གནའ་བོའི་རིག་བྱེད་བཞིའི་ངོས་འཛིན་ལ་ཅུང་ཟད་དཔྱད་པ།

2
1250

དེ་ཡང་ཀུན་མཁྱེན་གྲུབ་མཐའ་རྩ་བ་ལས་འདི་སྐད་དུ།    ཚངས་པ་པད་སྒོང་ལས་སྐྱེས་དུས་མིང་བདུན།  །ཞལ་བཞི་ལུས་ཆ་བཞི་ལས་རིག་བྱེད་བཞི།  །མི་རིགས་བཞི་སྐྱེས་འཇིག་རྟེན་བྱེད་པ་པོ།  །རིག་བྱེད་རང་བྱུང་ཨ་ཤྭ་མེ་དྷཱ་མཆོག  ། ཅེས་གསུངས་སོ།  །                ཡང་དེ་ཉིད་ལས།   རིག་བྱེད་པ་རྣམས་ཚངས་པ་རིག་བྱེད་འཆད་པ་པོར་འདོད་པ་ཙམ་མཐུན་པས། འདིར་ཡང་ཚངས་པ་སོགས་སྟོན་པའོ།  ། ཞེས་ཀྱང་གསུངས་སོ།  །

གཞན་ཡང་།  རྒྱ་གར་གྱི་ཧིན་དུའི་མཁས་པའི་གསུང་ལས།  རིག་བྱེད་ཀྱི་གཞུང་ནི་པདྨའི་མངལ་ལས་སྐྱེས་པའི་འཇིག་རྟེན་བྱེད་པོ་ལྷ་ཚངས་པའི་སྙིང་ཁའི་དབུས་ནས་འཇིག་རྟེན་ཀྱི་ཐོག་མར་མངོན་པ་དང་།  ལྷ་ཚངས་པ་ལས་འཇིག་རྟེན་གྱི་སྐྱེ་དགུ་ཡོད་ཚད་བྱུང་བ་དང་།   ལྷ་ཚངས་པས་རིག་བྱེད་འདི་ནི་སྒྲའི་རྣམ་པའི་ཐོག་ནས་རང་གི་སྲས་བྲམ་ཟེ་དག་ལ་གནང་བ་དང་།  གནའ་བོའི་དུས་སུ་བྲམ་ཟེ་དག་གིས་འཇིག་རྟེན་ཁམས་སུ་རིག་པ་དང་ལྡན་པའི་རང་གི་སློབ་བུ་དག་ལ་བརྒྱུད་སྤྲོད་གནང་བ་ཞིག་ཡིན།  ཞེས་ཀྱང་གསུངས་སོ།  །

དང་པོ།     རྒྱ་གར་བའི་ལུགས།
སྤྱིར་བཤདཔ།

དེ་ཡང་ཧིན་དུའི་ཆོས་ལུགས་ནི་འཛམ་གླིང་ནང་དུ་རྗེས་འབྲང་བ་ས་ཡ་དགུ་བརྒྱ་ལྷག་ཡོད་པའི་ཆོས་ལུགས་རྙིང་ཤོས་ཀྱི་གྲས་ཤིག་ཡིན་པ་རེད།   འདི་ལ་འཛམ་གླིང་གི་ཆོས་ལུགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་སྲོལ་གཏོད་པ་པོ་མེད་པ་དང་གསུང་རབ་ཀྱི་གླེགས་བམ་གཅིག་ཁོ་ན་མ་ཡིན་པ་དང་གསུང་རབ་ཀྱི་སྒྲིག་སྲོལ་གཅིག་གྱུར་གྱི་ཐུན་མོང་བ་ཞིག་ཀྱང་མ་ཡིན་པར་བཤད་ཀྱི་ཡོད།    དེའི་རྒྱུ་མཚན་སྣ་མང་ལ་བརྟེན་ནས་གནའ་དེང་གི་མཁས་པའི་དབང་བོ་མང་པོ་ཞིག་གིས་ཆོས་ལུགས་འདི་ནི་འགྲོ་བ་མིའི་རིགས་ཀྱི་མི་ཚེའི་སྤྱོད་སྟངས་ཀྱི་ཐབས་ལམ་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

དེའང་།  མདོ་དོན་དུ་ཧིན་དུའི་ཆོས་ལུགས་ནི་མིའི་བསམ་བློའི་སློབ་སྦྱོང་དང་བདེན་པའི་ངོ་བོ་ཇི་ལྟར་བྱུང་བའི་ཚུལ་ལུགས་བརྗོད་པའི་སྐོར་ཀྱི་ལྟ་གྲུབ་ཅིག་ཡིན་པ་དང་།   ཧིན་དུའི་ཆོས་ལུགས་ཀྱི་ནང་དུ་རྩ་ཆེའི་གསུང་རབ་ཀྱི་བསྟན་བཅོས་སྣ་མང་ཡོད་པ་དང་ཡེ་ཤུའི་ཆོས་ལུགས་དང་གཅེར་བུ་བའི་ཆོས་ལུགས་ལ་སོགས་ཁ་ཤས་ལ་གསུང་རབ་ཀྱི་བསྟན་བཅོས་གཅིག་མ་གཏོགས་མེད་པས་དེ་དག་གི་བར་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད།   དེ་བས་ན།  ཧིན་དུའི་ཆོས་ལུགས་ལ་གཙོ་བོ་གསུང་རབ་ཀྱི་བསྟན་བཅོས་ལྔ་ཡོད་པ་དང་ཐོག་མར་བསྟན་བཅོས་དེ་དག་བྱུང་བ་ནས་ཧིན་དུའི་ཆོས་ལུགས་ཀྱི་བྱུང་རབས་ཀྱི་ལོ་རྒྱུས་དང་ལྟ་གྲུབ་མཐའ་དག་འགྲེལ་བཤད་བྱེད་ཀྱི་ཡོད་པ་སྟེ།    དང་པོ་ནི།   ཕྱི་ལོ་སྔོན་གྱི་ལོ་༡༥༠༠་ནས་༩༠༠་བར་དུ་བྲིས་པའི་གནའ་བོའི་རིག་བྱེད་ཀྱི་བསྟན་བཅོས་ཀྱི་ཚིགས་བཅད་དག་ཡིན་པ་དང་།    གཉིས་པ་ནི།   ཨུ་པ་ནི་ཤ་དྲ་སྟེ་ཉེར་གུས་སམ་འཁོར་ཉན་བྱ་བའི་ཆ་རྣམས་ཡིན།    གསུམ་པ་ནི།   མ་ནུའི་ཁྲིམས་དང་།    བཞི་བ་ནི།   རཱ་མ་ཡ་ན་དང་།    ལྔ་བ་ནི།   མ་ཧ་བྷ་ར་ཏ་བཅས་ཡིན།    བསྟན་བཅོས་ཀྱི་གླེགས་བམ་ལྔ་བོ་འདི་དག་ནི་བྱེ་བྲག་གི་རིགས་ཀྱི་སྡེ་ཚན་གཉིས་སུ་དབྱེ་ཆོག་པ་སྟེ།   ཤྲུཏིའམ་ཐོས་པ་དང་།   སྨྲྀཏིའམ་དྲན་པ་གཉིས་ཡིན།   ༡   གང་ཞིག་ཐོས་པའི་གོ་དོན་ལྡན་པའི་ཤྲུཏིའམ་ཐོས་པ་ཞེས་པའི་ཁོངས་སུ་རིག་བྱེད་ཀྱི་ཚིགས་བཅད་དང་ཨུཔནིཤདའམ་ཉེར་གུས་ཞེས་པའི་བསྟན་བཅོས་དག་ཚུད་ཀྱི་ཡོད།   བསྟན་བཅོས་འདི་དག་ནི་སྔོན་གྱི་དྲང་སྲོང་དག་གིས་ལྷ་དག་ལས་ཐད་ཀར་ཐོས་པ་དང་དེ་དག་གི་ནང་དོན་ལ་དོན་སྙིང་ཕུན་སུམ་ཚོགས་པ་ལྡན་པ་ཡིན།

གང་ལྟར་ཡང་།   བསྟན་བཅོས་དེ་དག་ནི་ཧིན་དུའི་ཆོས་ལུགས་པའི་མི་མང་དཀྱུས་མ་དག་གིས་བེད་སྤྱོད་བྱེད་པ་མ་ཡིན་པར་མཆོག་གི་དྲང་སྲོང་དང་ཆོས་ལུགས་གཞན་གྱི་རླབས་ཆེའི་མི་སྣ་དག་གིས་བེད་སྤྱོད་བྱེད་ཀྱི་ཡོད།    ༢    སྤྱིར་བཏང་གི་མི་རྣམས་ཀྱིས་ཐུན་མོང་དུ་བེད་སྤྱོད་བྱེད་པའི་བསྟན་བཅོས་དག་ནི་སྨྲྀཏིའམ་དྲན་པ་ཞེས་བྱ་བ་དང་དེའི་གོ་དོན་ནི་ཅི་ཞིག་ཡིད་ལ་དྲན་པར་བྱས་པ་དང་དེའི་ནང་དུ་ཧིན་དུའི་བསྟན་བཅོས་གཙོ་བོ་ལྔ་ཡོད་པའི་ནང་ནས་བསྟན་བཅོས་ལྷག་མ་གསུམ་ཡང་འདུས་པ་དང་།   བསྟན་བཅོས་དེ་དག་ནི་མཆོག་གི་དྲང་སྲོང་དག་གིས་བརྩམས་ཏེ་བསྟན་བཅོས་ཀྱི་རིགས་གཉིས་ཡོད་པའི་ཁོངས་ནས་དང་པོ་ཤྲུཏིའམ་ཐོས་པ་ཞེས་བྱ་བའི་བསྟན་བཅོས་དག་གི་འགྲེལ་བཤད་ཡིན་པར་བཤད་ཀྱི་ཡོད་པས་སྤྱིར་བཏང་དུ་མི་ཚང་མས་ཐུན་མོང་དུ་ཀློག་པ་དང་ཐུན་མོང་གིས་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད།  ཡིན་ཡང་།   ཁག་ཅིག་གིས་བསྟན་བཅོས་དེ་དག་གི་རིགས་ཀྱི་དབྱེ་བ་ཚང་མ་ལྷ་མི་སུས་ཀྱང་བརྩམས་པ་མ་ཡིན་པར་ཐོག་མའི་གསུང་རབ་ཀྱི་རྩ་བའི་འབྱུང་ཁུངས་དག་ལ་གཞི་བཅོལ་ནས་བྱུང་བ་ཡིན་པར་འགྲེལ་བརྗོད་བཤད་ཀྱི་ཡོད།

བྱེ་བྲག་ཏུ་བཤད་པ།
རིག་བྱེད་ཀྱི་སྐོར།  (བེད།)

བེ་དའམ་རིག་བྱེད་ཅེས་པའི་གོ་དོན་ནི་ལེགས་སྦྱར་ཀྱི་སྐད་དུ་ཤེས་ཡོན་དང་།  རིག་པ།  རིག་བྱེད་ཅེས་པའི་དོན་ཡིན། རིག་བྱེད་ནི་ངག་ཐོག་གི་རྣམ་པའི་གསུང་རབ་ཅིག་དང་ཕལ་ཆེར་ཕྱི་ལོ་སྔོན་གྱི་ལོ་༡༥༠༠་ནས་༥༠༠་བར་གྱི་རིག་བྱེད་ཀྱི་དུས་ཡུན་དུ་ཡིག་ཐོག་ཏུ་མ་ཕབ་པའི་སྔོན་དུ་མི་རབས་ནས་མི་རབས་མང་པོའི་རིང་ལ་སློབ་དཔོན་ནས་དགེ་ཕྲུག་ལ་དྲན་ཤེས་ཀྱི་རྣམ་པའི་སྒོ་ནས་ངག་ཐོག་གི་རིམ་པ་བརྒྱུད་པའི་མན་ངག་གི་ཐབས་ལམ་ལ་བརྟེན་ནས་སྲུང་འཛིན་གནང་བ་ཞིག་ཡིན།   དེ་བས།   རིག་བྱེད་དག་ནི་ཧིན་དུའི་ཆོས་ལུགས་ཀྱི་རྟག་པ་རང་བྱུང་བའི་ཆེས་གནའ་བོའི་གསུང་རབ་ཀྱི་བསྟན་བཅོས་ཤིག་དང་དེ་དག་གིས་ཧིན་དུའི་ཆོས་ལུགས་པའི་ཡིད་ཆེས་ཀྱི་ལྟ་གྲུབ་ནི་བདེན་པའི་རང་བཞིན་ལ་ཇི་ལྟར་འགྱུར་བར་འགྲེལ་བརྗོད་བྱེད་པ་དང་།  བདེན་པའི་ངོ་བོ་ནི་མཐར་ཐུག་གི་བདེན་དོན་ཡིན་པ་དང་དེ་ནི་ལྷ་དངོས་སུ་ཡོད་པའི་དོན་སྙིང་ཡང་ཚུད་ཡོད།  ཧིན་དུ་བ་དག་གིས་གསུང་རབ་དེ་དག་ནི་ལྷའི་ཞལ་ནས་བྱུང་བ་དང་ཆོས་ཀྱི་དུས་སྐབས་རིམ་པར་བརྒྱུད་དེ་སློབ་དཔོན་དག་ལས་བྱུང་བ་སོགས་ཡིད་ཆེས་བྱེད་ཀྱི་ཡོད།

ཧིན་དུའི་ཆོས་ལུགས་ཀྱི་གསུང་རབ་ལ་ངོས་འཛིན་བྱེད་སྟངས་ཀྱི་རིགས་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད་པ་སྟེ།   རིག་བྱེད་ནི་གང་ཞིག་ཐོས་པ་ཞེས་པའི་གོ་དོན་ལྡན་པའི་ཤྲུཏིའམ་ཐོས་པ་ཞེས་པའི་གསུང་རབ་ཡིན་པར་ངོས་འཛིན་བྱེད་པ་དང་།    རིག་བྱེད་ལས་གཞན་པའི་མ་ཧ་བྷ་ར་ཏ་དང་རཱ་མ་ཡ་ན་དང་ལེགས་ལྡན་ནག་པོ་ལ་སོགས་པའི་བསྟན་བཅོས་ཀྱི་ནང་གི་གལ་ཆེའི་མི་སྣ་དང་དེའི་ནང་གི་འཐབ་འཛིང་གི་བརྗོད་བྱའི་ནང་དོན་དག་ནི་གང་ཞིག་དྲན་པ་ཞེས་པའི་གོ་དོན་ལྡན་པའི་སྨྲྀཏིའམ་དྲན་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།    རིག་བྱེད་ལ་རིགས་བཞི་རུ་དབྱེ་བའི་གསུང་རབ་ཡོད་པ་དང་འདི་དག་གི་ནང་དུ་བྱེ་བྲག་གི་ཡན་ལག་དག་ཀྱང་འདུས་ཡོད།   རིག་བྱེད་ཀྱི་རིགས་རྣམ་པ་བཞི་ནི་འདི་ལྟ་སྟེ།   ངེས་བརྗོད་ཀྱི་རིག་བྱེད་(རྀགྭེད)་དང་།   མཆོད་སྦྱིན་གྱི་རིག་བྱེད་(ཡཛུརྦེད)།   སྙན་ཚིག་གི་རིག་བྱེད་(སམབེད)།    སྲིད་སྲུང་གི་རིག་བྱེད་(ཨཐརྦེད)བཅས་ཡིན།    ཧིན་དུའི་ཆོས་ལུགས་ཀྱི་གསུང་རབ་དེ་ཨཱརྱཱན་མི་རིགས་བརྒྱུད་ནས་བྱུང་བ་དང་ཐོག་མར་དེ་རུ་མཆོད་སྦྱིན་གྱི་ཐོག་ལ་ནན་བརྗོད་མང་པོ་བྱས་ཡོད་པ་དང་དེང་སང་གི་དུས་སུ་དེ་ནི་ཧིན་དུའི་ཆོས་ལུགས་ཀྱི་ལྟ་གྲུབ་ནང་དུ་ཚུད་མེད་པ་རེད།   དེའང་།  སྔ་མོའི་ཨི་རན་ཆོས་ལུགས་དང་ཧིན་དུའི་ཆོས་ལུགས་གཉིས་ཀྱི་བར་ལ་ཐུན་མོང་གི་འདྲ་མཚུངས་མང་པོ་ཡོད་པའི་གནས་ཚུལ་དེ་དག་གིས་དེང་དུས་ཀྱི་ཚན་རིག་མཁས་དབང་དག་ལ་ཆོས་ལུགས་དེ་གཉིས་ཀྱི་ཐོག་མའི་འབྱུང་ཁུངས་གཅིག་པ་ཡིན་པ་དང་ཕྱིས་སུ་བྱེ་བྲག་གི་སྡེ་ཚན་དུ་གྱུར་ཡོད་པར་ཡིད་ཆེས་འབྱུང་དུ་བཅུག་ཡོད།

ཕྱོགས་གཞན་ཞིག་ནས་བཤད་ན་བེ་དའམ་རིག་བྱེད་ནི་དུས་ཡུན་རིང་པོ་ཞིག་ལ་ཡིག་ཐོག་ཏུ་མ་བྲིས་པར་མང་ཆེ་བ་ངག་ཐོག་ནས་བརྒྱུད་སྤྲོད་གནང་ཡོད་པ་ཞིག་ཡིན་པས།   བེ་ད་དུས་ནམ་ཞིག་ལ་བྱུང་བའི་སྐབས་ཀྱི་དུས་ཚོད་དེ་དེང་དུས་ང་ཚོས་གསལ་པོ་བཤད་ཐུབ་ཀྱི་མེད།   དེ་བས་ན།  དེང་དུས་ཀྱི་ཚན་རིག་པ་དང་ཆོས་ལུགས་ཀྱི་ཆེད་མཁས་པ་མང་པོས་ཨཱརྱཱན་གྱི་ལོ་རྒྱུས་དང་འབྲེལ་ནས་ཡོད་པར་ཐེ་ཚོམ་བྱེད་ཀྱི་ཡོད།   ཧིན་དུའི་ཆོས་ལུགས་ལ་དད་ཞེན་ཆེ་བ་ཚོས་བེ་དའམ་རིག་བྱེད་ནི་ཆོས་ལུགས་ཀྱི་གསུང་རབ་གཙོ་བོ་དེ་ཡིན་པར་ངོས་འཛིན་བྱེད་པ་དང་།   འོན་ཀྱང་།   ཧིན་དུའི་བྱེད་སྒོའི་ལས་དོན་ཁག་སྨྲྀཏིའམ་དྲན་པ་ཞེས་པའི་ཐོག་ཏུ་དད་མོས་གཙོ་བོར་བྱེད་པར་བཅོས་བསྒྱུར་བཏང་བ་དང་།  རིག་བྱེད་ནང་གི་གཙོ་བོའི་ལྷ་མང་པོ་ཞིག་སྣང་མེད་དུ་བཞག་པས།   དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པའི་ལྷ་ཆུང་བ་ཁག་ད་ལྟ་དེང་སང་གི་དུས་སུ་ཧིན་དུའི་ཆོས་ལུགས་ནང་དུ་ལྷ་གཙོ་བོར་གྱུར་ཡོད།

༡  ངེས་བརྗོད་ཀྱི་རིག་བྱེད།  (རྀགྭེད།)

འདི་ནི་རིག་བྱེད་ཀྱི་ཐོག་མ་དང་རྙིང་ཤོས་ཀྱི་གསུང་རབ་ཅིག་ཡིན་པ་དང་།  ཧིན་དུའི་ཆོས་ལ་དད་ཞེན་ཆེ་བའི་མི་དག་ལ་འདི་ནི་ཧ་ཅང་གིས་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད།   ངེས་བརྗོད་ཀྱི་རིག་བྱེད་རང་ལ་གསུང་རབ་ཀྱི་དཔེ་དེབ་བཅུ་དང་།  བསྟོད་མགུར་༡༠༢༨།  ཚིགས་བཅད་ཤོ་ལོ་ཀ་༡༠༦༠༠་བཅས་ཡོད།    ངེས་བརྗོད་ཀྱི་རིག་བྱེད་ཚང་མ་འཇིག་རྟེན་གཡོ་འགུལ་ཀྱི་ཁྲོད་དུ་དེའི་དུས་སུ་དྲང་སྲོང་དག་གི་དྲན་ཤེས་ཀྱི་རྣམ་པར་བརྟེན་ནས་ཤེས་རྟོགས་བྱུང་བ་བཞིན་རྨང་གཞིར་བཟུང་བ་ཡིན།    ཐོག་མར་གནའ་རབས་ཀྱི་སྐད་ཡིག་ཅིག་ཏུ་བྲིས་ཡོད་པ་དང་།   ཡིན་ཡང་།  དུས་ཡུན་རིང་པོ་ཞིག་གི་རྗེས་སུ་ལེགས་སྦྱར་སྐད་ཡིག་གི་ནང་དུ་བསྒྱུར་ཡོད།   དེའི་བསྟོད་མགུར་དང་ཚིགས་བཅད་དག་གིས་ལྷའི་སྐོར་བཤད་པ་དང་དེ་དག་ལ་བསམ་བློ་སྐུལ་སློང་བྱེད་པའི་ནང་དོན་ལྡན་པ་དང་།   དེ་དག་གིས་བརྒྱ་བྱིན་དང་མེ་ལྷ།   ཁྱབ་འཇུག   རླུང་ལྷ།   གནམ་ལྷ་ལ་སོགས་པའི་ལྷ་རིགས་དག་ལ་བསྟོད་པ་དང་མཆོད་ཕྱག་གི་སྐོར་བཤད་ཀྱི་ཡོད།    ད་དུང་བསྟོད་མགུར་དག་གིས་སྐབས་དེའི་དུས་ཀྱི་སྤྱི་ཚོགས་ཀྱི་གནད་དོན་ཁག་ཀྱང་བཤད་ཀྱི་ཡོད།

སྤྱིར་བཏང་དུ་རིག་བྱེད་ཁག་གི་ནང་དོན་ནི་རིགས་བཞིའི་ནང་དུ་མཐུན་པར་བསྡུས་པ་སྟེ།   དེ་ཡང་བསྡུས་པའམ་སཾཧིཏ་དང་།   བྲམ་ཟེའམ་བྲཧྨཎ་དང་།   ནགས་ལྡན་ནམ་ཨརཎེཀ་དང་།   ཉེར་གུས་སམ་ཨུཔནིཤད་བཅས་ཡིན།   ངེས་བརྗོད་རིག་བྱེད་ཀྱི་བསྡུས་པའམ་སཾཧིཏ་ནང་དུ་ལྷ་རྣམས་ཀྱི་བསྟོད་མགུར་རྣམས་ཚུད་པ་དང་།    བྲམ་ཟེའམ་བྲཧྨཎ་ནང་དུ་བསྟོད་མགུར་སྐོར་གྱི་འགྲེལ་བརྗོད་དག་ཚུད་ཡོད།   ནགས་ལྡན་ནམ་ཨརཎེཀ་ནི་ནགས་ཚལ་ཞིག་གི་ནང་དུ་བླ་མ་དང་དྲང་སྲོང་དག་གིས་ཀློག་འདོན་པའི་ཆེད་དུ་བཟོས་པའི་ནགས་དཔེ་ཞིག་ཡིན་པ་དང་།   ངེས་བརྗོད་རིག་བྱེད་ནང་གི་ཉེར་གུས་སམ་ཨུཔནིཤད་ནི་ལྷ་རྣམས་ཀྱི་སྒྲུང་དག་ཡིན་ཞིང་དེ་ནི་ཤེས་ལྡན་གྱི་བླ་མ་དག་ལ་འཁྲིད་ཆོག་པ་ཞིག་རེད།   སྐད་གྲགས་ཆེ་བའི་བསྟོད་སྨོན་དག་གི་ནང་དུ་པུ་རུ་ཤ་སུཀ་ཏམ་(पुरुषसूक्तम्)་དང་ག་ཡ་ཏྲི་གཟུངས་སྔགས་བཅས་ཚུད་ཡོད།

༢  སྙན་ཚིག་གི་རིག་བྱེད།  (སམབེད།)

སྙན་ཚིག་གི་རིག་བྱེད་ནི་མཆོད་སྦྱིན་གྱི་སྐབས་སུ་གཞས་གཏོང་བའི་གོ་དོན་ལྡན་པའི་མགུར་དབྱངས་དང་གཞས་ཚིག་བསྡུ་རུབ་བྱས་པ་ཞིག་ཡིན།   དེ་ནི་མང་ཆེ་བ་ངེས་བརྗོད་རིག་བྱེད་ཀྱི་རྩོམ་ཡིག་གི་ཆ་ཤས་ཤིག་ཡིན་པར་བེད་སྤྱོད་བྱེད་པ་དང་མགུར་དབྱངས་ཀྱི་རྣམ་པ་ཞིག་ཏུ་བསྒྱུར་ཡོད།   དེའི་ནང་དུ་སྙན་ཚིག་གི་ཚིགས་བཅད་༡༥༤༩་ཚུད་ཡོད།   དེ་ལ་རྩ་བའི་ཆ་ཤས་གཉིས་ཡོད་པ་དང་།   ཆ་ཤས་དང་པོ་ནི་སྒྲ་དབྱངས་ཀྱི་གོ་དོན་ལྡན་པའི་སྙན་དབྱངས་བསྡུ་རུབ་ཅིག་ཡིན་པ་དང་།   ཆ་ཤས་གཉིས་པ་ལ་མགུར་དབྱངས་དང་བསྟོད་གླུའི་གོ་དོན་ལྡན་པའི་ཚིགས་བཅད་ཀྱི་གླེགས་བམ་གསུམ་ཡོད།   སྙན་ཚིག་རིག་བྱེད་ཀྱི་ནང་དོན་ནི་སྤྱིར་བཏང་དུ་བརྒྱ་བྱིན་དང་མེ་ལྷ་དག་ལ་ཆེད་དུ་བརྗོད་པ་ཞིག་ཡིན།   མི་མང་པོས་སྙན་ཚིག་རིག་བྱེད་ཀྱིས་ཆོས་ཀྱི་ཤེས་ཡོན་ཀྱི་སྟོབས་ཤུགས་དང་དད་གུས་ཀྱི་ནུས་པ་མཚོན་གྱི་ཡོད་པར་བཤད།   སྙན་ཚིག་རིག་བྱེད་ཀྱི་རྩོམ་ཡིག་ཕལ་ཆེ་བ་ནི་ངེས་བརྗོད་རིག་བྱེད་ལས་བྱུང་བ་ལྟར་ཧིན་དུ་བ་ཕལ་མོ་ཆེས་སྙན་ཚིག་རིག་བྱེད་ནི་ཉན་བྱེད་ལ་ཧ་ཅང་སྤྲོ་སྣང་ཆེ་བ་ཞིག་ལྡན་པས་ངེས་བརྗོད་རིག་བྱེད་ཀྱི་རིམ་པ་དམིགས་བསལ་བ་ཞིག་ཡིན་པར་བསམ་གྱིན་ཡོད།   རིག་བྱེད་ཀྱི་མཁས་པ་སྒྲལ་བི་སྒྲ་ཧྥ་རོབ་ལེབ་ཀྱིས་གསུངས་དོན་དུ།  གལ་སྲིད་ངེས་བརྗོད་རིག་བྱེད་འདི་ཆུང་མ་ཞིག་ཡིན་ན་སྙན་ཚིག་རིག་བྱེད་འདི་ཁྱོ་ག་ཡིན་ངེས།  ཞེས་བཤད་ཡོད།   དོན་དངོས་སུ་ཆོས་ལུགས་ཀྱི་སྒྲོམ་གཞིའི་ནང་གི་རྣལ་འབྱོར་ཡོ་ག་མང་ཆེ་བ་ནི་སྙན་ཚིག་རིག་བྱེད་ཀྱི་བསྟོད་དབྱངས་ཀྱི་རྣམ་པ་ཞིག་ཏུ་གྱུར་འདུག

༣   མཆོད་སྦྱིན་གྱི་རིག་བྱེད།  (ཡཛུརབེད།)

 མཆོད་སྦྱིན་གྱི་རིག་བྱེད་ནི་མཆོད་སྦྱིན་ལག་བསྟར་ཇི་ལྟར་བྱེད་པའི་སྐོར་གྱི་ཆོས་དཔོན་དག་གིས་བེད་སྤྱོད་བྱེད་པའི་ལག་ལེན་ཞིག་ཡིན་པས།   དེང་རབས་ཀྱི་དུས་སུ་ཧིན་དུའི་ཆོས་ལུགས་སུ་བེད་སྤྱོད་བྱེད་པ་ཉུང་ཉུང་ཡིན།   དེར་གཟུངས་སྔགས་བཟླས་བརྗོད་དང་།  ཆོ་གའི་ཕྱག་མཆོད་ཀྱི་སྒྲུབ་ཐབས་དང་གཟུངས་སྔགས་བཅས་ཚུད་ཡོད།   ཆོ་གའི་དཔེ་མཚོན་ཞིག་ནི་མེའི་སྒྲུབ་མཆོད་ལྟ་བུ་རེད།   དེ་ལ་ཚིགས་བཅད་ཤོ་ལོ་ཀ་༡༨༧༥་ཡོད་པ་དང་སྡེ་ཚན་གཉིས་སུ་དབྱེ་ཡོད་པ་སྟེ།   མཆོད་སྦྱིན་རིག་བྱེད་དྲག་པོ་དང་མཆོད་སྦྱིན་རིག་བྱེད་ཞི་བ་གཉིས་ཡོད།   མཆོད་སྦྱིན་རིག་བྱེད་དྲག་པོ་ནི་དེའི་གོ་དོན་ཁག་ཧ་ཅང་གསལ་རྟོགས་མེད་པའི་སྡེ་ཚན་ལ་ཟེར་བ་དང་།  མཆོད་སྦྱིན་རིག་བྱེད་ཞི་བ་ནི་དེའི་གོ་དོན་ཤེས་རྟོགས་ཡོད་པའི་སྡེ་ཚན་ལ་ཟེར་གྱི་ཡོད།   མཆོད་སྦྱིན་རིག་བྱེད་ལ་ད་དུང་རིག་བྱེད་ཀྱི་ཆ་ལག་སཾཧིཏ་(संहिता)དང་།  བྲཧྨཎ་(ब्राह्मण)་གཉིས་ཀྱང་ཚུད་ཡོད།    མཆོད་སྦྱིན་རིག་བྱེད་དྲག་པོའི་སྡེ་ཚན་དུ་སཾཧིཏ་(संहिता)་ནི་བྲཧྨཎའི་འགྲེལ་བརྗོད་ཀྱིས་འདྲེས་སྦྱོར་བྱས་པ་དང་།   དེས་སཾཧིཏ་ནི་མི་འདྲ་བའི་མགོ་རྙོག་པོ་ཞིག་བྱུང་ཡོད།   དེ་མཚུངས་སུ་མཆོད་སྦྱིན་རིག་བྱེད་ཞི་བའི་སྡེ་ཚན་དུ་ཀློག་པ་པོ་རྣམས་ཀྱིས་ལས་སླ་བོའི་ཤེས་རྟོགས་ཡོང་བར་མི་འདྲ་བའི་སྡེ་ཚན་གཉིས་བྱུང་ཡོད།   རིག་བྱེད་བཞིའི་རེ་རེ་ལ་སློབ་དཔོན་གྱི་རིགས་ཤིག་ཡོད་པས་དེས་འགན་ཁུར་གྱི་ཡོད་པ་དང་།   མཆོད་སྦྱིན་རིག་བྱེད་ཀྱི་སློབ་དཔོན་གྱིས་མཆོད་སྦྱིན་ལ་ལྟ་རྟོག་དང་བཀོད་མངགས་བྱེད་ཀྱི་ཡོད།   དེ་བཞིན་དུ།   དེས་གལ་ཆེའི་ཆོ་གའི་ཉམས་ལེན་ཇི་ལྟར་བྱེད་ཚུལ་ལ་གསལ་བཤད་བྱེད་པ་དང་།   དེའི་ཚིགས་བཅད་ཁ་ཤས་ནི་མཐར་ཐུག་གི་བདེན་པ་མཚོན་པའི་ཆོ་གའི་མཆོད་འབུལ་གཅིག་བུ་ལ་དམིགས་པ་ཞིག་ཡིན།

༤    སྲིད་སྲུང་གི་རིག་བྱེད།  (ཨཐརྦེད།)

སྲིད་སྲུང་གི་རིག་བྱེད་ལ་མགུར་དབྱངས་དང་།  བསྟོད་དབྱངས།  དམོད་སྔགས།  གསོལ་འདེབས་བཅས་ཚུད་པའི་གླེགས་བམ་༢༠་ཡོད།   རིག་བྱེད་གཞན་གསུམ་ལས་ཧ་ཅང་གིས་མི་འདྲ་བ་ཞིག་ཡིན་པ་སྟེ།   སྒྱུ་འཕྲུལ་དང་གནོད་པ་འགོག་སྲུང་ཇི་ལྟར་བྱེད་ཚུལ་བཅས་ཀྱི་སྐོར་ཡིན།  དེ་དག་གིས་ནད་རིགས་སྣ་མང་དྲག་སྐྱེད་བྱེད་ཚུལ་དང་།  མིའི་ཚེ་རིང་པོ་ཡོང་ཐབས།   སེམས་ཀྱི་སྡུག་བསྔལ་སེལ་ཐབས་ཀྱི་མཐུ་སྔགས་དང་འདོན་ཆོག་བཅས་ཀྱི་སྐོར་འགྲེལ་བརྗོད་ཀྱི་ཡོད།    རིག་བྱེད་གཞན་པ་དག་དང་མི་འདྲ་བར་སྲིད་སྲུང་རིག་བྱེད་ཀྱིས་དེ་དུས་ཀྱི་མི་དཀྱུས་མ་རྣམས་ལ་བྱུང་བའི་དཀའ་སྡུག་གི་སྐོར་བཤད་ཀྱི་ཡོད།   གང་ལྟར་ཡང་། ཤེས་ལྡན་གྱི་མི་སྣ་དག་གིས་འདི་ནི་དེང་རབས་གསོ་རིག་གི་འགོ་མ་ཞིག་ཡིན་པ་སྟེ།  སྨན་རྩ་ལས་ནད་རིགས་གསོ་ཚུལ་ཡོད་པར་བསམ་གཞིགས་བྱེད་ཀྱི་ཡོད།  ཅེས་བརྗོད་ཡོད།   ད་དུང་།  དེའི་ནང་དུ་དབུགས་གཏོང་ལེན་གྱི་ཐབས་ལམ་དང་སྔ་མོའི་ཡོ་ག་རྣལ་འབྱོར་གྱི་མན་ངག་ཡོད་པ་བཞིན་དུ་དེ་ནི་ཡོ་ག་རྣལ་འབྱོར་ཀྱི་འབྱུང་ཁུངས་ཤིག་ཀྱང་ཡིན་པར་བརྗོད་ཆོག

རིག་བྱེད་བཞིའི་ཆ་ཤས་བཞི།

    རིག་བྱེད་ལ་བརྗོད་བྱའི་ནང་དོན་སྡེ་ཚན་བཞི་ལས་གྲུབ་པ་དང་སྡེ་ཚན་རེ་རེར་ཡང་དུས་ཀྱི་བྱུང་རིམ་ལྟར་ཆ་ཤས་བཞི་རེ་ཡོད་པ་དང་།   ཆ་ཤས་བཞི་རུ་དབྱེ་བའི་སྡེ་ཚན་ཚང་མ་མི་ཞིག་གི་མི་ཚེའི་ནང་གི་གོ་རིམ་བཞི་དང་འཚམས་པར་ཡོད།

༡    སཾཧིཏའམ་བསྡུས་པ་ནི་རིག་བྱེད་ཀྱི་ཆ་ཤས་རྙིང་ཤོས་ཤིག་དང་ལྷ་ལ་བསྟོད་པའི་མགུར་དབྱངས་དང་བསྟོད་སྨོན་བཅས་ཡིན།
༢   བྲཧྨཎའམ་བྲམ་ཟེ་ནི་ཕྱག་མཆོད་དང་ཉམས་ལེན་གྱི་སྐབས་སུ་ཆོ་ག་དང་དང་གཟུངས་སྔགས་སྐོར་གྱི་གསལ་བཤད་བཅས་ཡིན།
༣    ཨརཎེཀའམ་ནགས་ལྡན་ནི་ཕྱག་མཆོད་དང་།  སྒོམ་སྒྲུབ།  སྲུང་བརྩི་བཅས་ཡིན།
༤    ཨུཔནིཤདའམ་ཉེར་འཁོད་ནི་ཧིན་དུའི་ཆོས་ལུགས་ཀྱི་ལོ་རྒྱུས་དང་ལྟ་གྲུབ་ཀྱི་གཞུང་ལུགས་དང་བགྲོ་གླེང་བཅས་ཡིན།

༡  བསྡུས་པ་དག

སཾཧིཏའམ་བསྡུས་པ་དག་ནི་དངོས་པོའི་རྒྱུ་ནོར་དང་བདེ་སྐྱིད་འཐོབ་པར་རིག་བྱེད་ཀྱི་ལྷ་ལ་བསྟོད་པའི་མགུར་དབྱངས་བཅས་ཡིན་པ་དང་།    དེ་དག་ནི་ལྷ་རིགས་སྣ་མང་དང་།  ཡུལ་དང་ཡུལ་ཅན་གཉིས་ལ་ཞུ་འབོད་བྱེད་པའི་བསྟོད་སྨོན་དང་།  མགུར་དབྱངས།  གཟུངས་སྔགས་སོགས་ལས་གྲུབ་པའི་ཚིགས་བཅད་ཀྱི་སྙན་ངག་བཅས་ཡིན།   རིག་བྱེད་ཀྱི་ཆ་ཤས་གཟུངས་སྔགས་དག་ནི་ཧིན་དུའི་ཆོས་ལུགས་ཀྱི་དད་པ་དང་ལྡན་པའི་རིགས་ཀྱི་བུད་མེད་དག་ལ་ཕན་ཐོགས་ཆེན་པོ་ཡོད།     དེ་ཡང་།  ངེས་བརྗོད་རིག་བྱེད་ཀྱི་བསྡུས་པ་ནི་ཕལ་ཆེར་ཕྱི་ལོ་སྔོན་གྱི་ལོ་༡༢༠༠་ཙམ་ལ་བྱུང་བ་དང་རིག་བྱེད་དག་གི་ཆེས་རྙིང་ཤོས་དང་གནའ་བོའི་ལྷ་ལ་བསྟོད་པའི་མགུར་ཚིག་༡༠༢༨་ཡོད།   མཆོད་སྦྱིན་རིག་བྱེད་ཀྱི་བསྡུས་པ་ནི་རིག་བྱེད་ཀྱི་མཆོད་སྦྱིན་ལག་ལེན་བསྟར་བའི་སློབ་དཔོན་དག་གིས་བེད་སྤྱོད་བྱེད་པའི་མཛུབ་སྟོན་གྱི་གླེགས་བམ་ཞིག་ཡིན།    སྙན་ཚིག་རིག་བྱེད་ཀྱི་བསྡུས་པ་ནི་མཆོད་སྦྱིན་གྱི་སྐབས་སུ་གཞས་གཏོང་བའི་མགུར་ཚིག་དང་རྟ་དབྱངས་བཅས་ཡིན།  སྲིད་སྲུང་རིག་བྱེད་ཀྱི་བསྡུས་པ་ནི་ཕལ་ཆེར་ཕྱི་ལོ་སྔོན་གྱི་ལོ་༩༠༠་ཙམ་ལ་བརྩམས་པ་དང་ཨཱརྱན་གྱི་ཤུགས་རྐྱེན་མ་བསླེབས་པའི་སྔོན་གྱི་གོམས་སྲོལ་དག་རྒྱུན་འཛིན་དང་དྲག་སྔགས།  གཟུངས་སྔགས།  མཐུ་སྔགས་ཀྱི་མན་ངག་བཅས་ཡོད།

༢  བྲམ་ཟེ་དག 

བྲཧྨཎའམ་བྲམ་ཟེ་ཆ་ཤས་དག་གིས་མི་མང་ལ་མཆོད་སྦྱིན་གྱི་ཆོ་ག་ལག་ལེན་བྱེད་པར་མཛུབ་ཁྲིད་བྱེད་པ་དང་།   སྦྱིན་སྲེག་གི་སྐབས་སུ་གཟུངས་སྔགས་བེད་སྤྱོད་བྱེད་པའི་ཐབས་ལམ་ལ་འགྲེལ་བཤད་བྱེད་པའི་ཚིག་ལྷུག་རྣམས་དང་ཁྱིམ་གྱི་བདག་པོ་དག་ལ་འོས་ཤིང་འཚམས་པ་ཡོད།

༣  ནགས་ལྡན་དག

ཨརཎེཀའམ་ནགས་ལྡན་དག་ནི་ནགས་ལྡན་གྱི་གསུང་རབ་སྣ་མང་དང་འཇིག་རྟེན་ལས་འདས་པའི་ནགས་གནས་ཀྱི་གླེགས་བམ་དག་ཡིན་པ་དང་དེ་དག་གིས་ཆོས་ཀྱི་ཆོ་གའི་ལྟ་གྲུབ་ཀྱི་འགྲེལ་བཤད་དག་སྟོན་གྱི་ཡོད།   ནགས་ལྡན་གྱི་གླེགས་བམ་དག་ནི་རང་ཉིད་ཀྱི་མི་ཚེ་བློས་བཏང་བྱེད་པའི་རྣལ་འབྱོར་གྱི་སྒོམ་སྒྲུབ་པ་རྣམས་ལ་ཆེད་དུ་དམིགས་པ་ཞིག་ཡིན།

༤  ཉེར་འཁོད་དམ་འཁོར་ཉན་བྱ་བ།  (རིག་བྱེད་ཀྱི་ཆ་གཙོ་བོ།)

 ཨུཔནིཤདྲའམ་ཉེར་འཁོད་ཅེས་པའི་ཚིག་གི་གོ་དོན་ནི་སློབ་དཔོན་གྱི་གམ་དུ་སློབ་མ་ཞིག་ཉེ་བར་འཁོད་ནས་གུས་པའམ་ཉན་པ་ཞེས་པའི་དོན་ཡིན།   ཉེར་འཁོད་ཀྱི་ནང་དུ་རིག་བྱེད་ཀྱི་སྙིང་པོ་དང་རིག་བྱེད་ཀྱི་ཤེས་ཡོན་གྱི་ཚན་པ་གཙོ་བོ་ཞིག་བསྟན་ཡོད་པས།  བརྗོད་བྱའི་ནང་དོན་འགའ་ཞིག་རྟོགས་པར་དཀའ་བ་ཞིག་ཏུ་གྱུར་ཡོད།  ཉེར་འཁོད་ཀྱི་ལྟ་གྲུབ་ནི་ཁྱད་དུ་འཕགས་པ་དང་གཏིང་ཟབ་པོ།  ཚད་མཐོ་པོ་དང་རང་ཚུགས་ཀྱི་རྣམ་པ་ཞིག་ཡིན།  ཉེར་འཁོད་ཀྱི་གླེགས་བམ་དག་གིས་སྐྱེ་བོ་དང་འཕགས་པའི་སེམས་ཀྱི་རང་བཞིན་སྐོར་བཤད་པ་དང་ཆེས་ཁྱད་དུ་འཕགས་པ་དང་གཏིང་ཟབ་པོའི་ཆོས་ཀྱི་བདེན་པའི་སྐོར་གསལ་སྟོན་བྱེད་ཀྱི་ཡོད།   ཡིན་ནའང་།  ལྷ་རིགས་ལ་བསྔགས་པའི་བསྟོད་དབྱངས་དང་མགུར་དབྱངས་ཀྱི་གོ་དོན་གསལ་བཤད་བྱེད་པ་ལས་མགུར་དབྱངས་དང་བསྟོད་དབྱངས་ཀྱི་རྩོམ་ཡིག་མིན་པ་རེད།   ཉེར་འཁོད་ཀྱི་གླེགས་བམ་གཙོ་བོ་བཅུ་གཉིས་ཡོད་པ་དང་།   དེ་དག་མང་ཆེ་བ་ནི་མི་ཚེ་འཚོ་བའི་དམ་པའི་ཐབས་ལམ་དང་ཆོ་གའི་གོ་དོན་བཅས་ལ་གདམས་ངག་སྟོན་པའི་ནང་དོན་བྲིས་ཡོད་པ་དང་རང་གི་མི་ཚེ་སྣེ་ཁྲིད་པའི་ཐབས་ལམ་སློབ་མ་དག་གིས་ཤེས་རྟོགས་ཡོང་བར་ཕན་ཐོགས་བྱེད་པའི་གོ་དོན་འགྲེལ་བཤད་བྱེད་ཀྱི་ཡོད།    ཉེར་འཁོད་གཞན་པ་དག་གིས་ལུས་པོ་དང་འཇིག་རྟེན་གྱི་ངོ་བོ་བར་གྱི་འབྲེལ་ལམ་གྱི་དོན་དག་དངོས་ཡོད་གནས་ཚུལ་གསལ་བཤད་དང་།   དོན་དམ་པའི་བདེན་པ་དང་མི་ཚེའི་སྙིང་པོ།  མཐར་ཐུག་གི་གནས་ལུགས་བཅས་ལ་འགྲེལ་བརྗོད་ཡང་དག་བྱེད་ཀྱི་ཡོད།   དེ་དག་ནི་ཧིན་དུའི་ཆོས་ལུགས་ཀྱི་ལྟ་གྲུབ་རིག་པའི་རྨང་གཞི་ཡིན་པ་དང་དུས་རབས་མང་བོའི་རིང་དུ་ཧིན་དུའི་ཆོས་ལུགས་ཀྱི་ལྟ་གྲུབ་ལ་བག་ཆགས་ཟབ་མོ་བཞག་ཡོད།

གཉིས་པ།     བོད་གངས་ཅན་པའི་ལུགས།

 དེ་ཡང་བོད་གངས་ཅན་གྱི་སྒྲ་སྒྱུར་ཡོངས་ཀྱི་ཕྱི་མོ་ཐོན་མིའི་གསུང་ལས།   རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།  །ཞེས་གསུངས་པས།    པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས།   དེ་ལ་རིག་བྱེད་ནི་བཞི་སྟེ།   མཆོད་སྦྱིན།  ངེས་བརྗོད།  སྲིད་སྲུང་།  སྙན་ཚིག་གི་རིག་བྱེད་རྣམས་སོ།  །   དེ་ཡང་མཆོད་སྦྱིན་ནི་མཐོ་རིས་ཀྱི་ཕྱིར་མཆོད་སྦྱིན་བྱེད་པའོ།  ། ངེས་བརྗོད་ནི་མིང་ཚིག་གི་ངེས་པ་སྒྲུབ་པའི་སྒྲའོ།  ། སྲིད་སྲུང་ནི་རྒྱལ་སྲིད་ལ་སོགས་པ་སྲུང་བ་དང་སྤེལ་བའོ།  ། སྙན་ཚིག་ནི་ཚིག་རྒྱན་གྱི་སྦྱོར་བའོ།  །  དེ་དག་གི་ཚུལ་སྟོན་པའི་གཞུང་ལུགས་ལ་རིག་བྱེད་ཅེས་བྱ་སྟེ།   དེ་དག་གི་ངོ་བོ་དང་མཚན་ཉིད་དང་།  བྱེད་ལུགས་ཀྱི་ཐབས་ལ་སོགས་པ་རིག་པར་བྱེད་ཅིང་གོ་བར་བྱེད་པའི་ཕྱིར་རོ།  །ཞེས་གསུངས་པ་སོགས་རིག་བྱེད་ཀྱི་སྐོར་ལ་འདི་ལྟར་འགྲེལ་བརྗོད་མཛད་ཡོད།

མ་ཧཱ་པཎྜི་ཏ་རྗེ་བཙུན་འཇིགས་མེད་དབང་བོས།    རིག་བྱེད་ལ་གང་སྣང་བ་ནི་རང་བྱུང་ཡིན་ཏེ།  དེ་ནི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་སྒྲོ་བཏགས་ནས་མཆོད་སྦྱིན་ལ་སོགས་པ་འབའ་ཞིག་གིས་མཐོ་རིས་ཀྱི་གོ་འཕང་ཐོབ་པར་འདོད་ལ།  དེ་ནི་ངན་སོང་ལས་གྲོལ་བའི་ཐར་པ་ཙམ་དུ་ཁས་ལེན་ནོ།  །ཞེས་འདི་ལྟར་དུ་རིག་བྱེད་ཀྱི་གོ་དོན་ལ་གསལ་བཤད་གནང་ཡོད།

ཀུན་མཁྱེན་གྱི་གྲུབ་མཐའི་རྣམ་བཞག་ལས།  རིག་བྱེད་རང་བྱུང་ཨ་ཤྭ་མེ་དྷཱ་མཆོག  །ཞེས་གསུངས་པས།    རིག་བྱེད་ནི་སུས་ཀྱང་མ་བྱས་པའི་རང་བྱུང་ནམ་མཁའ་ལྟ་བུ་དང།  དེར་བཤད་པའི་རྟའི་མཆོད་སྦྱིན་ནམ་བསང་མཆོད་ལས་ལྷག་པའི་མཐོ་རིས་དང་ཚངས་པ་སྒྲུབ་ཐབས་མེད་སྐད་དེ། ཨ་ཤྭ་རྟ་དང། མེ་དྷྭ་མཆོད་སྦྱིན་ཏེ།  རྭ་འགྱུར་ལས་བསང་མཆོད་དུ་བསྒྱུར་ཡང་ཁ་ཅིག་ནི་ཨ་ཤྭ་མ་དང་ཨེ་དྷ་བྱས་ནས་དེ་ལྟར་བཤད་དོ།  །  ཞེས་སོགས་གསུངས་སོ།  །

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།     དེ་ལྟར་རིགྭེད་ཚིགས་བཅད་ཀྱི་མཛོད།  སྙན་ཚིག་རིག་བྱེད་གླུའི་མཛོད།  མཆོད་སྦྱིན་རིག་བྱེད་ཆོ་གའི་མཛོད།  སྲིད་སྲུང་རིག་བྱེད་མན་ངག་གི་མཛོད་ཅེས་གྲགས་སོ།  །ཞེས་དང་།   མཆིས་སོ་ཅོག་གི་བསྟན་བཅོས་རྣམས་ཀྱི་དང་པོ་ནི་རིག་བྱེད་་དང་།   དེའི་དང་པོ་ངེས་བརྗོད།  དེའི་ཡང་དང་པོ་ཚིགས་བཅད་ཡིན་ནོ་ཟེར་ནས་འགངས་ཆེན་དུ་བྱེད་དོ།  །   སྙན་ཚིག་རིག་བྱེད་ནི་སྙན་དངགས་ཀྱི་རྒྱན་ལ་སོགས་པའི་མཚན་ཉིད་ཅི་ཡང་སྟོན་པ་མ་ཡིན་གྱི།   ཞེས་དང་།   མཆོད་སྦྱིན་རིག་བྱེད་ནི་མཆོད་སྦྱིན་གྱི་ཆོ་ག་དག་སྟོན་པའོ།  །  སྲིད་སྲུང་རིག་བྱེད་དུའང་ལྷའི་བསྟོད་པ་སོགས་ཅུང་ཟད་བྱུང་མོད།  གཙོ་བོར་མི་དང་དུད་འགྲོ་སོགས་ལ་ཕན་པའི་ནད་ཡམས་ཞི་བ་དང་།  བགེགས་འདུལ་བ་སོགས་ཀྱི་སྔགས་དང་།  མན་ངག་གི་སྐོར་སྣ་ཚོགས་དང་།  སྨན་སྦྱོར་ཕྲན་བུ་བཅས་ཡོད་ཀྱང་།  ཆེས་ཕྱིས་སུ་བརྩམས་པ་ཡིན།  ཞེས་སོགས་དང་།   དེ་ལྟར་རིག་བྱེད་དག་གི་ཆ་རྣམས་ནི་ཐོས་པ་སྟེ་གཅིག་ནས་གཅིག་ཏུ་འཕོས་པ་ཡིན་གྱི་སུས་ཀྱང་བརྩམས་པ་མ་ཡིན་ལ།  ཐོག་མ་མེད་པའི་དུས་ནས་རང་བྱུང་དུ་ཡོད་པ་ཡིན་ཅིང་།  ད་དུང་ཡང་འདོན་པ་པོ་ཡོད་དམ་མེད་ཀྱང་རུང་གི་ནམ་མཁའ་ཇི་སྲིད་ཀྱི་བར་དུ་གནས་པ་ཡིན་ཅིང་།  རྩོམ་པ་པོའི་བློ་སྐྱོན་གྱིས་ནམ་ཡང་མ་གོས་པའི་ཕྱིར་རྫུན་ཅུང་ཟད་ཀྱང་མེད་དོ་ཞེས་སྨྲ་བ་ཡིན་ནོ།  །ཞེས་གསུངས་ཡོད་དོ།  །

གསུམ་པ།   རྩོད་སྤོང་།

ཁ་ཅིག་ན་རེ།  རིག་བྱེད་ཀྱི་ངག་ནི་སྐྱེས་བུས་མ་བྱས་པའི་ཆ་མེད་རྟག་པ་རང་བྱུང་ནམ་མཁའ་ལྟ་བུ་དང་།   སུས་ཀྱང་མ་བྱས་པས་ན་བདེན་པའི་དོན་ཅན་དང་ཚད་མར་འདོད་པ་ཡིན་ཏེ།  ཇི་སྐད་དུ།  ཆགས་སོགས་རྐྱེན་གྱིས་ཉམས་པའི་ཕྱིར།  །སྐྱེས་བུའི་ཚིག་ནི་བརྫུན་ཉིད་ཡིན།  །རིག་བྱེད་སྐྱེས་བུས་མ་བྱས་ཕྱིར།  །དེས་ན་ཚད་མར་གཟུང་བར་བྱ།  ། ཞེས་གསུངས་པའི་ཕྱིར།   འདོད་ན།  རིག་བྱེད་ཀྱི་ངག་ཆོས་ཅན།   ཚད་མ་དང་རང་བྱུང་མ་ཡིན་པར་ཐལ།   ཐོག་མ་ཡོད་པའི་ཕྱིར།   དེར་ཐལ།   ཚངས་པའི་ཞལ་བཞི་ལས་བྱུང་བ་ཡིན་པའི་ཕྱིར།   དེར་ཐལ།   ཕྱི་རོལ་བའི་གཞུང་ལས་གསུངས་པ་གང་ཞིག    ཀུན་མཁྱེན་གྱི་གྲུབ་མཐའ་རྩ་བ་ལས་ཀྱང་གསུངས་པའི་ཕྱིར།     དེར་ཐལ།    ཞལ་བཞི་ལུས་ཆ་བཞི་ལས་རིག་བྱེད་བཞི།  །མི་རིགས་བཞི་སྐྱེས་་་།  ། ཞེས་སོགས་གསུངས་པའི་ཕྱིར།    འདོད་ན།   དེ་མ་ཡིན་པར་ཐལ།  ཚངས་པ་མ་བྱུང་བའི་སྔ་རོལ་དུ་རིག་བྱེད་ཡོད་པའི་ཕྱིར།   དེར་ཐལ།   རིག་བྱེད་ནི་ཐོག་མ་མེད་པར་རང་བྱུང་གི་བདེན་པ་ཡིན་པར་འདོད་པའི་ཕྱིར།

གཞན་ཡང་།  རིག་བྱེད་ཁོ་ན་ཚད་མར་འདོད་ཅིང་།  རིག་བྱེད་ཀྱི་སྒྲ་རྣམས་ནི་སྐྱེས་བུས་མ་བྱས་པའི་ངག་ཡིན་པས་དོན་བདེན་ཁོ་ན་སྟོན་པ་ཡིན་ཟེར།   དེས་ན།   རིག་བྱེད་ཆོས་ཅན།   ཚད་མ་མ་ཡིན་པར་ཐལ།   རིག་བྱེད་ལས་གང་གསུངས་པ་དེ་བདེན་པ་མ་ཡིན་པའི་ཕྱིར།  དེར་ཐལ།  བདེན་པའི་དོན་ལ་གནས་པའི་ངག་མ་ཡིན་པའི་ཕྱིར།   དེར་ཐལ།   རྫུན་མ་ཡིན་པའི་ཕྱིར།  དེར་ཐལ།   མ་རིག་པ་དང་ཆགས་སྡང་དང་རྨོངས་བའི་དབང་དུ་གྱུར་པའི་སྐྱེས་བུའི་འཁྲུལ་རྒྱུད་ལ་བརྟེན་ནས་བྱུང་བའི་ངག་ཡིན་པའི་ཕྱིར།   དེར་ཐལ།   ཚངས་པའི་ངག་ལས་བྱུང་བའི་རིག་བྱེད་ཡིན་པའི་ཕྱིར།

ཁ་ཅིག་ན་རེ།    ཚེ་ལོ་དཔག་མེད་དུས་སུ་སེར་སྐྱ་ཡིས།  །གྲངས་ཅན་གཞུང་བརྩམས་་་་་་།  །ཞེས་གསུངས་པས།    བསྐལ་བ་དང་པོའི་དུས་སུ་དྲང་སྲོང་སེར་སྐྱ་བྱུང་ནས་དེས་གྲངས་ཅན་པའི་གཞུང་བརྩམས་པར་འདོད་པ་ཡིན།   དེ་ཆོས་ཅན།   བསྐལ་བ་དང་པོའི་ཚེ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཚད་མེད་པ་ན་གྲངས་ཅན་པའི་གཞུང་བརྩམས་པ་མ་ཡིན་པར་ཐལ།    དྲང་སྲོང་སེར་སྐྱ་བསྐལ་བ་དང་པོའི་དུས་སུ་བྱུང་བ་མ་ཡིན་པའི་ཕྱིར།  དེར་ཐལ།  དྲང་སྲོང་སེར་སྐྱ་ནི་ཕྱི་ལོ་སྔོན་གྱི་དུས་རབས་བདུན་པ་དང་དྲུག་པའི་ནང་གང་རུང་ལ་བྱུང་བ་ཡིན་པའི་ཕྱིར།  དེར་ཐལ།   རྒྱ་གར་སྔོན་གྱི་མཁས་པའི་གཞུང་ལས་དྲང་སྲོང་སེར་སྐྱ་ནི་ཡངས་པ་ཅན་གྱི་ཕྱོགས་ཀྱི་མི་ཐིལ་ཞེས་པའི་གནས་སུ་ཡབ་དྲང་སྲོང་ཀར་ད་མ་དང་ཡུམ་དེ་བ་ཧུ་ཏི་གཉིས་ཀྱི་སྲས་སུ་ཕྱི་ལོ་སྔོན་གྱི་དུས་རབས་བདུན་པ་དང་དྲུག་པ་གང་རུང་ལ་སྐྱེས་པར་བཞེད་པ་ཡོངས་སུ་གྲགས་པའི་ཕྱིར་དང་།  དེ་ཡང་།  དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ལས།  རྟོག་གེ་སྡེ་དྲུག་གི་བསྟན་བཅོས་འདི་དག་རྫོགས་ལྡན་དང་ཉིས་ལྡན་སོགས་ཀྱི་དུས་སུ་བརྩམས་པར་བཤད་པ་ཡང་།  སྤྱིར་རྒྱ་གར་བའི་སྨྲ་ལུགས་ཙམ་ཡིན་ཅིང་།  སྒོས་སུ་དེ་དག་གི་རྗེས་འབྲངས་རྣམས་ཁོ་ནས་བློས་བྱས་ཡིན་པས།  རྒྱ་མཚན་ཅུང་ཟད་ཀྱང་རྟོགས་རྒྱུ་མེད་དོ།  །ཞེས་སོགས་ཀྱང་གསུངས་ཡོད་པས་དགེ་ཆོས་ཀྱི་དགོངས་ཚུལ་ལ་ལེགས་ལྡན་ནག་པོའི་གླུ་མ་བརྩམས་པའི་སྔོན་ཙམ་ལ་བྱུང་བར་འདོད་པ་བཅས་ཀྱིས་སྔ་ཕྱི་མཁས་པ་དག་གི་དགོངས་ཚུལ་རྣམས་གཅིག་ཏུ་མཐུན་པར་གྱུར་ཏོ།  །

ཁ་ཅིག་ན་རེ།  རྟོག་གེ་སྡེ་ལྔ་གང་ཞིག  རང་གི་རྩ་བའི་གྲུབ་མཐའ་ལ་རིག་བྱེད་བཞི་ཚད་མར་ཁས་ལེན་པ་རིག་བྱེད་པའི་མཚན་ཉིད་ཡིན་ཟེར།   འདོད་ན།    བྱེ་བྲག་པ་དང་གྲངས་ཅན་པ་སོགས་རེ་རེ་ཆོས་ཅན།   རིག་བྱེད་པ་ཡིན་པར་ཐལ།    རྟོག་གེ་སྡེ་ལྔ་གང་ཞིག  རང་གི་རྩ་བའི་གྲུབ་མཐའ་ལ་རིག་བྱེད་བཞི་ཚད་མར་ཁས་ལེན་པའི་ཕྱིར།   དེར་ཐལ།   རྟགས་དང་པོ་གྲུབ་པ་གང་ཞིག   རྟགས་གཉིས་པ་གྲུབ་པའི་ཕྱིར།    དེར་ཐལ།   གཅེར་བུ་བ་དང་རྒྱང་འཕེན་པ་ལས་གཞན་པའི་ཕྱི་རོལ་བའི་གྲུབ་མཐའ་སྨྲ་བ་དག་གིས་རང་གི་རྩ་བའི་གྲུབ་མཐའ་ལ་རིག་བྱེད་བཞི་ཚད་མར་འཛིན་པའི་ཕྱིར་ཏེ།   རིག་བྱེད་བཞི་ཚད་མར་འཛིན་མི་འཛིན་པའི་ཆ་ནས་རྒྱ་གར་བའི་ལྟ་གྲུབ་ལ་རིགས་གཉིས་སུ་ཕྱེ་བའི་ཕྱིར།   རིག་བྱེད་བཞི་ཚད་མར་ཁས་ལེན་པའི་ཆ་ནས་གྲངས་ཅན་པའམ་སཾཁྱ།    རྣལ་འབྱོར་བའམ་ཡོ་ག    རིག་པ་ཅན་ནམ་ན་ཡ།    བྱེ་བྲག་པའམ་བཻ་སེ་ཤི་ཀ    དཔྱོད་པ་བའམ་པུརྦ་མི་མཾ་ས།   རིག་བྱེད་མཐའ་བའམ་ཨཏྟར་མི་མཾ་ས་བཅས་འཇིག་རྟེན་བཀོད་པ་པོ་འདོད་པ་དང་།   རིག་བྱེད་ཁས་མི་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བ་དང་།   གཅེར་བུ་བའི་གྲུབ་མཐའ་སྨྲ་བ།   རྒྱང་འཕེན་པའི་གྲུབ་མཐའ་སྨྲ་བ་བཅས་འཇིག་རྟེན་བཀོད་པ་པོར་མི་འདོད་པ་རིགས་གཉིས་སུ་དབྱེ་བའི་ཕྱིར།  རྩ་བར་འདོད་ན།   དེ་དག་རེ་རེ་ནས་ཆོས་ཅན།  དེ་མ་ཡིན་པར་ཐལ།  ཁྱེད་ཀྱིས་འདོད་པའི་རིག་བྱེད་པའི་དབྱེ་བ་གཉིས་ཡོད་པའི་གང་རུང་མ་ཡིན་པའི་ཕྱིར།

བཞི་བ།   རང་ལུགས།

རྒྱ་གར་འཕགས་པའི་ཡུལ་དུ་སྲོལ་རྒྱུན་གྱི་ལམ་ལུགས་ནང་དུ་རྒྱུད་སྤྲོད་བྱས་པའི་ཆོས་ལུགས་དང་ལྟ་གྲུབ་རྒྱུན་འཛིན་བྱེད་པའི་རིགས་མི་འདྲ་བ་མང་པོ་ཡོད་པ་དང་།   མ་གཞི་ཆོས་བརྒྱུད་ཚང་མའི་རང་གི་གཞུང་ལུགས་དང་ལྟ་གྲུབ་ཀྱི་དོན་འགྲེལ་དང་གསལ་བཤད་རྣམས་ཆོས་བརྒྱུད་གཞན་རེ་རེ་ལས་མི་འདྲ་བ་བྱུང་བ་དང་།   རང་ཉིད་ལ་དབང་བའི་མི་འདྲ་བའི་ལྟ་བ་དང་སྤྱོད་པའི་སྐོར་གྱི་སྒྲིག་སྲོལ་ཞིག་གཏན་འབེབས་བྱས་ཡོད།   དེའང་ཆོས་བརྒྱུད་དེ་དག་ལ་ཚད་མཐོ་བའི་བདེན་པའི་ཤེས་ཡོན་འཐོབ་པ་དང་མཐར་ཐུག་གི་བདེ་སྐྱིད་བྱུང་བའི་ཐུན་མོང་གི་དམིགས་ཡུལ་ཡོད་པ་ནི་གཅིག་མཚུངས་ཡིན་པ་སྟེ།  དཔེར་ན།  ཤིང་སྟོང་ཞིག་ལ་ཡལ་ག་མི་འདྲ་བ་མང་པོ་ཡོད་ཀྱང་ཡལ་ག་ཚང་མ་གཅིག་པ་མ་ཡིན་པ་དང་།  ཁ་ཤས་ཆུང་ཆུང་དང་ཁ་ཤས་ཆེན་པོ་རེད།   ཡིན་ན་ཡང་།  ཤིང་སྡོང་དེའི་སྟེང་གི་སིལ་ཏོག་ཚང་མའི་བྲོ་བ་ནི་གཅིག་མཚུངས་རེད།   དེ་བས།  ཤིང་སྡོང་གི་ཡལ་ག་དེ་དག་གི་རྩ་བ་ནི་གཅིག་པ་ཡིན་པའི་རྒྱུ་མཚན་གྱིས་ཡིན།   དེ་དང་ཆ་མཚུངས་པར་རྒྱ་གར་གྱི་ཆོས་བརྒྱུད་མཐའ་དག་གི་ལྟ་གྲུབ་ཀྱི་རྩ་བའི་འབྱུང་ཁུངས་ནི་གཅིག་པ་ཡིན་པ་དང་།   དེར་བརྟེན།   ཆོས་བརྒྱུད་ཁ་ཤས་ལ་རིག་བྱེད་ལས་ཁ་ཐུག་བྱུང་བའི་བདེན་དཔང་ཡོད་པ་དང་།   ཆོས་བརྒྱུད་ཁ་ཤས་ཀྱི་ནང་དུ་གཞུང་ལུགས་དེའི་སློབ་དཔོན་དག་གི་སྲོལ་རྒྱུན་གྱི་ལམ་ལུགས་ནང་དུ་བརྒྱུད་སྤྲོད་བྱས་པའི་གོམས་སྲོལ་གྱི་གསུང་རབ་དག་བརྒྱུད་ནས་ཐད་ཀར་མ་ཡིན་པའི་ཐབས་ལམ་ཁྲོད་དུ་རིག་བྱེད་ལས་བྱུང་བའི་བདེན་དཔང་དག་ང་ཚོས་ཤེས་ཐུབ་ཀྱི་ཡོད།

ཡིན་ཡང་།   རིག་བྱེད་དག་གི་དགོངས་དོན་ནི་མི་མང་དཀྱུས་མ་དག་གིས་ཆ་ཚང་བ་ཞིག་གསལ་རྟོགས་ཐུབ་ཀྱི་མེད་པ་དང་།   དེ་བས།  དོན་དམ་དུ་དུས་ཡུན་རིང་བོའི་ནང་དུ་སློབ་དཔོན་དག་གིས་ལྟ་གྲུབ་འགྲེལ་བཤད་ཀྱི་བདེན་པ་ར་སྤྲོད་བྱས་པའི་འབྲས་བུ་ལ་བརྟེན་ནས་ཆོས་བརྒྱུད་སྣ་ཚོགས་ཤིག་བྱུང་བ་དང་སྲོལ་རྒྱུན་གྱི་ལམ་ལུགས་ནང་དུ་མི་རབས་ནས་མི་རབས་བར་དུ་དེ་དག་བརྒྱུད་སྤྲོད་བྱེད་པའི་འགོ་བརྩམས་ཏེ།   རྒྱ་གར་ནང་དུ་རིག་བྱེད་ཀྱི་གཞུང་ལ་བརྟེན་ནས་བྱུང་བའི་རིག་བྱེད་འདོད་མཁན་གྱི་ཧིན་དུའི་ཆོས་བརྒྱུད་ཁག་རྟོག་གེ་སྡེ་དྲུག་སྟེ།    དྲང་སྲོང་སེར་སྐྱས་བརྩམས་པའི་གྲངས་ཀྱི་བསྟན་བཅོས་ཀྱི་རྗེས་སུ་འབྲངས་པའི་གྲངས་ཅན་པའམ་སཾཁྱ། (Samkhya)    དྲང་སྲོང་པཏཾཛལིས་བརྩམས་པའི་རྣལ་འབྱོར་གྱི་མདོའི་རྗེས་སུ་འབྲངས་པའི་རྣལ་འབྱོར་བའམ་ཡོ་ག (Yoga)    དྲང་སྲོང་གོོ་ཏ་མས་བརྩམས་པའི་རིགས་པའི་མདོའི་རྗེས་སུ་འབྲངས་པའི་རིག་པ་ཅན་ནམ་ན་ཡ། (Nyaya)    དྲང་སྲོང་ཀན་ཌས་བརྩམས་པའི་བྱེ་བྲག་གི་མདོའི་རྗེས་སུ་འབྲངས་པའི་བྱེ་བྲག་པའམ་བཻ་སེ་ཤི་ཀ (Vaisheshika)  (འཇིག་རྟེན་གྱི་རྩ་བའི་རྡུལ་ཕྲན་ལ་དཔྱད་པ་ཞིབ་ཏུ་བྱས་པས་འདིའི་མིང་ལ་ཟིགས་ཟན་པའམ་རྡུལ་ཟ་བ་ཞེས་གྲགས།)      དྲང་སྲོང་ཛེེ་མི་ནིས་བརྩམས་པའི་དཔྱོད་པའི་མདོའི་རྗེས་སུ་འབྲངས་པའི་དཔྱོད་པ་བའམ་པུརྦ་མི་མཾ་ས།  (Purvamimamsa)   དྲང་སྲོང་རྒྱས་པས་བརྩམས་པའི་ཚངས་པའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པའི་རིག་བྱེད་མཐའ་བའམ་ཨཏྟར་མི་མཾ་ས། (Vedanta/Uttaramimansa) ་བཅས་ཀྱིས་རིག་བྱེད་ཀྱི་གཞུང་དག་རང་བྱུང་གི་བདེན་པ་དང་ཚད་མར་འཛིན་པ་དང་།   རིག་བྱེད་མི་འདོད་མཁན་གྱི་ཆོས་བརྒྱུད་ཁག་གསུམ་སྟེ་ནང་པའི་གྲུབ་མཐའ་སྨྲ་བ་དང་།   གཅེར་བུ་བའི་གྲུབ་མཐའ་སྨྲ་བ།   རྒྱང་འཕེན་པའི་གྲུབ་མཐའ་སྨྲ་བ་བཅས་ཀྱིས་རིག་བྱེད་ཚད་མར་མི་འདོད་ཅིང་ཁས་མི་ལེན་པ་ལ་སོགས་པའི་ལྟ་གྲུབ་ཀྱི་རིག་པ་མི་འདྲ་བ་མང་པོ་བྱུང་བ་ལ་བརྟེན་ནས་རྒྱ་གར་གྱི་ལྟ་གྲུབ་སྨྲ་བ་དགུ་བོ་དེ་དག་གིས་རང་ཉིད་ཀྱི་མདོ་རྣམས་ཀྱི་འདོད་ཚུལ་ལྟར་འཇིག་རྟེན་འདིའི་སྣང་ཚུལ་དང་།   བདག་ཡོད་མེད་ཀྱི་ལྟ་བ།   བདེན་པའི་གནས་ལུགས།  ཚད་མའི་གྲུབ་དོན།   ཕན་པའི་བཟང་སྤྱོད།   བསམ་བློའི་འཛིན་སྟངས་སོགས་ཀྱི་ལྟ་བའི་རིག་པ་བཅས་ལ་འགྲེལ་བརྗོད་ཟབ་མོ་བྱས་ཡོད།   ལྟ་གྲུབ་གྱི་རིག་པ་གཙོ་བོ་དག་ནི་ཕྱི་ལོ་སྔོན་གྱི་ལོ་༡༠༠༠་ནས་ཕྱི་ལོའི་དུས་རབས་དང་པོའི་བར་དུ་གཏན་འབེབས་བྱུང་བ་ཞིག་དང་དེའི་རྗེས་ཀྱི་དུས་རབས་དག་ཏུ་དེ་དག་གི་དགོངས་འགྲེལ་དང་བསྐྱར་བཅོས་ལ་སོགས་པའི་བསྟན་བཅོས་མུ་མཐུད་བྱུང་ཡོད་པ་རེད།

ལྷན་ཐབས། 

The Vedas are without beginning and without an end. 

-A brief introduction to Hinduism, by Kandiah Sivaloganathan

The Vedas are the eternal truths revealed by God to the great ancient Rishis of India.

-All about Hinduism,  by Sri Swami Sivananda

Hinduism emerges from the mist of time.

-A brief Introduction to Hinduism,  by Kandiah Sivaloganatham

They are not man-made, the sages are said to received them from the cosmic vastness.

Vedas and Upanishads, by Pranay

Brahma is attributed with having four heads and they represent the four Vedas..

-A brief Introduction to Hinduism,  by Kandiah Sivaloganatham

The darśanas have been classified into two groups: the ästika and the nästika. Those that are based on the authority of the Vedas are called ‘astika’ and the rest are ‘nastika.’ The Cārvaka (Materialism), the Jaina and the Bauddha systems come under the latter category and, the Sad-darśanas or the six traditional systems of Hindu philosophy, under the former.

-The Six Systems of Hindu Philosophy, by Swami Harshananda

པྱད་གཞི།

[1]   A brief introduction to Hinduism, by Kandiah Sivaloganathan

[2]    All About Hinduism, by Sri Swami Sivananda

[3]   Indian Philosophy, by Dr. Swami Satya prasad dasji

[4]    Vedas and Upanishads, by Pranay)

[5]    A short history of Sanskrit Literature, by T.K. Ramachandra Aiyar

[6]    The Six Systems of Hindu Philosophy, by Swami Harshananda

[7]    https://en.wikipedia.org/wiki/Vedas

[8]     ཀུན་མཁྱེན་འཇིགས་མེད་དབང་པོའི་གྲུབ་མཐའ་རིན་ཆེན་ཕྲེང་བ།

[9]     ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའ་ཆེན་མོ་དང་རྩ་བ།

[10]   ལྕང་སྐྱ་རོལ་པའི་རྡོ་རྗེའི་གྲུབ་མཐའ་ལྷུན་པོའི་མཛེས་རྒྱན།

[11]    ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གྲུབ་མཐའ།

[12]    པཎ་ཆེན་བསོད་ནམས་གྲགས་པའི་གྲུབ་མཐའི་རྣམ་གཞག

[13]    དུང་དཀར་བློ་བཟང་འཕྲིན་གྱི་དུང་དཀར་གྲུབ་མཐའ།

[14]   དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་གྱི་ཐང་མ།

[15]    པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་ཀུན་བཟང་དགོངས་རྒྱན།

– – – – –

Loading

2 མཆན།

  1. ཁྱེད་ཀྱིས་ཧིནྡུའི་ཆོས་ལུགས་ཞེས་པའི་མིང་བཀོལ་སྤྱོད་གནང་བ་ནི་ཆེས་མི་འཐད་པར་མཐོང་། ཧིནྡུ་ཞེས་པའི་ཐ་སྙད་ཀུན་ལ་མི་ཁྱབ་པའི་ཕྱིར། དེ་ནི་ཕྱིས་བྱུང་གི་ཐ་སྙད་ཡིན་པའི་ཕྱིར།

    • ཧིན་དུ་ཞེས་པའི་ཐ་སྙད་ཆོས་ཅན། ཀུན་ལ་ཁྱབ་པར་ཐལ། འཛམ་གླིང་མི་མང་ལ་ཁྱབ་པའི་ཕྱིར། དེར་ཐལ། དེ་ལ་སྤྱིར་ཐ་སྙད་ཁ་ཤས་ཤིག་ཡོད་པ་སྟེ། དཔེར་ན། ཧིན་དུ་བ་རྣམས་ཀྱིས་རྟག་པའི་ཆོས་ཟེར། བོད་རྣམས་ཀྱིས་མུ་སྟེགས་པའི་ཆོས་ཟེར། འཛམ་གླིང་མི་མང་གིས་ཧིན་དུའི་ཆོས་ཟེར་བ་སོགས་ཡོད་པའི་ཕྱིར།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།