་ཡིན་པར་ཤེས་པར་བྱ་སྟེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སེམས་ཅན་དང་སངས་རྒྱས་ཀུན་ལ་ཁྱད་པར་མེད་པར། སངས་རྒྱས་ཀྱི་སྙིང་པོས། དབྲི་བསྣན་མེད་པར་ཁྱབ་པས་གྲོལ་གཞི་ལྷུན་གྱིས་གྲུབ་པའི་ཆོས་ཉིད་འདི་ཡོད་པར་ཤེས་པར་བྱའོ། ། ཞེས་དང་། སྡུད་པ་རྒྱན་སྦྱར་ལས། ཆོས་ཉིད་མཉམ་པ་ཆེན་པོ་འཁོར་འདས་གང་གི་མཐར་མི་གནས་པ་དེ་ནི་གཞི་ཤེར་ཕྱིན་དང་བདེ་གཤེགས་སྙིང་པོ་དང་ཆོས་ཀྱི་དབྱིངས་ཞེས་བྱ་བའོ། ། ཞེས་གསུངས་པས་སོ། །

གཉིས་པ། རིགས་ཆོས་ཉིད་དང་དོན་གཅིག་མིན་གྱི་སྐོར།

བཅོམ་ལྡན་རིག་པའི་རལ་གྲི་སོགས་མཁས་པ་འགའ་ཞིག་གིས་ཀ་བའི་ཆོས་ཉིད་སོགས་རིགས་མིན་པར་བཞེད་ལ། ཉ་དབོན་གྱི་ཤེར་ཕྱིན་ལས་བེམ་པོའི་སྟོང་ཉིད་སོགས་རིགས་མིན་ན་ཆོས་ཉིད་ཆ་བཅས་སུ་ཐལ་བ་བརྗོད་ནས་རིགས་ཡིན་པར་བཞེད་པ་གཉིས་སུ་ཡོད་པ་ལས་ལུགས་ཕྱི་མ་འདི་ཆེས་ཤིན་ཏུ་འཐད་པའོ། །

དེ་ལྟར་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དབྱིངས་ལྷུན་གྱིས་གྲུབ་པའི་རང་རིག་རང་བྱུང་གི་ཡེ་ཤེས་འདི་ལ་མིང་གི་རྣམ་གྲངས་ངེས་པ་ནི། རྟོགས་ན་མྱ་ངན་ལས་འདའ་ཞིང་མ་རྟོགས་ན་འཁོར་བ་འབྱུང་བའི་ཆ་ནས་དབྱིངས་ཞེས་བྱ་ཞིང་། སེམས་ཀྱི་དམ་པ་ཞེས་བྱ་སྟེ། ཡེ་ནས་འདུས་མ་བྱས་སུ་རང་ལ་རང་ཆས་སུ་ཡོད་པའི་ཆ་ནས། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཞེས་བྱའོ། ། སངས་རྒྱས་ཀྱི་ཆོས་ཀུན་ཚང་བར་ཡོད་པས། བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱའོ། །དྲི་མས་བསྒྲིབས་པའི་ཆ་ནས་དོན་གྱི་ཀུན་གཞི་དང་ཁམས་ཞེས་བྱའོ། །གནས་ལུགས་ཡིན་པས་དོན་དམ་བདེན་པ་ཞེས་བྱའོ། །གདོད་མ་ནས་དག་པས་འོད་གསལ་བའི་ཡེ་ཤེས་ཞེས་བྱའོ། །ཡོད་མེད་སྒྲོ་སྐུར་གྱི་མཐའ་ལས་འདས་པས། ཟབ་མོ་སྟོང་པ་ཉིད་དབུ་མའི་རང་བཞིན་ཞེས་བྱའོ། །སྤྲོས་པ་ཐམས་ཅད་ཀྱི་མཐའ་ལས་གྲོལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །སྟོང་གསལ་གཉིས་སུ་མེད་པས་བདེན་པ་དབྱེར་མེད་ཅེས་བྱའོ། །འཕོ་འགྱུར་མེད་པས་ཆོས་ཉིད་དེ་བཞིན་ཉིད་ཅེས་བྱའོ། །ཞེས་དང་། སྡུད་པ་རྒྱན་སྦྱར་ལས། ཆོས་ཉིད་མཉམ་པ་ཆེན་པོ་འཁོར་འདས་གང་གི་མཐར་མི་གནས་པ་དེ་ནི་གཞི་ཤེར་ཕྱིན་དང་བདེ་གཤེགས་སྙིང་པོ་དང་ཆོས་ཀྱི་དབྱིངས་ཞེས་བྱ་བའོ། ། ཞེས་དང་། སྤྱི་དོན་འོད་གསལ་སྙིང་པོ་ལས། དེ་ལྟ་བུའི་གཞི་དེ་ཉིད་ལ་སྟོང་པ་ཉིད་ཀྱི་ཆ་ནས་རྒྱལ་བའི་ཡུམ་ལ་སོགས་པ་ལས་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་ལ་སོགས་པའི་མིང་གིས་བསྟན་ཅིང་། སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་བཅས་པའི་ཆ་ནས་སྙིང་པོ་བསྟན་པའི་མདོ་ལ་སོགས་པ་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པའི་མིང་གིས་བསྟན་ལ། ངེས་དོན་སྔགས་ཀྱི་ཐེག་པ་འདིར་ནི་སྣང་སྟོང་བདེན་པ་དབྱེར་མེད་དག་མཉམ་ཆེན་པོའི་བདག་ཉིད་གདོད་མ་གཞི་ཡི་དཀྱིལ་འཁོར་ཞེས་བྱའོ། ། ཞེས་པ་ལྟར། དབྱིངས་ལྷུན་གྱིས་གྲུབ་པའི་རང་རིག་རང་བྱུང་གི་ཡེ་ཤེས་དང་། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས། བདེ་བར་གཤེགས་པའི་སྙིང་པོ། དོན་གྱི་ཀུན་གཞི་དང་ཁམས། དོན་དམ་བདེན་པ། འོད་གསལ་བའི་ཡེ་ཤེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། དེ་བཞིན་ཉིད་ཅེས་པ་རྣམས་ནི་མིང་གི་རྣམ་གྲངས་ངེས་པར་གསུངས་པས་ན་ཆོས་ཀུན་གྱི་ཆོས་ཉིད་ནི་གཅིག་ལས་གཉིས་མེད་ལ། ཀ་བའི་ཆོས་ཉིད་ལྟ་བུ་ནི་ཆོས་ཀུན་གྱི་ཆོས་ཉིད་ཡིན་ལ་རིགས་སམ་བདེ་བར་གཤེགས་པའི་སྙིང་པོ་ཡང་དེ་བཞིན་དུ་ཤེས་པར་བྱའོ། ། དེ་ལྟར་ཡང་མདོ་སྡུད་པ་ལས། འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། ། ཅེས་དང་། དེའི་ཐད་ཀྱི་སྡུད་འགྲེལ་རྟོགས་སླ་ལས། འདས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདས་པ་དང་། འདས་པའི་དངོས་པོའི་དེ་བཞིན་ཉིད་གང་ཡིན་པ་དང་། མ་འོངས་པ་སྟེ། མ་ཐོབ་པའི་དེ་བཞིན་ཉིད་གང་ཡིན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དང་། དགྲ་བཅོམ་པ་སྟེ། ཟག་པ་ཟད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། དེ་དག་ལས་བཟློག་པའི་ཆོས་ཀུན་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། གང་ཡང་རྒྱལ་བའི་དེ་བཞིན་ཉིད་གང་ཡིན་པ་དང་། བསྟན་མ་ཐག་པའི་ཆོས་ཐམས་ཅད་ཀྱི་བདག་ཉིད་རྣམ་པར་གྲོལ་བ་ཐ་དད་པ་མེད་དེ། བྱེ་བྲག་ཏུ་གྲུབ་པའི་ཚད་མ་དང་བྲལ་བའི་ཕྱིར་བྱེ་བྲག་ཏུ་མི་འགྲུབ་བོ། ། ཞེས་གསུངས་པ་ལྟར་རོ། །

ཁ་ཅིག་གིས། དེ་ལྟར་ན་ཀ་བ་སོགས་བེམ་པོ་ཀུན་ལ་རིགས་ཡོད་པར་ཐལ་ཏེ། དེ་སོགས་བེམ་པོ་ཀུན་གྱི་ཆོས་ཉིད་དག་ནི་རིགས་ཡིན་པའི་ཕྱིར་ཞེ་ན། ཀ་བ་སོགས་བེམ་པོ་ཀུན་གྱི་ཆོས་ཉིད་དག་རིགས་ཡིན་ཡང་དེ་དག་ཀ་བ་སོགས་ལ་ལྟོས་ནས་རིགས་ཉིད་དུ་མི་འཇོག་པས་ཀ་བ་སོགས་ལ་རིགས་ཡོད་པར་འཇོག་མི་དགོས་ཏེ། སྟོང་ཐུན་སེང་གེའི་ང་རོ་ལས། དེ་སེམས་མ་ཡིན་པ་ས་རྡོ་སོགས་བེམ་པོ་ལ་ལམ་སྒྲུབ་པ་མེད་པས་ཐ་སྙད་དུ་དེ་བཞིན་ཉིད་དུ་དབྱེར་མེད་ནའང་དེ་ལ་རིགས་ཡོད་པར་འཇོག་མི་དགོས་ཏེ། ཞེས་གསུངས་པས་སོ། ། ཡང་ཁ་ཅིག་གིས། སེམས་ཅན་གཅིག་གི་བདེར་གཤེགས་སྙིང་པོ་སེམས་ཅན་ཀུན་གྱི་བདེར་གཤེགས་སྙིང་པོ་ཡིན་ན། སེམས་ཅན་གཅིག་འཚང་རྒྱ་བའི་ཚེ་ན་སེམས་ཅན་ཀུན་འཚང་རྒྱ་དགོས་པར་ཐལ་ཏེ། སེམས་ཅན་གཅིག་གི་བདེར་གཤེགས་སྙིང་པོ་དེ་དྲི་མ་ལས་གྲོལ་བའི་ཚེ་ན་སེམས་ཅན་ཀུན་གྱི་བདེར་གཤེགས་སྙིང་པོ་དྲི་མ་ལས་གྲོལ་དགོས་པའི་ཕྱིར་ཏེ། དེ་གཉིས་ཐ་དད་དུ་མེད་པས་དེ་གཉིས་ལ་དྲི་མ་ལས་གྲོལ་མ་གྲོལ་གྱི་ཁྱད་པར་མི་འཐད་པའི་ཕྱིར་རོ་ཞེ་ན། དེ་ལྟར་མ་ཡིན་ཏེ། སེམས་ཅན་གཅིག་འཚང་རྒྱ་བའི་ཚེ་སེམས་ཅན་ཀུན་གྱི་བདེར་གཤེགས་སྙིང་པོ་དེ་སེམས་ཅན་དེ་ལ་ལྟོས་ན་དྲི་མ་དང་བྲལ་ཡང་དེ་ལས་གཞན་པའི་སེམས་ཅན་ལ་ལྟོས་ན་དྲི་མ་དང་བྲལ་དགོས་པ་མ་ཡིན་ཏེ། དྲི་མ་དང་བྲལ་མ་བྲལ་ནི་རྒྱུད་སོ་སོ་ལ་ལྟོས་དགོས་པའི་ཕྱིར་རོ། །

གསུམ་པ། རིགས་འབྲས་ཆོས་ཡེ་ལྡན་ཡིན་མིན་གྱི་སྐོར།

ཁ་ཅིག་གིས་རིགས་སམ་བདེ་བར་གཤེགས་པའི་སྙིང་པོ་ནི་ཡོན་ཏན་མེད་པའི་སྟོང་པ་ཕྱང་ཆད་དུ་འདོད་པ་ཡོད་མོད་དེ་ལྟར་མི་འཐད་པར་འབྲས་ཆོས་ཀྱི་ཡོན་ཏན་རྣམས་འབྲལ་མེད་ཡེ་ལྡན་གྱི་ཚུལ་དུ་ཡོད་པར་གོ་བར་བྱ་སྟེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། ། ཞེས་དང་། རྒྱུད་བླའི་ཐོགས་འགྲེལ་ལས། དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་ནི་མི་སྟོང་ངོ་། ། ཞེས་དང་། ཡང་རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། ། ཞེས་དང་། གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། དེ་ལྟ་བུའི་རིགས་ལ་འཁོར་བའི་ཆོས་དང་། མྱ་ངན་ལས་འདས་པའི་ཆོས་ཇི་ལྟར་ལྡན་ཞེ་ན། འཁོར་བའི་ཆོས་ནི་ཉི་མ་ལ་སྤྲིན་ལྟར་བསྒྲིབ་བྱ་སྒྲིབ་བྱེད་དུ་ལྡན་ལ། མྱ་ངན་ལས་འདས་པའི་ཆོས་ནི་འོད་ཟེར་ལྟར་ངོ་བོ་གཅིག་པར་ལྡན་པ་ཡིན་ཏེ། རེ་ཞིག་རྟེན་དབྱིངས་ལ། བརྟེན་པ་འཁོར་བའི་ཆོས་དྲི་མ་དང་བཅས་པ་ཉིད། གཉེན་པོས་བསལ་བ་ན། མྱ་ངན་ལས་འདས་པའི་ཆོས་མངོན་པར་གྱུར་པའི་ཚུལ་ལོ་ཞེས་ཤེས་པར་བྱའོ། །འཁོར་བའི་ཆོས་རྣམས་ནི་གློ་བུར་དང་། ཡོན་ཏན་ཡེ་ནས་འདུས་མ་བྱས་སུ་ཡོད་པ་ཉིད་ཀྱང་། ཞེས་དང་། ཡང་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། དབྱིངས་སྙིང་པོ་འདིའི་ངོ་བོ་ལ་དོར་བྱའི་དྲི་མ་ཡེ་ནས་མེད་དེ་རང་བཞིན་གྱིས་འོད་གསལ་ཞིང་དྲི་མ་མེད་པའི་ཕྱིར་རོ། །སྔར་མེད་ཀྱི་ཡོན་ཏན་ཕྱི་ནས་གསར་དུ་བསྒྲུབ་པ་མེད་དེ་ཡོན་ཏན་ལྷུན་གྲུབ་ཡིན་པའི་ཕྱིར་རོ། ། ཞེས་དང་། ཡང་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། སྔར་ཡོད་ཀྱི་ཡོན་ཏན་མངོན་པ་ལ་བྱང་ཆུབ་ཏུ་བརྗོད་ཀྱང་། གསར་དུ་སྐྱེས་པ་མ་ཡིན་ནོ། ། ཞེས་དང་། སྟོང་ཐུན་སེང་གེའི་ང་རོ་ལས། འདིར་རྒྱལ་བ་དང་རྒྱལ་སྲས་ཆེན་པོ་བརྒྱུད་པར་བཅས་པའི་ལམ་སྲོལ་རྟོག་གེས་མ་དཀྲུགས་པ་ལ་ཞུགས་ནས། ཕྱོགས་སུ་ཞེན་པ་བོར་ཏེ་གཟུ་བོའི་བློས་བདེ་གཤེགས་སྙིང་པོའི་རྣམ་གཞག་བསྟན་པའི་ཚུལ་དེ་དག་གི་སྒྲུབ་བྱེད་རིགས་པ་རྣམ་དག་ལ་གཞལ་བ་ན་བདེ་གཤེགས་སྙིང་པོ་ངོ་བོ་མི་སྟོང་པའི་བདེན་གྲུབ་རྟག་པ་དང་། ཡོན་ཏན་མེད་པའི་སྟོང་པ་ཕྱང་ཆད་དུ་འདོད་པ་གཉིས་ཀ་ལ་སྒྲུབ་བྱེད་མེད་ལ་གནོད་བྱེད་མཐོང་ཞིང་། ངོ་བོ་སྟོང་པ་དང་རང་བཞིན་ཡོན་ཏན་ཡེ་ལྡན་གྱི་སྙིང་པོ་འགྲོ་བའི་ཁམས་ན་ཡོད་པ་ལ། གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡང་དག་ཡོད་པར་མཐོང་ངོ་། ། ཞེས་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འདི་ལ་སྐྱོན་རྣམས་སྦྱང་དུ་ཡོད་ལ་བྲལ་ཤེས་པས་སྟོང་ལ། ཡོན་ཏན་དབྱེར་མེད་པས་མི་སྟོང་སྟེ། ཞེས་གསུངས་པས་སོ། །

དེས་ན་གཞི་དུས་ཀྱི་རིགས་སམ་བདེ་བར་གཤེགས་པའི་སྙིང་པོ་ལ་འབྲས་ཆོས་ཀྱི་ཡོན་ཏན་འདུས་མ་བྱས་རྣམ་མཁྱེན་དང་མཐོང་ལམ་མཉམ་བཞག་ཡེ་ཤེས་སོགས་ད་ལྟ་ནས་ལྡན་པ་ཡིན་ལ། གཞི་དུས་ཀྱི་བདེ་གཤེགས་སྙིང་པོ་ནི་ད་ལྟ་ནས་རང་བྱུང་གི་སངས་རྒྱས་སམ་རྣམ་མཁྱེན་ཡིན་ནའང་གཞིའི་སྐབས་སུ་མངོན་དུ་མ་གྱུར་བར་ཙམ་མོ། ། ཁ་ཅིག་གིས། དེ་ལྟར་ན་རྣམ་མཁྱེན་དང་མཐོང་ལམ་མཉམ་བཞག་ཡེ་ཤེས་སོགས་གཞི་དུས་ནས་ཡོད་པར་བཞེད་དགོས་པས་ན། གཞིའི་སེམས་ཅན་ཐེག་ཆེན་ལམ་ཞུགས་ཡིན་པར་ཐལ་ཏེ། དོན་དམ་སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར་ཏེ། རྣམ་མཁྱེན་དང་མཐོང་ལམ་མཉམ་བཞག་ཡེ་ཤེས་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། རྣམ་མཁྱེན་དང་མཐོང་ལམ་མཉམ་བཞག་ཡེ་ཤེས་སོགས་ད་ལྟ་ནས་མི་མངོན་པའི་ཚུལ་དུ་རྒྱུད་ལ་བཞུགས་ཡོད་ཀྱང་མངོན་དུ་གྱུར་མེད་པའི་ཕྱིར་རོ། །

དེ་ལྟར་ན་རྣམ་མཁྱེན་སོགས་རྟག་པ་ཡིན་པར་ཅི་ཡིས་ཤེས་སྙམ་ན། སྟོང་ཐུན་སེང་གེའི་ང་རོ་ལས། རིགས་པ་ཡང་། གདོད་མའི་ཆོས་དབྱིངས་དང་གཉིས་སུ་མེད་པར་རོ་མཉམ་པའི་འབྲས་བུ་མཐར་ཐུག་པ་རྣམ་མཁྱེན་གྱི་ཡེ་ཤེས་ཉིད་རྒྱུ་རྐྱེན་གྱིས་གསར་དུ་འདུས་བྱས་པའི་མི་རྟག་པ་ཡིན་ན། རང་བྱུང་གི་ཡེ་ཤེས་མ་ཡིན་པ་དང་། འགྱུར་བའི་ཟུག་རྔུ་མ་སྤངས་པ་དང་། ཡང་འགག་ཡང་སྐྱེ་བའི་ཆ་དང་བཅས་པ་དང་། རང་གི་ངོ་བོས་འཇིག་པས་བསླུ་བ་ཅན་དང་། གཏན་གྱི་སྐྱབས་སུ་མ་གྱུར་པ་རང་ཉིད་སྐྱེས་མ་ཐག་ཏུ་འགག་པའི་ཕྱིར་དང་། རྒྱུའི་ཚོགས་པ་ཚང་བ་གང་དུ་ཉི་ཚེ་བར་གནས་པའི་ཕྱིར་དང་། ཆོས་ཀུན་ལ་རོ་མཉམ་དུ་མ་སོང་བ་དང་། མཐའ་ཀུན་ལས་མ་འདས་པ་དང་། ཡིད་ཀྱི་རང་བཞིན་གྱི་སྐྱེ་བ་སོགས་མ་འགག་པ་དང་། རང་དབང་མེད་པར་འདུ་བྱེད་པའི་གཞན་དབང་ཅན་དུ་ཐལ་བ་སོགས་ཀྱི་སྐྱོན་དང་བཅས་པས་དེ་ལྟར་ཁས་ལེན་པ་ལ་རྡོ་རྗེའི་སྐུ་ལ་མི་རྟག་པར་བལྟ་བའི་ཉེས་པ་ཤིན་ཏུ་རྒྱ་ཆེར་འབྱུང་བས་ན། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ནི་འདུས་མ་བྱས་དང་རྟག་པ་དམ་པར་བལྟ་བར་བྱ་སྟེ། འདི་ལྟར་ཚུར་མཐོང་གི་ངོར་ཡུལ་ཤེས་པའི་ཤེས་པ་ཉི་ཚེ་བ་ལ་མི་རྟག་པའི་ཁྱབ་པས་འདུས་མ་བྱས་མི་སྲིད་ཀྱང་། ཤེས་དང་ཤེས་བྱ་རོ་གཅིག་པའི་ཡེ་ཤེས་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་དེ་དང་མི་འདྲ་སྟེ། འདུས་མ་བྱས་པའི་རང་གདངས་འོད་གསལ་མི་འགྱུར་བའི་ངང་དེར་འཁོར་འདས་ཀྱི་ཆོས་ཀུན་འུབ་ཆུབ་པས་ན་དེའི་ངོ་བོ་ལ་སྐྱེ་འགག་ཡེ་ནས་མེད་པར་མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱིས་གྲུབ་པའི་ཕྱིར་རོ། ། ཞེས་དང་། གཞུང་སྤྱིའི་དཀའ་གནད་ལས། བློ་གྲོས་མི་ཟད་པའི་མདོར། ཡེ་ཤེས་ནི་རྟག །རྣམ་ཤེས་མི་རྟག་གསུངས་པ་རྒྱུན་གྱི་དབང་དུ་བྱས་ཏེ་བཤད་ན་བློ་ཆུང་རྣམས་ཀྱི་བློར་ཤོང་། ངོ་བོའི་དབང་དུ་བྱས་ཏེ་སྐད་ཅིག་མ་མིན་པར་བཤད་ན། དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་འདི་ཆོས་ཉིད་དང་ཐ་དད་དུ་མེད་པས་རྟག་པར་འགྲུབ་བོ། ། ཞེས་གསུངས་པ་དག་གིས་གསལ་ལོ། །

དེ་ལྟར་ན་རྣམ་མཁྱེན་དང་མཐོང་ལམ་མཉམ་བཞག་ཡེ་ཤེས་སོགས་ཆོས་ཉིད་དང་ཐ་དད་དུ་མེད་པའི་རྟག་ཡིན་ཡང་གཞི་དུས་ནས་ཡོད་པ་ཇི་ལྟར་འགྲུབ་ཅེ་ན། རྣམ་མཁྱེན་དང་མཐོང་ལམ་མཉམ་བཞག་ཡེ་ཤེས་སོགས་ཀྱི་མིང་སོ་སོར་འགྱུར་བ་ལས་མིང་གི་གདགས་གཞི་ནི་གཞི་དུས་ནས་ཡོད་དགོས་ཏེ། འཆིང་བ་ཀུན་ལྡན་གྱི་གང་ཟག་གི་རྒྱུད་དེ་ལས་ཕྱིས་གསལ་བའམ་མངོན་དུ་གྱུར་རུང་གི་འགྱུར་བ་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། ། དེ་ལྟར་ཡང་རྒྱུད་བླར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། ། ཞེས་དང་། དེའི་དོན་འགྲེལ་སྟོང་ཐུན་སེང་གེའི་ང་རོ་ལས། དེ་བས་ན་གཉིས་པ་རང་ལུགས་བརྗོད་པ་ལ། གོང་གི་རྐང་པ་དང་པོའི་དོན་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་མཐར་ཐུག་པ་ཆོས་ཀྱི་སྐུ་ཡོན་ཏན་ནམ་མཁའ་དང་མཉམ་པ་དེ་ལྟ་བུ། སྔོན་ཐ་མལ་བ་འཆིང་བ་ཀུན་ལྡན་དུ་གྱུར་པའི་གང་ཟག་གི་རྒྱུད་དེ་ལས་ཕྱིས་གསལ་བའམ། འཕྲོ་བའམ། མངོན་དུ་གྱུར་པ་ཡོད་པས་ན་ད་ལྟ་ནས་སེམས་ཅན་གྱི་རྒྱུད་ན་བདེ་གཤེགས་སྙིང་པོ་ཡོད་ཅེས་བསྒྲུབ་པ་ཡིན་ནོ། ། ཞེས་གསུངས་པས་སོ། །

བཞི་པ། རིགས་གསལ་སྟོང་ཟུང་འཇུག་ཡིན་མིན་གྱི་སྐོར།

ཁ་ཅིག་གིས་རིགས་སམ་བདེ་བར་གཤེགས་པའི་སྙིང་པོ་ནི་སྟོང་རྐྱང་མེད་དགག་ལ་འདོད་པ་ཡོད་ཀྱང་སྟོང་རྐྱང་མེད་དགག་ལ་མཁྱེན་ཆ་ཅི་ཡང་མེད་པས་མི་འཐད་ལ་དེས་ན་ངོ་བོ་སྟོང་བ་དང་རང་བཞིན་འོད་གསལ་བའི་ཡེ་ཤེས་ཀྱང་ཡིན་ལ། སྐྱོན་དང་འདུས་བྱས་ཀྱིས་སྟོང་པའམ་འབྲས་ཆོས་ཡེ་ལྡན་གྱིས་མི་སྟོང་བའི་ལྡོག་ཆ་ནས་གསལ་སྟོང་ཟུང་འཇུག་ཏུ་ཤེས་པར་བྱ་སྟེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། ། ཞེས་དང་། བརྒྱད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། ། ཞེས་དང་། རྒྱུད་བླ་མའི་མཆན་འགྲེལ་མི་ཕམ་ཞལ་ལུང་ལས། དེ་གཉིས་མི་འགལ་ཏེ། སྔར་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ལ་བདེན་པ་མེད་པར་གསུངས་པ་དབྱིངས་ངོ་བོ་སྟོང་པའི་ཆ་ནས་བསྟན་པ་ཡིན་ལ། འདིར་བདེ་གཤེགས་སྙིང་པོ་ཡོད་པར་གསུངས་པ་ཡང་ངོ་བོ་བདེན་པར་ཡོད་ཅེས་གསུངས་པ་མ་ཡིན་ཏེ། རིག་པ་ཡེ་ཤེས་རང་བཞིན་གསལ་བའི་ཆ་ནས་བསྟན་པས་དེ་གཉིས་མི་འགལ་བར་མ་ཟད་གཅིག་གྲོགས་སུ་གཅིག་འཆར་བས་ཟུང་དུ་འཇུག་པ་དང་། ཞེས་དང་། གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། བློ་དམན་རྣམས་ཀྱི་དགོས་པ་བསྡུ་བའི་ལན་དུ། སྙིང་པོ་འདིའང་སྐྱོན་དང་འདུས་བྱས་པ་ལ་སོགས་པས་སྟོང་པའི་ཕྱིར་སྟོང་པ་ཡིན་གྱིས། རང་གི་ཡོན་ཏན་གྱི་ཆོས་འདོར་པའི་སྟོང་པ་མ་ཡིན་ཏེ། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། ། ཞེས་སྔར་ཡང་བརྗོད་ཟིན་ཏོ། ། ཞེས་དང་། མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས། རིག༷ས་ཞེས་པ་གང་ཞེ་ན་རང་བཞིན་དུ་གནས་པའི་རིགས་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། དེའི་ངོ་བོ་ནི་གདོད་ནས་སྐུ་དང་ཡེ་ཤེས་དང་དབྱེར་མེད་པའི་ཆོས་ཀྱི་དབྱིངས་རིག་སྟོང་ཟུང་དུ་འཇུག་པ་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་པ། རང་བཞིན་གྱིས་རྣམ་པར་དག་ཅིང་ཆོས་ཐམས་ཅད་ལ་རྗེས་སུ་སོང་བའི་དེ་བཞིན་ཉིད་ནམ་མཁའ་ལྟར་འཕོ་འགྱུར་མེད་པ་ཉིད་ཡིན་ལ། ཞེས་དང་། སྟོང་ཐུན་སེང་གེའི་ང་རོ་ལས། དོན་དམ་དཔྱོད་པའི་རིགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྲུབ་ཀྱང་དེས་སྙིང་པོའི་ཡོན་ཏན་འགོག་པར་མི་འགྱུར་ཏེ་ཡོན་ཏན་བླ་ན་མེད་པ་ཡོད་ཀྱང་ངོ་བོ་སྟོང་བར་འདི་བས་ཀྱང་ཞལ་གྱིས་བཞེས་པའི་ཕྱིར་རོ། ། ཞེས་དང་། གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། དེའི་ཕྱིར་དབྱིངས་སམ་སྙིང་པོའི་ངོ་བོ་ལ་ལྟོས་ནས་དྲི་མ་དང་སྐྱོན་གྱི་དངོས་པོ་རྣམ་པར་དབྱེ་བ་དང་བཅས་པའི་མཚན་ཉིད་ཀྱིས་སྟོང་ལ། ཡེ་ནས་རང་ཆས་སུ་ཡོད་པའི་ཡོན་ཏན་གྱིས་མི་སྟོང་སྟེ། ཞེས་པ་ལྟར། ཆོས་ཅན་གློ་བུར་བས་སྟོང་བ་དང་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་རང་ཆས་སུ་རྫོགས་པར་གསུངས་པས་སོ། །

དེ་ལྟར་ན་བདེ་བར་གཤེགས་པའི་སྙིང་པོའམ་དོན་དམ་རང་ངོས་ནས་སྟོང་པར་འགྱུར་ལ། དེ་ལྟར་འདོད་ན་མི་འཐད་དེ། ངེས་ཤེས་སྒྲོན་མེ་ལས། གདོད་ནས་ལྷ་རུ་དག་པ་ལ། །གནས་ལུགས་དཔྱད་པས་ཀྱང་མི་གནོད། ། ཅེས་དང་། བསྟན་རྒྱས་སྨོན་ལམ་ལས། དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་དོན། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །རིག་སྟོང་མི་ཤིགས་རྡོ་རྗེ་གྲུབ་པའི་མཐའ། ། ཞེས་གསུངས་པས་ན། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་མི་གནོད་པའམ་རིག་སྟོང་མི་ཤིགས་རྡོ་རྗེ་ལྟ་བུར་གསུངས་པས་སོ་ཞེ་ན། དེ་ནི་དེ་ལྟར་མིན་ཏེ། ཐ་སྙད་དག་གཟིགས་ཚད་མ་ལ་ལྟོས་ན་དགག་བྱ་མིན་པ་དང་། དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ལ་ལྟོས་ན་དགག་བྱ་རུ་གོ་དགོས་པས་སོ། ། དེ་ལྟར་ཡང་གཞན་སྟོང་སེང་གེའི་ང་རོ་ལས། དེ་ལྟ་ན་དོན་དམ་རང་ངོས་ནས་མི་སྟོང་ཞེས་ཟེར་བ་འདི་རྣམ་པ་ཀུན་ཏུ་བདེན་གཉིས་ཕྱི་མའི་འཇོག་ཚུལ་ལྟར་བྱས་ཏེ། བདེན་པ་གཉིས་པོ་གཅིག་བཀག་པའི་ཐ་དད་དུ་ཁས་ལེན་པ་ལ་གོ་དགོས་ཀྱི། སྣང་སྟོང་གི་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་འཇོག་ཚུལ་ལྟར་གོ་བ་དེ་གཏན་མིན་ནོ། །དེ་ལྟ་ན་གནས་སྣང་མི་མཐུན་པ་འཁྲུལ་བའི་སྣང་བ་རྣམས་ནི། འཁྲུལ་ངོར་སྣང་དུ་ཟིན་ཀྱང་། དོན་ལ་དེ་ལྟར་མ་གྲུབ་པའི་ཕྱིར་ཀུན་རྫོབ་ཅེས་བྱ་ལ། ཅིག་ཤོས་ནི་མ་འཁྲུལ་བའི་གཟིགས་ངོར་སྣང་བ་ལྟར་གྲུབ་པ་ལ་ཚད་མས་གནོད་པ་མེད་པའི་ཕྱིར་དོན་དམ་དུ་ཡོད་པ་དང་བདེན་པར་གྲུབ་པ་ཞེས་བྱའོ། ། ཞེས་དང་། སྟོང་ཐུན་སེང་གེའི་ང་རོ་ལས། རིགས་པས་དཔྱད་ན་ཡང་བདེ་གཤེགས་སྙིང་པོ་ངོ་བོ་སྟོང་པ་ཡིན་པའི་གནད་ཀྱིས་སེམས་ཀྱི་ཆོས་ཉིད་དུ་རུང་བ། ཡུལ་ཐམས་ཅད་ཁྱབ་པ། དུས་ཇི་སྲིད་དུ་རྟག་པ། བསམ་གྱིས་མི་ཁྱབ་པ། ཡོན་ཏན་རྣམ་པ་ཐམས་ཅད་པར་རིས་མེད་དུ་འཆར་བ་ཡིན་གྱི། རང་གི་ངོ་བོ་མི་སྟོང་པར་བདེན་པར་གྲུབ་པ་ལ་ཆོས་གཞན་གྱི་ཆོས་ཉིད་དུ་རུང་བ་སོགས་རྣམ་པ་ཀུན་ཏུ་མི་སྲིད་ཅིང་དོན་དམ་དཔྱོད་པའི་ཚད་མས་གཏན་ལ་ཕབ་པའི་གྲུབ་འབྲས་སུ་ཡང་མི་བཏུབ་སྟེ་ཆོས་ཐམས་ཅད་བདེན་མེད་དུ་དཔྱོད་པའི་ལག་རྗེས་ལ་བདེན་གྲུབ་གཅིག་འགྲུབ་པ་ནི་སྣང་བ་ལས་མུན་པ་ལྟར་གནས་མ་ཡིན་པའི་ཕྱིར་རོ། ། ཐ་སྙད་དཔྱོད་པའི་ཚད་མས་ཀྱང་བདེན་གྲུབ་མི་འགྲུབ་སྟེ། དེའི་ངོར་བདེན་པར་གྲུབ་ཀྱང་དེ་ཙམ་གྱིས་ཆོས་དེ་མི་སྟོང་པར་རྣམ་པ་ཀུན་ཏུ་འགྲུབ་མི་ནུས་པའི་ཕྱིར་རོ། །ཚད་མ་གཉིས་ཀྱིས་སྒྲུབ་མ་ནུས་པར་གྱུར་པ་ལ་སྒྲུབ་བྱེད་ནམ་མཁའི་མེ་ཏོག་གི་རྗེས་སུ་འགྲོ་བས་དེ་སྒྲུབ་པ་དོན་མེད་ཀྱི་ངལ་བར་ཟད་དོ། ། ཞེས་དང་། དབུ་མ་རྒྱན་གྱི་རྣམ་བཤད་ལས། ཤེས་བྱའི་ཁོངས་ན་བདེན་གྲུབ་གཅིག་ཡོད་ན། །ཤེས་བྱ་འདི་ཀུན་གཏན་ནས་མི་སྣང་འགྱུར། །ཤེས་བྱ་གཅིག་ཀྱང་བདེན་པར་མ་གྲུབ་པས། །མཐའ་མེད་ཤེས་བྱའི་ཆོས་ཚུལ་རྣམ་པར་བཀྲ། ། ཞེས་དང་། སྤྱི་དོན་འོད་གསལ་སྙིང་པོ་ལས། དང་པོ་འཁོར་འདས་ཀྱི་ཆོས་རྣམས་ལ་གཅིག་དུ་བྲལ་ལ་སོགས་པ་དབུ་མའི་གཏན་ཚིགས་རྣམས་ཀྱིས་ཚུལ་བཞིན་དཔྱད་པས། མ་དག་འཁོར་བའི་ཆོས་དང་། དག་པ་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་བདེན་པར་གྲུབ་པའི་དངོས་པོ་རྡུལ་ཕྲ་བ་ཙམ་ཡང་མེད་པར་ངེས་པར་བྱའོ། ། ཞེས་གསུངས་པ་ལྟར། དོན་དཔྱོད་རིགས་པའི་ངོ་ལ་བདེན་མེད་དང་། ཐ་སྙད་དག་གཟིགས་ཚད་མའི་ངོ་ལ་བདེན་གྲུབ་ཏུ་གསུངས་པ་དེ་ངོས་ཟིན་ན་བདེན་མེད་ཡིན་ཞེས་པ་དང་བདེན་གྲུབ་ཡིན་ཞེས་པ་གཉིས་འགལ་མེད་ཟུང་འཇུག་ཏུ་སྨྲ་ཐུབ་སྟེ། ཆོས་རྗེ་བླ་མས། བདེར་གཤེགས་སྙིང་པོ་ཡི་བཞུགས་ཚུལ་མཐར་ཐུག །ཚད་མ་རྣམ་གཉིས་ཀྱིས་འཇལ་ཚུལ་ཤེས་ན། ། སྟོང་དང་བདེན་གྲུབ་སོགས་གང་སྨྲས་ཆོག་གིས། །ས་དགེ་ཇོ་ནང་སོགས་ཐུགས་མཐུན་མཛོད་ཅིག །ཅེས་གསུངས་པ་ལྟར་རོ། །

ཀ་དག་བདེ་བར་གཤེགས་པའི་སྙིང་པོ་དང་། །
མཐའ་ལས་འདས་པའི་ཆོས་ཉིད་དོན་གཅིག་སྟེ། །
དེ་དག་བླ་མེད་འབྲས་ཆོས་ཡེ་ལྡན་ལས། །
སྟོང་པ་ཕྱང་ཆད་མེད་དགག་མ་ཡིན་པས། །
གསལ་སྟོང་ཟུང་འཇུག་ཆེན་པོར་སྨྲ་བ་སྤོབས། །

ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །

སླར་སྨྲས་པ།

བསམ་ཡས་ཐེག་པའི་ཆོས་ཚུལ་ཆུ་བོའི་གཏེར། །
ངོ་བོ་གཏིང་ཟབ་ཕན་བདེའི་ཡན་ལག་རྫོགས། །
རྣམ་དག་ལུང་རིགས་གཟུ་བོས་དཔྱད་པའི་མཐུས། །
འགྲོ་ཀུན་རྫོགས་སྨིན་སྦྱང་བ་མཐར་ཕྱིན་ཤོག །

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།