«ཐེག་པ་ཆེན་པོ་བསྡུས»ལས‘‘རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་སྟེ’’ཞེས་པའི་ཚིག་དོན་ལ་བརྟག་པ།

ཐེག་པ་ཆེན་པོ་བསྡུས་པལས [1]རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་སྟེཞེས་པའི་ཚིག་དོན་ལ་བརྟག་པ།

གདོད་ནས་དྲི་བྲལ་ཡེ་ཤེས་ཀུན་ཁྱབ་མདངས། །
ཆོས་ཟད་དབྱིངས་ཀྱི་རྒྱལ་མོ་སྙིང་པོའི་མཚན། །
རང་རིག་ཆུ་ཤེལ་གསལ་བའི་དཀྱིལ་འཁོར་ལ། །
ངོ་མཚར་དད་པའི་དབང་པོ་ལན་བརྒྱར་མཇལ། །

ནང་དོན་གནད་བསྡུས།

དཔྱད་ཡིག་འདིར་སློབ་དཔོན་ཐོགས་མེད་ཀྱིས་གཉིས་སྟོང་རྣམ་ཤེས་བདེན་སྟོང་སྒྲུབ་པའི་ཕྱོགས་སུ་དྲངས་པ་ཤུགས་ཆེ་བའི་ཐེག་པ་ཆེན་པོ་བསྡུས་པ་ལས་བྱུང་བའི་ [2]‘ རྣམ་པར་རིག་པ་ཙམ་གྱི་བློ་ཡང་རྣམ་པར་གཞིག་པར་བྱ་བ་ཡིན་ནོ། །’ཞེས་དང་།  [3]‘རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་སྟེ། ’ཞེས་པའི་གཞུང་ཚིག་གཉིས་ཀྱི་དོན་གཉིས་སྟོང་གི་རྣམ་ཤེས་བདེན་སྟོང་བསྟན་པ་མ་ཡིན་པར་སྔ་མ་གཟུང་འཛིན་རྒྱང་ཆད་དུ་སྣང་བའི་གཞན་དབང་འཁྲུལ་བློ་རྣམས་བདེན་སྟོང་དུ་སྒྲུབ་པ་ཙམ་དང་། ཕྱི་མ་ཡོངས་གྲུབ་ཇི་བཞིན་དུ་གཟིགས་པའི་ཡེ་ཤེས་ལ་གཟུང་འཛིན་རྒྱང་ཆད་དུ་སྣང་བའི་འདུ་ཤེས་ལྡོག་པ་ཙམ་དུ་བསྟན་པ་ལས་སྣང་གཞི་གཞན་དབང་གི་རྣམ་ཤེས་བདེན་སྟོང་དུ་སྒྲུབ་པའི་ཕྱོགས་སུ་མི་འགྲོ་བ་དང་། གཞན་ཐེག་བསྡུས་གཙོས་པའི་སེམས་ཙམ་པའི་གཞུང་ཁུངས་ཐུབ་དག་ན་རྣམ་ཤེས་བདེན་སྟོང་བསྟན་མེད་པ་དང་། ལྷག་ཏུ་བྱང་སའི་དེ་ཁོ་ཉིད་སྟོན་པའི་ལེའུ་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ་གཉིས་གཙོས་བདེན་གྲུབ་བསྟན་པ་ཤུགས་ཆེར་ཡོད་པ་གཞུང་ཁུངས་གཞིར་བཞག་གིས་ཞུས་ཡོད།

བརྡ་ཆད་གཅོ་བོ།   ཐོགས་མེད།  སེམས་ཙམ་པ།  གཉིས་སྟོང་གི་རྣམ་ཤེས།  རྣམ་པར་རིག་པ་ཙམ་གྱི་བློ། 

གླེང་གཞི།

རྣལ་འབྱོར་སྤྱོད་པའི་གཞུང་བཟང་རྒྱ་མཚོ་ལྟ་བུ་ལས་བྱེ་བྲག་སྐབས་སུ་བབ་པ་སློབ་དཔོན་ཐོགས་མེད་ཞབས་ཀྱིས་མཛད་པའི་ཐེག་པ་ཆེན་པོ་བསྡུས་པའི་གཞུང་ཚིག་གཉིས་ཀྱི་དོན་ལ་དཔྱད་པ་གཙོར་བྱས་ཞུ་བ་ལ། སྤྱིའི་ས་ཆིངས་འདི་ལྟ་སྟེ།  དང་པོ།    ཐེག་པ་ཆེན་པོ་བསྡུས་པ་ལས་ལུང་ཚིག་འདི་ཇི་ལྟར་བྱུང་ཚུལ། གཉིས་པ།  མཁས་པ་ཁ་ཅིག་གིས་ལུང་ཚིག་འདི་གང་གི་ཤེས་བྱེད་དུ་བཀོད་ཚུལ། གསུམ་པ།  ཐེག་བསྡུས་བཤད་སྦྱར་ལས་ལུང་འདིའི་ཞལ་ངོ་མ་ཇི་ལྟར་ཡིན་པ་བལྟ་བ། བཞི་པ།   འདིས་མཚོན་ནས་ཐེག་བསྡུས་ལས་རྣམ་ཤེས་བདེན་སྟོང་བསྟན་པར་འཁྲུལ་པ་སྤོང་བ། ལྔ་པ། གཉིས་སྟོང་རྣམ་ཤེས་ཀུན་རྫོབ་བདེན་པར་སྒྲུབ་པ་བཅས་སོ། །

དང་པོ།    ཐེག་པ་ཆེན་པོ་བསྡུས་པ་ལས་ལུང་ཚིག་འདི་ཇི་ལྟར་བྱུང་ཚུལ།

ཐེག་བསྡུས་ལས། ཤེས་བྱའི་གནས་ཀུན་གཞི་དང་། ཤེས་བྱའི་མཚན་ཉིད་ཀུན་བརྟགས། གཞན་དབང་། ཡོངས་གྲུབ་གསུམ་བསྟན་ཟིན་པའི་མཇུག་ཏུ།  མཚན་ཉིད་གསུམ་ལ་འཇུག་ཚུལ་སྟོན་པའི་སྐབས་ཐག་ཁྲ་སྦྲུལ་འཛིན་གྱི་བློ་ལ་སྦྱར་ནས་འདི་ལྟར།  ཐེག་པ་ཆེན་པོ་བསྡུས་པའི་ཤེས་བྱའི་མཚན་ཉིད་ལ་འཇུག་པ་བསྟན་པ་ལས། [4] རྣམ་པར་རིག་པ་ཙམ་ཉིད་དེ་ལ་འཇུག་ཅེས་ནི་ཇི་སྐད་བྱ། ཅི་འདྲ་བར་ནི་འཇུག་ཅེ་ན། དེ་ཙམ་ཉིད་དང་། རྒྱུ་མཚན་དང་ལྟ་བ་དང་བཅས་པ་གཉིས་དང་། སྣ་ཚོགས་ཀྱི་རྣམ་པ་གཉིས་ལ་འཇུག་སྟེ། མིང་དང་དོན་དང་། ངོ་བོ་ཉིད་དང་། ཁྱད་པར་དུ་བཏགས་པ་དང་། ངོ་བོ་ཉིད་དང་ཁྱད་པར་གྱི་དོན་རྣམ་པ་དྲུག་དོན་མེད་པ་ཉིད་དང་། དེ་དག་གཟུང་བ་དང་འཛིན་པའི་དངོས་པོར་ཉེ་བར་གནས་པ་དང་། ལྷན་ཅིག་ཏུ་སྣ་ཚོགས་ཀྱི་དོན་སྣང་བ་འབྱུང་བའི་ཕྱིར་རོ། །མུན་ཁུང་ན་སྦྲུལ་དུ་སྣང་བའི་ཐག་པ་བཞིན་དུ་འཇུག་སྟེ། དཔེར་ན་མེད་པའི་ཕྱིར་ཐག་པ་ལ་སྦྲུལ་ནི་ནོར་བ་སྟེ། དེའི་དོན་རྟོགས་པ་རྣམས་ནི་མེད་པ་ལ་སྦྲུལ་གྱི་བློ་ལྡོག་ཅིང་། ཐག་པའི་བློར་གནས་སོ། །དེ་ཡང་རྣམ་པ་ཕྲ་མོར་བྱ་ན་ནོར་བ་སྟེ། ཁ་དོག་དང་། དྲི་དང་། རོ་དང་། རེག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ཁ་དོག་ལ་སོགས་པའི་བློ་ལ་བརྟེན་ཏེ། ཐག་པའི་བློ་ཡང་བཟློག་པར་བྱ་བ་དེ་བཞིན་དུ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་བློ་ལ་བརྟེན་ཏེ། ཡི་གེ་དང་དོན་རྣམ་པ་དྲུག་སྣང་བའི་ཡིད་ཀྱི་རྟོག་པ་དེ་དག་ལ།  སྦྲུལ་གྱི་བློ་བཞིན་དུ་རྣམ་པ་དྲུག་ལ་ཡང་དག་པའི་དོན་བསལ་ན། ‘རྣམ་པར་རིག་པ་ཙམ་གྱི་བློ་ཡང་རྣམ་པར་གཞིག་པར་བྱ་བ་ཡིན་ནོ། །’ དེ་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ཀྱི་རྗོད་པ་སྣང་བའི་དོན་གྱི་མཚན་ཉིད་ལ་འཇུག་པས། ཀུན་བརྟགས་པའི་ངོ་བོ་ཉིད་ལ་འཇུག་པ་ཡིན་ནོ། ། རྣམ་པར་རིག་པ་ཙམ་ལ་འཇུག་པས་གཞན་གྱི་དབང་གི་ངོ་བོ་ཉིད་ལ་འཇུག་པ་ཡིན་ནོ། ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཇི་ལྟར་འཇུག་ཅེ་ན། ‘རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་སྟེ། ’དེའི་ཚེ་བྱང་ཆུབ་སེམས་དཔའ་དོན་གྱི་འདུ་ཤེས་རྣམ་པར་བཤིག་པ་དེ་ལ་ཡིད་ཀྱི་རྗོད་པ་ཐོབ་པའི་ཆོས་ཀྱི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་དེ་དག་དོན་དུ་སྣང་བ་ཐམས་ཅད་འབྱུང་བའི་སྐབས་མེད་པ་ཡིན་ནོ། །དེས་ན་རྣམ་པར་རིག་པ་ཙམ་དུ་སྣང་བ་ཡང་མི་འབྱུང་སྟེ། གང་གི་ཚེ་དོན་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་མིང་ལ་གནས་ཤིང་། ཆོས་ཀྱི་དབྱིངས་ལ་མངོན་སུམ་གྱི་ཚུལ་གྱིས་གནས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་དེའི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཉམ་པས་མཉམ་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་འབྱུང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་འདི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ། །  ཞེས་རྣལ་འབྱོར་པ་མཚན་ཉིད་གསུམ་ལ་འཇུག་པའི་སྐབས། དང་པོ་ཀུན་བརྟགས་ལ་མུན་ཁུང་དུ་ཐག་པ་སྦྲུལ་དུ་སྣང་ཡང་སྦྲུལ་གྱིས་སྟོང་བ་ལྟར། ཀུན་བརྟགས་རང་བཞིན་གྱིས་མ་གྲུབ་ལ། དེར་སྣང་གི་བློ་འཁྲུལ་བ་ཡིན་པར་བསྟན་ཅིང་།  འཁྲུལ་བའི་བློ་དེ་ཡང་ཀུན་བརྟགས་ཀྱི་རང་བཞིན་ཤེས་པས་ལྡོག་ལ། དེ་ལྡོག་ནས་རྣམ་རིག་ཙམ་དུ་འཛིན་པ་ཡང་ཡོངས་གྲུབ་ཀྱི་བློ་ལ་བརྟེན་ནས་ལྡོག་དགོས་པར་གསུངས།  གཞན་དབང་གི་སྐབས་སུ།  སྣང་བ་ཐམས་ཅད་རྣམ་རིག་ཙམ་དུ་ཤེས་པས་སྒོ་ནས་འཇུག་པ་དང་།  ཡོངས་གྲུབ་སྐབས་སུ།  རྣམ་རིག་ཙམ་གྱི་འདུ་ཤེས་ཀྱང་བཟློགས་ནས་འཇུག་དགོས་ལ། དེ་ཡང་རྣལ་འབྱོར་པའི་མཉམ་བཞག་ལ་ལྟོས་ནས་གསུངས་སོ། །

གཉིས་པ།  མཁས་པ་ཁ་ཅིག་གིས་ལུང་ཚིག་འདི་གང་གི་ཤེས་བྱེད་དུ་བཀོད་ཚུལ།

ལུང་ཚིག་འདིའི་བསྟན་དོན་ངོ་མ་རྣལ་འབྱོར་པ་མཚན་ཉིད་གསུམ་ལ་འཇུག་ཚུལ་བསྟན་པ་ལས། སེམས་ཙམ་པས་འདོད་པའི་འཁོར་འདས་ཀུན་གྱི་སྣང་གཞི་གཞན་དབང་གི་རྣམ་ཤེས་བདེན་སྟོང་དུ་བསྟན་པ་དང་།  དེ་ལྟར་བཀྲལ་ཆོག་པའི་ཚིག་ཟིན་དང་ཚིག་ཟུར་མི་སྣང་ཡང་ཁ་ཅིག་གིས་སློབ་དཔོན་ཐོགས་མེད་ཀྱིས་རྣམ་ཤེས་བདེན་སྟོང་དུ་བསྟན་པའི་སྒྲུབ་བྱེད་དུ་དྲངས་ལ། ཇི་ལྟར་དྲངས་ཡོད་པ་སོ་སོའི་གཞུང་དུ་གསལ་བ་ལས་འདིར་འགོད་དགོས་པ་མི་འདུག ། དེའི་རྐྱེན་གྱིས་ཉེ་ཆར་ཕྱོགས་མང་པོ་ཞིག་ནས་ལུང་ཚིག་འདི་བདེན་སྟོང་སྒྲུབ་བྱེད་དུ་འདྲེན་པ་ཤུགས་ཆེར་འགྱུར་གྱིན་པ་མཐོང་འཕྲལ་ངོས་ཀྱང་འཇམ་མགོན་མི་ཕམ་པས་མདོ་སྡེ་རྒྱན་འགྲེལ་ལས་ཐོགས་མེད་ཀྱིས་གཞན་དབང་བདེན་གྲུབ་ཏུ་མི་བཞེད་ཚུལ་གསུངས་པའང་འདི་ལྟ་བུ་ལ་ཁུངས་བྱས་པ་མིན་འགྲོ་སྙམ་དུ་གུས་མཐོང་ཆེར་བྱས་ཀྱིས་དེའི་ཐད་ཀྱི་ཐེག་བསྡུས་འགྲེལ་པ་བཤད་སྦྱར་བཅས་ལ་མཇལ་པ་ཡིན།  དེ་དག་ལ་ཞིབ་ཏུ་མཇལ་ན་ཐེག་བསྡུས་རང་གཞུང་གི་བབ་དང་བཤད་སྦྱར་དག་ལ་བལྟས་མ་མྱོང་བ་ཞིག་གིས་ལུང་འདི་ཐོས་ན་གོ་དོན་དེ་འདྲར་ནོར་ཤས་ཆེ་མོད། གཞུང་གི་བབ་ཀྱང་སྣང་གཞི་གཞན་དབང་གི་རྣམ་ཤེས་བདེན་སྟོང་སྒྲུབ་པའི་སྐབས་ཤིག་དང་མ་འབྲེལ་བ་དང་། ལྷག་པར་དགེ་བསྙེན་ངོ་བོ་ཉིད་མེད་པའི་ཐེག་བསྡུས་བཤད་སྦྱར་དུ་མཇལ་ན་ལུང་འདིའི་དོན་ཧ་ཅང་གསལ་པོར་གསུངས་ཡོད་པས། དེ་དག་ས་བཅད་གསུམ་པའི་སྐབས་ཞིབ་བཤད་བྱས་ཡོད་པས་དེར་མཇོལད་ཅིག །

གསུམ་པ།  ཐེག་བསྡུས་བཤད་སྦྱར་ལས་ལུང་འདིའི་ཞལ་ངོ་མ་ཇི་ལྟར་ཡིན་པར་བལྟ་བ།

འདིར་ཐེག་བསྡུས་དང་བཤད་སྦྱར་གཉིས་བསྡུར་ནས་ཐེག་བསྡུས་ཀྱི་ལུང་ཚིག །   [5]‘རྣམ་པར་རིག་པ་ཙམ་གྱི་བློ་ཡང་རྣམ་པར་གཞིག་པར་བྱ་བ་ཡིན་ནོ། །’ ཞེས་དང་། [6] ‘རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་སྟེ། ’ ཞེས་པ་འདི་གཉིས་ཀྱི་ཚིག་དོན་ངོ་མ་དེ་གང་ཡིན་བརྟགས་ན།  དང་པོ། རྣལ་འབྱོར་པ་མཚན་ཉིད་གསུམ་ལ་འཇུག་པའི་སྐབས།  དཔེའི་ཚུལ་གྱིས་དང་པོ་གཟུགས་སོགས་མིང་དང་དོན་ཀུན་བརྟགས་ཕྱི་དོན་དུ་སྣང་བ་ནི་མུན་ཁུང་ནས་ཐག་པ་སྦྲུལ་དུ་སྣང་བ་ལྟར་མེད་བཞིན་ནོར་བར་སྣང་བ་དང་།  ཐག་པ་སྦྲུལ་སྟོང་ཤེས་པས་སྦྲུལ་འཛིན་ལྡོག་ཅིང་ཐག་པར་འཛིན་པ་བཞིན་དུ། མིང་དོན་ཕྱི་དོན་དུ་མ་གྲུབ་པ་ཤེས་པའི་གང་ཟག་ལ་ཕྱི་དོན་གྱི་བློ་ལྡོག་ཅིང་། སྣང་བ་ཙམ་དུ་འཛིན་པ་དང་།  ཐག་པའི་ཁ་དོག་དང་རེག་བྱ་སོགས་ལ་བརྟགས་ན་ཐག་པའི་བློ་ཡང་ལྡོག་འགྲོ་བ་བཞིན་དུ།  ཕྱི་དོན་བཀག་ནས་རྣམ་རིག་ཙམ་དུ་སྣང་བ་ཡང་བློ་རང་གི་རྣམ་པའི་ཆ་ཤས་ལ་བརྟགས་ན་གཞན་དབང་འཁྲུལ་བློ་ཙམ་ལས་ཡང་དག་པའི་དོན་ལ་འཇུག་པ་གང་ཡང་མ་ཡིན་པས་བདེན་སྟོང་བསྒྲུབས་ལ།  དེའི་ཕྱིར་ན་མཚན་ཉིད་ཀྱི་དོན་ངོ་མར་འཇུག་པ་ལ་དེའི་འདུ་ཤེས་ཀྱང་གཞིག་དགོས་པར་གསུངས་ཏེ།  འདི་ལྟར་མཚན་ཉིད་ལ་འཇུག་པ་སྟོན་པའི་སྐབས་ཐེག་བསྡུས་ལས། [7] མུན་ཁུང་ན་སྦྲུལ་དུ་སྣང་བའི་ཐག་པ་བཞིན་དུ་འཇུག་སྟེ། དཔེར་ན་མེད་པའི་ཕྱིར་ཐག་པ་ལ་སྦྲུལ་ནི་ནོར་བ་སྟེ། དེའི་དོན་རྟོགས་པ་རྣམས་ནི་མེད་པ་ལ་སྦྲུལ་གྱི་བློ་ལྡོག་ཅིང་། ཐག་པའི་བློར་གནས་སོ། ། དེ་ཡང་རྣམ་པ་ཕྲ་མོར་བྱ་ན་ནོར་བ་སྟེ། ཁ་དོག་དང་། དྲི་དང་། རོ་དང་། རེག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ཁ་དོག་ལ་སོགས་པའི་བློ་ལ་བརྟེན་ཏེ། ཐག་པའི་བློ་ཡང་བཟློག་པར་བྱ་བ་དེ་བཞིན་དུ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་བློ་ལ་བརྟེན་ཏེ། ཡི་གེ་དང་དོན་རྣམ་པ་དྲུག་སྣང་བའི་ཡིད་ཀྱི་རྟོག་པ་དེ་དག་ལ།  སྦྲུལ་གྱི་བློ་བཞིན་དུ་རྣམ་པ་དྲུག་ལ་ཡང་དག་པའི་དོན་བསལ་ན། ‘རྣམ་པར་རིག་པ་ཙམ་གྱི་བློ་ཡང་རྣམ་པར་གཞིག་པར་བྱ་བ་ཡིན་ནོ། །’ དེ་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ཀྱི་རྗོད་པ་སྣང་བའི་དོན་གྱི་མཚན་ཉིད་ལ་འཇུག་པས། ཀུན་བརྟགས་པའི་ངོ་བོ་ཉིད་ལ་འཇུག་པ་ཡིན་ནོ། །  ཞེས་དང་།   དེའི་དོན་བཤད་སྦྱར་ལས། [8]  མུན་ཁུང་ན་སྦྲུལ་དུ་སྣང་བའི་ཐག་པ་བཞིན་དུ་འཇུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེས་ངོ་བོ་ཉིད་གསུམ་རྟོགས་པར་སྟོན་ཏོ། །དཔེར་ན་མེད་པའི་ཕྱིར་ཐག་པ་ལ་སྦྲུལ་ནི་ནོར་བ་སྟེ། དེ་བཞིན་དུ་མིང་ལ་སོགས་པ་དོན་རྣམ་པ་དྲུག་གིས་ཡི་གེ་དང་དོན་དུ་སྣང་བའི་ཡིད་ཀྱི་བརྗོད་པ་གཞན་གྱི་དབང་ལ་མིང་ལ་སོགས་པ་ཡང་ནོར་བ་ཡིན་ནོ། །དེ་ལ་ཇི་ལྟར་ཐག་པའི་བློ་ལ་བརྟེན་ནས་མེད་པ་ལ་འཁྲུལ་པའི་ཕྱིར་སྦྲུལ་གྱི་བློ་ལྡོག་པ་དེ་བཞིན་དུ་གཞན་གྱི་དབང་ལ་བརྟེན་ནས་མིང་ལ་སོགས་པ་ཀུན་བརྟགས་པའི་དོན་རྣམ་པ་དྲུག་གི་བློ་རྣམ་པར་ལྡོག་གོ། །ཇི་ལྟར་ཁ་དོག་དང་དྲི་ལ་སོགས་པ་ལ་བརྟེན་ནས་ཆ་ཤས་སུ་བཤིག་ན་ཐག་པའི་བློ་ཡང་ལྡོག་སྟེ།  དེ་སྐད་དུ། ཐག་པ་སྦྲུལ་དུ་ཤེས་པ་ལས། །ཐག་པར་མཐོང་ནས་དོན་མེད་དོ། །དེ་ཡི་ཆ་མཐོང་དེ་ལ་ཡང་། །ཤེས་པ་སྦྲུལ་ལྟར་རྣམ་པར་འཁྲུལ། །ཅེས་བཤད་དོ། །དེ་བཞིན་དུ་རྣམ་པ་དྲུག་ལ་ཡང་དག་པའི་དོན་བསྩལ་ན་ཞེས་བྱ་བ་ལ། བསྩལ་བ་ནི་ཕྲལ་བ་སྟེ། མེད་ཅེས་བྱ་བའི་ཐ་ཚིག་གོ། །དོན་ཡང་དག་པ་མ་ཡིན་པ་རྣམ་པ་དྲུག་པོ་མེད་པའི་མཚན་ཉིད་ཡོངས་སུ་གྲུབ་པ་ལ་བརྟེན་ནས་གཞན་གྱི་དབང་འཁྲུལ་པ་ཡང་བཟློག་པར་བྱ་བ་ཡིན་ཏེ། བསྩལ་བར་བྱ་བ་ཡིན་ནོ། །ཡིད་ཀྱི་བརྗོད་པར་སྣང་བའི་དོན་གྱི་མཚན་ཉིད་ལ་འཇུག་པས་ཞེས་བྱ་བ་ནི་ཡིད་ཀྱི་བརྗོད་པ་འདི་དོན་དུ་སྣང་གི །ཀུན་བརྟགས་པར་བྱ་བའི་དོན་ནི་མེད་དོ། །ཞེས་ཀུན་བརྟགས་པ་ལ་འཇུག་གོ། ། ཞེས་ཀུན་བརྟགས་ལ་འཇུག་སྐབས་ [9]‘རྣམ་པར་རིག་པ་ཙམ་གྱི་བློ་ཡང་རྣམ་པར་གཞིག་པར་བྱ་བ་ཡིན་ནོ། །’ ཞེས་པ་གཞན་དབང་འཁྲུལ་བློ་རང་ཡང་ཆ་ཤས་དཔྱད་ན་གང་ཡང་མ་གྲུབ་པས་བདེན་སྟོང་དུ་བསྒྲུབས་པ་མ་གཏོགས་སེམས་ཙམ་གྲུབ་མཐའི་སྙིང་པོ་འཁོར་འདས་ཀྱི་སྣང་གཞིར་གྱུར་པའི་གཞན་དབང་གི་རྣམ་ཤེས་རང་རིག་རང་གསལ་དེ་སྐབས་འདིར་བདེན་སྟོང་སྒྲུབ་པའི་ཚིག་ཟུར་ཙམ་ཡང་མ་བྱུང་ངོ་། །

གཉིས་པ།   མཚན་ཉིད་ལ་གསུམ་ལས་ཡོངས་གྲུབ་ལ་འཇུག་པ་སྟོན་པའི་དབུར། [10]‘རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་སྟེ། ’ ཞེས་གསུངས་པའི་དོན་ལ་བརྟགས་ན།   དང་པོ་ཀུན་བརྟགས་ལ་འཇུག་སྐབས། བཤད་སྦྱར་ལས། [11] ཡིད་ཀྱི་བརྗོད་པར་སྣང་བའི་དོན་གྱི་མཚན་ཉིད་ལ་འཇུག་པས་ཞེས་བྱ་བ་ནི་ཡིད་ཀྱི་བརྗོད་པ་འདི་དོན་དུ་སྣང་གི ། ཀུན་བརྟགས་པར་བྱ་བའི་དོན་ནི་མེད་དོ། །ཞེས་ཀུན་བརྟགས་པ་ལ་འཇུག་གོ། །  ཞེས་གསུངས་པ་ལྟར་ཀུན་བརྟགས་མ་གྲུབ་པར་འཇུག་ལ།  གཞན་དབང་ལ་འཇུག་སྐབས། བཤད་སྦྱར་ལས། [12] རྣམ་པར་རིག་པ་ཙམ་ལ་འཇུག་པས་ཞེས་བྱ་བ་ནི་རྣམ་པར་རིག་པ་ཙམ་འདི་མ་རིག་པའི་དབང་གིས་འཁྲུལ་ཏེ་དོན་མེད་བཞིན་དུ་འཁྲུལ་པ་དོན་གྱི་རྣམ་པར་སྣང་ངོ་ཞེས་གཞན་གྱི་དབང་ལ་འཇུག་གོ། །  ཞེས་ཀུན་བརྟགས་མ་གྲུབ་ན་ཀུན་བརྟགས་སྣང་བ་འདི་ཇི་ལྟར་བྱུང་སྙམ་ན།   མ་རིག་པས་འཁྲུལ་བའི་དབང་གིས་སྣང་བ་ཡིན་པར་གཞན་དབང་ལ་འཇུག་ཚུལ་བསྟན་ལ།   ཡོངས་གྲུབ་ལ་འཇུག་སྐབས། རྣམ་རིག་དོན་སྣང་གི་འདུ་ཤེས་བཟློག་དགོས་པ་ཡིན་པར་གསུངས་ཏེ།   ཅིའི་ཕྱིར་ན་ཡོངས་གྲུབ་མཚན་ཉིད་པ་ལ་འཇུག་སྐབས་སུ་ཕྱི་རོལ་དོན་སྣང་གི་སྣང་བ་ཐམས་ཅད་བཀག་ནས་གསལ་རིག་ཙམ་མམ། གཟུང་འཛིན་གཉིས་སྟོང་གི་སྟོང་ཉིད་ལ་མངོན་སུམ་ཡིན་པའི་ཕྱིར་དོན་སྣང་འབྱུང་བའི་སྐབས་མེད་པའི་ཕྱིར། ཐེག་བསྡུས་ལས། [13]ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཇི་ལྟར་འཇུག་ཅེ་ན། རྣམ་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློགས་འཇུག་སྟེ། དེའི་ཚེ་བྱང་ཆུབ་སེམས་དཔའ་དོན་གྱི་འདུ་ཤེས་རྣམ་པར་བཤིག་པ་དེ་ལ་ཡིད་ཀྱི་རྗོད་པ་ཐོབ་པའི་ཆོས་ཀྱི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་དེ་དག་དོན་དུ་སྣང་བ་ཐམས་ཅད་འབྱུང་བའི་སྐབས་མེད་པ་ཡིན་ནོ། །དེས་ན་རྣམ་པར་རིག་པ་ཙམ་དུ་སྣང་བ་ཡང་མི་འབྱུང་སྟེ། གང་གི་ཚེ་དོན་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་མིང་ལ་གནས་ཤིང་། ཆོས་ཀྱི་དབྱིངས་ལ་མངོན་སུམ་གྱི་ཚུལ་གྱིས་གནས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་དེའི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཉམ་པས་མཉམ་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་འབྱུང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་འདི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ། །  ཞེས་དང་།    བཤད་སྦྱར་ལས།[14] ཡོངས་སུ་གྲུབ་པ་ལ་འཇུག་པའི་སྐབས་ཀྱི་དོན་གྱི་འདུ་ཤེས་རྣམ་པར་བཤིག་པ་ཞེས་བྱ་བ་སྨོས་ཏེ། དོན་གྱི་འདུ་ཤེས་བསྩལ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དུ་སྣང་བ་ཐམས་ཅད་འབྱུང་བའི་གནས་སྐབས་མེད་པ་ཡིན་ནོ། །ཞེས་བྱ་བ་ནི་དོན་དུ་སྣང་བ་གང་གིས་ཀྱང་སྐྱེད་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། ། ཞེས་གསུངས་པའི་ཕྱིར་ཏེ།  དེའི་ཚེ་འཕགས་པའི་ཡེ་ཤེས་དེ་ཡུལ་དང་ཡུལ་ཅན་མཉམ་ནས་རྒྱང་ཆད་ཀྱི་སྣང་བ་འགགས་པའི་སྐབས་ཡིན་པའི་ཕྱིར། དེ་ཡང་ཐེག་བསྡུས་ལས། [15] ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཇི་ལྟར་འཇུག་ཅེ་ན། ‘རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་སྟེ། ’དེའི་ཚེ་བྱང་ཆུབ་སེམས་དཔའ་དོན་གྱི་འདུ་ཤེས་རྣམ་པར་བཤིག་པ་དེ་ལ་ཡིད་ཀྱི་རྗོད་པ་ཐོབ་པའི་ཆོས་ཀྱི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་དེ་དག་དོན་དུ་སྣང་བ་ཐམས་ཅད་འབྱུང་བའི་སྐབས་མེད་པ་ཡིན་ནོ། །དེས་ན་རྣམ་པར་རིག་པ་ཙམ་དུ་སྣང་བ་ཡང་མི་འབྱུང་སྟེ། གང་གི་ཚེ་དོན་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་མིང་ལ་གནས་ཤིང་། ཆོས་ཀྱི་དབྱིངས་ལ་མངོན་སུམ་གྱི་ཚུལ་གྱིས་གནས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་དེའི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཉམ་པས་མཉམ་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་འབྱུང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་འདི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ། ། ཞེས་དང་།   བཤད་སྦྱར་ལས། ཡོངས་སུ་གྲུབ་པ་ལ་འཇུག་པའི་སྐབས་ཀྱི་དོན་གྱི་འདུ་ཤེས་རྣམ་པར་བཤིག་པ་ཞེས་བྱ་བ་སྨོས་ཏེ། དོན་གྱི་འདུ་ཤེས་བསྩལ་ཞེས་བྱ་བའི་ཐ་ཚིག་གོ། ། དོན་དུ་སྣང་བ་ཐམས་ཅད་འབྱུང་བའི་གནས་སྐབས་མེད་པ་ཡིན་ནོ། ། ཞེས་བྱ་བ་ནི་དོན་དུ་སྣང་བ་གང་གིས་ཀྱང་སྐྱེད་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། ། དེས་ན་རྣམ་པར་རིག་པ་ཙམ་དུ་སྣང་བ་ཡང་མི་འབྱུང་ཞེས་བྱ་བ་ནི་གཟུང་བ་མེད་ན་འཛིན་པ་མེད་པའི་ཕྱིར་ཏེ། མཆན། ཀུན་མཁྱེན་མི་ཕམ་པའི་ཐེག་ཆེན་བསྡུས་པའི་སྙིང་པོ་མཆན་བཅས་ལས།[16] ཡོངས་གྲུབ་པའི་ངོ་བོ་ཉིད་ལ་ཇི་ལྟར་འཇུག་ཅེ་ན། རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་སྟེ་གཟུང་བ་མེད་ན་འཛིན་པའང་མེད་པའི་ཕྱིར་རོ། ། ཞེས་དང་། དབུ་མ་ལ་འཇུག་པ་ལས།  གཟུང་བ་མེད་པས་འཛིན་པ་མ་མཐོང་ཞིང་། །སྲིད་གསུམ་རྣམ་ཤེས་ཙམ་དུ་རབ་རྟོགས་པའི། །ཤེས་རབ་ལ་གནས་བྱང་ཆུབ་སེམས་དཔའ་དེས། །རྣམ་ཤེས་ཙམ་དུ་དེ་ཉིད་རྟོགས་པར་འགྱུར། ། ཞེས་པ་དང་དོན་གཅིག།)རྣམ་པར་རིག་པ་ཙམ་དོན་དུ་བྱས་ནས་མི་འབྱུང་ཞེས་བྱ་བའི་ཐ་ཚིག་གོ། །  ཞེས་དང་།  ཡང་བཤད་སྦྱར་ལས། [17]ཆོས་ཀྱི་དབྱིངས་ལ་མངོན་སུམ་གྱི་ཚུལ་གྱིས་གནས་སོ་ཞེས་བྱ་བ་ནི་སོ་སོ་རང་གིས་མངོན་སུམ་དུ་བྱེད་པས་གནས་ཀྱི་མོས་པས་ནི་མ་ཡིན་ནོ། །དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཉམ་པས་མཉམ་པའི་ཡེ་ཤེས་ཞེས་བྱ་བ་ནི་ཇི་ལྟར་དམིགས་པར་བྱ་བ་མེད་པ་དེ་བཞིན་དུ་དམིགས་པར་བྱེད་པ་ཡང་མེད་པས་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་གཉིས་མཉམ་པས་མཉམ་པ་ཉིད་དོ། །དེ་ལྟར་ན་འདི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་འཇུག་པའི་བྱེད་པ་པོའི་སྤྱོད་པ་མེད་པར་གྱུར་པའི་མཐར་ཐུག་པ་སྟོན་ཏོ། །   ཞེས་སྐབས་འདིར་‘རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་སྟེ། ’ཞེས་པ་ཡོངས་གྲུབ་ཀྱི་འཇུག་མཐར་ཐུག་པའམ་ཡོངས་གྲུབ་ཇི་བཞིན་མྱོང་བའི་མངོན་སུམ་དང་སྦྱར་ནས། དབུ་མ་ལ་འཇུག་པ་ལས།   [18]གཟུང་བ་མེད་པས་འཛིན་པ་མ་མཐོང་ཞིང་། །སྲིད་གསུམ་རྣམ་ཤེས་ཙམ་དུ་རབ་རྟོགས་པའི། །ཤེས་རབ་ལ་གནས་བྱང་ཆུབ་སེམས་དཔའ་དེས། །རྣམ་ཤེས་ཙམ་དུ་དེ་ཉིད་རྟོགས་པར་འགྱུར། ། ཞེས་པ་དང་དོན་གཅིག་པར་གསུངས་པ་ལས།  སྤྱིར་སེམས་ཙམ་པའི་འཁོར་འདས་ཀུན་གྱི་སྣང་གཞི་གཞན་དབང་རྣམ་ཤེས་བདེན་སྟོང་སྒྲུབ་པའི་ཚིག་ཟུར་མ་བྱུང་བས་ལུང་ཚིག་འདི་གཉིས་ཀྱིས་ཐོགས་མེད་ཀྱི་ལུགས་ལ་རྣམ་ཤེས་བདེན་སྟོང་སྒྲུབ་པ་ནི་ཕྱོགས་སུ་མ་སོང་བའི་རྣམ་འགྱུར་ལས་མ་འདས་པ་གོ་བར་གྱིས་ཤིག །  གཞན་ཡང་སྐབས་འདིར་འདུ་ཤེས་བཟློག་པར་བཤད་པ་དེ་རྣལ་འབྱོར་པའི་བློ་ཁར་སྦྱོར་དགོས་པ་ཐེག་བསྡུས་རང་གཞུང་གི་བབ་ཀྱིས་ཀྱང་གསལ་ཏེ།  སྦྱོར་ལམ་བཞིའི་དམིགས་རྣམ་འཆད་པའི་སྐབས་སུའང་སྔ་མ་རྣམས་ཀྱི་དམིགས་རྣམ་བཤད་ནས།  ཆོས་མཆོག་གི་དམིགས་རྣམ་འཆད་པའི་སྐབས།  ཐེག་བསྡུས་ལས། [19]  གང་གི་འོག་ཏུ་རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་རྣམ་པར་འཇིག་པ་དེ་ནི་དེ་མ་ཐག་པའི་ཏིང་ངེ་འཛིན་ཏེ།  འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སུ་བལྟའོ། །ཏིང་ངེ་འཛིན་འདི་དག་ནི་མངོན་པར་རྟོགས་པ་དང་། ཉེ་བ་པ་ཡིན་པར་བལྟ་བར་བྱའོ། །ཞེས་ཆོས་མཆོག་ལ་རྣམ་ཤེས་དོན་སྣང་གི་འདུ་ཤེས་བཟློག་དགོས་པ་མཐོང་ལམ་དང་ཉེ་བ་དང་། དེ་དང་དམིགས་རྣམ་མཐུན་པས་བསྒྲུབས་ཡོད་པ་འདིས་ཀྱང་ལེགས་པར་འགྲུབ་ནུས་སོ། ། 

 བཞི་པ།  འདིས་མཚོན་ནས་ཐོགས་མེད་ཀྱི་སེམས་ཙམ་པའི་གཞུང་ལས་གཞན་དབང་བདེན་སྟོང་བསྟན་པར་འཁྲུལ་པ་སྤོང་བ།

སྤྱིར་སེམས་ཙམ་པའི་ཁུངས་ཐུབ་ཀྱི་གཞུང་ས་སྡེ་ལྔ་གཙོས་པའི་ཐོགས་མེད་ཀྱི་སྐུ་མཆེད་དང་། སློབ་དཔོན་རྣམས་ཀྱི་རྒྱ་གཞུང་དག་ལས་ད་སྔ་མཇལ་དུ་ཡོད་པའི་གཉིས་སྟོང་གི་རྣམ་ཤེས་བདེན་སྟོང་སྒྲུབ་བྱེད་དུ་འགོད་པའི་གཞུང་ལ། གོང་གི་ཐེག་བསྡུས་ཀྱི་གཞུང་ཚིག་དེ་གཉིས་དང་། གཞན་ཐེག་བསྡུས་ལས།[20]  ཀུན་གཞིའི་རྣམ་པར་ཤེས་པ་དེ་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། རབ་རིབ་ལྟ་བུའི་ཕྱིར་རོ། ། དེ་མེད་དུ་ཟིན་ན་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པའི་ས་བོན་གྱིས་ཕྱིན་ཅི་ལོག་གི་རྒྱུ་ཉིད་དུ་མི་རུང་ངོ་། །ཞེས་པ་ཡང་དྲངས་མོད། དེའི་དོན་ཡང་སློབ་དཔོན་དབྱིག་གཉེན་གྱི་ཐེག་བསྡུས་འགྲེལ་པ་ལས། [21] དཔེའི་མཚན་ཉིད་ནི་ཅི་སྒྱུ་མ་སྒྱུ་མ་བྱས་པའི་རྒྱུ་ཉིད་ཡིན་པས་འཁྲུལ་པའི་གླང་པོ་ལ་སོགས་པའི་རྒྱུར་འགྱུར་བ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་དཔེའི་མཚན་ཉིད་དུ་བསྟན་པ་ཡང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ས་བོན་ཡིན་པས་ཕྱིན་ཅི་ལོག་གི་རྒྱུ་མཚན་ཡིན་ཏེ། དེ་མེད་ན་རྒྱུ་མཚན་ཉིད་དུ་མི་རུངངོ་། །ཞེས་སྒྱུ་མར་གསུངས་པ་ཡང་དབུ་མ་པ་རྣམས་ཀྱིས་རང་བཞིན་མེད་པའི་དཔེར་འགོད་ཚུལ་དང་མི་འདྲ་བར་སྒྱུ་མའི་སྤྲུལ་གཞི་རྡེའུ་ཤིདང་སོགས་སྒྱུ་མའི་གླང་པོ་ལ་སོགས་པའི་སྣང་བ་འབྱུང་བའི་རྒྱུ་ཉིད་ཡིན་པ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་འཁོར་འདས་ཀྱི་སྣང་གཞིའི་རྒྱུ་ཉིད་དུ་དཔེ་སྦྱར་བ་ལས་བདེན་སྟོང་སྒྲུབ་པའི་ཟ་ཟུར་གང་ཡང་མི་འདུག །  ཡང་ཐེག་བསྡུས་ལས། [22] གཞན་གྱི་དབང་གི་ངོ་བོ་ཉིད་ཇི་ལྟར་རིག་པར་བྱ་ཞེ་ན། སྒྱུ་མ་དང་། སྨིག་སྒྱུ་དང་། རྨི་ལམ་དང་། མིག་ཡོར་དང་། གཟུགས་བརྙན་དང་། བྲག་ཆ་དང་། ཆུ་ཟླ་དང་། སྤྲུལ་པ་ལྟ་བུར་རིག་པར་བྱའོ། ། ཞེས་པ་ཡང་རང་བཞིན་མ་གྲུབ་པའི་དཔེ་དོན་སྦྱར་བ་མིན་པར་ཕྱི་དོན་མ་གྲུབ་ན་དོན་སྣང་འདི་ཇི་ལྟར་འབྱུང་སྙམ་པ་ལ་སོགས་པ་དོན་མ་གྲུབ་པ་ལ་བྱུང་བའི་ཐེ་ཚོམ་བཅུ། མཆན། (  ཐེ་ཚོམ་བཅུ་ཐེག་བསྡུས་དང་འགྲེལ་པ་ལས་གསལ། ) ཟློག་ཕྱིར་དུ་རིམ་བཞིན་སྒྱུ་མ་ལ་སོགས་པའི་དཔེ་བཅུས་གསུངས་ཏེ།  ཐེག་བསྡུས་ཤེས་བྱའི་མཚན་ཉིད་བསྟན་པ་ལས། [23] གཞན་གྱི་དབང་གི་ངོ་བོ་ཉིད་ཅིའི་ཕྱིར་ཇི་སྐད་སྨོས་པའི་སྒྱུ་མ་ལ་སོགས་པ་ལྟ་བུར་བསྟན་ཞེ་ན། གཞན་གྱི་དབང་གི་ངོ་བོ་ཉིད་ལ་གཞན་དག་ནོར་བ་ཉིད་དུ་སོམ་ཉི་ཟ་བ་བཟློག་པའི་ཕྱིར་རོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལ་གཞན་དག་ཇི་ལྟར་ནོར་བ་ཉིད་དུ་སོམ་ཉི་ཟ་བར་འགྱུར་ཞེ་ན། འདི་ལྟར་གཞན་དག་འདི་སྙམ་དུ་དོན་མེད་པ་ཇི་ལྟར་སྤྱོད་ཡུལ་དུ་འགྱུར་སྙམ་དུ་སེམས་པ་དེ་དག་གི་སོམ་ཉི་ཟ་བ་དེ་བཟློག་པའི་ཕྱིར་སྒྱུ་མ་ལྟ་བུ་ཉིད་དོ། ། ཞེས་དང་།  ཐེག་བསྡུས་འགྲེལ་པ་ལས། གང་གི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་སྒྱུ་མ་ལ་སོགས་པའི་དཔེ་ཉིད་ཀྱིས་བསྟན་པས་དེ་སྟོན་པར་མཛད་པ་ནི་དེ་ལ་ནོར་བ་ཉིད་དུ་སོམ་ཉི་ཟ་བ་ཡིན་ཏེ། ནོར་བ་ཉིད་ལ་སོམ་ཉི་ཟ་བ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་དེ་སྒྱུ་མའི་དཔེས་སྟོན་པར་མཛད་དེ། ཇི་ལྟར་སྒྱུ་མའི་གླང་པོ་དང་། རྟ་དོན་དུ་མེད་ན་ཡང་ཡུལ་དུ་འགྱུར་བ་དེ་བཞིན་དུ་དོན་ཡང་བལྟ་བར་བྱའོ་ཞེས་དེའི་སོམ་ཉི་བཟློག་པར་བྱ་བའི་ཕྱིར་རོ། ། ཞེས་གསུངས་པའི་ཕྱིར།   དེ་ལ་སོགས་སེམས་ཙམ་པའི་འདོད་གཞུང་ས་སྡེ་ལྔ་དང་། སྡོམ་རྣམ་གཉིས་གཙོས་དེ་དག་གི་འགྲེལ་པ་འགྲེལ་བཤད་བཅས་ལས་ཀྱང་། གཉིས་སྟོང་གི་རྣམ་ཤེས་བདེན་སྟོང་སྒྲུབ་པའི་ཚིག་ཟིན་ལྟ་ཅི། ཚིག་ཟུར་ཡང་གུས་པའི་མཐོང་ལམ་དུ་མ་གྱུར་ལ། གནའ་དེང་མཁས་པའི་ལེགས་བཤད་ལས་ཀྱང་བདེན་སྟོང་སྒྲུབ་བྱེད་དུ་འོས་པའི་གཞུང་མཇལ་མ་སོང་།   ད་རུང་གཞུང་དེ་དག་དངོས་ལ་མཇལ་ན་བདེན་སྟོང་སྒྲུབ་པ་ལས་ཀྱང་བདེན་གྲུབ་སྟོན་པའི་ཤུགས་ཆེ་རུ་སྣང་སྟེ།  མཚོན་ཙམ་གྱི་ཁུངས་ཞུས་ན།  བྱང་སའི་དེ་ཁོ་ན་ཉིད་སྟོན་པའི་ལེའུ་སྟེ་བཞི་པ་ལས། [24] དབུ་མ་པ་དགག་པའི་སྐབས།  བརྗོད་དུ་མེད་པའི་བདག་ཉིད་ཀྱིས་དོན་དམ་པར་ཡོད་པ་ཡང་དག་པའི་དངོས་པོ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ་ཞེས་སྐུར་པ་འདེབས་ཤིང་ཆུད་གཟོན་པར་བྱེད་པ་གང་ཡིན་པ་འདི་གཉིས་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་པར་རིག་པར་བྱའོ། །ཞེས་དོན་དམ་པར་ཡོད་པའི་གཉིས་སྟོང་གི་རྣམ་ཤེས་མེད་པར་སྨྲ་བ་དབུ་མ་པ་འདུལ་བ་ལས་ཉམས་པར་བསྟན་པ་དང་།   ཡང་དེ་ཉིད་ལས། [25]  དེ་བས་ན་གང་དག་ཁ་ཅིག་ཤེས་པར་དཀའ་བའི་མདོ་སྡེ་ཐེག་པ་ཆེན་པོ་དང་ལྡན་པ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ། དགོངས་པའི་དོན་བསྟན་པ་དག་ཐོས་ན་བཤད་པའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་ན། ཚུལ་བཞིན་མ་ཡིན་པ་རྣམ་པར་བརྟགས་ཏེ། རིགས་པ་མ་ཡིན་པས་བསྐྱེད་པའི་རྟོག་གེ་ཙམ་གྱིས་འདི་ཐམས་ཅད་ནི་བཏགས་པ་ཙམ་དུ་ཟད་དེ། འདི་ནི་དེ་ཁོ་ན་ཡིན་ནོ། །སུ་འདི་ལྟར་ལྟ་བ་དེ་ནི་ཡང་དག་པར་ལྟ་བ་ཡིན་ནོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །ཞེས་ཐེག་ཆེན་དབུ་མ་རྣམས་ཀྱིས་མཚན་ཉིད་གསུམ་ལ་ཁྱད་མེད་དུ་བཏགས་ཙམ་དུ་སྨྲས་པའི་ཕྱོགས་སྔ་བཀོད་ནས། དེ་དགག་པའི་སྐབས་སུ།   དེ་ཉིད་ལས། [26] དེ་དག་གི་ལྟར་ན་འདོགས་པའི་གཞིའི་དངོས་པོ་ཙམ་ཡང་མེད་པས། འདོགས་པ་དེ་ཉིད་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་ན། བཏགས་པ་ཙམ་གྱི་དེ་ཁོ་ན་ལྟ་ཡོད་པར་ག་ལ་འགྱུར་ཏེ། དེ་བས་ན་རྣམ་གྲངས་དེས་ན་དེ་དག་གིས་ནི་དེ་ཁོ་ན་དང་བཏགས་པ་དེ་གཉི་ག་ལ་ཡང་སྐུར་པ་བཏབ་པར་འགྱུར་ཏེ། བཏགས་པ་དང་། དེ་ཁོ་ན་ལ་སྐུར་པ་བཏབ་པས་ན། མེད་པར་ལྟ་བའི་གཙོ་བོ་ཡིན་པར་རིག་པར་བྱའོ། ། ཞེས་གདགས་གཞི་ཆོས་ཐམས་ཅད་བཏགས་ཙམ་ཡིན་ན། བཏགས་ཆོས་ཀྱང་བཏགས་ཙམ་དུ་ཟད་པས་མེད་ལྟ་པ་རུ་འགྱུར་བའི་སྐྱོན་བསྟན་པས་གསལ་ལ།  ཡང་དེ་ཉིད་ལས།[27] ཇི་ལྟར་ན་སྟོང་པ་ཉིད་ལ་ལོག་པར་འཛིན་པ་ཡིན་ཞེ་ན།  དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལ་གང་གིས་སྟོང་པ་དེ་ཡང་མི་འདོད་ལ་གང་གིས་གང་སྟོང་པ་དེ་ཡང་མི་འདོད་པ་འདི་ལྟ་བུ་འདི་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོང་པ་དེ་མེད་པ་དང་། གང་སྟོང་པ་དེ་ཡོད་པའི་སྟོང་པ་ཉིད་ནི་རིགས་པའི་ཕྱིར་རོ། །ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག་གང་གིས་སྟོང་པར་འགྱུར་ཏེ། དེས་ན་དེ་ཉིད་སྟོང་པ་ཉིད་དུ་འགྱུར་དུ་ནི་མི་རུང་ངོ་། །དེ་བས་ན་དེ་ལྟ་བུ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ནོ། ། ཞེས་གང་གིས་སྟོང་པ་ཀུན་བརྟགས་དང་། གང་སྟོང་པ་གཞན་དབང་གཉིས་ཀ་རང་བཞིན་གྱིས་མ་གྲུབ་པར་འདོད་པའི་དབུ་མ་པ་སྟོང་ཉིད་ལ་ལོག་པར་ཟིན་ཏེ། ཀུན་བརྟགས་རང་བཞིན་གྱིས་མ་གྲུབ་པ་དང་གཞན་དབང་གྲུབ་པ་རིགས་ཤིང་འཐད་པ་ལ་དེར་ལོག་པར་ཟིན་པའི་ཕྱིར་ཞེས་དང་།    དྲངས་མ་ཐག་པ་དེའི་མཇུག་ཏུ། དེ་ཉིད་ལས། [28]  ཇི་ལྟར་ན་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ཞེ་ན། གང་གི་ཕྱིར་གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་མཐོང་ལ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདི་ནི་ཡང་དག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་སྟོང་པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཞུགས་པ་ཞེས་བྱ་སྟེ།  ཞེས་ཀུན་བརྟགས་གཞན་དབང་གིས་སྟོང་པ་ཡང་དག་པར་མཐོང་ལ། ལྷག་མའི་སྟོང་གཞི་གཞན་དབང་གང་ཡིན་པ་དེ་ནི་ཡང་དག་པར་ཡོད་པར་བསྟན་ཅིང་།  ཚིག་འདིའི་ཡང་དག་པར་ཡོད་ཅེས་པ་བདེན་གྲུབ་ལ་མི་གོ་བར་དོན་བྱེད་ནུས་པ་ཙམ་ལ་འགྲེལ་མཁན་ཡོད་མོད།   འཇུག་པ་རང་འགྲེལ་ལས། [29] སེམས་ཙམ་པ་བྱེ་བྲག་ཏུ་འགོག་སྐབས་ཕྱོགས་སྔའི་འདོད་པ་འགོད་དུས།  དེ་ལྟར་ན་གང་གི་ཕྱིར་གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་འདིར་ལྷག་མར་ལུས་པར་གྱུར་པ་དེ་འདི་ན་བདེན་པར་ཡོད་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་སྟོང་པ་ཉིད་ལ་ཕྱིན་ཅི་མ་ལོག་པར་འཇུག་པའོ་ཞེས་བྱ་བ་ལ་སོགས་པས་སྟོང་པ་ཉིད་ཀྱང་ལེགས་པར་གཟུང་བར་འགྱུར་རོ། ། ཞེས་བྱང་སའི་ཚིག་ཟིན་བླངས་ནས་དེས་བསྟན་པའི་གཞན་དབང་དེ་ཁྱད་པར་གསུམ་ལྡན་དུ་འདོད་པར་གསུངས་ལ། དེ་ལ་དགག་པ་རྒྱ་ཆེར་མཛད་པ་དེས་གཞན་དབང་བདེན་གྲུབ་ཏུ་བསྟན་པ་ཤིན་ཏུ་གསལ།  རྣམ་པར་གཏན་ལ་དབབ་པ་བསྡུ་བའི་ཡོན་ཏན་གྱི་ལེའུ་ལས། [30] ཐེག་པ་ཆེན་པོ་པ་ལ་ལ་རང་གི་ཉེ་བར་བཟུང་ནས་འདི་སྐད་ཅེས་ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད་ལ། དོན་དམ་པར་ནི་ཐམས་ཅད་མེད་དོ་ཞེས་ཟེར་རོ། ། ཞེས་དབུ་མ་པ་ཕྱོགས་སྔར་བླངས་ནས་དེ་ལའང་མི་འཐད་ཚུལ་བརྟགས་པ་རིམ་གྱིས་བྱས་ནས་བཀག་པ་གཞུང་ཉིད་ལས་གསལ་བ་དང་།  སློབ་དཔོན་བློ་གྲོས་བརྟན་པའི་སུམ་ཅུ་པའི་བཤད་པ་ལས།[31] ཡང་ན་རྣམ་པར་ཤེས་པ་བཞིན་དུ་ཤེས་བྱ་ཡང་རྫས་ཉིད་དུ་ཁ་ཅིག་སེམས་པ་དང་། གཞན་དག་ཤེས་བྱ་བཞིན་དུ་རྣམ་པར་ཤེས་པ་ཡང་ཀུན་རྫོབ་ཉིད་དུ་ཡོད་ཀྱི་དོན་དམ་པར་ནི་མེད་དོ་སྙམ་དུ་སེམས་པ་མཐའ་གཅིག་ཏུ་སྨྲ་བ་འདི་རྣམ་པ་གཉིས་དགག་པའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམས་སོ། །ཞེས་དང་། དེ་ཉིད་ལས།[32] དེ་བས་ན་རྣམ་པར་ཤེས་པ་ཡང་ཤེས་བྱ་བཞིན་དུ་ཀུན་རྫོབ་ཉིད་དེ། དོན་དམ་པར་མེད་དོ་ཞེས་ཁས་ལེན་པ་དེས་རིགས་པ་མི་བཟོད་དེ། ཀུན་རྫོབ་ཏུ་ཡང་དངོས་པོ་མེད་པར་འགྱུར་བའི་ཕྱིར་རོ། །རྟེན་མེད་ན་ཀུན་རྫོབ་དུ་མི་རུང་བ་སྟེ། དེ་བས་ན་མཐའ་གཅིག་ཏུ་སྨྲ་བ་རྣམ་པ་འདི་གཉི་ག་ཡང་མི་རིགས་པའི་ཕྱིར་བཏང་ངོ་ཞེས་སློབ་དཔོན་གྱི་ཚིག་གོ། །དེ་ལྟར་ན་ཤེས་བྱ་ཐམས་ཅད་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པས་དངོས་པོ་མེད་དོ། །རྣམ་པར་ཤེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བས་རྫས་སུ་ཡོད་པར་ཁས་བླང་ངོ་། །  ཞེས་པ་སོགས་ནི་སེམས་ཙམ་པའི་རང་གཞུང་ཁུངས་ཐུབ་དག་ལས་མཚོན་ཙམ་བསྟན་ཏེ།  གཞན་[33]ཤཱཀྱ་བློའི་རྣམ་འགྲེལ་འགྲེལ་བཤད་དང་། དུལ་བ་ལྷའི་སུམ་ཅུ་པའི་འགྲེལ་བཤད[34]སོགས་ལས་ཀྱང་གསལ་ཅིང་། གཞནདབུ་མའི་སློབ་དཔོན་རྣམས་ཀྱི་སེམས་ཙམ་དགག་པའི་སྐབས་སུའང་།  རྟོག་གེ་འབར་བའི་རྣལ་འབྱོར་སྤྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པའི་ལེའུ་སྟེ་ལྔ་པ་ལས། [35] ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན་ལ་སོགས་པ་གཞན་དག་ནི་དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། ས་རབ་ཏུ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་དོན་གྱི་ལུགས་གཞན་དུ་འདྲེན་པར་བྱེད་ཅིང་ངོ་ཚ་དང་ཁྲེལ་མེད་པ་དོན་རྣམ་པར་མི་ཤེས་པ་དེ་བཞིན་དུ་རྣམ་པ་ཤེས་ཤིང་མཁས་པར་ང་རྒྱལ་བྱེད་པ་དག་འདི་སྐད་སྨྲ་སྟེ། དེ་ཁོ་ན་ཉིད་ཀྱི་བདུད་རྩིར་འཇུག་པ་སྟེ། རབ་ཏུ་འཇུག་པ་དེ་ནི་བདག་ཅག་ཁོ་ནས་ལེགས་པར་བསྟན་པ་ཡིན་གྱི། དབུ་མར་སྨྲ་བ་པ་རྣམས་ཀྱིས་ནི་མ་ཡིན་ཞེས་ཟེར་རོ། །  ཞེས་ཐོགས་མེད་སྐུ་མཆེད་ཀྱི་མཚན་དངོས་སུ་བཟུང་ནས་གཉིས་སྟོང་བདེན་གྲུབ་འདོད་པར་གསུངས་ལ།   ཐོགས་མེད་ཀྱིས་དབུ་མ་པར་ཉེས་པར་སྨྲས་པ་ནི་གོང་དུ་དྲངས་པའི་བྱང་སའི་ཚིག་དེ་དག་ཡིན།   དེ་ལ་སོགས་དབུ་མའི་སློབ་དཔོན་རྣམས་ཀྱིས་ཐོགས་མེད་བཀག་པ་དེས་ཁོང་གིས་གཞན་དབང་བདེན་གྲུབ་ཅིག་བསྟན་ཡོད་པར་གདོན་མི་ཟ་ལ།  བསྟན་པའི་ཁུངས་ཀྱང་འདི་དག་ལས་མི་རྙེད་དོ། །

ལྔ་པ། གཉིས་སྟོང་རྣམ་ཤེས་ཀུན་རྫོབ་བདེན་པར་སྒྲུབ་པ། 

གོང་སྨྲས་རྣམ་ཤེས་དོན་དམ་པར་ཡོད་པར་བསྟན་པ་དེ་བདེན་གྲུབ་བམ་རྫས་གྲུབ། རང་བཞིན་གྱིས་གྲུབ་པའི་དོན་དུ་མི་འཇོག་པར་དེ་དོན་དམ་བདེན་པའི་ངོར་ཡོད་པའི་དོན་དུ་འགྲེལ་མཁན་ཡང་བྱུང་མོད།   སེམས་ཙམ་པའི་གཞུང་ལས་དོན་དམ་བདེན་པ་ཡུལ་དང་ཡུལ་ཅན་གཉིས་ཀྱི་སྒོ་ནས་འཇོག་ལ། དེ་གཉིས་གང་ལྟར་ཡང་གཞན་དབང་གི་དོམ་དམ་བདེན་པར་མི་འཐད།   ཡུལ་ཅན་གྱི་དབང་དུ་བྱས་ན་མཉམ་བཞག་ཡེ་ཤེས་ཡིན་དགོས་པས་གཉིས་སྟོང་གི་རྣམ་ཤེས་དེ་ལྟར་མིན་པར་ཤེས་སླ། ཡུལ་གྱི་དབང་དུ་ན་དོན་དམ་བདེན་པ་ལ་འདུས་མ་བྱས་ཡོངས་གྲུབ་ཀྱི་ངོ་བོ་ཡིན་དགོས་ལ།  དེ་ཡང་། དགོངས་པ་ངེས་འགྲེལ་རབ་འབྱོར་གྱི་ལེའུ་སྟེ་བཞི་པ་ལས། [36]ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཕན་ཚུན་མཚན་ཉིད་ཐ་དད་པ་ཡིན་པ་དེ་བཞིན་དུ་གལ་ཏེ་ཆོས་དེ་དག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་མཚན་ཉིད་ཐ་དད་པ་ཡིན་པར་གྱུར་ན་ནི། དེས་ན་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་རྒྱུ་དང་བཅས་པ་ཡིན་ཞིང་རྒྱུ་ལས་བྱུང་བ་ཡིན་པར་འགྱུར་རོ། །རྒྱུ་ལས་བྱུང་བ་ཉིད་ཡིན་ན་ནི་འདུས་བྱས་ཡིན་པར་འགྱུར་རོ། །འདུས་བྱས་ཉིད་ཡིན་ན་ནི་དོན་དམ་པ་ཡིན་པར་མི་འགྱུར་རོ། ། ཞེས་འདུས་བྱས་དང་དོན་དམ་བདེན་པ་འགལ་བར་བསྟན་པས་དོན་དམ་བདེན་པ་འདུས་མ་བྱས་སུ་གྲུབ་པ་དང་།   དབུས་མཐའ་རྣམ་འབྱེད་ལས་ཀྱང་།[37]  དམ་པའི་དོན་ནི་གཅིག་པུ་འོ། །ཞེས་དང་། དེའི་ཐད་ཀྱི་སློབ་དཔོན་དབྱིག་གཉེན་གྱི་འགྲེལ་པ་ལས། [38] དོན་དམ་པའི་བདེན་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུར་རིག་པར་བྱའོ། ། ཞེས་སོགས་གསུངས་པའི་ཕྱིར་ན།  གཞན་དབང་ཀུན་རྫོབ་བདེན་པར་གྲུབ་ལ། དེ་དོན་དམ་པར་ཡོད་པར་བསྟན་པ་ནི་བདེན་གྲུབ་ཀྱི་དོན་ལས་གཞན་དུ་མེད་དོ། །

རྣལ་འབྱོར་གཞུང་བཟང་རྒྱ་མཚོའི་ཆུ་ཐིགས་གཅིག །
ཉམ་ཆུང་ཁྱོར་བས་འདེགས་པའི་སྟོབས་ཞན་ཡང་། །
ཐོས་པའི་ནོར་བུ་འཚོལ་བའི་ལམ་ཁ་ནས། །
འདི་ལྟའི་ཆོས་ཚུལ་སྦྱོར་ལ་ཤིན་ཏུ་གུས། །

དཔྱད་གཞིའི་ཡིག་ཆ། 

[1] ཐེག་པ་ཆེན་པོ་བསྡུས་པ། སྡེ་དགེ་བསྟན་འགྱུར། རི་དུམ་པ། ལྡེབ་ངོས། 24 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[2] ཐེག་པ་ཆེན་པོ་བསྡུས་པ། སྡེ་དགེ་བསྟན་འགྱུར། རི་དུམ་པ། ལྡེབ་ངོས། 24 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།འ

[3] ཐེག་པ་ཆེན་པོ་བསྡུས་པ། སྡེ་དགེ་བསྟན་འགྱུར། རི་དུམ་པ། ལྡེབ་ངོས། 24 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[4]  ཐེག་པ་ཆེན་པོ་བསྡུས་པ། སྡེ་དགེ་བསྟན་འགྱུར། རི་དུམ་པ། ལྡེབ་ངོས། 24 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[5] ཐེག་པ་ཆེན་པོ་བསྡུས་པ། སྡེ་དགེ་བསྟན་འགྱུར། རི་དུམ་པ། ལྡེབ་ངོས། 24 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[6] ཐེག་པ་ཆེན་པོ་བསྡུས་པ། སྡེ་དགེ་བསྟན་འགྱུར། རི་དུམ་པ། ལྡེབ་ངོས། 24 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[7] ཐེག་པ་ཆེན་པོ་བསྡུས་པ། སྡེ་དགེ་བསྟན་འགྱུར། རི་དུམ་པ། ལྡེབ་ངོས། 24 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[8] ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར། སྡེ་དགེ་བསྟན་འགྱུར། རི་དུམ་པ། ལྡེབ་ངོས། 245 བཙུན་པ་ངོ་བོ་ཉིད་མེད་པས་བརྩམས།

[9]  ཐེག་པ་ཆེན་པོ་བསྡུས་པ། སྡེ་དགེ་བསྟན་འགྱུར། རི་དུམ་པ། ལྡེབ་ངོས། 24 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[10]  ཐེག་པ་ཆེན་པོ་བསྡུས་པ། སྡེ་དགེ་བསྟན་འགྱུར། རི་དུམ་པ། ལྡེབ་ངོས། 24 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[11] ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར། སྡེ་དགེ་བསྟན་འགྱུར། རུ་དུམ་པ། ལྡེབ་ངོས། 245 བཙུན་པ་ངོ་བོ་ཉིད་མེད་པས་བརྩམས།

[12] ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར། སྡེ་དགེ་བསྟན་འགྱུར། རུ་དུམ་པ། ལྡེབ་ངོས། 245 བཙུན་པ་ངོ་བོ་ཉིད་མེད་པས་བརྩམས།

[13] ཐེག་པ་ཆེན་པོ་བསྡུས་པ། སྡེ་དགེ་བསྟན་འགྱུར། རི་དུམ་པ། ལྡེབ་ངོས། 24 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[14] ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར། སྡེ་དགེ་བསྟན་འགྱུར། རུ་དུམ་པ། ལྡེབ་ངོས། 245 བཙུན་པ་ངོ་བོ་ཉིད་མེད་པས་བརྩམས།

[15] ཐེག་པ་ཆེན་པོ་བསྡུས་པ།  སྡེ་དགེ་བསྟན་འགྱུར། རི་དུམ་པ།  ལྡེབ་ངོས། 24 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[16] ཐེག་ཆེན་བསྡུས་པའི་སྙིང་པོ་མཆན་བཅས།   སྡེ་དགེ་དཔར་མ། ག་དུམ་པ།  ལྡེབ་ངོས། 589 ཀུན་མཁྱེན་མི་ཕམ་རྒྱ་མཚོས་བརྩམས།

[17] ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར། སྡེ་དགེ་བསྟན་འགྱུར། རུ་དུམ་པ། ལྡེབ་ངོས། 246 བཙུན་པ་ངོ་བོ་ཉིད་མེད་པས་བརྩམས།

[18]  དབུ་མ་ལ་འཇུག་པ།  སྡེ་དགེ་བསྟན་འགྱུར།  འ་དུམ་པ།  ལྡེབ་ངོས།  20  དཔལ་ལྡན་ཟླ་བ་གྲགས་པས་བརྩམས།

[19] ཐེག་པ་ཆེན་པོ་བསྡུས་པ།  སྡེ་དགེ་བསྟན་འགྱུར། རི་དུམ་པ།  ལྡེབ་ངོས། 25  སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[20]  ཐེག་པ་ཆེན་པོ་བསྡུས་པ།  སྡེ་དགེ་བསྟན་འགྱུར། རི་དུམ་པ།  ལྡེབ་ངོས།  12  སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[21] ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ། སྡེ་དགེ་བསྟན་འགྱུར། རི་དུམ་པ། ལྡེབ་ངོས། 143སློབ་དཔོན་དབྱིག་གཉེན་གྱིས་བརྩམས།

[22] ཐེག་པ་ཆེན་པོ་བསྡུས་པ།  སྡེ་དགེ་བསྟན་འགྱུར། རི་དུམ་པ།  ལྡེབ་ངོས།  12  སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[23] ཐེག་པ་ཆེན་པོ་བསྡུས་པ།  སྡེ་དགེ་བསྟན་འགྱུར། རི་དུམ་པ།  ལྡེབ་ངོས།  19 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[24] རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས།  སྡེ་དགེ་བསྟན་འགྱུར། ཡི་ཝི་དུམ་པ། ལྡེབ་ངོས། 25 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[25] རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས།  སྡེ་དགེ་བསྟན་འགྱུར། ཡི་ཝི་དུམ་པ། ལྡེབ་ངོས། 26 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[26] རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས། སྡེ་དགེ་བསྟན་འགྱུར། ཡི་ཝི་དུམ་པ། ལྡེབ་ངོས། 26 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[27] རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས།  སྡེ་དགེ་བསྟན་འགྱུར། ཡི་ཝི་དུམ་པ། ལྡེབ་ངོས། 26 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[28] རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས།  སྡེ་དགེ་བསྟན་འགྱུར། ཝི་དུམ་པ། ལྡེབ་ངོས། 26 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[29]  དབུ་མ་ལ་འཇུག་པའི་བཤད་པ། སྡེ་དགེ་བསྟན་འགྱུར། འ་དུམ་པ། ལྡེབ་ངོས།  264  སློབ་དཔོན་ཟླ་བ་གྲགས་པས་བརྩམས།

[30]  རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ། སྡེ་དགེ་བསྟན་འགྱུར། ཞི་དུམ་པ། ལྡེབ་ངོས། 42 སློབ་དཔོན་ཐོགས་མེད་ཀྱིས་བརྩམས།

[31] སུམ་ཅུ་པའི་བཤད་པ། སྡེ་དགེ་བསྟན་འགྱུར། ཤི་དུམ་པ། ལྡེབ་ངོས། 147 སློབ་དཔོན་བློ་གྲོས་བརྟན་པས་བརྩམས།

[32] སུམ་ཅུ་པའི་བཤད་པ། སྡེ་དགེ་བསྟན་འགྱུར། ཤི་དུམ་པ། ལྡེབ་ངོས། 147 སློབ་དཔོན་བློ་གྲོས་བརྟན་པས་བརྩམས།

[33] ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད།  སྡེ་དགེ་བསྟན་འགྱུར། ཇེ་དུམ་པ།   སློབ་དཔོན་ཤྰཀྱའི་བློས་བརྩམས།

[34] སུམ་ཅུ་པའི་འགྲེལ་བཤད། སྡེ་དགེ་བསྟན་འགྱུར། ཧི་དུམ་པ། སློབ་དཔོན་དུལ་བ་ལྷས་བརྩམས།

[35] དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། སྡེ་དགེ་བསྟན་འགྱུར། ཛ་དུམ་པ། ལྡེབ་ངོས། 199 སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བརྩམས།

[36] འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སྡེ་དགེ་བཀའ་འགྱུར།  མདོ་སྡེ་ཅ་དུམ་པ། ལྡེབ་ངོས། 11 སངས་རྒྱས་ཤྰཀྱ་ཐུབ་པས་བརྩམས།

[37] དབུས་དང་མཐའ་རྣམ་པ་འབྱེད་པའི་ཚིག་ལེའུ་བྱས་པ། སྡེ་དགེ་བསྟན་འགྱུར། ཕི་དུམ་པ། ལྡེབ་ངོས། 42 འཕགས་པ་བྱམས་པས་བརྩམས།

[38] དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ། སྡེ་དགེ་བསྟན་འགྱུར། བི་དུམ་པ། ལྡེབ་ངོས། 12 སློབ་དཔོན་དབྱིག་གཉེན་གྱིས་བརྩམས།

– – – – –

Loading

1 མཆན་བུ།

  1. བློ་བསྐྱེད་མང་པོ་རག་བྱུང་། རྩོམ་པ་པོ་ལ་ཐུགས་རྗེ་ཆེ་ཞུ་འོ།།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།