བོན་དཔེ་རྙིང་པ《མུ་ཆོའི་ཐེག་པ་རིམ་དགུ》དང་དེའི་མཛད་མཁན་སྐོར་གྱི་ཕྲན་དཔྱད།

[ནང་དོན་གནད་བསྡུས།]  ཕྲན་དཔྱད་འདིར་ལོ་ཤས་སྔོན་དར་ཁྱབ་བྱུང་བའི། བོན་གྱི་དཔེ་རྙིང་དུ་གྲགས་ཤིང་། མཛད་བྱང་མི་གསལ་བའི་《མུ་ཆོའི་ཐེག་པ་རིམ་དགུ་》ཞེས་བྱ་བ་དེའི་རྒྱུད་ཀྱི་སྐོར་ནས། ལུང་ཚིག་དག་ལས་བསམ་གཞིགས་དང་། དེར་མཚུངས་ཀྱི་ཡིག་ཆ་གཞན་དང་གཤིབ་བསྡུར་གྱི་སྤྲོས་པ་ཙམ་བཀྱེད་ནས། གཞུང་འདི་བྱུང་དུས་དང་མཛད་པ་པོ་སུ་ཡིན་མིན་སྐོར་ནས་དཔྱད་པ་ཕྲན་ཚེགས་ཤིག་གཏོང་བ་ལགས།

[བརྡ་ཆད་གཙོ་བོ།]  མུ་ཆོའི་ཐེག་པ་རིམ་དགུ། ལྷོ་གཏེར་ཐེག་དགུ། མུ་ཆོ། བོན་སྒོ་གསལ་བྱེད། ཏྲེ་སྟོན་རྒྱལ་མཚན་དཔལ།

ཨི༔ ཕྲན་དཔྱད་ཀྱི་ཐོག་མ་གླེང་སློང་བ།

སྤྱིར་གཡུང་དྲུང་བོན་གྱི་ཐེག་པ་རིམ་དགུའི་གཞུང་ལུགས་ལ། གཤེན་གྱི་བསྟན་པ་དར་ཡུལ་དང་། གདུལ་བྱའི་ཁམས་དབང་སོགས་ཀྱི་ཆ་ནས་ལུགས་འགའ་བྱུང་ཞིང་། གཙོ་བོ་གསུམ་དུ་བཞེད་དེ། 《རྫོགས་ཆེན་བསྒྲགས་པ་སྐོར་གསུམ་》ལས་མཚན་འདོགས་པ་ལྟར། 1 “༼༡༽ཞང་ཞུང་གི་ཐེག་པ། ཐོ་ཐོ། ཡང་ཐོ། སྤྱི་ཐོ། སྣང་ལྡན། རང་ལྡན། བཞེད་ལྡན། ལྷ་རྩེ། སྣང་རྩེ། ཡང་རྩེ་བླ་ན་མེད་པ། དེ་ལྟར་དགུའོ། །” ཞེས་དང་། “༼༢༽བོད་ཀྱི་ཐེག་པ། ཕྱྭ་གཤེན། སྣང་གཤེན། སྲིད་གཤེན། འཕྲུལ་གཤེན། དགེ་བསྙེན། དྲང་སྲོང་། ཨ་དཀར། ཡེ་གཤེན། ཁྱད་པར་བླ་ན་མེད་པའི་ཐེག་པ་དང་དེ་ལྟར་དགུའོ། །”ཞེས་སོ། །གསུམ་པ། ༼༣༽རྒྱ་གར་བོན་སྐོར་ཡེ་ཕྱི་མོ་ལུགས་ཀྱི་ཐེག་པ། 2 “ལྷ་མི་གཞན་བརྟེན་ཐེག་པ་དང་། རང་རྟོགས་གཤེན་རབ་ཐེག་པ། ཐུགས་རྗེ་སེམས་དཔའི་ཐེག་པ་ཆེན་པོ། གཡུང་དྲུང་སེམས་དཔའི་ཐེག་པ་སྤྲོས་མེད། བྱ་བ་གཙང་སྤྱོད་ཡེ་བོན་ཐེག་པ། རྣམ་པ་ཀུན་ལྡན་མངོན་ཤེས་ཐེག་པ། དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཐེག་པ། ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་ན་མེད་པའི་ཐེག་པ་”ཞེས་དགུ་པོ་《ཐེག་རིམ་རྩ་འགྲེལ་》དུ་བཞེད་པ་ལྟར་གསུམ་ལས། སྐབས་འདིར་འཆད་པའི་《མུ་ཆོའི་ཐེག་པ་རིམ་དགུ་》ནི་དཀྱིལ་མ་བོད་ཀྱི་ཐེག་པ་རིམ་དགུའི་སྤྱི་དོན་བཤད་པའི་གཞུང་ངོ་། །ཡང་ན་གཏེར་བོན་གྱི་འབྱུང་ཁུངས་ཆ་ནས། དེ་གསུམ་ལ་རིམ་བཞིན་བྱང་ལྷོ་དབུས་གསུམ་དུ་ཕྱེས་པ་ལས། འདི་ནི་ལྷོ་གཏེར་ལས་བྱུང་བའི་ཐེག་པ་རིམ་དགུའི་གཞུང་ངོ་། །དེ་ཡང་བྱང་གཏེར་རམ་ཞང་ཞུང་ཐེག་དགུ་དང་། དབུས་གཏེར་ཐེག་དགུ་གཉིས་ཀྱི་བསྟན་ཚུལ་སྐོར་འདིར་བརྗོད་བྱ་དང་མ་འབྲེལ་བས་གཞན་དུ་གོ་ཕུག་ཧ་ར། །

བོད་ཀྱི་ཐེག་པའམ་ལྷོ་གཏེར་ལུགས་ཀྱི་ཐེག་དགུ་འདི་ཉིད་ནི། སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཆེ་(སྤྱི་སྔོན་༡༦༠༡༧)སྔོན་ཆད་ཞང་ཞུང་ཕུགས་པའམ། ད་ལྟའི་སྒང་པ་བོད་ཡུལ་གྱི་སྟོད་མངའ་རིས་སུ་སྐུ་སྐྱེ་བ་ཐོག་མ་བཞེས་ནས། མི་ལོ་བརྒྱ་ལ་གཤེན་ལོ་རེ་སྟེ། གཤེན་ལོ་གཅིག་ནས་དགུ་བར། ཐེག་དགུའི་གཞུང་རྣམས་རིམ་གྱིས། ༡ གཏོ་དཔྱད་གནས་ལྔ་བསྟན་པའི་ཕྱྭ་གཤེན་དང་། ༢ གྱེར་སྒོ་སྐད་གཅོང་བསྟན་པའི་སྣང་གཤེན། ༣ བྱད་ཟོར་རྫུ་འཕྲུལ་བསྟན་པའི་འཕྲུལ་གཤེན། ༤ ཤི་ཐབས་འདུར་ཐབས་བསྟན་པའི་སྲིད་གཤེན་ཏེ་རྒྱུའི་བོན་བཞི་དང་། ༥ མདོ་སྡེ་རྒྱུ་འབྲས་བསྟན་པའི་དགེ་བསྙེན། ༦ འབུམ་སྡེ་འདུལ་ཁྲིམས་བསྟན་པའི་དྲང་སྲོང་གཉིས་ཏེ་ཐེག་ཆེན་གྱི་བོན་དང་། ༧ བསྙེན་བསྒྲུབ་རྒྱུད་དོན་བསྟན་པའི་ཨ་དཀར། ༨ རྫོགས་རིམ་སེམས་སྡེ་བསྟན་པའི་ཡེ་གཤེན་གཉིས་ནི་གསང་སྔགས་སྒོ་ཕུགས་གཉིས་ཀྱི་བོན་དང་། ༩ རྩོལ་འདས་མན་ངག་བསྟན་པའི་ཁྱད་པར་བླ་མེད་བཅས་མཐར་ཐུག་རྫོགས་པ་ཆེན་པོ་དགུ་ཡི་བོན་སྡེ་དང་སྤྱོད་འཇུག །ལྟ་གྲུབ་སོགས་ཞིབ་རྒྱས་བསྟན་ནོ། །དོན་ཡང་མ་རིག་འཁྲུལ་པའི་བློ་དགུ་ལྡོག་ཕྱིར་དུ་ཡིན་པ་མདོ་དྲི་མེད་ལས་གསལ་ལ། ཐེག་པ་དགུ་པོ་སྐས་ཀྱི་གདང་བུ་དང་མཆོད་རྟེན་གྱི་བང་རིམ་བཞིན། གདུལ་བྱའི་བློ་སྟོབས་རིམ་པ་མཐོ་དམན་དགུ་ལ་བལྟོས་ནས་བྱུང་བའོ། །ལྷོ་གཏེར་ཐེག་དགུའི་ལུགས་འདི་བསྟན་པའི་གཞུང་ཡང་། སྟོན་པའི་མཛད་མདོ་རྒྱས་པ་《དྲི་མེད་གཟི་བརྗིད་》དང་། བསྡུས་པ་《མདོ་འདུས་》དང་། རྫོགས་ཆེན་《སེམས་སྨད་སྡེ་དགུའི་》ནང་ཚན་《རིག་པ་ཁུ་བྱུག》་གི་རྩ་འགྲེལ་དང་། བླ་ཆེན་དྲན་པས་མཛད་པའི་《བྱང་སེམས་གབ་འགྲེལ་》དང་། བོན་གྱི་སྤྱན་ལྡན་ཆེན་མོས་མཛད་པའི་《བསེན་ཐུབ་འགྲེལ་ཆེན》དང་། 《སེམས་ལུང་གསལ་སྒྲོན》དང་། གསང་སྔགས་གླིང་པའི་དགོངས་གཏེར་《དྲན་པ་བཀའ་ཐང་》དང་། 《གསང་སྔགས་རྫོང་འཕྲང་》་དང་། སྐབས་འདིར་འཆད་པའི་གཞུང་འདི་ཉིད་སོགས་རྒྱ་ཆེ་གྲངས་མང་ལ། དེ་ཚོ་ལས་ལྷོ་གཏེར་ཐེག་པ་འདིའི་ལུགས་ཀྱི། ཐེག་པ་སོ་སོའི་འཇུག་སྒོ་བོན་སྡེ་དང་། ལྟ་སྒོམ་སྤྱོད་འབྲས་ཀྱི་དོན་དང་། གསུངས་པའི་ཚུལ་དང་གནས་དང་འཁོར་སོགས་ཀྱི་ལོ་རྒྱུས་ཞིབ་གཟིགས་བྱ་ཆོག །

ཨུ༔ བོན་དཔེ་རྙིང་པ་《མུ་ཆོའི་ཐེག་པ་རིམ་དགུའི་》ཁ་བྱང་འདོགས་ཚུལ་དང་འཕྱང་མོ་སེལ་བ་བཅས།

དང་པོ། སྐབས་འདིར་བཤད་བྱར་གྱུར་པའི་རྒྱུད་འདི་ཉིད་ཀྱི་མཚན་རྒྱས་པ་ལ། 《བོན་འདི་ནི་མུ་ཆོའི་ཐེག་པ་རིམ་དགུའི་རྒྱུད་ཀྱི་དབུ་ཕྱོགས་》ཞེས་(དཔེ་ཆ་འདིའི་མ་དཔེ་མདོ་སྨད་རྔ་བ་སྣང་ཞིག་ཕྱོགས་ན་ཡོད་པར་གྲགས་ལ། མཛད་བྱང་སོགས་མི་གསལ། ངས་གཙོ་བོར་ཁྲི་བསོད་བསྟན་གྱིས་བསྒྲིགས་པའི། ༼བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོའི་༽པོད་བདུན་པ་རུ་བཙུད་པ་དེ་སྤྱད་ཀྱི་ཡོད།)དང་། མིང་བསྡུས་པ་གོང་གསལ་ལྟར་འབོད་པ་ནི། གཞུང་འདིའི་མཇུག་ཏུ། 3 “མུ་ཆོའི་ཐེག་པ་རིམ་དགུ་རྫོགས་སོ། །”ཞེས་སུ་གསལ་བས་ངེས། །ཡང་ད་ལྟའི་བོན་གྱི་མཁས་པ་ཚོས་གཞུང་འདི་སྤྱད་ཚེ་《ལྷོ་གཏེར་ཐེག་དགུའི་རྣམ་བཞག་》ཅེས་སོགས་མཚན་གསོལ་བ་ནི། གོང་དུ་ལབ་པ་ལྟར། གཞུང་འདིར་གཙོ་བོ་ལྷོ་གཏེར་ལུགས་ཀྱི་ཐེག་པ་རིམ་དགུའི་གཞུང་དོན་རྒྱས་པར་བཀྲལ་བས་ལགས་ཤིང་། །“རྒྱས་པ་”ཞེས་པ་ཡང་དམིགས་བསལ་གཞུང་འདིར་གཙོ་བོ་ཐེག་པ་དགུ་པོའི་རང་རང་གི་བོན་སྡེ་དང་སྤྱོད་འཇུག །སྒྲུབ་ཐབས་དང་ཆོག་ག །ཉམས་ལེན་སྐྱོང་ཚུལ་སོགས་ཀྱི་ཐད་ནས། ནང་དོན་དང་བོན་གྲངས་སོགས་ལུང་རིགས་གཉིས་ཀྱིས་རྒྱས་པར་སྤྲོས་ཙམ་ལས། ཐེག་པ་སོ་སོའི་རིག་གཞུང་དང་ལྟ་གྲུབ་བཅས་ཀྱི་ཕྱོགས་ནས་ཚིག་ཚོགས་གསལ་བ་ཧ་ཅང་ཉུང་། གལ་ཏེ་དེ་ཀོ་ངེས་འདོད་ན། དྲན་པའི་གབ་འགྲེལ་དང་བསེན་ཐུབ། མཛད་མདོ་སོགས་ལས་ཕྱུང་ནས་ཁ་སྐོང་དགོས།

གཉིས་པར། རྒྱུད་འདིའི་ཁ་བྱང་ལ་དེ་ལྟར་འདོགས་པའི་རྒྱུ་མཚན་ནི། རྒྱུད་དེ་ཉིད་ལས། 4 “དང་པོ་ཐེག་དགུའི་བོན་རྣམས་སྟོན་པས་གསུངས། །མུ་ཆོས་ཐེག་པ་དགུ་རུ་ཕྱེ་བ་ཡིན། །” ཞེས་གསུངས་པས། གཞུང་འདིའི་དགོངས་དོན་ལྟར་ན། སྟོན་པས་གཤེན་ལོ་དགུ་ཡི་རིང་དུ་གསུངས་པའི་བོན་རྣམས། ཐེག་པ་དགུ་རུ་བཀྲལ་བ་པོ་མུ་ཆོ་ཡིན་པས། ལྷོ་གཏེར་རམ་བོད་ཀྱི་ཐེག་པ་ཕྱྭ་སྣང་འཕྲུལ་སྲིད་སོགས་དགུ་པོ་ལ། “མུ་ཆོའི་ཐེག་པ་རིམ་དགུ་”ཞེས་སུ་འབོད་དེ་རྒྱུད་མིང་དུ་གསོལ་བ་ཡིན་ཚུལ་རིགས་པས་ངེས་ཆོག་ལ། རྗེས་སོར་ང་ཚོས་ལྷོ་གཏེར་ལུགས་ཀྱི་ཐེག་དགུ་ལ་ཐད་ཀར་“མུ་ཆོའི་ཐེག་དགུ་”ཞེས་མཚན་ཀྱང་མི་ཆོག་རྒྱུ་མི་འདུག་སྙམ། མ་གཏོགས། གཞུང་འདི་མུ་ཆོ་རང་གིས་གསུངས་པའི་དགོངས་དོན་ནི་མིན་པར་སྣང་སྟེ། གཞུང་འདིར་གསལ་བའི་མི་སྣ་དང་། དྲངས་པའི་ལུང་ཚིག་དག་གིས་ཤུགས་ལས་རྟོགས་ཐུབ། དཔེར་ན་གཞུང་དེར་ཐེག་པ་བརྒྱད་པ་ཡེ་གཤེན་བསྟན་སྐབས་སུ། 5 “ད་ལྟ་དམ་པ་རི་ཁྲོད་པས་ཨ་རྐྱང་ལ་འཛིན་པ་འདི་ཡོངས་སུ་གྲག་གོ །” ཞེས་དགོངས་མཛོད་རི་ཁྲོད་ཆེན་པོ་(༡༠༣༨)མཆོག་གི་མཚན་གསལ་བ་དང་། ཡང་དེར་སྒོམ་གསུམ་འཆད་སྐབས། 6 “དབུ་མ་བདེན་གཉིས་ལས། སྣང་ཙམ་ཡོད་ཀྱི་བདེན་པར་ཞེན་པ་མེད་པ་ནི་གང་ཟག་དམ་པ་རྣམས་ཀྱི་རྗེས་ཤེས་ཡིན་ལ། སྣང་བ་ཡང་མེད་ཞེན་པ་ཡང་མེད་པ་ནི་ས་བཅུ་གཡུང་དྲུང་སེམས་དཔའི་མཉམ་བཞག་ཡིན་(དབུ་མའི་རང་འགྲེལ་གྱི་དཔར་མ་ཁག་ཏུ། 7 སངས་རྒྱས་ཀྱི་དགོངས་པ་དང་འཕགས་པའི་མཉམ་བཞག་ཡིན་ཞེས་གསལ་བ་དང་། དབུ་འགྲེལ་དཔར་མ་ཁག་ཏུ་༼གདམས་ངག་༽དམ་པ་རྣམས་ཞེས་པ་དག་༼གང་ཟག་༽ཡིན་པ་འདིས་གསལ།) ནོ། །”ཞེས་པའི་ལུང་ཚིག་ནི། ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར་(༡༠༥༨)གྱིས་མཛད་པའི་《དབུ་མའི་རང་འགྲེལ་གསལ་བྱེད་སྒྲོན་མ་》ལས་དྲངས་པ་སོགས་གསལ་བ་ཙམ་གྱིས་ཀྱང་། རྒྱུད་འདི་ཉིད་དུས་རབས་བཅུ་གཅིག་གི་གོང་དུ་འདེད་ཐུབ་པའི་དཔེ་ཆ་ཞིག་མིན་པར་ཐག་གིས་ཆོད་པས། མུ་ཆོའི་བཀའ་བརྟེན་མིན་པར་ངེས། ཡང་མུ་ཆོ་ལ་འགའ་ཞིག་སྣང་སྟེ། གདུང་སོབ་[འཚོབ་]མུ་ཆོ་ལྡེམ་དྲུག་ཞེས་པ་ནི། སྟོན་པ་གཤེན་རབ་ཀྱི་གདུང་སྲས་དང་། འདུལ་གཤེན་མུ་ཆོ་ལྡེམ་དྲུག་ནི་སྟོན་པས་རིགས་དྲུག་འདུལ་ཆེད་དུ་རྣམ་པ་དྲུག་ཏུ་སྤྲུལ་པའི་ཡ་གྱལ་ཞིག་སྟེ་འདི་དང་འབྲེལ་བ་མེད་པ་དང་། སྲིད་པའི་བོན་པོ་མུ་ཆོ་ཞེས་པ་སྟོན་པའི་འཁོར་བར་པ་རུ་གཏོགས་པར་གསུངས་པས་གཤེན་རབ་མི་བོ་ཆེའི་སྐུ་ཡི་དུས་སུ་བྱོན་པ་ལགས། ཡང་ཞང་ཞུང་མུ་ཆོ་ཞེས་པ་ཞིག་ཡོད་པའང་དུས་རབས་བརྒྱད་པའི་གོང་དུ་བྱོན་པ་ཡིན་ནོ། །ད་དུང་སུམ་པའི་མུ་ཆོ་ཞེས་པའི་མཁས་གྲུབ་ཅིག་གོ་ཐོས་སུ་མཆིས་ཀྱང་། ཁོང་གི་མི་ཚེ་དང་འཁྲུངས་འདས་ལོ་ཚིགས་སོགས་ངག་རྒྱུན་ཙམ་ལས་གསལ་བོ་མ་བྱུང་མོད། དེ་ལྟར་ནའང་། རྒྱུད་འདིའི་བྱེད་པོ་མིན་པར་གཞུག་ནས་ངེས་པར་བྱེད་ཆོག །

ཨེ༔ བོན་དཔེ་རྙིང་པ་《མུ་ཆོའི་ཐེག་པ་རིམ་དགུ་》བྱུང་དུས་དང་མཛད་པ་པོ་སུ་ཡིན་མིན་སྐོར།

དེ་ལྟར་གོང་དུ་བཀོད་པའི་རྒྱུ་མཚན་དག་བརྒྱུད་ནས། ལ་ལས་ཤོད་པ་ལྟར། གཞུང་འདི་མུ་ཆོས་མཛད་དོ་ཞེས་པའང་། ཁ་བྱང་ཙམ་མམ་སྤྱི་ཁོག་ཕུབ་པ་ཙམ་གྱིས་འདོད་དེ། རྒྱུད་ཀྱི་ནང་དོན་ཁ་ཚང་ཞིབ་པར་གཟིགས་རྒྱུ་མ་བྱུང་བར་གསལ་ལ། མགོ་རྔར་ཞིབ་གཟིགས་བྱུང་བ་རྣམས་ཀྱིས་དེ་སྔོན་“མཛད་པ་པོ་མི་གསལ་”ཞེས་བཀོད་འདུག །དེ་ལྟར་ཡིན་ཚེ། སྔོན་མར་ངས་ཀྱང་དཔྱད་འཚོལ་ཙམ་ཞིག་བརྒྱུད་མྱོང་ཡང་ལན་ལ་འདི་དང་དེ་ཞེས་མ་རག །ཉེ་ཆར་སློབ་དུས་ཀྱི་བར་གསེང་སྤྱད་ནས་《བོན་སྒོ་གསལ་བྱེད།》ཅེས་པ་དེ་ཀློག་པའི་སྐབས་སུ། གཞུང་ལས་ལྷོ་གཏེར་ཐེག་དགུའི་ཚིག་དོན་སོགས་གསུང་ཚུལ་དེ། སྔོན་མར་བཀླགས་པའི་《མུ་ཆོའི་ཐེག་པ་རིམ་དགུ་》ནང་གི་བསྟན་སྟངས་དང་འདྲ་བའི་ཚོར་བ་ཞིག་བྱུང་། འཕྲལ་མར་དཔེ་ཆ་དེ་གཉིས་གཤིབ་བསྡུར་བྱས་ནས་ལྟ་ཡོང་ཚེ། ད་བཟོད་བསྟན་སྟངས་ཙམ་འདྲ་བར་མ་ཟད། ཏག་ཏག་ཚིག་དོན་སོགས་མི་གཅིག་གི་ངག་ལས་བྱུང་བ་རང་རེད་འདུག་པར་མཐོང་། དེ་ཡང་《བོན་སྒོ་གསལ་བྱེད།》ལས་ལྷོ་བྱང་དབུས་གསུམ་གྱི་ཐེག་དོན་སྤྱི་ཙམ་བསྟན་ནས། ལྷོ་གཏེར་ཐེག་དགུ་རྒྱས་པར་འཆད་སྐབས། 8 “དང་པོ་ཕྱྭ་གཤེན་ནི། སྟོན་པ་ཕྱྭས་མཛད་པས་ཕྱྭ་གཤེན་ནོ། །”ཞེས་པ་ནས་བཟུང་ཐེག་པ་གཞན་རྣམས་རིམ་གྱིས་བསྟན་ཏེ། ཐེག་པ་མཐར་ཐུག་ཁྱད་པར་ཆེན་པོའི་མཇུག་ཏུ་“གཤོགས་པ་བྱ་བཏེགས་ནམ་མཁར་ཕྱིན་པ་བཞིན། འོག་མས་གོང་མ་བཏེགས་ནས། འོག་མིན་དུ་ཕྱིན་པ་ལ་བྱའོ། །”ཞེས་པའི་བར་དང་། 《མུ་ཆོའི་ཐེག་པ་རིམ་དགུ་》ལས་ཀྱང་ཐེག་སྒོ་རྒྱས་པར་བཤད་པ་ལ་དགུ་ཡོད་ཅེས་བསྟན་སྐབས། “དང་པོ་ཕྱྭ་གཤེན་ནི། སྟོན་པ་ཕྱྭས་མཛད་པའི་ཕྱྭ་གཤེན་ནོ། །”ཞེས་པ་ནས་བཟུང་སྣང་གཤེན་འཕྲུལ་གཤེན་སྲིད་གཤེན་སོགས་རིམ་པར་གསུངས་ཏེ། ཐེག་པ་མཐར་ཐུག་ཁྱད་པར་ཆེན་པོའི་གཞུག་ལ་“གཤོགས་པ་བྱ་འདེགས་ནམ་མཁར་ཕྱིན་པ་བཞིན། འོག་མ་གོང་མར་བཏེགས་ནས་འོག་མིན་དུ་ཕྱིན་པར་བྱའོ། །”ཞེས་པའི་ལུང་ཚིག་བར། དཔེ་ཆ་དེ་གཉིས་སུ་ཚེག་བར་གཅོད་སྟངས་དང་ཚིག་ཕྲད་རྣམ་དབྱེ་སྦྱོར་ཚུལ་སོགས་མི་འདྲ་བ་འགའ་ཞིག་མཆིས་པ་ནི། བྲིས་མཁན་དང་ཡིག་བཏགས་བ། མ་དཔེ་གོག་ཧྲུལ་སོགས་དང་འབྲེལ་བར་རྒྱུན་ལྡན་གྱི་སྣང་ཚུལ་ཙམ་ལས། མདོར་ན་བཀའ་བརྟེན་དེ་གཉིས་སུ་ལྷོ་གཏེར་ཐེག་དགུའི་དོན་རྒྱས་པ་ནི་མཉམ་དུ་གཤིབས་ནས་དཔེ་ཆ་གཅིག་གི་ཚུལ་གྱིས་བཏོན་ནའང་ཆོག་འདུག །དེ་བས་ན། དཔེ་ཆ་དེ་གཉིས་ལས་ལྷོ་གཏེར་ཐེག་དགུའི་དོན་སྐོར་ནས། ཡིག་ནོར་དང་དོགས་གཞིའི་ཐ་སྙད། ཚིག་སྦྱོར་ཆད་ལྷག་སོགས་ཡོད་པ་དག་ཕན་ཚུན་ཁ་སྐོང་དང་གསལ་ཁ་འདོན་བྱེད་ཀྱང་ཆོག་འདུག་སྙམ།

གཞན་《མུ་ཆོའི་ཐེག་པ་རིམ་དགུའི་》མགོར་མཆོད་བརྗོད་“ཨེ་མ་ཧོ། སྐྱེ་མེད་བོན་སྐུ་ལྷ་རྣམས་རྫོགས་སྐུ་དང༌། །”ཞེས་པ་ནས་སྟོན་པས་འགྲོ་དོན་མཛད་ཚུལ་དང་ཐེག་དགུ་མདོར་བསྟན་སོགས་གསུངས་ནས་“ད་ནི་ཐེག་སྒོ་རྒྱས་པར་བཤད་པ་ལ་དགུ་ཡོད་”ཅེས་པའི་བར་དང་། རྒྱུད་འདིའི་མཇུག་ཏུ་“ཐེག་པ་རིམ་དགུའི་རྒྱུད་ཆུང་འདི་བྲིས་དགེ་རྩ་ལ་བརྟེན་ནས། །བདག་སོགས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང༌། །ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས་གྱུར་ནས། །ཕྱི་མར་བདེ་ཆེན་ས་གནས་སུ། །གཡུང་དྲུང་འབྲས་བུ་ཐོབ་གྱུར་ནས། །སངས་རྒྱས་ས་ལ་སྐྱེ་བར་ཤོག །མུ་ཆོའི་ཐེག་པ་རིམ་དགུ་རྫོགས་སོ། །ཞལ་དྲོ་བྱིན་ཆེ་བར་ཤོག་”ཅེས་པ་དག་《བོན་སྒོ་གསལ་བྱེད།》དུ་གཤིབ་ཆོག་པའི་ཚིག་ཚོགས་འདྲ་བ་མི་འདུག །གཞན་《མུ་ཆོ་ཐེག་དགུའི་》དངོས་གཞི་གཞུང་ཁ་ཚང་《བོན་སྒོ་གསལ་བྱེད།》 འདིའི་ནང་དུ་བཞུགས་པས། འདིའི་མཛད་པ་པོ་ནི་ཕྲན་དཔྱད་འདིའི་གཙོ་གནད་གྱུར། དེ་ཡང་《བཀའ་ལུང་སྤྱི་ཡི་འགྲེལ་བ་བོན་སྒོ་གསལ་བྱེད་》ཅེས་པ་(ལུང་གི་སྙིང་པོ་བོན་སྒོ་གསལ་བྱེད་ཅེས་ཀྱང་བྱ།)ནི། དུས་རབས་བཅུ་བཞིའི་ནང་དུ་བྱོན་པའི་ཏྲེ་སྟོན་རྒྱལ་མཚན་དཔལ་ཞུ་བ་དེ་ཉིད་ཡིན། ཁོང་གི་སྐུ་ཚེའི་ལོ་རྒྱུས་སོགས་ཀྱི་ཡིག་ཆ་ནི་མཐོང་དཀོན་ཀྱང་། རྫོགས་པ་ཆེན་པོ་《ཞང་ཞུང་སྙན་རྒྱུད་》ཀྱི་གཞུང་ལ་ཉམས་ལེན་མཛད་མཁན་གྱི་བླ་བརྒྱུད་གྲས་སུ། བྱང་བརྒྱུད་ཀྱི་ཁོངས་སུ་གཏོགས་པའི་མཁས་གྲུབ་གཉིས་ལྡན་ཅིག་ཡིན་པ་《བླ་མ་བརྒྱུད་པའི་རྣམ་ཐར་》་ལས་10གསལ་ལ།《བོན་སྒོ་གསལ་བྱེད་》 དུ་ཁོང་ནི་གཤེན་ཚང་དང་སྤ་ཚང་གི་རྗེས་འབྲང་ཡིན་པ་སོགས་གསུངས་ཤིང་། ཁོང་གིས་དཔེ་ཆ་འདི་མཛད་པའི་དུས་ནི། སྤྱི་ལོ་༡༣༨༤མཚམས་སུ་ཡིན་པ་མཁར་རྨེས་ཞིབ་དཔྱད་གནང་འདུག་ལ། གང་ལྟར་དུས་རབས་བཅུ་བཞི་པའི་སྐབས་ཀྱི་དཔེ་ཆ་ཞིག་ཡིན་པར་ཐག་ཆོད་འདུག །

དེ་ཡང་《བོན་སྒོ་གསལ་བྱེད་》དང་དེ་མཛད་མཁན་“ཏྲེ་སྟོན་རྒྱལ་མཚན་དཔལ་”གྱི་སྐོར། མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་དཔྱད་པ་ཧ་ཅང་ཟབ་ཅིང་རྒྱས་པ་གཏོང་བ་ཞིག་11མཇལ་དུ་ཡོད་ལ། དེར་གཟིགས་ན་ཆོག་ཅིང་འདིར་མང་པོ་སྤྲོས་དགོས་དོན་ལྷག་ཏུ་མི་འདུག་སྙམ། འདི་ལྟར་གོང་ལས་འཕྲོས་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་བཤད་ཡོང་ཙ་ན། ད་བཟོད་ཕྲན་ལ་《མུ་ཆོའི་ཐེག་པ་རིམ་དགུ་》ཞེས་པའི་གཞུང་འདི་དུས་རབས་བཅུ་བཞི་པའི་སྐབས་ཀྱི་དཔེ་ཆ་ཞིག་ཡིན་པ་དང་། རྩོམ་པ་པོ་ཡང་ཏྲེ་སྟོན་རྒྱལ་མཚན་དཔལ་ཁོང་ཉིད་ཡིན་པའི་ངེས་པ་ཙམ་ཞིག་རྙེད། ཡང་ཏྲེ་སྟོན་གྱིས་《མུ་ཆོའི་ཐེག་པ་རིམ་དགུའི་》དངོས་གཞི་གཞུང་ཆ་ཚང་རང་གི་《བོན་སྒོ་གསལ་བྱེད་》དུ་བཅུག་པ་ལྟ་བུའི་གནས་ཚུལ་ཤས་ཆེ་བ་མི་འདུག་སྟེ།《བོན་སྒོ་གསལ་བྱེད་》འདི་བཀའ་ལུང་སྤྱི་ཡི་འགྲེལ་བ་ཡིན་པ་དང་། གཞུང་འདི་བརྩམས་མཁན་ཏྲེ་སྟོན་རང་ཡིན་པ་གསལ་པོ་གསུངས་པས་ངེས་ཆོག །གཞན་ཡང་《མུ་ཆོའི་ཐེག་པ་རིམ་དགུའི་》ནང་དུ་དོན་འགྲེལ་བྱེད་ཚུལ་དང་ལུང་འདྲེན་གནང་ཚུལ་སོགས་ལ་གཞིགས་ནའང་། རྣམ་དཔྱོད་རྩལ་དང་ལྡན་ཅིང་གཞུང་དོན་རབ་ཏུ་མཁྱེན་པ་ཞིག་ཡིན་ལ། ཏྲེ་སྟོན་ལྟ་བུ་ལ་སྦྱར་ན་ཤིན་ཏུ་མཚུངས་སོ། །དེ་བས།《མུ་ཆོའི་ཐེག་པ་རིམ་དགུའི་》གཞུང་དོན་ལུང་ཚིག་སོགས་ལ་བརྟེན་ནས། བྱུང་བའི་དུས་ཚོད་དང་མཛད་མཁན་གྱི་ཆུ་ཚད་སོགས་དང་། གཞུང་གི་ཚིག་དོན་༩༠%ལྷག་《བོན་སྒོ་གསལ་བྱེད་》དུ་མི་གཅིག་གིས་བྲིས་པ་ལྟར་གསལ་བ་དང་། གཞན་སྡེའི་འདོད་ཚུལ་བསྟན་པ། 《བོན་སྒོ་གསལ་བྱེད་》ཀྱི་གནས་ཚུལ་སོགས་གང་ས་ཅི་ཐད་ནས་བརྟག་ཡོང་ཚེ། ཕྲན་གྱིས་གཞུང་འདི་དུས་རབས་བཅུ་བཞི་པའི་སྐབས་ཀྱི་དཔེ་ཆ་ཞིག་ཡིན་པ་དང་། རྩོམ་པ་པོ་ཡང་ཏྲེ་སྟོན་རྒྱལ་མཚན་དཔལ་ཁོང་ཉིད་ཡིན་པའི་ངེས་པ་ཞིག་ཏུ་རྙེད་ཁུལ་ཡིན། ད་ནི་དེ་ཙམ་གྱིས་ཆོག་པར་བྱེད་འདོད།

ཨོ༔ བོན་དཔེ་རྙིང་པ་《མུ་ཆོའི་ཐེག་པ་རིམ་དགུའི་》ཁྱད་བོན་དང་ལུང་འདྲེན་གྱི་མཚན་ཐོ་བཅས་ཀྱིས་མཇུག་བསྡུ་བ།

མཐར་《མུ་ཆོའི་ཐེག་པ་རིམ་དགུའི་》གཞུང་དུ་དམིགས་བསལ་གྱི་ཁྱད་བོན་མཐའ་དག་རྒྱུ་མ་ཕུ་འདེད་བཞིན་གླེང་མ་ནུས་ཀྱང་། དཔེར་མཚོན་ཙམ་ཞིག་ཞུས་ན། ཕྱྭ་གཤེན་ཐེག་པའི་བོན་ནི་རིག་པའི་གནས་ལྔས་ཕྱེ་བ་དང་། མོ་རྩིས་གཏོ་དཔྱད་ཀྱི་གཞུང་སོགས་དེ་ལྔར་འདུ་ཚུལ་ལྟ་བུ་དང་། སྣང་གཤེན་ལས་གྱེར་བ་དག་སེལ་དཀར་ནག་ཁྲ་གསུམ་དུ་ངོས་འཛིན་ཚུལ་དང་། གཏོ་སྒོ་དང་གོང་ཁལ་སྤྲོས་ཚེ། ཕྱྭ་ཡི་སྐོར་ནས་ཕྱ་བླུད་དང་། ཕྱྭ་གསས། ཕྱ་བསྲུངས། ཕྱའི་རུ་སོགས་ཐ་སྙད་སྤྱི་བྱིངས་མིན་པ་མང་དུ་བྱུང་ཞིང་ངོས་འཛིན་དང་བཅས་ལ། “མུ་ཡེ་པྲ་ཕུད་”ཅེས་པའང་ཚིག་ཙམ་གསལ་བ་མཐོང་། དེ་བཞིན་དུ་འཕྲུལ་གཤེན་བསྟན་སྐབས། ཨ་དཀར་དང་འཕྲུལ་གཤེན་གྱི་ཁྱད་པར་ལ། སྟོད་རྒྱུད་ལམ་དུ་བསྒྲུབས་པས་ཨ་དཀར་དང་། སྨད་དྲག་པོ་མཐུ་རུ་བསྒྲུབས་པས་འཕྲུལ་གཤེན་ལྟ་བུའི་ལུང་ཚིག་གིས། སྒྲུབ་ཐབས་དང་ལྷས་འབྱེད་པ་སོགས་དང་། སྲིད་གཤེན་དུ་བླ་ཡིད་སེམས་གསུམ་སྐུ་གསུང་ཐུགས་སུ་བཞེད་ཚུལ། ཡེ་གཤེན་སྐབས་སུ་ཐུན་ངང་ཀློང་སྒོམ་གསུམ་བསྟན་ཚུལ་སོགས་མང་དུ་སྣང་ཞིང་། །དེ་དག་ཀྱང་ལྷོ་གཏེར་ལུགས་ཀྱི་གཞུང་དོན་བསྟན་ཚུལ་ལས། སྤྱི་བྱིངས་དང་ཅུང་མི་འདྲ་བའི་《ཐེག་རིམ་གསལ་སྒྲོན་》དང་《གསང་སྔགས་རྫོང་འཕྲང་》སོགས་ཀྱི་གསུངས་ཚུལ་དང་མཐུན་པ་འགའ་འབྱུང་བཞིན་འདུག །

དེ་ཡང་རྒྱུད་འདིར་ལུང་འདྲེན་བྱས་པའི་མཚན་ཐོ་ཞིག་བཀོད་ན། མཛོད། ཁམས་བརྒྱད། རྣམ་རྒྱལ། ཇུ་ཐིག་རྒྱུད་འབུམ། ཐུགས་རྗེ་བྱམས་མ། སྣང་གཤེན་རྩ་བའི་མདོ་དགུ །སྣང་གཤེན་གྱི་རྒྱུད་གཡུང་དྲུང་གསལ་བྱེད། འགྲེལ་བཞི། འགུ་ཡ་སྲོག་འཛིན། གཏིང་རྫོགས་ཕུར་པ། ཁམས་གསུམ་ཀུན་སྒྲོལ་རྒྱུད། དབལ་མོ་ལས་ཐིག །གབ་པ་གསང་བའི་རྒྱུད། མེ་རི་འོད་གསལ་གྱི་རྒྱུད། ཕུར་པ། ལྟ་བ་ཁྱུང་ཆེན། ལས་ཐིགས། ཀླུ་འབུམ། མ་མོ་འདུས་པའི་རྒྱུད། དྲག་པོའི་རྒྱུད། ཀ་བ་ནག་པོ། ཕུར་པ་ཉོན་མོངས་རང་གྲོལ། མངོན་རོལ་དུར་ཁྲོད་ཁུ་བྱུག་གི་རྒྱུད། སྔགས་སྙན་རྒྱུད། སྙན་རྒྱུད། རི་རོང་ནག་པོའི་རྒྱུད། སྒྲོན་མ་དགུ་སྐོར། འདུལ་གྱི་མན་ངག་དགུ་སྐོར། ཡེ་ཕྱི་མོ་རྒྱུད། གནས་ཐུགས་རྗེ་རོལ་པ། ཡེ་ཕྱིའི་གནས་ལུང་། ཨ་དྲུག །ཁྲོ་བོའི་རྫུ་འཕྲུལ་དྲྭ་བའི་རྒྱུད། ཀུན་བཟང་མཉམ་ཉིད་ཀྱི་རྒྱུད། བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་མདོ། ཕོ་སྦྱོང་ཡེ་ཤེས་སྒྲོན་མ། མོ་སྦྱོང་པད་མ་མུན་སེལ། འདུར་གྱི་མན་ངག །ཉི་ཟེར་ཞགས་པ། གནས་འབྲེལ། མདོ་སྒྱུ་མ་གཏན་འབེབས། མདོ་པར་ཏི་ཀ །སྦྱངས་ཀྱི་གཟེར་བུ། དྲང་དོན་གྱི་མདོ། རིན་པོ་ཆེ་རྒྱན་གྱི་རྒྱུད། བདལ་འབུམ། ལི་ཤུའི་གསུང་། གསས་འབུམ། མཁའ་འགྲོ་རིན་ཆེན་ཕྲེང་རྒྱུད། དྲན་པའི་གསུང་། བླ་མེད། གབ་པ། འདུལ་བ་སྐོས་བྱང་། འདུལ་རྒྱུད་ཤམ་པོ་མདོ། དྲང་སྲོང་རྒྱལ་བས་གསུངས་པའི་འདུལ་བ་མུན་སེལ་སྒྲོན་མ། མདོ་གཟེར་མིག །གཡུང་དྲུང་གཙང་མའི་འདུལ་བ། གསེར་ལོ་ལྗོན་པའི་རྒྱུད། འདུལ་བ། ཐུགས་རྗེ་བྱམས་མའི་རྒྱུད། ཡེ་ཁྲི་མཐའ་སེལ། ཀུན་འདུས། གབ་པ་གསང་རྒྱུད། འགྲེལ་གཉིས། མེ་རི་འབར་བའི་རྒྱུད། གསང་བ་དོན་འགྲེལ། མེ་རི་འཁོར་ལོ་གསང་བའི་རྒྱུད། གཡུང་དྲུང་ཡང་རྩེ། མདོ་ལུང་གསང་བ། སྒྲོན་ཟེར། ལུང་དྲུག །ནམ་མཁའ་རྩོལ་འདས། སེང་གེ་སྒྲ་བསྒྲགས། མདོ་པད་མ་དྲི་མེད། རྩ་འགྲེལ། མེ་རི་བསྐྱེད་མི་དགོས་ཀྱི་འགྲེལ། རྣམ་འབྱེད་འཕྲུལ་གྱི་ལྡེ་མིག །མན་ངག་དོང་སྤྲུགས། རིག་པ་གསེར་གྱི་ལུང་ནོན། ཅོག་བཞག །གཡུང་དྲུང་གཏིང་རྫོགས། བསེན་ཐུབ། གནས་དྲུག །ཅོག་བཞག་གི་འགྲེལ། ཡིག་ཆུང་། ཡེ་ཤེས་གསལ་རྫོགས་གསང་བའི་རྒྱུད། གཏན་ཚིགས་ངེས་པའི་གལ་མདོ། རྫོགས་ཆེན་སེམས་ཀྱི་མེ་ལོང་། རིན་ཆེན་གཏིང་རྫོགས། དབུ་མ་བདེན་གཉིས། ཡང་རྩེ། ཨ་ལུང་འཕྲུལ་གྱི་ལྡེ་མིག །སེམས་འོད་གསལ་གྱི་རྒྱུད། ལུང་ཉི་མ་དགུ་སྐོར། དབང་ཆེན། གསེར་གྱི་རུས་སྦལ་གཡུང་དྲུང་ཐེག་པའི་རྒྱུད། དོང་སྤྲུགས། སྤུངས་འབུམ། མཛད་པ། མ་མོ་འདུས་བའི་རྒྱུད། ཞང་ཞུང་བོན་སྐོར། རྒྱ་གར་བོན་སྐོར་བཅས་གཞུང་དུ་གསལ་བ་ཇི་བཞིན། དེ་ལྟར་བཀོད་ཡོད། ད་དུང་“ལུང་ལས་”ཞེས་དང་། “གཞན་སྡེའི་ལུང་ལས་”ཞེས་པའི་ཆོས་ཕྱོགས་ཀྱི་ལུང་ཚིག་དྲངས་འདུག་ཀྱང་ལུང་ཁུངས་མ་ངེས། དེ་ལྟར་སྔོན་གཤེགས་རིག་འཛིན་གོང་མ་རྣམས་ཀྱི་གསུང་རབ་བཀའ་རྩོམ་རྣམས་ལ་དད་མོས་དང་ཡིད་འཇོག་གི་རྒྱུ་རུ་དམིགས་ཏེ་འདིར་བཀོད་པ་ཙམ་དུ་ལགས། མཐར་ད་དུང་འདིའི་ཕྱོགས་སུ་མུ་ནས་དཔྱད་པར་འོས་པ་འགའ་ཞིག་མཆིས་པ་ལ། དཔྱོད་ལྡན་དག་གིས་བསམ་གཞིགས་ལེགས་པར་བྱེད་རྒྱུ་ལྕོགས་ན་གུས་པས་དགའ་སྤྲོའི་མེ་ཏོག་དབུལ་ངེས་ཡིན།། །།

དཔྱད་གཞིའི་ཡིག་ཆ།

གཙོ་བོ། 1《མུ་ཆོའི་ཐེག་པ་རིམ་དགུ།》2《བོན་སྒོ་གསལ་བྱེད།》3《དབུ་མའི་རང་འགྲེལ།》4《བླ་མ་བརྒྱུད་པའི་རྣམ་ཐར།》5《གསང་སྔགས་རྫོང་འཕྲང་།》6《ཐེག་རིམ་གསལ་སྒྲོན།》7《མདའ་དང་འཕང་།》9《བོན་གྱི་འཇུག་སྒོ་གནད་བསྡུས།》10《མདོ་གཟེར་མིག》11《མུ་ཆོའི་ཁྲོམ་འདུར།》12《རིགས་དྲུག་རང་སྦྱོང་གི་ཁྲིད།》13《བསྒྲགས་པ་སྐོར་གསུམ།》བཅས་སོ། །ཕྲན་དཔྱད་འདི་བོད་རབ་རྒྱན་ཆུ་མོ་ཡོས་ལོའི་ཟླ་དྲུག་པའི་ཚེས་ཉེར་གཉིས་(༢༠༢༣/༨/༨)ཉིན་རང་ཤག་བསམ་བློའི་ཚལ་དུ་ཁྱུང་གི་སྤྲུལ་མིང་ཙམ་དུ་འཛིན་པ་གར་དབང་ནམ་མཁའ་གཡུང་དྲུང(འོལ་བ)་འབོད་པ་ནས་བྲིས་པར་རྫོགས་སོ། །སླིག་ཙོ། །

ཕྲན་དཔྱད་ཀྱི་མཆན།

[1] བླ་མ་འོད་ཟེར་སྦྱིན་པས་བསྒྲིགས།《གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ།》དེབ༡༣༧པ།《བསྒྲགས་པ་སྐོར་གསུམ། ཀ ཁ》ཤོག་ངོས་༦༥༨པར་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོར།

[2] སྟོང་སྐོར་ཚེ་རིང་ཐར་གྱིས་གཙོ་སྒྲིག་བྱས།《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》དེབ་༨པ།《ཐེག་རིམ་དང་དབུ་མའི་སྐོར།》ཤོག་ངོས་2པར་གསལ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོར།

[3] ཁྲི་བསོད་བསྟན་གྱིས་བསྒྲིགས།《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།》པོད་༧པ།《མུ་ཆོའི་ཐེག་པ་རིམ་དགུ།》ཤོག་ངོས་༡༧༡པར་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོ།

[4] ཁྲི་བསོད་བསྟན་གྱིས་བསྒྲིགས།《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།》པོད་༧པ།《མུ་ཆོའི་ཐེག་པ་རིམ་དགུ།》ཤོག་ངོས་༡༣༣པར་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོ།

[5] ཁྲི་བསོད་བསྟན་གྱིས་བསྒྲིགས།《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།》པོད་༧པ།《མུ་ཆོའི་ཐེག་པ་རིམ་དགུ།》ཤོག་ངོས་༡༦༦པར་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོ།

[6] ཁྲི་བསོད་བསྟན་གྱིས་བསྒྲིགས།《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།》པོད་༧པ།《མུ་ཆོའི་ཐེག་པ་རིམ་དགུ།》ཤོག་ངོས་༡༧༠པར་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོ།

[7] སྟོང་སྐོར་ཚེ་རིང་ཐར་གྱིས་གཙོ་སྒྲིག་བྱས།《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》དེབ་༨པ།《ཐེག་རིམ་དང་དབུ་མའི་སྐོར།》ཤོག་ངོས་༢༨༠པར་གསལ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོར།

[8] ཁྲི་བསོད་བསྟན་གྱིས་བསྒྲིགས།《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།》པོད་༧པ།《བོན་སྒོ་གསལ་བྱེད།》ཤོག་ངོས་༧༨ནས་༡༡༢བར་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོ།

[9] ཁྲི་བསོད་བསྟན་གྱིས་བསྒྲིགས།《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།》པོད་༧པ།《མུ་ཆོའི་ཐེག་པ་རིམ་དགུ།》ཤོག་ངོས་༡༣༤ནས་༡༧༡བར་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོ།

[10] ག་ཤེལ་དགོན་ནས་བསྒྲིགས།《རྒྱལ་གཤེན་རིག་མཛོད།》དེབ་དང་པོ།《རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་བརྒྱུད་སྐོར།》ཤོག་ངོས་༦༩པར་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོར།

|11] པེ་ཅིན་ཡེ་ཀྲི་ཀྲོའུ་པར་སྒྲིག་ཚད་ཡོད་ཀུང་སི་ནས་བསྒྲིགས།《མདའ་དང་འཕང་། སྨད་ཆ།》མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས། བདེ་ཁང་ནས་བསྒྱུར། ཤོག་ངོས་༢༤༡ནས་༢༦༩བར་གསལ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།