གྲུབ་མཐའ་སྨྲ་བ་བཞིའི་ལྟ་བའི་ཁྱད་པར་སོགས་ལ་དཔྱད་པ་བློ་གསར་བུང་བ་གཞོན་ནུའི་གཤོག་འགྱུར་ཞེས་བྱ་བ།

རླབས་ཆེན་ཚོགས་གཉིས་གོམས་པའི་ལག་རྗེས་ལ།།
སྤངས་རྟོགས་ཡོན་ཏན་ཀུན་རྫོགས་ལྷག་པའི་ལྷ།།
རྟེན་འབྱུང་གཏམ་གྱིས་འགྲོ་བ་འདྲེན་མཛད་པའི།།
ཐུབ་དབང་སྨྲ་བའི་ཉི་མར་གུས་ཕྱག་འཚལ།།

རབ་འབྱམས་རྒྱལ་བའི་གསང་གསུམ་མེ་ཏོག་གི།
བཅུད་བཟུང་གྲངས་མེད་ཞིང་དུ་རྣམ་སྤྲུལ་ཏེ།།
ཟབ་རྒྱས་ཆོས་ཀྱི་བདུད་རྩི་སྤྲོ་མཛད་པ།།
འཇམ་པའི་དབྱངས་གང་སྙིང་དབུས་པད་མཚོར་བཞུགས།།

འཁོར་ལོ་གསུམ་གྱི་དགོངས་དོན་སྙིང་པོའི་མཐིལ།།
རྣམ་པ་གཞན་དུ་འདྲེན་པའི་ཚུལ་བཀག་ནས།།
མཐའ་བྲལ་རིགས་པའི་ལམ་ནས་གསལ་མཛད་པ།།
ཀླུ་སྒྲུབ་ཐོགས་མེད་ཞབས་སོགས་འཛམ་གླིང་རྒྱན།།

རབ་རྨོངས་མུན་པ་སྟུག་པོས་ཡོངས་བཟུང་བའི།།
ལྗོངས་འདིར་དམ་ཆོས་ཉི་མ་སྟོང་གི་འོད།།
ཅིག་ཅར་འདྲེན་མཛད་ཆོས་རྒྱལ་ལོ་པཎ་རྣམས།།
བཀའ་དྲིན་དྲན་པས་ལན་བརྒྱར་ཕྱག་བགྱིད་དོ།།

ཤིང་རྟ་ཆེན་པོའི་ལམ་སྲོལ་ལྷ་ཡི་ཆབ།།
སྔོན་མེད་ལེགས་བཤད་གཏམ་གྱི་ཡུར་བ་ལས།།
དྲངས་ཏེ་ལུང་རིགས་ཆུ་ཀླུང་འགྱེད་པ་པོ།།
བློ་བཟང་རྒྱལ་བ་ཡབ་སྲས་སྙིང་ནས་གུས།།

སྤྱན་རས་གཟིགས་དང་འོད་དཔག་མེད་མགོན་གྱིས།།
ངུར་སྨྲིག་གར་གྱིས་ཐུབ་བསྟན་སྙིང་པོ་མཆོག།
སྲིད་པའི་མཐར་ཡང་མི་ཉམས་རྒྱས་མཛད་པའི།།
གངས་ཅན་འགྲོ་བའི་མིག་ཟུང་སྐྱབས་ཀྱི་ཕུལ།།

ཤིན་ཏུ་བརྒལ་དཀའ་གཞུང་ལུགས་རྒྱ་མཚོ་ཆེར།།
བདེ་བླག་བགྲོད་པའི་རྣམ་དཔྱོད་འཕྲུལ་གྱི་གཟིངས།།
བརྩེ་བས་སྦྱིན་པའི་མཁྱེན་གཏེར་བཤེས་གཉེན་རྣམས།
མི་འབྲལ་སྤྱི་གཙུག་མཛེས་པའི་རྒྱན་དུ་ལྷམ།།

སྔོན་ཚེ་ནོར་འཛིན་བུ་མོའི་ལྟོར།།
མཁས་མང་མེ་ཏོག་བཞད་པའི་ཚེ།།
བློ་གསལ་བུང་བ་བྱེ་བའི་ཁྱུ།།
ལེགས་བཤད་སྦྲང་རྩིས་ཅི་ཡང་ཚིམས།།

དེ་ཡིས་བཅུད་ཀྱིས་ལེགས་བསྐྱངས་པའི།།
མཁས་གྲུབ་ཚོགས་ཀྱིས་ལུང་རྟོགས་བསྟན།།
ནུབ་པ་མེད་པར་བཟུང་བ་ཡིས།།
ས་འདི་སྐལ་བ་བཟང་པོར་བསྒྲུབས།།

ལྷག་པར་འཇམ་དབྱངས་མི་ཡི་གར།།
ཟློས་པའི་འཇམ་མགོན་རྒྱལ་བ་ཡིས།།
རྟེན་འབྱུང་ཕྲ་མོའི་གསང་བའི་གནད།།
མཐའ་དག་ལག་པའི་རྫས་བཞིན་བསྟན།།

སྙིགས་མའི་རྡུལ་གྱིས་རབ་ཁེབས་པའི།།
དུས་ཀྱི་བརླང་སྤྱོད་དར་བབས་ཀྱང་།།
སྟོང་ཉིད་གཏམ་གྱི་དགའ་སྟོན་ནི།།
ད་དུང་མ་རྫོགས་སུ་ཡི་དྲིན།།

དེ་ཕྱིར་ཁྱོད་ཀྱི་རིང་ལུགས་ནི།།
ཐུབ་པའི་དགོངས་པའི་མཐར་ཐུག་སྟེ།།
དེ་ལས་གཞན་དུ་གྱུར་བ་དག།
བྱིས་པ་འདྲིད་པའི་གར་ལ་བལྟ།།

དུས་ཀྱི་སྲིན་མོ་ཁྲོས་པ་ཡིས།།
སྡེ་བཞི་ཟ་བའི་འགྱིང་བག་ནི།།
གཅིག་ལས་གཅིག་ལྷག་རྔམས་ཆེ་བས།།
བསམས་ན་སྙིང་ནས་ཤེས་པ་འཕྱོ།།

དེ་ལྟར་བདུད་ཀྱིས་བརླམས་པ་དག།
རང་གི་སྲོལ་དང་མ་མཐུན་པས།།
དྲང་སྲོང་ཆེན་པོ་མཆོག་གི་བཀའ།།
ནམ་ཡང་མོས་པའི་སྐབས་ཀྱིས་ཕྲ།།

དེ་ཕྱིར་ལམ་དང་ལམ་མིན་པ།།
ཇི་བཞིན་འབྱེད་པའི་གཏན་ཚིགས་ཀྱིས།།
མ་འདྲེས་གསལ་ལ་རག་ལས་པས།།
ཚུལ་འདི་འཆད་ལ་སྤྲོ་བས་བཏེགས།།

རང་གི་སྟོན་དང་བསྟན་པ་ལ།།
ཁ་ཙམ་མིན་པར་རིགས་ལམ་ནས།།
ཡང་དག་དད་པ་བསྐྱེད་འདོད་པའི།།
རྣམ་དཔྱོད་ལྡན་རྣམས་འཇུག་པར་རིགས།།

༧དེ་ཡང་ཇི་སྐད་དུ། རྗེ་ཐམས་ཅད་མཁྱེན་པས།བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ།།  ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི།།  ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས།། ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད།། ཅེས་གསུངས་པ་ལྟར། རྣམ་དཔྱོད་དང་ལྡན་པ་གང་དག་རང་དང་གཞན་གྱི་དོན་ཆེན་པོའི་གནས་ལ་ཞུགས་ནས། ཇི་སྲིད་འཚོའི་བར་དུ་བདེ་བ་སྒྲུབ་པ་དང་། སྡུག་བསྔལ་སེལ་བའི་ཐབས་ཙམ་གྱིས་ཆོག་པར་མི་འཛིན་པར་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་གོང་མའི་ཁྱད་པར་གྱི་ལམ་འཚོལ་དགོས་པ་ཡིན་ལ། དེ་ཡང་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྟོན་པ་བཅོམ་ལྡན་འདས་ཞེས་སྙན་པའི་བ་དན་དཀར་པོ་སྲིད་པ་གསུམ་ན་གཡོ་བ་གང་དེའི་བསྟན་པ་ཁོ་ན་ལ་རག་ལས་པས། དེར་འཇུག་པའི་སྒོ་ཕྱིན་ཅི་མ་ལོག་པ་གཏན་ལ་འབེབས་བྱེད་རིགས་པ་ཡང་དག་གི་ལམ་ནས་བདག་མེད་ཕྲ་རགས་སོགས་གཏན་ལ་འབེབས་དགོས་ཤིང་། ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་ལམ་གྱི་གཙོ་བོ་ཡང་དེ་ཡིན་ལ། དེས་མ་ཟིན་པའི་སྦྱིན་པ་སོགས་ནི་དམིགས་བུ་མེད་པའི་དམུས་ལོང་དང་འདྲ་བར་གསུངས་ཤིང། རྒྱལ་བའི་གསུངས་རབ་ཐམས་ཅད་ཀྱང་མཐར་གཏུགས་ན་དེ་ཁོ་ན་ཉིད་རྟོགས་པའི་ཐབས་སུ་འབབ་པ་ཤ་སྟག་ལགས་པས། རྒྱལ་སྲས་ཞི་བ་ལྷས་ཀྱང་། གང་ཕྱིར་ལུང་ལས་ལམ་འདི་ནི།། མེད་པར་བྱང་ཆུབ་མེད་པར་གསུངས།། ཞེས་གསུངས་པ་ལྟར།  དེ་ལྟར་བདག་མེད་ཕྲ་རགས་གཏན་ལ་འབེབས་པའི་རང་སྡེ་གྲུབ་མཐའ་སྨྲ་བ་ལ་བྱེ་མདོ་གཉིས་དང་། དབུ་སེམས་གཉིས་ཏེ་བཞིར་གྲངས་ངེས་པར་གསུངས་ཏེ། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་།། ལྔ་པ་ཐུབ་པའི་དགོངས་པ་མིན།། ཞེས་པ་ལྟར། དེ་དག་ལས་ལོགས་སུ་གྱུར་བའི་གྲུབ་མཐའ་ལྔ་བ་དང་། ཐེག་པ་གསུམ་ལས་ལོགས་སུ་གྱུར་བའི་ཐེག་པ་བཞི་བ་ཞིག་མེད་པར་གསུངས། གྲུབ་མཐའ་བཞི་བོ་དེ་དག་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་གཉིས་སུ་འདུ་སྟེ། བྱེ་མདོ་གཉིས་ཉན་ཐོས་སྡེ་བ་དང་། དབུ་སེམས་གཉིས་ཐེག་ཆེན་སྡེ་བའམ་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བར་འདུའོ།། དེ་ཡང་བྱེ་མདོ་གཉིས་ཀྱིས་ཉན་ཐོས་ཀྱི་སྡེ་སྣོད་ཙམ་ཁས་བླངས་ནས་དེར་བཤད་པའི་གྲུབ་མཐའ་ཞེ་ནས་སྨྲ་བ་ཡིན་པས་ན་དང་། དབུ་སེམས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་རྒྱ་ཆེན་པོའི་བཤད་ཚུལ་ཐེག་ཆེན་ཐུན་མོང་མ་ཡིན་པ་གང་རུང་རེ་ལུང་དང་རིགས་པས་ཐག་བཅད་ནས་དམ་བཅའ་སྨྲ་བའི་གང་ཟག་ཡིན་པས་ཐེག་ཆེན་པར་བཞག་པ་ཡིན་ལ། ཡང་ན་གྲུབ་མཐའ་སྨྲ་བ་གང་ཞིག་ཕྱི་དོན་བདེན་གྲུབ་ཏུ་ཁས་ལེན་པས་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་དང་། ཕྱི་དོན་བདེན་མེད་དུ་ཁས་ལེན་པས་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བར་བཞག་པ་ཡིན་ནོ།།

བོད་སྔ་མ་ཁ་ཅིག བྱེ་སྨྲའི་ནང་དུ་མདོ་སྡེ་བ་འདོད་པས་གྲུབ་མཐའ་སྨྲ་བ་གསུམ་འཇོག་པ་དང་། ཁ་ཅིག་བྱེ་མདོ་གཉིས་ཉན་ཐོས་དང་། སེམས་ཙམ་པ་རང་རྒྱལ་དང་། དབུ་སེམས་བྱང་སེམས་ཀྱི་ཐེག་པ་བར་སྡུད་པ་དང་། ཁ་ཅིག་གནས་མ་བུ་བ་བྱེ་སྨྲ་ལས་གཞན་བྱས་ཏེ་གྲུབ་མཐའ་སྨྲ་བ་ལྔར་འདོད་པ་རྣམས་ནི་འཁྲུལ་བ་སྟེ། དེ་ལྟར་ན་ལམ་མ་ཞུགས་ན་གྲུབ་མཐའ་སྨྲ་བ་བཞི་མེད་པར་ཐལ་བ་དང་། ནང་བའི་གྲུབ་མཐའ་འཛིན་མཁན་ཡིན་ན་ལམ་ཞུགས་གང་ཟག་ཡིན་དགོས་པར་ཐལ་བ་དང་། སྔར་བཤད་པའི་ལུང་དང་ཡང་འགལ་བའི་ཕྱིར་རོ།། དེ་བཞིན་ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར་ཡང་གྲུབ་མཐའ་རྩ་བར། བདག་ལྟའི་ཞེན་ཡུལ་སྒྲུབ་འགོག་ཕྱི་ནང་གཉིས།། དང་པོར་མངོན་ལྐོག་དབང་གིས་ཆད་རྟག་སྨྲ།། བདེན་དངོས་འདོད་འགོག་དངོས་སྨྲ་དངོས་ཉིད་མེད།། ཅེས་པ་ལྟར། རྟག་གཅིག་རང་དབང་ཅན་གྱི་བདག་ལྟའི་ཞེན་ཡུལ་འཐད་པར་སྒྲུབ་པ་དང་དེ་འགོག་པའི་སྒོ་ནས་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་གཉིས་བྱུང་ཞིང་། ཕྱི་རོལ་པ་ལ་ཡང་མངོན་སུམ་གྱི་ཡུལ་ཙམ་ཁས་ལེན་པ་དང་ལྐོག་གྱུར་ཡང་འདོད་པའི་ཁྱད་པར་གྱིས་ཆད་སྨྲ་དང་རྟག་སྨྲ་གཉིས་བྱུང་ངོ་།། རྟག་སྨྲ་བ་རྣམས་ཀྱིས་ཕུང་བོའི་གསེབ་ནས་བདག་འཇོག་ན། ཕུང་བོ་མི་རྟག་པ་ལྟར་བདག་ཀྱང་མི་རྟག་པར་འགྱུར་ལ། དེ་ལྟ་ན་ཕུང་བོའི་རྒྱུན་ཆད་ན་བདག་ཀྱང་རྒྱུན་ཆད་པར་དོགས་ནས་གདགས་གཞི་ཕུང་སོགས་ལ་ལྟོས་མེད་ཀྱི་བདག་རང་དབང་བ་ཞིག་ཁས་ལེན་པ་ཡིན་ནོ།། ནང་བའི་གྲུབ་མཐའ་སྨྲ་བ་ལ་བདེན་གྲུབ་ཀྱི་དངོས་པོ་འདོད་པ་དང་དེ་འགོག་པའི་སྒོ་ནས་དངོས་སྨྲ་བ་དང་ངོ་བོ་ཉིད་མེད་པར་སྨྲ་བ་གཉིས་ཡོད་དོ།། དེ་ཡང་བདག་དེའི་འཇོག་མཚམས་སྒྲུབ་ཕྱོགས་ཐལ་ཆེས་ན་ཆོས་ཐམས་ཅད་བདག་མེད་པར་གསུངས་པའི་བཀར་བཏགས་ཀྱི་རྒྱ་དང་འགལ་བ་དང་། དགག་ཕྱོགས་ཐལ་ཆེས་ན་ལས་འབྲས་ཀྱི་གཞི་སྟོར་བར་འགྱུར་བས་མངོན་མཐོའི་སྒོ་ཡང་ཁེགས་པར་འགྱུར་གྲང་སྙམ་ནས་རང་རང་གི་བློ་ངོ་དང་འཚམ་པའི་འཇོག་མཚམས་རེ་བྱེད་པ་ཡིན་ནོ།། རང་སྡེ་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་རྟེན་འབྱུང་ཁས་ལེན་པའི་གནད་ཀྱིས་རང་རྒྱུད་པ་མན་གྱིས་ཕུང་བོ་ལས་དོན་གཞན་དུ་གྲུབ་པའི་བདག་མི་འདོད་ཀྱང་ཕུང་བོ་ཉིད་བདག་ཏུ་འཇོག་པར་བྱེད་དེ། བྱེ་བྲག་སྨྲ་བའི་ནང་ཚན་མང་པོས་བཀུར་བ་ཁ་ཅིག་ཕུང་བོ་ལྔ་ཆར་གང་ཟག་གི་མཚན་གཞིར་འདོད་ཅིང་།  དེ་ལས་གཞན་པས་གདགས་གཞི་ཕུང་བོ་ལྔའི་ཚོགས་ཙམ་གང་ཟག་ཏུ་འདོད་དོ།། ལུང་གི་རྗེས་འབྲང་གི་མདོ་སྡེ་བས་ཕུང་བོའི་རྒྱུན་གང་ཟག་ཏུ་འདོད་ཅིང་། རིགས་པའི་རྗེས་འབྲང་གིས་ཡིད་ཀྱི་རྣམ་ཤེས་གང་ཟག་ཏུ་འདོད་དོ།།

སེམས་ཙམ་པས་ཀུན་གཞིའི་རྣམ་ཤེས་གང་ཟག་ཏུ་འདོད་པ་དང་། དབུ་མ་རང་རྒྱུད་པས་ཡིད་ཀྱི་རྣམ་ཤེས་གང་ཟག་ཏུ་འདོད་དོ།།  ཐལ་འགྱུར་བས་ནི་དེ་ཐམས་ཅད་དང་མི་མཐུན་པར་རང་གི་གདགས་གཞི་ཕུང་བོ་ལྔའམ་བཞི་ལ་བརྟེན་ནས་བཏགས་པའི་ང་ཙམ་དེ་གང་ཟག་ཏུ་འདོད་ཅིང་། གང་ཟག་ལ་ལྡན་མིན་འདུ་བྱེད་ཀྱིས་ཁྱབ་པར་བཞེད་དོ།། དེས་ན་རང་སྡེ་མང་བཀུར་བ་མ་གཏོགས་རང་རྒྱུད་པ་མན་གྱིས་གང་ཟག་ཕུང་བོ་ལ་མ་ལྟོས་པའི་རང་རྐྱ་བ་དེ་བཀག་ནས་གང་ཟག་ཕུང་བོ་ལ་བརྟེན་ནས་བཏགས་པ་ཙམ་དུ་བཞེད་པ་འདྲ་ཞིང་། ཕུང་བོ་ལ་བརྟེན་ནས་བཏགས་པ་ཙམ་གྱི་ཙམ་སྒྲས་ཕུང་བོ་ལས་དོན་གཞན་པའི་བདག་བཀག་ནས་གང་ཟག་བཏགས་ཡོད་དུ་འདོད་པར་མཐུན་ནོ།།  དེ་ལྟར་འདིར་འཆད་འདོད་པའི་གཞི་ནང་བའི་གྲུབ་མཐས་བསྡུས་པའི་གྲུབ་མཐའ་སྨྲ་བ་བཞིའི་ལྟ་བའི་ཁྱད་པར་སོགས་བཤད་པ་ལ། དགག་བྱའི་ཁྱད་པར་དང་། མཐའ་གཉིས་སྤོང་ཚུལ། འོག་མ་འོག་མའི་ལྟ་བ་གོང་མའི་སྟེགས་སུ་འགྲོ་ཚུལ།  བདག་མེད་ཕྲ་རགས་ཀྱི་ཁྱད་པར་བཤད་པ་དང་བཞི་ལས། དང་པོ་དགག་བྱའི་ཁྱད་པར་ནི། དེ་ཡང་སྔར་བཤད་པ་ལྟར་རང་སྡེ་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ནི་མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ།།  བརྟེན་ནས་ཤིང་རྟར་བརྗོད་པ་ལྟར།། དེ་བཞིན་ཕུང་བོ་རྣམས་བརྟེན་ནས།།  ཀུན་རྫོབ་སེམས་ཅན་ཞེས་བྱའོ།། ཞེས་གསུངས་པ་ལྟར།  རང་རང་གི་ལུགས་ཀྱི་དགག་བྱའི་བདག་ཁས་མི་ལེན་ཀྱང་བཅིངས་གྲོལ་གྱི་གཞིའི་བདག་ཁས་མི་ལེན་མཁན་སུ་ཡང་མེད་དོ།། དེ་ལྟར་ལས་འབྲས་ཀྱི་རྟེན་དུ་གྱུར་བའི་ང་དེ་ཉིད་བློ་ལྷན་སྐྱེས་ལ་སྣང་བ་ན་གདགས་གཞི་ཕུང་བོ་ལ་མ་ལྟོས་པའི་ང་རང་རྐྱ་བར་སྣང་བ་ལྟར་ཞེན་པ་ཡིན་ལ། ཕུང་བོ་ན་བ་ན་བདག་ན་ཞེས་པའི་འཇིག་རྟེན་ན་ཐ་སྙད་ངང་གིས་འབྱུང་བ་ལྟར། དེ་འདྲའི་ངར་འཛིན་དེས་བདག་ཕུང་བོ་ལས་ངོ་བོ་ཐ་དད་དུ་མི་འཛིན་པའི་ཕྱིར་རོ།། ཕུང་བོ་བདག་ཏུའང་འཛིན་མི་རིགས་ཏེ།  དཔལ་ཆོས་ཀྱི་གྲགས་པས། མཆོག་གཞན་དོན་དུ་གཉེར་ཕྱིར་དང་།། ཞེས་གསུངས་པ་ལྟར།  ད་ལྟར་གྱི་ལུས་འདི་ཉིད་ལྷ་ཡི་ལུས་ལྟ་བུར་ཁ་སྤོ་བའམ་བརྗེ་རྒྱུ་བྱུང་ན་ངེས་པར་སྔ་མ་འདོར་ཞིང་ཕྱི་མ་ལེན་པ་པོར་ཞེན་པ་དང་། ད་ལྟའི་བློ་མི་གསལ་བ་འདི་ཉིད་ཀུན་མཁྱེན་ཡེ་ཤེས་ལྟ་བུར་ཁ་སྤོ་རྒྱུ་བྱུང་ན་ཚོང་བས་ཚོང་བྱེད་པ་ལྟར་མོས་པ་ཤུགས་དྲག་པོས་བརྗེ་ཕོད་པ་འདི་བཟང་ངན་ཕར་སྤྲོད་ཚུར་ལེན་འདི་ཉིད་བྱེད་པ་པོའི་ཕུང་བོ་ལ་ལྟོས་མེད་ཀྱི་ང་ཡོད་པར་ཞེན་པའི་བདག་འཛིན་ལྷན་སྐྱེས་ཀྱི་དབང་གིས་ཡིན་ལ།  དེ་ལྟར་བཟུང་པའི་ང་དེ་ལ་གང་ཟག་གི་བདག་ཅེས་ངོས་འཛིན་པ་ཡིན་ནོ།།

ངར་འཛིན་དེས་ནི་གདགས་གཞི་ཕུང་སོགས་ལས་གཅིག་དང་ཐ་དད་གང་དུ་ཡང་མི་དཔྱོད་པར་ཕུང་བོའི་རང་བཞིན་གྱི་ང་རང་དབང་བའམ་རང་རྐྱ་བར་ཞེན་པ་ཡིན་ལ། འཇིག་རྟེན་གྱི་རྒུད་པ་ཐམས་ཅད་ཀྱི་རྩ་བ་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་སའི་ཡུལ་ཡང་དེ་ཡིན་ནོ།། དེ་ཡང་རང་རྒྱུད་པ་མན་གྱིས་ལས་འབྲས་ཀྱི་རྟེན་དུ་གྱུར་བའི་བདག་འཇོག་ཚུལ་འདི་གང་ཟག་སོགས་ཐ་སྙད་དུ་རང་ངོས་ནས་གྲུབ་པར་འདོད་པའི་དབང་གིས་ཡིན་ཏེ། ཕུང་བོ་ལ་བརྟེན་ནས་ངའོ་ཞེས་ཐ་སྙད་བཏགས་པ་ཙམ་གྱིས་མ་ཚིམ་པར་ངའམ་གང་ཟག་དེ་ཕུང་བོ་རེ་རེ་བ་དང་། ཚོགས་པ་དང་། དེ་ལས་དོན་གཞན་གང་དུ་གྲུབ་ཅེས་བཙལ་བ་ན་དེ་དག་གང་རུང་ཞིག་གང་ཟག་ཏུ་རྙེད་པར་འདོད་ནས་བཞག་པ་ཡིན་ལ། འཚོལ་ལུགས་དེས་བཙལ་ནས་མི་རྙེད་ན་གང་ཟག་འཇོག་མི་ནུས་པས་ཆད་པར་ཐལ་བའི་སྐྱོན་དུ་འགྱུར་རོ་སྙམ་དུ་དགོངས་པར་སྣང་ངོ་།། དེར་བརྟེན། བྱེ་བྲག་ཏུ་སྨྲ་བས་ནི་གཟུགས་དང་ཤེས་པ་སོགས་དཔྱད་མཐར་རྙེད་དགོས་པར་བཟུང་ཞིང་། དེ་ཡང་རྩ་བའི་ཐུག་ས་རྩོམ་གཞི་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་སྟེ།   འདུས་པའི་ཚེ་ཕན་ཚུན་རེག་པ་མིན་པའི་རྡུལ་ཕྲ་རབ་ཆ་ཤས་གསིལ་རྒྱུ་མེད་པ་ཞིག་འདོད་ཅིང་། དེ་ཡང་འབྱུང་བ་རེ་རེ་བའི་ངོ་བོ་ཅན་གྱི་རྡུལ་ཕྲ་རབ་ཆ་མེད་རྫས་སུ་གྲུབ་པ་ཞིག་འདོད། དེ་བཞིན་རྒྱུན་གྱི་ཐུང་མཐའ་ལ་ཡང་སྐད་ཅིག་ཆ་མེད་ཅིག་ཡོད་དགོས་པར་མཐོང་ནས་རྩོམ་གཞིའི་རྡུལ་ཆ་མེད་དང་ནམ་མཁའ་སོགས་བཅོམ་གཞིག་གིས་རང་འཛིན་གྱི་བློ་འདོར་དུ་མེད་པ་རྣམས་རྫས་ཡོད་དང་། དོན་དམ་པར་ཡོད་པ་དང་། དོན་དམ་བདེན་པར་འདོད་ལ། དེ་ལས་ལྡོག་པ་རྣམས་བཏགས་ཡོད་དང་། ཀུན་རྫོབ་ཏུ་ཡོད་པ་དང་། ཀུན་རྫོབ་བདེན་པར་འདོད་པ་སྟེ། བདེན་གཉིས་ཀྱི་དངོས་པོ་ཐམས་ཅད་དོན་བྱེད་ནུས་པའི་རྫས་སུ་གྲུབ་པར་འདོད་པས་ཡིན་ནོ།། མདོ་སྡེ་བས་དོན་དམ་པར་འབྲས་བུ་བསྐྱེད་ནུས་པ་རྣམས་རང་མཚན་དང་དོན་དམ་བདེན་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་རྣམས་སྤྱི་མཚན་དང་། རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་། ཀུན་རྫོབ་བདེན་པར་འདོད་ལ། རང་སྤྱི་གཉིས་ཀ་ཡང་རང་ངོས་ནས་མ་གྲུབ་ན་མེད་དགོས་པར་འདོད་དོ།།

རྡུལ་ཕྲན་ཆ་མེད་མ་རེག་བར་བཅས་སུ་འདོད་པས་ཕྲ་རྡུལ་བསགས་པས་བེམ་པོ་འགྲུབ་ཚུལ་སོགས་བྱེ་སྨྲ་ལྟར་ཁས་ལེན་ལ། འོན་ཀྱང་རིགས་པའི་རྗེས་འབྲང་གི་མདོ་སྡེ་བས་རྡུལ་ཕྲ་རབ་ཆ་བཅས་སུ་འདོད་དགོས་པར་མངོན་ཏེ། མདོ་སེམས་གཉིས་བརྩད་པའི་ཚེ་ཆ་དང་བཅས་པའི་རྡུལ་ཕྲ་རབ་ཚོགས་ཚེ་རེ་རེས་ཀྱང་རང་འདྲའི་རྣམ་པ་གཏོད་པར་མདོ་སྡེ་བས་ཁས་བླངས་པར་དམིགས་བརྟག་རྩ་འགྲེལ་ལས་བཤད་པས་སོ།། དེ་ཡང་གཞུང་དེར་རྣམ་རིག་པའི་རིགས་པས་ཕུལ་བའི་ཚེ་མདོ་སྡེ་བས་རྡུལ་ཕྲ་རབ་དུ་མ་ཚོགས་ནས་རགས་པར་གྱུར་བ་ན།  རགས་པ་དེ་ཕྱོགས་ཀྱི་ཆ་དང་བཅས་ལ་དེས་རང་འདྲའི་རྣམ་པ་གཏད་པ་ན་རང་གི་རྩོམ་གཞིར་གྱུར་བའི་རྡུལ་ཕྲ་རབ་ཀྱིས་ཀྱང་རང་གི་རྣམ་པ་གཏོད་པར་མི་འགལ་བར་གཟུང་ངོ་།། རྣམ་རིག་པས་ནི་གཞན་དབང་ཡོངས་གྲུབ་བདེན་གྲུབ་དང་ཀུན་བཏགས་ཀྱི་ཆོས་རྣམས་བདེན་མེད་དུ་བཞེད་དེ། དེ་ཡང་རྟོག་པས་བཏགས་པ་ཙམ་མ་ཡིན་པར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་།དེ་ལས་ལྡོག་པ་རྟོག་པས་བཏགས་པ་ཙམ་དུ་གྲུབ་པར་བཞག་པའི་གནད་ཀྱིས་ཡིན་ལ། ཆོས་གང་ཡང་རང་ངོས་ནས་མ་གྲུབ་ན་མེད་དགོས་པར་འདོད་དོ།། བྱེ་སྨྲ་ལྟར་ཆ་མེད་ཀྱི་རགས་པ་མི་རྩོམ་པར་མ་ཟད་གཟུགས་སོགས་འདུས་བྱས་ཀྱི་ཆོས་གང་ཡིན་ཐམས་ཅད་ནང་ཤེས་པའི་རྫས་ཀྱི་སྟེང་ནས་སྐྱེས་ཤིང་། འདུས་མ་བྱས་ཀྱི་ཆོས་རྣམས་རང་འཛིན་ཚད་མ་དང་བདག་ཉིད་གཅིག་ཏུ་འདོད། གཟུགས་སོགས་ཕྱི་རོལ་དོན་དུ་མ་གྲུབ་པར་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་ཀྱི་བག་ཆགས་བསྒོས་པའི་རྐྱེན་གྱིས་གང་སྣང་ཐམས་ཅད་རྣམ་པར་རིག་པ་ཙམ་སྟེ། མདོར་ན་ཁམས་གསུམ་པོ་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པར་སྨྲ་བས་སོ།། དེ་ཡང་ཤེས་པ་སྔ་མའི་སྟེང་གི་ནུས་པས་ཤེས་པ་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་སྐྱེད་པས་ཡུལ་དང་ཡུལ་ཅན་དུས་མཉམ་པར་རྫས་གཅིག་ཏུ་སྐྱེ་ལ། དེ་འདྲའི་དམིགས་རྐྱེན་གྱིས་ཤེས་པ་ཡུལ་གྱི་རྣམ་ལྡན་ཙམ་དུ་སྐྱེད་ཀྱང་ཡུལ་དེའོ་སྙམ་དུ་རྟོག་པས་འཛིན་པ་ནི་བརྡ་སྦྱོར་བ་ལ་རག་ལས་པའི་རྐྱེན་གྱིས་ཆོས་རྣམས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་དོ།།  དེས་ན་ཆོས་གང་ཡིན་ཀྱང་བདེན་པར་མ་གྲུབ་ན་འཇོག་མི་ཤེས་པའི་དོན་སྨྲ་སྡེ་གཉིས་ཀྱི་འདོད་ཚུལ་ལས་རིང་དུ་བརྒལ་ཏེ་དབུ་མའི་ལུགས་དང་ཤིན་ཏུ་ཐག་ཉེ་བས་ཐེག་ཆེན་གྱི་གྲུབ་མཐར་བཞག་པ་ཡིན་ནོ།།

འོན་ཀྱང་གཟུགས་རང་འཛིན་ཤེས་པ་ལས་རྒྱང་ཆད་དུ་གྲུབ་པས་སྟོང་བའམ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་གནས་ཚོད་ཀྱིས་གྲུབ་པས་སྟོང་བ་ལྟ་བུ་ནི་ཆོས་ཅན་གྱི་དངོས་པོ་མཐའ་དག་ལ་ཁྱབ་པ་མ་ཡིན་པས། སྟོང་ཚུལ་དེས་ཆོས་ཐམས་ཅད་ཀྱི་སྟེང་གི་རྟེན་འབྱུང་དང་སྟོང་བའི་དོན་གཅིག་ཏུ་རྟོགས་པར་མི་ནུས་ཤིང་།  ཆོས་ཐམས་ཅད་ལ་ཁྱབ་པའི་སྟོང་བའང་མ་ཡིན་པས་ན་ངོ་བོ་ཉིད་མེད་པར་སྨྲ་བ་བཞིན་ཆོས་ཐམས་ཅད་ཀྱི་མཐའ་གཉིས་འགོག་ཚུལ་དང་སྣང་སྟོང་གྲོགས་སུ་འགྱུར་ཚུལ་ལེགས་པར་འཇོག་མི་ཤེས་པས་དབུ་མ་བའི་སྒྲ་འཇུག་ཏུ་མེད་དོ།། དེ་ལྟར་འདི་བའི་ལུགས་ལ་ཆོས་ཀྱི་བདག་མེད་ཀྱང་ཁས་ལེན་པས། ཆོས་བདག་གིས་སྟོངས་ཚུལ་ངོ་བོ་ཉིད་མེད་པར་སྨྲ་བ་དང་མི་མཚུངས་པར་གཟུང་འཛིན་རྫས་གཞན་གྱིས་སྟོངས་པ་སོགས་ཕུང་སོགས་ཁོ་རང་གི་སྟེང་ནས་སྟོངས་ཚུལ་ཁྱད་པར་བ་ཞིག་ལ་ཆོས་ཀྱི་བདག་མེད་དུ་འཇོག་པ་ཡིན་ནོ།། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་ཚུལ་ཡང་ང་ཞེས་འཛིན་པའི་གཞིའི་བདག་འདི་ཉིད་རང་ལས་གཞན་ཕུང་བོ་རྣམས་ལ་རག་མ་ལས་ཤིང་མ་བརྟེན་པའི་ཚུལ་གྱིས་དེ་དག་ལ་དབང་སྒྱུར་བྱེད་ལྟ་བུའི་རང་རྐྱ་བར་འཛིན་པ་ཡིན་ལ། སྤྱིར་གདགས་གཞི་བཟུང་བ་ལ་མ་ལྟོས་པར་གང་ཟག་འཛིན་མི་ནུས་པ་ཡིན་ཀྱང་བདག་ཏུ་འཛིན་པས་རྒྱུད་བསླད་པ་རྣམས་ཀྱིས་དེ་ལྟར་མི་ཚོར་བར་བདག་བཟུང་བ་ལ་བརྟེན་ནས་ཕུང་བོ་འཛིན་དགོས་པ་ལྟ་བུ་ཞིག་འཆར་སྣང་སྟེ། ངའི་གཟུགས་སོ་ངའི་ཚོར་བའོ་ཞེས་ཕུང་བོ་རྣམས་བདག་དེའི་དབང་བྱ་སར་འཛིན་པ་དང་། བདག་ཡོད་པ་ལ་བརྟེན་ནས་ང་ཡི་ཚོར་བ་ཞེས་ཚོར་བ་ལ་ང་ཡི་བར་འདོགས་པར་འཛིན་པ་ཡིན་ནོ།། དེས་ན་ལེགས་བཤད་སྙིང་པོར་བསྡུ་བ་དྲངས་ནས་རྫས་ཡོད་དུ་འཛིན་ཚུལ་བཞེད་པ་ལྟར། འདི་བས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་ཚུལ་ཡང་རང་ལས་གཞན་པ་དག་ལ་མི་ལྟོས་ཤིང་། རང་ལས་གཞན་པ་དག་ལ་མི་བརྟེན་པར་རང་གི་མཚན་ཉིད་འདོགས་པར་བྱེད་པའི་རྫས་ཡོད་དུ་འཛིན་ཚུལ་ལ་འདོད་དོ།།

འདི་ལ་མཁས་པ་མང་པོས་རང་རྐྱ་འཛིན་ཐུབ་པ་དང་། རང་རྐྱ་ཐུབ་པའི་རྫས་ཡོད་ལ་ཁྱད་པར་ཕྱེ་ནས་སྔ་མ་སྔར་ལྟར་ཡུལ་ཅན་བློའི་འཛིན་ཚུལ་དང་། ཕྱི་མ་གདགས་གཞི་ཕུང་པོ་ལ་མ་ལྟོས་པར་འབྲེལ་མེད་དོན་གཞན་གྱི་བདག་ཚུགས་ཐུབ་པར་གྲུབ་པ་ཞིག་ལ་བཞེད་དོ།།  རང་རྒྱུད་པས་ཆོས་ཐམས་ཅད་མ་འཁྲུལ་བའི་བློ་དོན་མཐུན་སྟེ་བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་འཛིན་པ་བདེན་འཛིན་ཕྲ་མོ་ཡིན་ལ། དེ་ལ་གྲུབ་མཐའི་དབང་གིས་འཛིན་པ་ལྟ་བུའི་ཀུན་བཏགས་དང་། བློ་ལྷན་སྐྱེས་གཉིས་ཡོད་ཀྱང་གཉིས་ཀའི་ཞེན་ཡུལ་ལ་བདེན་པར་གྲུབ་པའམ་དོན་དམ་པར་གྲུབ་པ་ཞེས་བྱ་ཞིང་། དེ་ལྟར་གྲུབ་པ་ཐ་སྙད་དུའང་གྲུབ་པར་མི་བཞེད་ལ།   རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་ངོ་བོ་ཉིད་ཀྱིས་གྲུབ་པ་ནི་ཐ་སྙད་དུ་གྲུབ་པར་བཞེད་དེ།  དེ་ལྟར་མ་གྲུབ་ན་ཆད་མཐར་ལྟུང་བར་འདོད་དོ།། དེ་ཡང་འཇུག་པའི་ཊཱིཀ་ཆེན་དུ། དབུ་མ་སྣང་བ་ལས་ཀུན་རྫོབ་ཏུ་ཡོད་ཚུལ་བཤད་པའི་ཟློག་ཕྱོགས་ཀྱི་ཡོད་པ་ནི་བདེན་པར་ཡོད་ཚུལ་ཡིན་པས་དེ་ལྟར་བཤད་དགོས་སོ་ཞེས་གསུངས་པ་ལྟར།  དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་དམ་་གཉིས་ལས་ཐོས་བསམ་སྒོམ་གསུམ་གྱི་རིགས་ཤེས་ལས་གཞན་བློ་གནོད་མེད་ཀྱི་དབང་གིས་མ་བཞག་པར་དོན་གྱི་སྡོད་ལུགས་སུ་ཡོད་པ་ལ་དོན་དམ་དུ་ཡོད་པར་བཞག་པ་འདི་ཉིད་དོན་དམ་དཔྱོད་པའི་རིགས་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་བའི་ལྷན་སྐྱེས་ཀྱི་བདེན་འཛིན་གྱིས་བདེན་པར་འཛིན་ཚུལ་ཡིན་ནོ།།

རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་བཞེད་ཚུལ་ཡང་། དཔེར་ན་སྒྱུ་མ་མཁན་གྱིས་རྡེའུ་ཤིང་རྟ་གླང་དུ་སྤྲུལ་བའི་ཚེ་སྒྱུ་མའི་མཁན་པོ་རང་ལ་རྡེའུ་ཤིང་རྟ་གླང་དུ་སྣང་བ་ཙམ་ཡོད་ཀྱང་དེ་རྟ་གླང་དུ་ཞེན་པ་མེད། མིག་བསླད་པའི་ལྟད་མོ་བ་ལ་སྣང་ཞེན་གཉིས་ཀ་ཡོད། མ་བསླད་པ་རྣམས་ལ་སྤྲུལ་གཞི་དེ་ཉིད་རྟ་གླང་དུ་སྣང་ཞེན་གཉིས་ཀ་མེད་པ་བཞིན། སྒྱུ་མའི་མཁན་པོ་ལྟར་སྤྲུལ་གཞི་དེ་སྔགས་རྫས་ཀྱིས་བསླད་པའི་བློའི་དབང་གིས་རྟ་གླང་དུ་བཞག་པ་ཙམ་མ་གཏོགས་དེ་འདྲའི་བློ་ལ་མ་ལྟོས་པའི་རྡེའུ་ཤིང་རང་གི་སྡོད་ལུགས་ཀྱི་ངོས་ནས་རྟ་གླང་དུ་སྣང་བ་མ་ཡིན་ཀྱང་། མིག་བསླད་པའི་བློའི་དབང་གིས་བཞག་པ་དེ་ཁོ་རང་གི་ངོས་ནས་རྟ་གླང་དུ་སྣང་བའི་སྡོད་ལུགས་ཤིག་ནི་ཡོད་དགོས་པར་འདོད་པས། འདི་བའི་ལུགས་ལ་དངོས་པོ་རྣམས་ཚད་མས་མི་གནོད་པའི་བློའི་དབང་གིས་འཇོག་པ་དང་། དེའི་དབང་གིས་བཞག་པའི་དངོས་པོ་རང་གི་སྡོད་ལུགས་ཤིག་ཀྱང་ཡོད་པ་མི་འགལ་བ་ལྟར། མྱུ་གུ་ས་བོན་ལས་སྐྱེ་བ་བློའི་དབང་གིས་བཞག་པ་དང་མྱུ་གུ་རང་གི་ངོས་ནས་ཀྱང་ས་བོན་ལས་སྐྱེ་བ་མི་འགལ་བ་ལྟར་ཐ་སྙད་དུ་ཡོད་པར་འཇོག་པ་ཆོས་ཐམས་ཅད་ལ་འདྲ་བར་དགོངས་སོ།། དེ་བཞིན་དུ་སྔགས་རྫས་ཀྱིས་མིག་བསླད་པའི་ལྟད་མོ་བ་ལ་རྟ་གླང་དུ་སྣང་བ་དེ་བློ་ཡི་དབང་གིས་བཞག་པའི་དོན་གྱི་སྡོད་ལུགས་སུ་མི་འཆར་གྱི་གང་དུ་རྟ་གླང་སྣང་བའི་གཞི་དེར་རྟ་གླང་མཚན་ཉིད་པ་གཅིག་ཡུལ་གྱི་གོ་ས་མནོན་པའི་ཚུལ་གྱིས་ཧྲེང་ངེ་བ་ཞིག་ཡོད་པར་འཛིན་ནོ།། དེ་ལྟར་སེམས་ཅན་ཐ་མལ་བ་རྣམས་ཀྱིས་སྐྱེ་དངོས་ཐམས་ཅད་ནང་བློའི་དབང་གིས་བཞག་པ་ལ་ལྟོས་པ་མེད་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཞིག་ཏུ་འཛིན་པ་ཡིན་ལ། དེ་ནི་ཐོག་མ་མེད་པ་ནས་ཞུགས་པའི་བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་ཚུལ་སྟེ་སྔར་བཤད་པ་ལྟར་རོ།།

དེ་ལྟར་བློའི་དབང་གིས་བཞག་པ་ཙམ་དུ་གསུངས་པའི་ཙམ་སྒྲས་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱིས་གྲུབ་པ་གཅོད་ཀྱི་མིང་བརྡས་བཞག་ཙམ་མ་ཡིན་པའི་སྡོད་ལུགས་སུ་ཡོད་པ་མི་འགོག་གོ། བློ་གང་ཡིན་གྱིས་བཞག་པ་ཐམས་ཅད་ཐ་སྙད་དུ་ཡོད་པར་མི་བཞེད་པས་ཚད་མས་མི་གནོད་པའི་བློའི་དབང་གིས་བཞག་པ་གཅིག་དགོས་ལ།  དེ་ལྟར་ན་གཟུགས་སོགས་ཀྱི་ཆོས་རྣམས་སྣང་ཕྱོགས་ནས་བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་གྱི་སྡོད་ལུགས་སུ་གྲུབ་པ་དང་། སྟོང་ཕྱོགས་ནས་བློས་བཞག་པ་ལ་མ་ལྟོས་པའི་དོན་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པས་སྟོང་པ་གཉིས་ཚོགས་ཀྱི་སྟེང་ནས་འཇོག་དགོས་སོ།། འདིར་རང་རྒྱུད་ཅེས་པ་ཡང་རང་དབང་དང་རང་བཞིན་གྱི་དོན་ལ་འཇུག་པ་ལྟར། ཚུལ་གསུམ་རང་ངོས་ནས་སམ་རང་བཞིན་གྱིས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་བསྐྱེད་པ་ཞིག་ལ་འདོད་ཅིང་།  དེ་ཡང་གནོད་མེད་ཀྱི་ཤེས་པ་རྣམས་ལ་གཟུགས་སོགས་རང་གི་ངོ་བོས་གྲུབ་པར་སྣང་ཞིང་གཟུགས་སོགས་ཀྱང་རང་གི་ངོ་བོས་གྲུབ་པར་ཞལ་གྱིས་བཞེས་པ་འདི་ཉིད་ལ་ཐུག་སྟེ། བྱང་ཆུབ་ལམ་རིམ་ལས། རང་རྒྱུད་ཀྱི་རྟགས་རང་གི་ལུགས་ལ་ཞལ་གྱིས་བཞེས་པའི་རྒྱུ་མཚན་ཡང་ཐ་སྙད་དུ་རང་གི་ངོ་བོས་གྲུབ་པའི་རང་མཚན་ཡོད་པ་འདི་ཡིན་པས་རང་རྒྱུད་ཀྱི་རྟགས་རང་ལུགས་ལ་འཇོག་མི་འཇོག་ནི་དགག་བྱ་ཤིན་ཏུ་ཕྲ་བ་འདི་ལ་ཐུག་པ་ཡིན་ནོ།། ཞེས་གསུངས་པ་ལྟར་རོ།།  འདི་ལ་ཡང་དབང་བོའི་ཤེས་པ་རྣམས་ཀྱི་དམིགས་རྐྱེན་ནི་རྡུལ་ཕྲ་རབ་བསགས་པའི་ཕྱི་རོལ་གྱི་དོན་དུ་བཞེད་པས་ཐ་སྙད་དུ་མདོ་སྡེ་པ་དང་མཐུན་པའི་དབུ་མ་པ་དང་། ཐ་སྙད་དུ་ཕྱི་རོལ་དོན་གྱིས་སྟོངས་པའི་རྣམ་པར་རིག་པ་ཙམ་གྱི་ཚུལ་དང་མཐུན་པར་འདོད་པའི་དབུ་མ་པ་གཉིས་སུ་ཡོད་དོ།། ཐལ་འགྱུར་བས་ནི་ཕུང་བོ་ལ་བརྟེན་ནས་བཏགས་པའི་བདག་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པར་འཇོག་པ་དང་། ཕུང་བོ་བདག་མ་ཡིན་པར་མ་ཟད་རང་རྒྱུད་པ་ལྟར་བཏགས་དོན་བཙལ་ནས་རྙེད་པའི་ཆོས་གཅིག་ཀྱང་མི་བཞེད་ལ། ཆོས་གང་ཞིག་རང་ངོས་ནས་གྲུབ་པར་འདོད་ན་རྟེན་འབྱུང་ཁས་བླངས་པའང་ཉམས་པར་བཞེད་དོ།། དེས་ན་ཚིག་གསལ་ལས། རང་གི་དོན་གྱི་རྗེས་སུ་དཔག་པར་ནི་ཐམས་ཅད་དུ་རང་ལ་གྲུབ་པ་ཉིད་བརླིང་བ་ཡིན་གྱི་གཉིས་ཀ་ལ་གྲུབ་པ་ནི་མ་ཡིན་ནོ།། ཞེས་པ་ལྟར་འདི་བས་དངོས་པོ་རྣམས་ཀྱི་དོན་གྱི་སྡོད་ལུགས་ཀྱི་དབང་གིས་རྒོལ་བ་གཉིས་ཀྱི་ཚད་མ་མ་འཁྲུལ་བ་ལ་ཆོས་ཅན་མཐུན་སྣང་དུ་གྲུབ་པའི་སྒོ་ནས་རྟགས་ཀྱི་ཚུལ་བསྒྲུབ་པ་ལ་ལྟོས་པ་མེད་པར་ཕྱིར་རྒོལ་བའི་ཁས་བླངས་ཙམ་ལ་འཁྲིས་ནས་ཕྱིར་རྒོལ་རང་ལ་གྲགས་པའི་ཚུལ་གསུམ་པའི་རྟགས་ཀྱིས་བསྒྲུབ་བྱ་བདེན་མེད་རྟོགས་པའི་རྗེས་དཔག་བསྐྱེད་པར་འདོད་དོ།།

དེར་བརྟེན། དོན་གྱི་ངོས་ནས་སྡོད་ལུགས་སུ་ཡོད་པ་རང་དབང་བའི་ངོ་བོར་འཇོག་པ་ལྟར། རང་རྒྱུད་དང་རང་དབང་དོན་གཅིག་ཏུ་གྲུབ་པར་འདོད་པའི་དབུ་མ་རང་རྒྱུད་པས་ཚུལ་གསུམ་རང་ངོས་ནས་གྲུབ་པར་འདོད་པ་ལ་འདི་པའི་དགག་བྱ་བདེན་གྲུབ་ཀྱི་དོན་ཚང་ངོ་།། དེ་ལྟར་དོན་གྱི་སྡོད་ལུགས་ཀྱིས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མི་བཞེད་པར་རྟོག་པ་ཁོ་ནའི་དབང་གིས་བཞག་པ་ཙམ་སྟེ། དཔེར་ན་ཐག་པ་བསྡོགས་པ་ལ་མུན་པ་བབས་པའི་ཚེ་ཐག་པའི་མདོག་དང་དབྱིབས་དང་འཁྱིལ་ལུགས་སྦྲུལ་དང་འདྲ་ཞིང་ཡུལ་མི་གསལ་བ་སྣང་བ་ན་སྦྲུལ་ལོ་སྙམ་པ་འབྱུང་བ་ལྟར། དེའི་ཚེ་མདོག་དང་དབྱིབས་སོགས་ཆ་ཤས་གཞན་རྣམས་དང་། དེ་དག་ཚོགས་པའི་ཚོགས་པ་གང་ཡང་སྦྲུལ་གྱི་མཚན་གཞིར་འཇོག་རྒྱུ་མེད་ཀྱང་ཐག་པ་ལ་བརྟེན་ནས་རྟོག་པས་སྦྲུལ་དུ་བཏགས་པ་ཙམ་འཇོག་པ་ལྟར་ཐོག་མ་མེད་པ་ནས་གོམས་པའི་དབང་གིས་རང་གི་གདགས་གཞི་ཕུང་བོ་ལྔའི་སྟེང་དུ་ངའོ་སྙམ་པའི་བློ་འབྱུང་བ་ན། ཕུང་བོ་ལྔ་བོ་དེའི་ཡ་གྱལ་དང་ཆ་ཤས་དང་ཚོགས་པ་དང་རྒྱུན་གང་ཡང་ང་དེའི་མཚན་གཞིར་འཇོག་རྒྱུ་མེད་ལ། དེ་དག་ལས་ངོ་བོ་ཐ་དད་པའི་ཆོས་གཞན་ཡང་ངའི་མཚན་གཞིར་ཅུང་ཟད་ཀྱང་འཇོག་རྒྱུ་མེད་ན་ང་དེ་ནི་རྟོག་པས་ཕུང་བོ་ལ་བརྟེན་ནས་བཏགས་པ་ཙམ་མོ་ཞེས་ཆོས་ཐམས་ཅད་ཀྱང་དེ་དང་མཚུངས་པར་རྟོག་པས་བཏགས་པ་ཙམ་དུ་འཇོག་པ་ཡིན་ནོ།། འོན་ཀྱང་ཐག་པའི་སྦྲུལ་དང་གཟུགས་སོགས་ཐ་སྙད་དུ་ཡོད་མེད་མི་མཚུངས་པ་ལྟར་རྟོག་པས་བཏགས་པ་ལྟར་ཁས་བླངས་པའང་ཐ་སྙད་པའི་ཚད་མས་གནོད་མི་གནོད་མི་མཚུངས་སོ།། སྒྱུ་མ་དཔེ་བྱེད་ལུགས་ཀྱང་རང་རྒྱུད་པ་ལྟར་སྤྲུལ་གཞིའི་ངོས་ནས་སྣང་མི་དགོས་ན་སྤྲུལ་གཞི་མེད་པར་སྔགས་རྫས་ཀྱིས་བསླད་པ་ཁོ་ནས་རྟ་གླང་དུ་སྣང་བའི་སྐྱོན་བརྗོད་པ་ལྟར་ཆོས་རྣམས་གདགས་གཞིའི་ངོས་ནས་གྲུབ་པ་ལ་མི་བྱེད་པར། བློས་སྤྲུལ་གཞི་དེ་ཉིད་རྟ་གླང་དུ་བཏགས་མ་བཏགས་ཀྱི་དབང་གིས་ཡིན་པར་འདོད་དེ། དཔེར་ན། རི་བོང་རྭ་འཛིན་རྟོག་པས་རི་བོང་གི་རྭ་འཛིན་ཡང་མོ་བཤམ་གྱི་བུ་མི་འཛིན་པ་བཞིན་ཡུལ་གྱི་ངོས་ནས་གྲུབ་ཡོད་མེད་ཀྱི་དབང་གིས་མ་ཡིན་པར་རྟོག་པས་དེར་བཏགས་མ་བཏགས་ཙམ་གྱི་དབང་གིས་འཇོག་པ་ཡིན་ནོ།། འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་ལ་ཡང་ཕུང་སོགས་མི་འཇོག་པར་ང་ཙམ་དང་གང་ཟག་ཙམ་འཇོག་པ་ཡིན་ལ། ང་ཡིར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པའི་ཡུལ་ལ་ང་ཡི་བ་ཉིད་དང་། རྒྱུད་གཞན་གྱིས་བསྡུས་པའི་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ནི་གང་ཟག་གི་བདག་འཛིན་ལྷན་སྐྱེས་ཡིན་ཀྱང་འཇིག་ལྟ་ལྷན་སྐྱེས་ནི་མ་ཡིན་ནོ།། ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ལ་རྒྱུད་ཀྱིས་བསྡུས་པ་དང་མ་བསྡུས་པའི་གཟུགས་ཕུང་སོགས་ཡོད་དོ།། བདག་མེད་གཉིས་ཀྱང་སྟོང་གཞིའི་སྒོ་ནས་འབྱེད་ཀྱི། དགག་བྱའི་སྒོ་ནས་མི་འབྱེད་པས་དམིགས་པ་ཐ་དད་ཙམ་ལས་རྣམ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་མཚུངས་པས་འཁོར་རྩ་འཛིན་སྟངས་མི་མཐུན་པ་གཉིས་འབྱུང་བའི་གོ་མེད་དོ།།

གཉིས་པ་མཐའ་གཉིས་སྤོང་ཚུལ་ནི། སྤྱིར་རང་རྒྱུད་པ་མན་ཆད་ཀྱི་རང་སྡེ་འདི་དག་ཐལ་འགྱུར་བས་གཞལ་ན་རྟག་ཆད་ཀྱི་མཐའ་གཉིས་ཀར་ལྷུང་ཡང་། རང་རང་གི་ལུགས་ལ་མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པར་རློམ་པས་དབུ་མ་བར་འདོད་དེ།བྱེ་བྲག་སྨྲ་བ་རྣམས་འདུས་བྱས་ཐམས་ཅད་མི་རྟག་པར་བརྟེན་འབྲས་བུ་སྐྱེ་བའི་ཚེ་རྒྱུ་འགགས་པས་རྟག་པའི་མཐའ་སྤོང་ཞིང་། འདས་མ་འོངས་རྫས་སུ་འདོད་པས་ཆད་པའི་མཐའ་སྤོང་ལ། མདོ་སྡེ་བ་དག་འདུས་མ་བྱས་རྣམས་རྫས་སུ་མི་འདོད་ཅིང་འདུས་བྱས་རྣམས་སྐད་ཅིག་སྐད་ཅིག་ལ་འཇིག་པས་རྟག་པའི་མཐའ་སྤོང་ཞིང་། འདུས་བྱས་རྣམས་རྒྱུན་མ་ཆད་པར་འཇུག་པས་ཆད་པའི་མཐའ་སྤོང་ངོ་།། སེམས་ཙམ་པས་ཀུན་བཏགས་སམ་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་པས་རྟག་པའི་མཐའ་སྤོང་ཞིང་།  གཞན་དབང་ཡོངས་གྲུབ་བདེན་གྲུབ་ཏུ་འདོད་པས་ཆད་པའི་མཐའ་སྤོང་བར་འདོད་དོ།། དབུ་མ་པ་རྣམས་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་པས་ཆད་པའི་མཐའ་ལས་གྲོལ་བར་འདོད་ཅིང་།  དོན་དམ་དུ་མེད་པས་རྟག་པའི་མཐའ་ལས་གྲོལ་བར་བཞེད་ལ།  བྱེ་བྲག་རང་རྒྱུད་པས་ཆོས་ཐམས་ཅད་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་དོན་གྱི་སྡོད་ལུགས་ཀྱི་ངོས་ནས་མ་གྲུབ་པར་འདོད་པས་རྟག་པའི་མཐའ་སྤོང་ཞིང་།  རང་ངོས་ནས་གྲུབ་པར་འདོད་པས་ཆད་པའི་མཐའ་སྤོང་བར་འདོད་དོ།། ཐལ་འགྱུར་བས་ནི་རང་ངོས་ནས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པས་རྟག་མཐའ་སྤོང་ཞིང་། མིང་རྐྱང་བཏགས་ཡོད་ཙམ་དུ་ཆོས་ཐམས་ཅད་ལ་བཞག་ཏུ་ཡོད་པས་ཆད་པའི་མཐའ་སྤོང་བར་བཞེད་དོ།།

དེ་ཡང་བྱེ་བྲག་ཏུ་སྨྲ་བས་གཞན་སྡེ་ལྟར་དངོས་པོ་རྣམས་ཀྱི་འཇིག་པ་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་དགོས་པར་འདོད་པ་ལྟར་དངོས་པོ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་ལས་གཞན་དེ་གཉིས་ཀྱི་བར་གནས་སྐབས་ཁས་ལེན་པས་མི་རྟག་པའི་འདོད་ཚུལ་གྲུབ་མཐའ་གོང་མ་དང་མི་མཚུངས་ལ།  འདུས་བྱས་རྣམས་ཀྱི་མཚན་ཉིད་སྐྱེ་འཇིག་གནས་གསུམ་གྱིས་མཚན་གཞི་གཟུགས་ཕུང་ལྟ་བུ་འདུས་བྱས་སུ་མཚོན་པ་ན་རང་ཉིད་སྐྱེ་བ་ལ་སོགས་ཡིན་པའི་རྒྱུ་མཚན་གྱིས་མ་ཡིན་གྱི་རང་ཉིད་སྐྱེད་བྱེད་སོགས་དོན་གཞན་ཡོད་པས་འདུས་བྱས་སུ་མཚོན་པ་ཡིན་ཏེ། གཟུགས་ལ་སོགས་པའི་མཚན་གཞིའི་དངོས་པོ་རྣམས་ལ་མཚན་ཉིད་བཞི་དུས་གཅིག་ཏུ་ཡོད་ཀྱང་དང་པོར་སྐྱེ་བའི་བྱ་བ་དང་། དེ་ནས་གནས་པ་དང་རྒ་བ་དང་འཇིག་པ་རྣམས་རིམ་བཞིན་འཇུག་པར་འདོད་པས། མཚན་ཉིད་རྣམས་ནི་སྐྱེ་བའི་བྱ་བ་སོགས་ལ་མི་འདོད་ཀྱི་སྐྱེ་བར་བྱེད་པོ་དང་གནས་པར་བྱེད་པ་པོ་དང་འཇིག་པར་བྱེད་པ་པོའི་རྫས་དོན་གཞན་ཞིག་ལ་འདོད་དོ།། དེས་ན་འདིས་སྐད་ཅིག་མ་ནི་ཅིག་ཅར་སྐྱེ་འཇིག་བྱེད་པ་བློས་མ་འཆུན་ནས་ཅི་ཙམ་གྱིས་བྱ་བ་འདི་བཞི་བོ་རྫོགས་པ་ལ་ཟེར་རོ།། རྟག་པ་རྣམས་ཀྱང་རང་གི་ངོ་བོ་རྫས་གྲུབ་ཏུ་ཡོད་པར་འཇོག་པས་ནམ་མཁའ་སོགས་ཀྱང་དངོས་པོར་ཁས་ལེན་ཅིང་། ནམ་མཁའ་ནི་གཟུགས་ཅན་གཞན་རྣམས་ལ་གོ་འབྱེད་པའི་ཐོགས་མེད་ཀྱི་རྫས་སྣང་བ་དང་མུན་པའི་རང་བཞིན་ཅན་གྱི་དངོས་པོར་འདོད་ལ། འདུས་མ་བྱས་གཞན་རྣམས་ཀྱང་རྫས་སུ་སྣང་པའི་དངོས་པོར་འདོད་ཅིང་། རྟག་པ་ཡིན་ཕྱིན་དུས་སྔ་མ་ན་གང་ཡོད་དུས་ཕྱི་མ་ནའང་ཡོད་པར་འདོད་པར་ཁས་ལེན་ནོ།།

དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་འདོད་ཚུལ་ཡང་རང་ཉིད་གཞི་གང་ལ་འཇོག་པའི་རྫས་གྲུབ་ཀྱི་དངོས་པོ་དེའི་བྱེ་བྲག་ཡིན་པར་འདོད་དེ། དཔེར་ན་མྱུ་གུ་ལྟ་བུ་ལ་དབྱེ་ན་རང་ཡིན་པར་གྱུར་པའི་དུས་གསུམ་བཞག་ཏུ་ཡོད་པར་འདོད་པས།  ཆོས་གང་ཡིན་ཀྱང་རང་གི་ངོ་བོ་ཟུར་དུ་གཟུང་དུ་ཡོད་པ་ཞིག་དགོས་ཀྱི་ཆོས་གཞན་གྱི་ཆ་ལ་བཏགས་ཙམ་གྱི་དོན་འཇོག་མི་ཤེས་པས།  མཁས་པ་དག་ཆོས་རྣམས་ཡོད་པར་འཇོག་ལུགས་ནི་མུ་སྟེགས་བྱེ་བྲག་པའི་ཡན་ལག་ཅན་གྱི་རྫས་དང་མཐུན་ཤས་ཆེ་བས་བྱེ་བྲག་ཏུ་སྨྲ་པ་ཞེས་བྱ་བར་བཤད་ཀྱང་རུང་བར་སྣང་ངོ་ཞེས་འཆད་དོ།།  རང་རྒྱུད་པ་མན་གྱིས་གཞི་གང་ལ་དེ་དང་དེའོ་འདི་དང་འདིའོ་ཞེས་མིང་གིས་བཏགས་དོན་བཙལ་ནས་རྙེད་རྒྱུ་ཞིག་ཡོད་ན་ཡོད་པར་འཇོག་ལ།  དེ་ལྟར་མ་རྙེད་ན་ཡོད་པར་འཇོག་མི་ནུས་པ་འདྲ་ཞིང་།  མདོ་སྡེ་པ་ལ་སོགས་པས་རང་དབང་པའི་རྫས་ལོགས་སུ་མ་གྲུབ་པར་གཞན་གྱི་ཆ་ལ་བཏགས་པའི་ཡོད་པ་འཇོག་ནུས་ལ།  བྱེ་བྲག་སྨྲ་བ་འདིས་དེ་ལྟར་བཏགས་དོན་འཚོལ་ཆེ་བ་ཡིན་ན་ཡོད་པ་འཇོག་མི་ནུས་པར་ཐམས་ཅད་རྫས་གྲུབ་ཏུ་འདོད་ཅིང་།  ཡན་ལག་འདུས་པ་ཙམ་ལས་ཡན་ལག་ཅན་དང་ཆ་ཤས་ཅན་དང་དགག་བྱ་རྣམ་པར་བཅད་ཙམ་གྱི་མེད་དགག་མི་འདོད་པ་སོགས་ཀྱང་འདི་ལ་ཐུག་པ་ཡིན་ནོ།། མདོ་སྡེ་བས་གཟུགས་ལ་སོགས་པའི་འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་སྐྱེ་བའི་བྱ་བ་དང་འཇིག་པའི་བྱ་བ་གནས་པའི་བྱ་བ་ལ་འདོད་དེ།  འཇིག་པ་ཕྱིས་འབྱུང་གི་རྒྱུ་གཞན་ལ་རག་ལས་མི་དགོས་པར་སྐྱེ་བའི་རྒྱུ་ཉིད་ཀྱིས་འཇིག་པའི་རྒྱུ་ཡང་བྱེད་པར་འདོད་དོ།།  དེ་ལྟར་རྒྱུ་རྐྱེན་གྱིས་འདུ་བྱས་པའི་དངོས་པོ་རྣམས་ནི་སྐྱེ་བའི་སྐད་ཅིག་ཙམ་ཁོ་ན་ཡིན་པས། མྱུ་གུ་ལྟ་བུ་སྔོན་མེད་གསར་དུ་བྱུང་བ་སྐྱེ་བ་དང་།  སྔ་མའི་རིགས་འདྲ་གནས་པ་གནས་པ་དང་། རང་གྲུབ་པའི་དུས་ལས་དུས་གཉིས་པར་མི་སྡོད་པར་འཇིག་པ་དང་། སྐད་ཅིག་སྔ་མ་ལས་ཕྱི་མ་མཚན་ཉིད་མི་འདྲ་བ་ནི་རྒ་བ་ཡིན་ལ་མཚན་ཉིད་དེ་དག་དུས་གཅིག་ཏུ་གྲུབ་པར་འདོད་དོ།། དངོས་པོ་གང་དག་རང་གྲུབ་པའི་དུས་ལས་དུས་གཉིས་པར་མི་སྡོད་པའི་འཇིག་པ་ནི་དངོས་པོ་དེའི་རྒྱུ་ཉིད་ལས་སྐྱེས་པས་དངོས་པོ་ཡིན་ཀྱང་སྐད་ཅིག་གཉིས་པར་ཞིག་པ་ནི་དངོས་མེད་ཡིན་པས་རྒྱུ་མེད་པར་མདོ་སེམས་རང་རྒྱུད་པ་རྣམས་འདོད་དོ།། རྟག་པར་འཇོག་ཚུལ་ཡང་བྱེ་བྲག་སྨྲ་བ་ལྟར་མི་འདོད་པར་རང་བཞིན་འཇིག་པ་མེད་པའི་ཆོས་ལ་འདོད་པ་སྟེ།  རྫ་བུམ་ལྟ་བུ་ཞིག་པའི་ཞིག་པ་ནི་སྔར་རྫ་བུམ་མ་ཞིག་པའི་དུས་ན་མེད་ལ་ཕྱིས་ཡོད་ཀྱང་རྟག་པར་འཇོག་པ་ཡིན་པས།  སྔ་མ་གང་ཡོད་དུས་ཕྱི་མར་ཡང་ཡོད་པ་སྟེ་དུས་ཐམས་ཅད་པ་རྟག་པ་ལ་མི་དགོས་སོ།། དཔེར་ན་མཐོང་སྤངས་སྤངས་པའི་སོ་སོར་བརྟགས་འགོག་བཞིན་ཏེ། སྤང་བྱ་དེ་ཉིད་མ་ཟད་བར་དུ་མེད་ལ་ཟད་པའི་དུས་ན་ཡོད་ཀྱང་རྟག་པར་འཇོག་པ་བཞིན་ནོ།། དེས་ན་དངོས་པོ་ཡིན་ན་ད་ལྟ་བ་ཡིན་པས་ཁྱབ་པ་དང་། འདས་མ་འོངས་ཡིན་ན་དངོས་པོ་མ་ཡིན་པའི་ཁྱབ་པར་འདོད་པས་བྱེ་སྨྲ་དང་ཐལ་འགྱུར་བ་ལྟར་མི་འདོད་དོ།།

སེམས་ཙམ་པས་གཟུགས་སོགས་ཀྱི་ཆོས་རྣམས་ངོ་བོ་དང་ཁྱད་པར་དུ་ཀུན་བཏགས་པའི་ངོ་བོ་ཉིད་དེར་རང་གི་གནས་ཚོད་ཀྱི་དབང་གིས་གྲུབ་པར་འཛིན་པ་དང་།གཞན་དབང་དང་ཡོངས་གྲུབ་ཀྱི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འཛིན་པ་སྒྲོ་སྐུར་གྱི་མཐར་འདོད་པ་ལྟར།  བྱང་ས་ལས།  གཟུགས་ལ་སོགས་པའི་ཆོས་རྣམས་དང་གཟུགས་ལ་སོགས་པའི་དངོས་པོ་རྣམས་ལ་འདོགས་པའི་ཚིག་གི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་ནས་མངོན་པར་ཞེན་པ་གང་ཡིན་པ་དང་།  བཏགས་པའི་ཚིག་གི་མཚན་མའི་གཞི་བཏགས་པའི་ཚིག་གི་མཚན་མའི་རྟེན་དུ་གྱུར་བ་བརྗོད་དུ་མེད་པའི་བདག་ཉིད་ཀྱིས་དོན་དམ་པར་ཡོད་པ་ཡང་དག་པའི་དངོས་པོ་ལ་ཐམས་ཅད་ཀྱིས་ཐམས་ཅད་དུ་མེད་དོ་ཞེས་སྐུར་བ་འདེབས་ཤིང་ཆུད་གཟོན་པར་བྱེད་པ་གང་ཡིན་པ་འདི་གཉིས་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པར་རིག་པར་བྱའོ།། ཞེས་གསུངས་པ་ལྟར།  སྒྲོ་འདོགས་ནི་འུ་བུ་ཅག་གིས་བུམ་པ་ལྟ་བུ་ལ་སེམས་ཧ་ཅང་གཏད་པའི་ཚུལ་གྱིས་བལྟས་པའི་ཚེ་བུམ་འཛིན་མིག་ཤེས་ལ་བུམ་པ་ལྟོ་ལྡིར་བར་སྣང་བར་མ་ཟད་ལྟོ་ལྡིར་བ་དེ་ཉིད་བུམ་པ་ཞེས་པའི་ཐ་སྙད་འདོགས་པའི་གཞི་ཡིན་པར་སྣང་ཞིང་།  མིང་བརྡས་ཕར་བཞག་པ་ཙམ་མ་ཡིན་པར་ལྟོ་ལྡིར་བ་རང་གི་གནས་ཚོད་ཀྱི་དབང་གིས་གྲུབ་པའི་བུམ་པ་ཞེས་པའི་བརྡ་འཇུག་པའི་གཞིར་རང་དབང་དུ་གྲུབ་པ་ལྟ་བུར་སྣང་ངོ་།།

དེ་ལྟར་དབང་ཤེས་ཀྱི་སྣང་ཚུལ་དེ་ལ་ཞེན་ནས་རྗེས་སུ་རྟོག་པས་འདི་བུམ་པའོ་ཞེས་ཐ་སྙད་བྱེད་ཅིང་། དེ་འདྲའི་རྟོག་པ་དེ་ཡང་ཤེས་པ་གཞན་གྱིས་བར་དུ་མ་ཆོད་པར་དབང་ཤེས་དེས་རང་སྟོབས་ཀྱིས་འདྲེན་པས། གཞན་གྱིས་བུམ་པའོ་ཞེས་བརྗོད་པའི་དོན་ངོ་བོའམ་རང་བཞིན་གང་ཡིན་དྲིས་པ་ན།  སྣང་ཞེན་དེ་ཁོ་ནའི་དབང་གིས་དེའི་དོན་གྱི་ངོ་བོ་ནི་ལྟོ་ལྡིར་བ་ཡིན་ནོ་ཞེས་སྨྲ་ཡི་ལྟོ་ལྡིར་བ་ལ་བུམ་པའོ་ཞེས་མིང་དུ་བཏགས་པ་ཙམ་ཞིག་བུམ་པའོ་ཞེས་སྨྲ་རྒྱུ་མེད་པར་འདོད་པས་སོ།། དེ་མཚུངས་གཟུགས་ཞེས་ཐ་སྙད་བཏགས་པའི་ཚེ་སྔོན་པོ་གཟུགས་ཀྱི་ཐ་སྙད་འདོགས་པའི་གཞི་ཡིན་པ་དེ་ཇི་ལྟར་སྣང་བལྟས་པ་ན་མིང་དང་བརྡས་བཞག་པ་མ་ཡིན་པར་རང་གི་ངོ་བོ་ཉིད་ཀྱི་དབང་གིས་གྲུབ་པ་བཞིན་དུ་སྣང་ལ། དེ་ལྟར་སྣང་བ་བཞིན་གྲུབ་པར་འཛིན་པ་ནི་ལུགས་འདིའི་སྒྲོ་འདོགས་ཀྱི་མཐའ་ཡིན་ཞིང་། དེ་ཡང་ཐོག་མ་མེད་པ་ནས་འདི་སྔོན་པོའོ་འདི་སྔོན་པོའི་སྐྱེ་བའོ་ཞེས་སོགས་ཡང་དང་ཡང་དུ་བརྗོད་པའི་བག་ཆགས་ཀྱི་དབང་གིས་དེ་ལྟ་བུའི་ཐ་སྙད་ཀྱི་གཞིར་སྣང་བ་འབྱུང་ལ། དེ་ལྟར་སྣང་བའི་གཟུགས་དེ་ནི་ནང་ཤེས་པའི་བདག་ཉིད་དུ་གྲུབ་ཙམ་ལས་ཤེས་པའི་བདག་ཉིད་དང་གཏན་ནས་འབྲེལ་བ་མེད་པའི་ཕྱི་རོལ་གྱི་དོན་མ་ཡིན་ལ། སྣང་ཚུལ་དེ་ཉིད་མིང་བརྡས་བཞག་པ་ལ་མ་ལྟོས་པའི་ཡུལ་རང་གི་གནས་ཚོད་ཀྱི་དབང་གིས་སྣང་བའི་སྣང་ཚུལ་དུ་མི་རིགས་པར་མ་ཟད། གཞན་དུ་གཟུགས་དེ་འདྲའི་ཐ་སྙད་ཀྱི་གཞི་ཡིན་པ་ཡང་ཤེས་པ་ལ་གཏན་མ་ལྟོས་པར་འགྱུར་དགོས་ཤིང་། དེ་ལྟར་ན་གཟུགས་དེ་ཤེས་པ་དང་རྫས་ཐ་དད་དུའང་འགྱུར་དགོས་པས་དངོས་པོ་རྣམས་རང་ཞེས་བརྗོད་པའི་ཐ་སྙད་ཀྱི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་དགོས་པ་དེ་ནི་རིགས་པ་དུ་མས་ཁེགས་ཏེ། ཐེག་བསྡུས་ལས། མིང་གི་སྔ་རོལ་བློ་མེད་ཕྱིར།། མང་པའི་ཕྱིར་དང་མ་ངེས་ཕྱིར།། དེ་ཡི་བདག་ཉིད་བདག་མང་དང་།། བདག་འདྲེས་འགལ་བས་འགྲུབ་པར་འགྱུར།།ཞེས་གསུངས་པ་ལྟར་རིགས་པ་གསུམ་གྱིས་སྐྱོན་འཕེན་པའི་སྒོ་ནས་ལེགས་བཤད་སྙིང་པོ་སོགས་སུ་རྒྱས་པར་བཀག་གོ།

སྐུར་འདེབས་འགོག་ཡུལ་ནི་དགོངས་འགྲེལ་གྱི་འཁོར་ལོ་བར་བའི་སྒྲས་ཟིན་ཁས་ལེན་པའི་ངོ་བོ་ཉིད་མེད་པར་སྨྲ་བ་ཡིན་ལ།  དེ་ཡང་བྱང་ས་ལས། དེ་བས་ན་གང་ཟག་ཁ་ཅིག་ཤེས་པར་དཀའ་བའི་མདོ་སྡེ་ཐེག་པ་ཆེན་པོ་དང་། ཟབ་མོ་སྟོང་བ་ཉིད་དང་ལྡན་པའི་དགོངས་པའི་དོན་བསྟན་པ་དག་ཐོས་ནས་བཤད་པའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་ནས་ཚུལ་བཞིན་མ་ཡིན་པར་རྣམ་པར་བརྟགས་ཏེ། རིགས་པ་མིན་པར་བསྐྱེད་པའི་རྟོག་པ་ཙམ་གྱིས་འདི་ཐམས་ཅད་ནི་བཏགས་པ་ཙམ་ཏུ་ཟད་དེ། འདི་ནི་དེ་ཁོ་ན་ཡིན་ནོ།།  སུ་འདི་ལྟར་བལྟ་བ་དེ་ནི་ཡང་དག་པར་ལྟ་བ་ཡིན་ནོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བའོ།།  དེ་དག་གི་ལྟར་ན་འདོགས་པའི་གཞིའི་དངོས་པོ་ཙམ་ཡང་མེད་པ་འདོགས་པ་ཉིད་ཀྱང་ཐམས་ཅད་ཀྱི་ཐམསཅད་དུ་མེད་པར་འགྱུར་ན། གདགས་པ་ཙམ་གྱིས་དེ་ཁོ་ན་ཡོད་པར་ལྟ་ག་ལ་འགྱུར་ཏེ།  དེ་བས་ན་རྣམ་གྲངས་དེས་ན་དེ་དག་གིས་ནི་དེ་ཁོ་ན་དང་།  བཏགས་པ་དེ་གཉིས་ཀ་ལ་ཡང་སྐུར་བ་བཏབ་པར་འགྱུར་ཏེ།  བཏགས་པ་དེ་ཁོ་ན་ལ་སྐུར་བ་བཏབ་པ་ན།  མེད་པར་ལྟ་བའི་གཙོ་བོ་ཡིན་པར་རིག་པར་བྱའོ།། ཞེས་པ་ལྟར་དབུ་མ་བ་ཁྱེད་ཀྱིས་མཚན་ཉིད་གསུམ་ག་ལ་སྐུར་བ་བཏབ་པར་འགྱུར་ཏེ།  ཇི་ལྟར་འདོགས་པའི་གཞི་མེད་ན་བཏགས་པ་ཡང་མེད་ལ།  དེ་མེད་ན་དེས་བཏགས་པ་ལྟར་གྲུབ་པས་སྟོངས་པའི་དེ་ཁོ་ན་ཉིད་ཀྱང་མེད་དགོས་པར་འགྱུར་རོ།། དེས་ན་འདི་པ་སེམས་ཙམ་པ་མན་གྱིས་གཞན་དབང་རྟོག་པས་བཏགས་པ་ཙམ་ཡིན་ན།  བདེན་གྲུབ་མི་རུང་བར་ཤེས་ཤིང་།  དེ་མེད་ན་འཁོར་འདས་སམ་འཆིང་གྲོལ་ཀུན་གྱི་གཞི་མེད་པར་བསམས་པས་སོ།།

རང་རྒྱུད་པའི་ལུགས་ལ་དངོས་པོ་རྣམས་ཚད་མས་མི་གནོད་པའི་བློའི་དབང་གིས་འཇོག་པ་དང་།དེའི་དབང་གིས་བཞག་པའི་དངོས་པོ་གང་ཡིན་ལ་རང་གི་སྡོད་ལུགས་ཤིག་ཀྱང་ཡོད་པ་མི་འགལ་ཏེ།  དཔེར་ན།  སྔགས་རྫས་ཀྱིས་བསླད་པའི་བློའི་དབང་གིས་སྤྲུལ་གཞི་རྡེའུ་ཤིང་ལྟ་བུ་རྟ་གླང་དུ་སྣང་བར་འཇོག་ནུས་ཤིང་བློ་དེའི་དབང་གིས་བཞག་པའི་སྤྲུལ་གཞིའི་ངོས་ནས་ཀྱང་རྟ་གླང་དུ་སྣང་བའི་སྡོད་ལུགས་ཤིག་ཡོད་པ་མི་འགལ་བ་བཞིན། དེ་མཚུངས་སུ་མྱུ་གུ་ས་བོན་ལས་སྐྱེ་བ་བློའི་དབང་གིས་བཞག་པ་དང་མྱུ་གུ་རང་གི་ངོས་ནས་ཀྱང་ས་བོན་ལས་སྐྱེ་བ་མི་འགལ་བས་ལུགས་འདིས་ཐ་སྙད་དུ་ཡོད་པར་འཇོག་པ་ཐམས་ཅད་ལ་ཤེས་དགོས་སོ།།   དེ་ལྟར་འདི་བས་དངོས་པོ་རྣམས་བློའི་དབང་གིས་བཞག་པ་དང་རྟོག་པས་བཏགས་པར་ཁས་ལེན་ཀྱང་རྟོག་པ་ཁོ་ནས་བཞག་པས་ཁྱབ་པ་ཁས་མི་ལེན་ཏེ།  བློས་དབང་གིས་བཞག་པ་ལ་རྟོག་མེད་ཀྱི་ཤེས་པས་བཞག་པའང་འདོད་པས་བློ་གང་ཡིན་གྱིས་བཞག་པ་ཐམས་ཅད་ཐ་སྙད་དུ་ཡོད་པར་མི་འདོད་དོ།། དེས་ན་གཟུགས་སོགས་ཀྱི་ཆོས་རྣམས་སྣང་ཕྱོགས་ནས་བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་གྱི་སྡོད་ལུགས་སུ་གྲུབ་པ་དང་།  སྟོང་ཕྱོགས་ནས་བློས་བཞག་པ་ལ་མ་ལྟོས་པའི་དོན་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པས་སྟོང་པ་གཉིས་ཚོགས་ཤིག་དགོས་པར་གཟུང་བས་སོ།།

ཐལ་འགྱུར་བའི་ལུགས་ལ་ལྟ་བ་རྣམ་དག་རྟོགས་པའི་གོལ་སའི་གཙོ་བོ་སྟེ་ཆོས་རྣམས་ལ་བདེན་པར་འཛིན་པའིབདེན་འཛིན་གྱི་དམིགས་གཏད་ཅན་གྱི་རྟག་པར་ལྟ་བ་དང་།  དགག་བྱའི་ཚད་མ་ཟིན་པར་ཐལ་དྲགས་པས་ཀུན་བྱང་གི་རྒྱུ་འབྲས་མཐའ་དག་ལ་རང་ངོར་ངེས་པ་དྲང་དུ་མི་སྟེར་བར་མེད་པར་རྟོག་པ་སྟེ་ཆད་པར་ལྟ་བ་ཡིན་ལ།  དེ་ཡང་དབུ་མ་སྙིང་པོ་ལས།  གང་ཕྱིར་རྟེན་འབྱུང་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་པ།།  དེ་ཕྱིར་སྟོང་པ་མ་ཡིན་པའི།།  ཆོས་འགའ་ཡོད་པ་མ་ཡིན་ནོ།།   ཞེས་དང་།  ཚིག་གསལ་ལས། ཡོད་པ་དང་མེད་པའི་མཐའ་གཉིས་དང་བྲལ་བའི་ཕྱིར། རང་བཞིན་གྱིས་མ་སྐྱེས་པའི་མཚན་ཉིད་ཅན་གྱི་སྟོང་ཉིད་དེ་ཉིད་དབུ་མའི་ལམ་སྟེ་དབུ་མའི་ཤུལ་ཞེས་བྱའོ།། དེའི་ཕྱིར་དེ་ལྟར་ན་སྟོང་ཉིད་དང་བརྟེན་ནས་གདགས་པ་དང་དབུ་མའི་ལམ་ཞེས་བྱ་བ་འདི་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཉིད་ཀྱི་མིང་གི་བྱེ་བྲག་ཡིན་ནོ།། ཞེས་གསུངས་པ་ལྟར། བརྟེན་ནས་འབྱུང་བའི་དོན་རང་གི་ངོ་བོ་ཚུགས་ཐུབ་ཀྱིས་གྲུབ་པ་མེད་པར་རང་གི་རྒྱུ་རྐྱེན་ལ་ལྟོས་ནས་འབྱུང་བ་དང་། རང་གི་ཆ་ཤས་སམ་གདགས་གཞི་ཡན་ལག་ཕྲད་པ་ལ་ལྟོས་ནས་གྲུབ་པ་སྟེ།  རྟེན་འབྱུང་གི་སྐད་དོད་པྲ་ཏཱིཏྱ་ས་མུདྤཱ་དཿ  ཞེས་པའི་པྲ་ཏི་ནི་འཕྲད་པ་དང་།  ཨི་ཏི་འགྲོ་བ་ལ་འཇུག་པ་ལས།  དེ་ཉིད་ལ་ལྱབ་ཀྱི་མཐའ་ཅན་པྲ་ཏཱིཏྱ་ཞེས་པ་ཉེར་བསྒྱུར་གྱི་དབང་གིས་འཕྲད་པ་སྟེ་ལྟོས་པའམ་བརྟེན་པ་ལ་འཇུག་ཅིང་།   ས་མུ་ཏ་གོང་ན་ཡོད་པའི་པཱ་ད་འབྱུང་བ་ལ་འཇུག་པར་བཤད་ཅིང་ཡོད་པ་དང་གྲུབ་པ་ལའང་བཤད་རུང་དུ་ཡོད་པར་གསུངས་པས།  དངོས་པོ་རྣམས་ཀྱི་ཡོད་པའམ་གྲུབ་པའམ་འབྱུང་བ་རྒྱུ་དང་རྐྱེན་ལ་ལྟོས་པ་ནི་རྟེན་འབྱུང་གི་དོན་ནོ།། དེ་ལྟར་རྟེན་འབྱུང་གི་དོན་འཕྲད་ལྟོས་བརྟེན་གསུམ་ལ་བཤད་དུ་ཡོད་པ་ལྟར། འཕྲད་པ་ནི་དངོས་པོ་རང་གི་རྒྱུས་བསྐྱེད་པའི་རྟེན་འབྲེལ་འཛིན་པ་ཡིན་པས་གྲུབ་མཐའ་འོག་མ་དང་ཐུན་མོང་བ་ཡིན་ལ།  འདི་ཡོད་པས་འདི་འབྱུང་། ཐུང་ངུ་ཡོད་ན་རིང་བོ་ཡོད་ཅེས་རྒྱུ་དང་འབྲས་བུའི་སྐྱེ་འགག་ནི་བྱ་བ་འཕྲད་པ་ལ་བྱ་ཡི་རྒྱུ་འབྲས་གཉིས་འཕྲད་པ་ནི་མ་ཡིན་ནོ།།  ལྟོས་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་རང་རང་གི་ཆ་ཤས་ལ་ལྟོས་ནས་རང་གི་བདག་ཉིད་རྙེད་པའི་གཏན་ཚིགས་བསྟན་པ་སྟེ་སྔ་མ་ལས་ཁྱབ་ཆེ་ཞིང་དངོས་བསྟན་གྱི་དོན་ཙམ་རང་རྒྱུད་པ་དང་ཐུན་མོང་བའོ།། བརྟེན་པ་ནི་ཆོས་ཐམས་ཅད་བརྟེན་ནས་བཏགས་པའི་གཏན་ཚིགས་ཀྱི་དོན་བསྟན་པ་སྟེ་ཆོས་རང་རང་གི་གདགས་གཞི་ལ་བརྟེན་ནས་བཏགས་པ་ཙམ་དུ་གྲུབ་པར་བསྟན་པ་ཡིན་ནོ།།  དེ་ལྟར་རྟེན་འབྲེལ་གྱི་གཏན་ཚིགས་འདི་ཉིད་ལ་བརྟེན་ནས་མཐའ་གཉིས་ཀ་ལྷག་མ་མེད་པར་འགོག་ནུས་ཏེ། གཏན་ཚིགས་ངེས་པས་ཆད་ལྟ་སེལ་ཞིང་རྒྱུ་འབྲས་ཀྱི་རྟེན་འབྲེལ་ལ་ངེས་པ་རྙེད་པ་དང་། བསྒྲུབ་བྱ་ངེས་པས་རྟག་ལྟ་སེལ་ཞིང་རང་བཞིན་མེད་པ་ལ་ངེས་པ་རྙེད་པར་འགྱུར་རོ།། དེ་འདྲའི་ངེས་པ་འདྲེན་པའི་བློ་ཤུགས་ཆེན་པོ་དེ་ནི་བརྟེན་ནས་བཏགས་པའི་གཏན་ཚིགས་རྟེན་འབྲེལ་ཟབ་མོ་འདི་ཉིད་ལ་རག་ལས་པ་ཡིན་ནོ།། བཤེས་སྤྲིངས་ལས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི།། གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ།། གང་གིས་འདི་ནི་ཡང་དག་མཐོང་བ་དེས།། སངས་རྒྱས་དེ་ཉིད་རིག་པས་རྣམ་མཆོག་མཐོང་།། ཞེས་གསུངས་པ་ལྟར། འཁོར་འདས་ཀྱི་རྣམ་བཞག་ཐམས་ཅད་རྟེན་འབྲེལ་ཕྲ་མོའི་དོན་བཏགས་པ་ཙམ་དུ་གྲུབ་ཚུལ་དང་དེ་ལ་ཡང་མིང་རྐྱང་བཏགས་ཡོད་ཙམ་གྱིས་སྣང་སྟོང་གཉིས་ཚོགས་རྣམ་བཅད་ཡོངས་གཅོད་ཀྱི་དོན་དུ་གྲུབ་པ་ཞིག་ཤེས་དགོས་སོ།།

གསུམ་པ་འོག་མ་འོག་མའི་ལྟ་བ་རྟོགས་པ་གོང་མ་གོང་མའི་ལྟ་བ་རྟོགས་པའི་ཐབས་སུ་འགྱུར་ཚུལ་ནི། སྤྱོད་འཇུག་ལས། དེ་ལ་འཇིག་རྟེན་ཕལ་བ་ནི།། རྣལ་འབྱོར་འཇིག་རྟེན་གྱིས་གནོད་ཅིང་།། རྣལ་འབྱོར་བ་ཡང་བློ་ཁྱད་ཀྱིས།། གོང་མ་གོང་མ་རྣམས་ཀྱིས་གནོད།། ཅེས་གསུངས་པ་ལྟར། འོག་མའི་སྒྲོ་བཏགས་གོང་མས་འགོག་ཀྱང་དེ་ཡང་འཇིག་རྟེན་ཕལ་བ་ལས་གྲུབ་མཐའ་ཤེས་པའི་གང་ཟག་གིས་ཆོས་ཀྱི་ངོ་བོ་དང་ཁྱད་པར་རྣམ་གྲངས་སོགས་ཤེས་པས་ཁྲིད་སླ་བར་འགྱུར་བས། འོག་མའི་ལྟ་བས་གོང་མའི་ལྟ་བ་རྟོགས་པ་ལ་ཤུགས་རྐྱེན་མི་དམན་པ་འབྱུང་བ་སྟེ། དཔེར་ན། རིམ་པ་བཞིན་འཇིག་རྟེན་ཕལ་བ་རྣམས་ཁྲུས་བྱས་པས་གཙང་བར་འདོད་པ་དང་། ལུས་གཅིག་པུ་དང་སེམས་རྟག་པར་འདོད་པ་ལ་སོགས་པ་ལ་གཞན་སྡེ་ཕྱི་རོལ་བའི་རྣལ་འབྱོར་བས་ལུས་གཅིག་པུ་མ་ཡིན་པར་ཆ་ཤས་དུ་མ་དང་ལྡན་པ་དང་། སེམས་མི་རྟག་སྟེ་གཞན་དུ་འགྱུར་བར་ལྟ་བ་ལ་སོགས་ཀྱིས་སྔ་མ་རགས་པར་ལྟ་བས་གནོད་པ་ལྟར་ཕྱི་རོལ་བའི་འདོད་པ་དེ་ལ་བྱེ་སྨྲས་བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བས་རང་འཛིན་གྱི་བློ་འདོར་བའི་བཏགས་ཡོད་དུ་ལྟ་བས་གནོད་པ་དང་།  དེས་གཞི་གྲུབ་ཚད་དངོས་པོ་རྫས་གྲུབ་ཏུ་ཁས་ལེན་པ་ལ་མདོ་སྡེ་བས་གཞན་གྱི་ཆ་ལ་བཏགས་པ་མ་གཏོགས་རང་དབང་བའི་རྫས་ལོགས་སུ་མེད་པའི་བཏགས་ཡོད་ཁས་ལེན་པས་གནོད་ལ།   དེས་ཆོས་ཐམས་ཅད་རྟོག་པའི་ཞེན་གཞི་དང་བརྡ་འདོགས་པའི་གནས་སུ་རང་གི་གནས་ཚོད་ཀྱིས་གྲུབ་པར་འདོད་པ་ལ་སེམས་ཙམ་པས་ཀུན་བཏགས་བདེན་པར་མ་གྲུབ་པར་སྒྲུབ་པའི་རིགས་པས་གནོད་ཅིང་། དེས་གཞན་དབང་ཡོངས་གྲུབ་བདེན་གྲུབ་ཏུ་ཁས་ལེན་པ་ལ་རང་རྒྱུད་པས་བློའི་དབང་གིས་མ་བཞག་པའི་སྡོད་ལུགས་མེད་པར་སྒྲུབ་པས་གནོད་དོ།། དེས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པ་ལ་ཐལ་འགྱུར་བས་ཆོས་གང་ཡང་བཏགས་དོན་བཙལ་ནས་རྙེད་རྒྱུ་མེད་པར་སྒྲུབ་པའི་རིགས་པས་གནོདཔ་སོགས་འོག་མ་འོག་མའི་དམ་བཅའ་ལྟར་སྣང་ལ་གོང་མ་གོང་མའི་རིགས་པས་སུན་འབྱིན་པར་འགྱུར་རོ།།  དེ་མཚུངས་སུ་བྱེ་སྨྲས་གང་ཟག་མི་རྟག་པ་དང་ཆ་ཤས་སོ་སོར་ཕྱེ་བའི་བཏགས་ཡོད་དུ་འཇོག་ཤེས་པ་དེ་མདོ་སྡེ་བས་གང་ཟག་རྫས་ལོགས་སུ་གཟུང་བ་མེད་པའི་བཏགས་ཡོད་དང་། འདུས་མ་བྱས་དང་འདུས་བྱས་བཏགས་ཡོད་འཇོག་ཤེས་པའི་སྟེགས་ཡིན་ལ།  མདོ་སྡེ་བས་དེ་ལྟར་མིང་དོན་གྱི་འབྲེལ་བ་དངོས་མེད་བཏགས་ཡོད་དུ་ཤེས་པ་དེ་སེམས་ཙམ་པས་ཆོས་ཐམས་ཅད་མིང་གི་འཇུག་གཞིར་རང་གི་གནས་ཚོད་ཀྱིས་མ་གྲུབ་པ་དང་། བྱ་བྱེད་འཐད་པ་དང་། ཆོས་ཐམས་ཅད་ཀུན་བཏགས་པའི་ངོ་བོ་ཉིད་དུ་མ་གྲུབ་པར་གོ་བའི་སྟེགས་དང་། དེ་ལྟར་སེམས་ཙམ་པས་མིང་གི་ཐ་སྙད་འདོགས་པའི་གནས་སུ་རང་གི་སྡོད་ལུགས་ཀྱི་དབང་གིས་མ་གྲུབ་པར་འདོད་པ་དེ་རང་རྒྱུད་པས་བློ་ལ་སྣང་བའི་དབང་གིས་མ་བཞག་པའི་སྡོད་ལུགས་མེད་པ་འཇོག་ཤེས་པའི་སྟེགས་དང་།   རང་རྒྱུད་པས་དེ་ལྟར་ཤེས་པ་དེ་ཐལ་འགྱུར་པས་ཆོས་ཐམས་ཅད་རང་གི་སྡོད་ལུགས་སུ་མ་གྲུབ་པར་མིང་རྐྱང་བཏགས་ཡོད་ཙམ་དུ་འཇོག་ཤེས་པའི་ཐབས་དམ་པར་འགྱུར་བ་ཡིན་ནོ།། དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། བརྡ་སྤྲོད་པ་དག་ཇི་ལྟ་བུར།། ཡི་གེའི་ཕྱི་མོའི་ཀློག་འཇུག་ལྟར།། དེ་བཞིན་སངས་རྒྱས་གདུལ་བྱ་ལ།། ཅི་ཙམ་བཟོད་པའི་ཆོས་བསྟན་ཏོ།། ཁ་ཅིག་ལ་ནི་སྡིག་པ་ལས།། རྣམ་པར་ལྡོག་ཕྱིར་ཆོས་བསྟན་ཏོ།།  ཁ་ཅིག་བསོད་ནམས་སྒྲུབ་པའི་ཕྱིར།།  ཁ་ཅིག་ལ་ནི་གཉིས་རྟེན་པ།། ཁ་ཅིག་ལ་ནི་གཉིས་མི་རྟེན།། ཟབ་མོ་ཁུ་འཕྲིག་ཅན་འཇིགས་པ།། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།། བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ།།  ཞེས་གསུངས་པ་ལྟར་རོ།།

བཞི་བ་བདག་མེད་ཕྲ་རགས་ཀྱི་ཁྱད་པར་འཇོག་ཚུལ་ནི། བྱེ་བྲག་སྨྲ་བས་གཞི་གྲུབ་ན་ཆོས་བདག་ཡིན་པས་ཁྱབ་པ་ཁས་ལེན་པས།  ཆོས་ཀྱི་བདག་མེད་ཕྲ་རགས་ཀྱི་རྣམ་བཞག་ཁས་མི་ལེན་ལ། གང་ཟག་རྟག་གཅིག་རང་དབང་ཅན་དུ་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོ་དང་བདག་མེད་ཕྲ་མོའི་གཞི་མཐུན་དུ་འདོད།  སྡེ་བ་བཅོ་བརྒྱད་ཀྱི་ནང་ཚན་མང་བཀུར་སྡེ་ལྔས་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁས་ལེན་པས་དེས་སྟོང་བ་གང་ཟག་གི་བདག་མེད་ཕྲ་མོར་མི་འདོད་དོ།། དེས་ཁས་བླང་པའི་རྫས་ཡོད་ཀྱི་བདག་ནི་གཞན་སྡེ་རྟག་སྨྲ་བས་སྒྲོ་བཏགས་པ་ལྟར་གདགས་གཞི་ཕུང་སོགས་ལ་ལྟོས་མེད་ཀྱི་རང་དབང་བ་ཞིག་ལ་འདོད་དགོས་ཏེ། རྒྱུད་སྡེ་སྤྱི་རྣམ་ལས། སྤྱིར་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་གྱིས་སངས་རྒྱས་པའི་ལྟ་བ་ཁས་ལེན་མི་ལེན་དུ་འཇོག་པ་ལས། ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་མང་པོས་བཀུར་བ་དང་། ཞེས་པ་ནས་བཟང་པོའི་ལམ་པ་རྣམས་བརྗོད་དུ་མེད་པའི་གང་ཟག་གི་བདག་ཁས་ལེན་པས་སངས་རྒྱས་ཀྱི་ལྟ་བ་ཁས་ལེན་པར་མི་འཇོག་ཀྱང་།  སྐྱབས་གནས་དང་ཚུལ་ཁྲིམས་སོགས་ཀྱི་སྒོ་ནས་སངས་རྒྱས་པར་འཇོག་གོ། ཅེས་དང་།  ལྕང་སྐྱའི་གྲུབ་མཐར།  མང་བཀུར་སྡེ་ལྔས་གང་ཟག་གི་བདག་ཡོད་པར་ཁས་ལེན་པར་རྗེ་ཡབ་སྲས་སོགས་སྔོན་བྱོན་པའི་རྒྱ་བོད་ཀྱི་ཤིང་རྟ་ཆེན་པོ་མཐའ་དག་གིས་བཞེད་པར་འདུག་པས།  སྡེ་བ་འདི་དག་རང་སྡེ་ཙམ་དང་ནང་པ་ཙམ་ཡིན་ཀྱང་ནང་པའི་གྲུབ་མཐའ་སྨྲ་བ་དངོས་་མིན་ནོ།། ཞེས་གསུངས་པ་ལྟར།  གདགས་གཞི་ཕུང་བོ་ལ་ལྟོས་མེད་ཀྱི་དབང་སྒྱུར་བ་བོའི་བདག་ཁས་ལེན་དགོས་ལ།  དེ་ལྟར་ན་བདག་ཕུང་གཉིས་ཁུར་དང་ཁུར་མཁན་ལྟ་བུར་མཚན་ཉིད་མི་མཐུན་པ་ངོ་བོ་ཐ་དད་དུ་འདོད་དགོས་པས། འདི་ལ་མཁས་པ་འགའ་ཞིག་བདག་ཕུང་ངོ་བོ་གཅིག་ཏུ་བརྗོད་དུ་མེད་པ་དངོས་སུ་ཁས་བླངས་པས་དོན་གྱིས་བདག་ཕུང་ངོ་བོ་ཐ་དད་དུ་ཁས་བླངས་སོང་བའི་དོན་ནམ་ཡང་ན་གྲུབ་མཐའ་གོང་མས་གཞལ་ཚེ་རྫས་ཡོད་དུ་ཁས་བླངས་པར་སོང་བའི་དོན་ཡིན་པར་བཞེད་དོ།།  དེ་ལྟར་འདི་ལ་ནང་པ་ཙམ་ལས་རང་སྡེ་གྲུབ་མཐའ་སྨྲ་བ་ཡོང་མི་སྲིད་པས། གང་ཟག་གི་བདག་ཡོད་པར་སྟོན་པའི་མདོའི་ཆེད་དུ་བྱང་བའི་གདུལ་བྱ་ལ་རང་སྡེ་གྲུབ་མཐའ་སྨྲ་བ་མེད་པར་འདོད་སྙམ་ན་དཔྱད་དགོས་ཏེ།  རྣམ་བཤད་སྙིང་རྒྱན་ལས།   རང་སྡེ་བསྟན་པར་ཞུགས་ཟིན་དང་གཞན་སྡེ་ཁ་ཅིག་བསྟན་པ་ལ་ཞུགས་པའི་ཆེད་དུ་བདག་ཡོད་པར་གསུངས་པ་ལྟ་བུའོ།  ཞེས་གསུངས་ལ།  འདི་ལའང་མཁས་པ་དག་དེ་འདྲའི་ཆེད་དུ་བྱ་བའི་གདུལ་བྱ་རང་སྡེ་གྲུབ་མཐའ་སྨྲ་བ་ལ་ངོས་ཀྱི་སྐྱེ་བ་སྔ་མ་ལ་ཕྱི་རོལ་མུ་སྟེགས་པའི་ལྟ་བ་ལ་གོམས་པ་ཤུགས་ཆེར་སོང་བའི་བྱེ་བྲག་སྨྲ་བ་ཞིག་བཞག་ཆོག་ཅེས་འདོད་མཁན་ཀྱང་ཡོད་དོ།། ཡང་གྲུབ་མཐའ་རིན་ཕྲེང་ལས།  མང་བཀུར་སྡེ་ལྔས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁས་ལེན་པས་ནང་པའི་གྲུབ་མཐའ་སྨྲ་བ་མ་ཡིན་པར་འགྱུར་རོ་ཞེ་ན་སྐྱོན་མེད་དེ་ཅེས་པའི་སྐྱོན་སྤོང་བྱེད་ལུགས་དང་། དཔལ་ལྡན་ཟླ་བས། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག། ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད།། ཅེས་དང་།  ཞི་བ་འཚོའི་ཚད་ཆེན་ལས།། མུ་སྟེགས་པ་ལྟར་ཐལ་འགྱུར་ཕྱིར།།  དུ་མར་སོགས་འགྱུར་ཕྱིར་དེ་ཉིད།།  མ་ཡིན་དེ་ཕྱིར་བརྗོད་མེད་ལགས།། ཞེས་པ་ལྟར། བཅིངས་གྲོལ་གྱི་གཞིའི་བདག་དེ་ཉིད་ཕུང་བོ་ཉིད་དུ་མི་བརྗོད་དེ། དེ་ལྟར་ན་ཕུང་བོ་འཇིག་པ་ལྟར་བདག་ཀྱང་འཇིག་པར་ཐལ་བར་འགྱུར་ལ།། ཕུང་བོ་ལས་དོན་གཞན་ཡིན་ན་ཕུང་བོ་མ་བཟུང་བར་བདག་བཟུང་དུ་ཡོད་པར་ཐལ་བ་སོགས་ཀྱིས་བརྗོད་མེད་ཀྱི་བདག་དངོས་སུ་ཁས་བླངས་པ་ཡིན་ལ།  གལ་ཏེ་བདག་ཕུང་ངོ་བོ་ཐ་དད་དུ་འདོད་ན་ཕུང་བོ་ལས་ཐ་དད་དུ་བརྗོད་དུ་མེད་ཟེར་དོན་མེད་ཅེས་མཁས་པ་འགའ་ཞིག་འདོད་པས་སོ།།  གཞན་ཡང་འདི་ལ་མངོན་པ་མཛོད་ཀྱི་སྐབས་སུ་གནས་མ་བུ་བས་འདོད་པ་བརྗོད་སྐབས། ཤེས་བྱ་ནི་རྣམ་པ་ལྔ་སྟེ། འདས་པ་དང་། མ་འོངས་པ་དང་།  ད་ལྟར་བྱུང་བ་དང་། འདུས་མ་བྱས་དང་། བརྗོད་པར་བྱ་བ་མིན་པའོ།། ཞེས་པའི་བརྗོད་པར་བྱ་བ་མ་ཡིན་པའི་མཚན་གཞི་གང་ཟག་ཡིན་པ་དང་། གསེར་ཕྲེང་སྐབས་བཞི་བར་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་གསུངས་སྐབས།  བདག་དང་འཇིག་རྟེན་རྟག་པར་ལྟ་བ་དང་། མི་རྟག་པར་ལྟ་བ། གཉིས་ཀར་ལྟ་བ། གཉིས་ཀ་མ་ཡིན་པར་ལྟ་བ་ཞེས་ཕྱི་མ་གཉིས་ཀ་མ་ཡིན་པར་ལྟ་བ་གནས་མ་བུར་སྦྱར་བས་བརྗོད་མེད་ཀྱི་བདག་ཏུ་སྦྱོར་ཚུལ་སོགས་ལ་དཔྱད་གཞི་མང་ངོ་།།

མདོ་སྡེ་བས་བྱེ་སྨྲ་ལྟར་ཆོས་ཀྱི་བདག་མེད་ཁས་མི་ལེན་པ་སོགས་འདྲ་སྟེ། སྤྱོད་འཇུག་ལས།  བདེན་པ་མཐོང་བས་གྲོལ་འགྱུར་གྱི།།  སྟོང་ཉིད་མཐོང་བས་ཅི་ཞིག་བྱ།། ཞེས་གསུངས་པ་ལྟར་བདེན་པ་བཞི་དང་དེའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་མཐོང་བ་དང་། མཐོང་ཟིན་གོམས་པར་བྱས་པས་ཉོན་མོངས་ཟད་ནས་འཁོར་བ་ལས་གྲོལ་བར་འགྱུར་གྱི། དེ་དག་ཏུ་མ་བསྡུས་པའི་རང་བཞིན་མེད་པའི་སྟོང་ཉིད་མཐོང་ཞིང་གོམས་པས་ཅི་ཞིག་བྱ་སྟེ་དགོས་པ་མེད་ཅེས་ཉན་ཐོས་སྡེ་བ་འདོད་དོ།། དེ་ཡང་མཚན་ཉིད་གསུམ་ལས་ཡོངས་གྲུབ་བདེན་མེད་ཡིན་ན།  གང་ཟག་གི་བདག་མེད་ཕྲ་མོ་ཡོངས་གྲུབ་དང་སྟོང་ཉིད་གཉིས་ཀ་ཡིན་པས། བར་ཆད་མེད་ལམ་གྱི་སྣང་ཡུལ་ལམ་དངོས་གཞལ་དུ་དངོས་མེད་ཅིག་འཇོག་མི་ཐུབ་སྙམ་ན།  འདི་བའི་ལུགས་ལ་རྣམ་འབྱོར་མངོན་སུམ་གྱིས་གཟུགས་དང་ཤེས་པ་སོགས་གང་ཟག་གི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་གཟུང་ངོར་དགག་གཞི་རང་མཚན་དེ་ཉིད་སྣང་བ་ཡིན་གྱི།  མེད་དགག་གིས་བསྡུས་པའི་བདག་མེད་ནི་ཤུགས་ལ་རྟོགས་པར་འདོད་དེ། དཔེར་ན་བུམ་པས་དག་པའི་ས་ཕྱོགས་ལ་དབང་མངོན་གྱིས་བུམ་པས་དག་པའི་གཞི་མངོན་སུམ་དུ་ངེས་ཀྱང་བུམ་མེད་མེད་དགག་མངོན་སུམ་དེས་ངེས་མི་དགོས་པ་བཞིན།  དབུ་མ་སྣང་བ་ལས། དེ་ལྟར་རེ་ཞིག་མངོན་སུམ་གྱིས་ནི་དངོས་པོ་མ་ལུས་པ་དབེན་པར་རྟོགས་པར་མི་འགྱུར་ཏེ།  དེའི་ཡུལ་ནི་དངོས་པོ་ཡིན་པའི་ཕྱིར།  ཞེས་གསུངས་པ་ལྟར།  ཐེག་པ་གསུམ་གྱི་མཐོང་ལམ་བར་ཆད་མེད་ལམ་གྱིས་གང་ཟག་གི་བདག་གིས་དབེན་པའི་འདུ་བྱེད་དངོས་སུ་གཞལ་བའི་ཤུགས་ལ་གང་ཟག་གི་བདག་མེད་ཕྲ་མོ་རྟོགས་པར་འདོད་དོ།།

སེམས་ཙམ་པའི་ལུགས་ལ་གང་ཟག་གི་བདག་མེད་ཕྲ་རགས་འཇོག་ཚུལ་ཉན་ཐོས་སྡེ་གཉིས་དང་འདྲ་ལ།རྡུལ་ཕྲན་ཆ་མེད་བསགས་པའི་ཕྱི་རོལ་དོན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་རགས་པ་དང་།   རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དང་།  གཟུང་འཛིན་གཉིས་སྟོང་དང་ཕྱི་རོལ་དོན་སྟོང་རྣམས་ཆོས་ཀྱི་བདག་མེད་ཕྲ་མོ་དང་།  བདག་མེད་ཕྲ་མོ་གཉིས་ཀ་འགྱུར་མེད་ཡོངས་གྲུབ་བམ་སྟོང་ཉིད་དུ་འདོད་དོ།། འདིར་མཁས་པ་ཁ་ཅིག་གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བ་ཆོས་ཀྱི་བདག་མེད་རགས་པ་དང་ཕྱི་མ་ཕྲ་མོར་འདོད་ཅིང་།  མཁས་པ་ཕལ་མོ་ཆེས་དེ་གཉིས་ལ་ཕྲ་རགས་མི་འབྱེད་ཀྱང་རྟོགས་དཀའ་སླའི་ཁྱད་པར་ཡོད་པར་བཞེད་དོ།།  འདི་ལ་སེམས་ཙམ་རྣམ་བདེན་རྫུན་གཉིས་ལས། སྔོ་འཛིན་མིག་ཤེས་ལ་སྔོན་པོ་སྔོན་པོར་སྣང་བ་དེ་དེ་གཉིས་ཀས་རྩོད་པའི་གཞི་ཡིན་ལ། གཉིས་ཀས་ཀྱང་སྔོ་འཛིན་མིག་ཤེས་ལ་སྔོན་པོ་སྔོན་པོར་སྣང་བ་དང་།  སྔོན་པོ་རགས་པར་སྣང་བ་དང་།  སྔོན་པོ་ཕྱི་རོལ་དོན་དུ་སྣང་བ་ཙམ་འདོད་པ་མཐུན་ལ།  རྣམ་བདེན་པས་སྔོ་འཛིན་མིག་ཤེས་ལ་སྔོན་པོ་ཕྱི་རོལ་དོན་དུ་སྣང་བ་ལ་མ་རིག་པས་བསླད་པ་ཞུགས་ལ།གཞན་གཉིས་ལ་མ་ཞུགས་པར་འདོད། རྣམ་བརྫུན་པས་སྔོན་པོ་ཕྱི་རོལ་དོན་དུ་སྣང་བ་ཙམ་དུ་མ་ཟད། སྔོན་པོ་སྔོན་པོར་སྣང་བ་དང་། སྔོན་པོ་རགས་པར་སྣང་བ་ཡང་ཕྱི་རོལ་དོན་དུ་སྣང་ཚུལ་ལས་མ་འདས་པར་འདོད་པས་མ་རིག་པས་བསླད་པ་ཞུགས་པར་འདོད་དོ།། ཡང་རྣམ་བདེན་པ་ལ་ཁྲ་འཛིན་མིག་ཤེས་ཀྱིས་ཁྲ་བོ་ལ་བལྟས་པའི་ཚེ། གཟུང་བ་ཡུལ་གྱི་སྔོ་སེར་སོགས་ཀྱི་གྲངས་དང་མཉམ་པའི་རྣམ་ཤེས་རིགས་མཐུན་དུ་མ་ཅིག་ཅར་དུ་སྐྱེ་བར་འདོད་པས་གཟུང་འཛིན་གྲངས་མཉམ་པ་དང་། སྔོན་པོ་དང་སྔོ་འཛིན་མིག་ཤེས་གཉིས་གྲུབ་དུས་ལ་ལྟོས་ནས་སྔ་ཕྱི་བ་ཡིན་ཀྱང་། དམིགས་དུས་ལ་ལྟོས་ནས་རྫས་གཅིག་ཏུ་འདོད་པ་སྟེ།  རང་གི་འདོད་པའི་ཕྱོགས་གཅིག་མདོ་སྡེ་བ་དང་མཐུན་པར་ཁས་ལེན་ཞིང་།  ཕྱོགས་གཅིག་སེམས་ཙམ་པ་དང་མཐུན་པར་ཁས་ལེན་པས་སྒོ་ང་ཕྱེད་ཚལ་བ་དང་། ཁྲ་འཛིན་མིག་ཤེས་ཀྱིས་ཁྲ་བོ་ལ་བལྟས་པའི་ཚེ། ཡུལ་ཁྲ་བོའི་ཚོགས་པ་ན་ཡོད་པའི་སྔོ་སེར་སོགས་ཀྱི་གྲངས་དང་མཉམ་པའི་རྣམ་ཤེས་རིགས་མཐུན་དུ་མ་ཅིག་ཅར་དུ་མི་སྐྱེ་བར་ཁྲ་ཙམ་འཛིན་པའི་མིག་ཤེས་གཅིག་པུ་སྐྱེ་བར་འདོད་པས་སྣ་ཚོགས་གཉིས་མེད་པ་སྟེ་གསུམ་དུ་ཡོད་དོ།། རྣམ་བརྫུན་པ་ལ་ཡང་སེམས་ཀྱི་ངོ་བོ་ལ་མ་རིག་པའི་བག་ཆགས་ཀྱི་དྲི་མས་བསླད་པར་ཞུགས་པར་འདོད་པ་དང་། སེམས་ཀྱི་ངོ་བོ་ལ་མ་རིག་པའི་བག་ཆགས་ཀྱི་དྲི་མས་ཅུང་ཟད་ཀྱང་མ་བསླད་པའམ། ཡང་ན་སངས་རྒྱས་ཀྱི་ས་ན་མ་རིག་པ་མེད་ཀྱང་འཁྲུལ་བའི་སྣང་བ་ཡོད་པ་དང་།  སངས་རྒྱས་ཀྱི་ས་ན་མ་རིག་པ་མེད་པས་འཁྲུལ་བའི་སྣང་བ་ཅུང་ཟད་ཀྱང་མེད་པར་འདོད་པས་དྲི་བཅས་པ་དང་དྲི་མེད་པ་གཉིས་སུ་ཡོད་དོ།། གྲུབ་མཐའ་རྩ་བར། རྣམ་རྫུན་ལ་གཉིས་རྒྱལ་ལ་གཉིས་སྣང་དྲི།།  ཡོད་དང་མེད་པས་དྲི་བཅས་དྲི་མེད་གྲགས།། ཞེས་གསུངས་པ་ལྟར་གྲགས་ཞེས་པས་གཞན་གྱི་འདོད་ཚུལ་ལ་མ་རངས་པའི་བརྡ་སྟོན་པས་འཆད་ཚུལ་ཕྱི་མ་ཇི་ལྟ་བ་བཞིན་མི་འདོད་དོ།། དེ་ཡང་གཟུང་རྣམ་རྫས་གྲུབ་ཏུ་འདོད་པ་དང་།  སྒྲོ་བཏགས་སུ་འདོད་པའི་ཁྱད་པར་གྱིས་རྣམ་བདེན་རྫུན་གཉིས་འབྱེད་དགོས་ལ། དེ་གཉིས་ལས་ཕྱི་མ་རྣམ་བརྫུན་པའི་གྲུབ་མཐའ་བརླིང་བར་རྒྱལ་ཚབ་ཐམས་ཅད་མཁྱེན་པ་སོགས་བཞེད་དོ།། དེ་ལྟར་འདི་བའི་ལུགས་ལ།  དེ་ཉིད་ལས། འཚོལ་བཞིས་བཙལ་བཞིན་མེད་ཕྱིར་དེར་དེ་མེད། ལྷན་ཅིག་དམིགས་པ་ངེས་ཕྱིར་དེ་གཞན་མེད།།  ཅེས་གསུངས་པ་ལྟར།  འཚོལ་བ་བཞི་དང་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་བརྟེན་ནས་མཐར་ཐུག་པའི་ལྟ་བ་གཉིས་གཏན་ལ་འབེབས་པ་ཡིན་ནོ།།

རང་རྒྱུད་པ་ལ་གཉིས་ལས་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་གང་ཟག་གི་བདག་མེད་ཕྲ་རགས་འདོད་ཚུལ་སྔ་མ་རྣམས་དང་འདྲ་ཞིང་།སེམས་ཙམ་པའི་འདོད་པའི་ཆོས་ཀྱི་བདག་མེད་ཕྲ་མོ་རྣམས་ཆོས་ཀྱི་བདག་མེད་རགས་པར་འདོད་པ་དང་།  རྡུལ་ཕྲ་རབ་ཆ་མེད་བསགས་པའི་ཕྱི་རོལ་མེད་པའང་ཆོས་ཀྱི་བདག་མེད་རགས་པར་འདོད། ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པ་ཆོས་ཀྱི་བདག་མེད་ཕྲ་མོར་བཞེད་དོ།། འདི་བས་ཤེས་པ་ལས་རྫས་ཐ་དད་པའི་ཡུལ་ཡོད་པར་བསྒྲུབ་པས་ཕྱི་རོལ་གྱི་དོན་བཞེད་ཀྱི་ཕྱི་དོན་བདེན་པ་བ་མི་བཞེད་ལ། དབང་ཤེས་ཀྱི་རྐྱེན་གསུམ་གྱི་རྣམ་བཞག་ཀྱང་སེམས་ཙམ་པ་དང་མི་མཐུན་པར་རྡུལ་ཕྲ་རབ་བསགས་པའི་རེ་རེ་ནས་དབང་ཤེས་ཀྱི་རྒྱུར་བཞེད་ཅིང་། རྡུལ་ཕྲ་རབ་དེ་ཡང་རྫས་ཡོད་དུ་འདོད་པས་རྡུལ་ཕྲ་རབ་རང་གི་ཡུལ་སྟེང་ནས་གྲུབ་ཅིང་བཏགས་དོན་བཙལ་བའི་ཚེ་མཐར་རྙེད་པའི་དབང་དུ་བྱས་ནས་འཇོག་པ་ཞིག་དགོས་པའི་ཕྱིར་རོ།། དེ་ཡང་ཆ་མེད་ཀྱི་དངོས་པོ་ནམ་ཡང་མི་བཞེད་པས་ཅི་ཙམ་བརྟགས་ཀྱང་གཏན་ནས་ཆ་འབྱེད་རྒྱུ་མེད་པའི་ཆ་མེད་ཅིག་ལ་མི་བྱ་ཡི། རིགས་ཤེས་ལ་མ་ལྟོས་པའི་དབང་པོའི་ཤེས་པས་དེ་ལས་ཕྲ་བའི་ཆ་མཐོང་རྒྱུ་མེད་པའི་རྡུལ་ཕྲ་རབ་ཅིག་ལ་དགོངས་པར་སྣང་ངོ་།། དེ་ལྟར་གཞི་གྲུབ་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་།  ཕྱི་རོལ་དོན་དུ་གྲུབ་པ་གཉིས་ཀ་ཡིན་པས་ཁྱབ་པར་བཞེད་དོ།།

རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་ཕྱི་དོན་མི་འདོད་པ་དང་རང་རིག་ཁས་ལེན་པ་ཙམ་མ་གཏོགས་བདག་མེད་ཕྲ་རགས་འཇོག་ཚུལ་སོགས་གཞིའི་རྣམ་བཞག་ཕལ་ཆེར་མདོ་སྡེ་སྤྱོད་པའི་དབུ་མ་པ་དང་འདྲ་ཞིང་། ཆོས་ཐམས་ཅད་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པས། རྟོག་པས་བཏགས་ཙམ་དང་མིང་བརྡས་བཞག་ཙམ་དུ་ཁས་མི་ལེན་པར་ཆོས་ཐམས་ཅད་རྟོག་པ་ལ་སྣང་བའི་དབང་གིས་བཞག་ཙམ་དུ་འདོད་དོ།། དེ་ཡང་དབུ་མ་རྒྱན་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ།། ཕྱི་རོལ་དངོས་མེད་ཤེས་པར་བྱ།། ཚུལ་འདིར་བརྟེན་ནས་དེ་ལ་ཡང་།། ཤིན་ཏུ་བདག་མེད་ཤེས་པར་བྱ།། ཞེས་གསུངས་པ་ལྟར། སེམས་ཙམ་གྱི་ཚུལ་ལ་བརྟེན་ནས་མཚུངས་པ་ལྡན་པ་དང་བཅས་པའི་སེམས་ལས་ཕྱི་རོལ་དོན་དུ་འདོད་པ་བདག་དང་བདག་གི་དང་གཟུང་བ་དང་འཛིན་པ་ལ་སོགས་པ་རང་བཞིན་མེད་པ་དཀའ་ཚེགས་མེད་པ་ཁོ་ནར་རྟོགས་པར་གསུངས་པས། ཐ་སྙད་དུ་ཕྱི་རོལ་དོན་གྱིས་སྟོངས་པས་རྣམ་པར་རིག་པ་ཙམ་དང་། དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཚུལ་གཉིས་ཀྱི་སྒོ་ནས་ཐེག་པ་ཆེན་པོ་འཐོབ་པར་བཞེད་དོ།། དེ་ལྟར་ཡང་དབུ་མ་རྒྱན་ལས། འབྱར་བ་དང་ནི་བསྐོར་བའམ།། བར་མེད་རྣམ་པར་གནས་ཀྱང་རུང་།། དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ།། བལྟས་པའི་རང་བཞིན་གང་ཡིན་པ།། ནས། རབ་ཏུ་ཕྲ་རྡུལ་ཇི་ལྟ་བུར།། གཅིག་པུར་ཆ་ཤས་མེད་པར་འགྱུར།། ཞེས་གསུངས་པ་ལྟར། བདེན་གྲུབ་ཀྱི་གཞི་རྡུལ་ཕྲན་ཆ་མེད་མ་གྲུབ་པས་རང་སྡེ་རྣམས་ཀྱིས་སྨྲས་པའི་གཟུགས་ཅན་གྱི་ཁམས་བཅུ་བོ་རྣམས་དང་གཞན་སྡེས་བཏགས་པའི་རྫས་དང་ཡོན་ཏན་སོགས་བདེན་པར་མ་གྲུབ་པ་ཤེས་པར་འགྱུར་ཞིང་། བྱེ་བྲག་རང་སྡེས་སྨྲས་པའི་གཟུགས་ཅན་གྱི་ཁམས་བཅུ་བདེན་པར་མེད་པ་ཤེས་ན་དེ་ལ་བརྟེན་ནས་སྐྱེས་པའི་རྣམ་པར་ཤེས་པའི་ཁམས་ལྔ་བདེན་པར་མེད་པ་ཤེས་པ་སོགས་མདོར་ན་སེམས་བདེན་པར་མེད་ན་དེ་དང་གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཚོར་བ་དང་འདུ་ཤེས་དང་སེམས་པ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་ཀྱང་བདེན་པར་མེད་པ་འགྲུབ་པར་འདོད་དོ།།

ཐལ་འགྱུར་བའི་ལུགས་ལ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་གི་མཚན་ཉིད་དམ་རང་བཞིན་གྱིས་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོ་དང་། རྡུལ་ཕྲན་ཆ་མེད་བསགས་པའི་རགས་པ་དང་དེ་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་རགས་པ་དང་། གདགས་གཞིའི་ཕུང་པོ་རང་བཞིན་གྱིས་གྲུབ་པས་སྟོང་པ་ཆོས་ཀྱི་བདག་མེད་ཕྲ་མོར་བཞེད་པས། རང་རྒྱུད་པ་ལྟར་བདག་མེད་ཕྲ་མོ་གཉིས་ཀར་ཕྲ་རགས་མི་འབྱེད་ཅིང་གནས་ལུགས་མཐར་ཐུག་ཏུ་འདོད་དོ།། ཆོས་ཐམས་ཅད་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་གཏན་ཚིགས་ལ་བརྟེན་ནས་ཕྱི་ནང་གི་ཆོས་རྣམས་ཐ་སྙད་དུ་ཡང་རང་མཚན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་ལ་རྒྱུ་འབྲས་འཆིང་གྲོལ་གྱི་བྱ་བྱེད་ཐམས་ཅད་བཞག་ཆོག་པའི་བདག་མེད་ཕྲ་མོ་འདིས་མཚོན་པའི་བདག་མེད་ཕྲ་རགས་ཀྱི་རིམ་པ་རྣམས་ཤིང་རྟ་ཆེན་པོ་དག་གི་བཞེད་སྲོལ་རྨ་མེད་པ་ལྟར་འདི་པ་འདོད་ཅིང་། དེ་ཡང་གྲུབ་མཐའ་འོག་མ་དང་མཐུན་པར་ཕྱི་མ་ཕྱི་མ་ལས་སྔ་མ་སྔ་མ་རྟོགས་སླ་བ་དང་། སྔ་མ་རྣམས་ཕྱི་མ་ལ་འཇུག་པའི་ཐབས་སུ་འགྱུར་བར་འདོད་པ་དང་། དབང་བོ་རྣོ་རྟུལ་སོགས་ཀྱི་ཁྱད་པར་གྱིས་འོག་མའི་ལྟ་བ་བསྟན་ནས་རིམ་གྱིས་གོང་མར་འཁྲིད་པའི་ཐབས་ལ་འབད་དགོས་པ་ལས། དང་པོ་ཉིད་ནས་ལྟ་བ་མཐོན་པོར་བསྙེགས་ན་ཕན་པ་ལས་གནོད་ཚབས་ཆེ་བར་འགྱུར་ཉེན་ཡོད། དེ་ལྟར་མཐར་གཏུགས་ན་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ལས། དངོས་པོའི་འདུ་ཤེས་ཅན་ལ་ཐར་བ་མེད་པར་གསུངས་པ་དང་། དུས་གསུམ་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་རྒྱུན་ཞུགས་ནས་རང་རྒྱལ་གྱི་བར་ཐམས་ཅད་ཀྱང་ལམ་ཟབ་མོ་འདི་ལ་བརྟེན་ནས་འཐོབ་པར་གསུངས་པའི་ཕྱིར་དང་། ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ།། ཞེས་སོགས་གསུངས་པ་ལྟར་བདག་ལེགས་སུ་འདོད་པ་རྣམས་ཀྱིས་ཆོས་ཚུལ་འདི་ལ་གུས་པ་ཆེན་པོས་ཉན་ཅིང་འཛིན་པ་དང་སེམས་པ་དང་སྒོམ་པ་ཅི་རིགས་ཀྱིས་རིགས་ཀྱི་ནུས་པ་བརྟས་པར་བྱེད་པའི་ཐབས་ལ་འབད་པར་བྱ་བ་ནི་ཐར་བའི་སྒོ་མོ་འབྱེད་པའི་ལྡེ་མིག་གཅིག་པུ་ཉིད་དོ།།

སྨྲས་པ།

རླབས་ཆེན་ཐུགས་བསྐྱེད་ཆུ་གཏེར་འཕྱུར་བ་ལས།།
འཕྲིན་ལས་འོད་དཀར་འགྱེད་པའི་རྩེ་དགའ་ཅན།།
ལུས་ཅན་ཀུ་མུད་གཉེན་དུ་ཤར་བའི་ལྷ།།
ཐུབ་དབང་མཚན་མོའི་མགོན་དེར་སླར་ཡང་གུས།།

གང་གི་བསྟན་ལས་བྱུང་བའི་གྲུབ་པའི་མཐའ།།
སྣ་ཚོགས་ཚོན་གྱིས་འཁྱུད་པའི་རི་མོ་བཞིན།།
མ་འདྲེས་བློ་ཡི་མཚོ་མོར་བཀྲ་བ་ནི།།
བདུད་རྩི་བཞིན་དུ་སྙིང་ལ་ཅི་ཡང་བྲན།།

དེ་ལྟ་ན་ཡང་ཚུར་མཐོང་ཕལ་བའི་བློ།།
རྒྱ་ཆེན་གཞུང་ལ་གོམས་པ་ཆེས་ཕྲ་བས།།
དྲང་སྲོང་ཆེན་པོ་དག་གི་བཞེད་པའི་སྲོལ།།
རང་དགར་སྨྲ་ལ་སུ་ཞིག་ངོ་མཚར་འཛིན།།

རྣམ་དག་རིགས་ལམ་ཟབ་མོའི་ལམ་བཟང་པོ།།
གཏན་གྱི་འདུན་མ་སྟེར་བའི་ཐབས་གཅིག་པུ།།
དོན་དུ་མི་གཉེར་ཟ་ཟིའི་སྣང་བ་ཡིས།།
དོན་མེད་གྱི་ནར་འཚོ་འདིས་ཤིན་ཏུ་ཕངས།།

ཀྱེ་མ་ཀུན་འབྱུང་མུན་པའི་སྲོག།
དྲུངས་ནས་འབྱིན་པའི་མཚོན་ཆ་མཆོག།
རིང་ནས་བོར་བའི་རྨོངས་པ་དག།
སུ་ཞིག་གིས་ནི་ཐར་བར་དཀྲི།།

དམ་པ་རྣམས་ཀྱིས་བསྔགས་པའི་ལམ།།
ཇི་ལྟ་བ་བཞིན་སྤྱོད་པ་ནི།།
ཀུན་གྱི་ནང་ན་མཆོག་ཡིན་ཀྱང་།།
བློ་གྲོས་དམན་པས་ཇི་ལྟར་གཞལ།།

དམ་ཆོས་འཛིན་པའི་སྨོན་ལམ་མཐུ།།
མངོན་པར་གྲུབ་པས་རྟེན་འབྱུང་གཏམ།།
ཡང་ཡང་ངག་ཏུ་སྦྱོར་བ་ནི།།
བཤེས་གཉེན་དམ་པའི་དྲིན་ལས་སུ།།

རྒྱལ་བ་དོན་གྱི་བདག་པོ་ཡིས།།
ཐུབ་བསྟན་སྲོག་གིས་སྲུང་བ་ལ།།
བྱས་པ་གཟོ་བའི་ཆོ་ག་ཡང་།།
འདི་ལས་གཞན་ན་ཐབས་གང་ཞིག།

གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ནི།།
བྱིས་པའི་རྐྱལ་གྱིས་ཆོད་མིན་ཀྱང་།།
མཁས་པར་ལད་ཟློས་རྣམ་འགྱུར་ལ།།
མང་དུ་ཐོས་པ་སུ་ཞིག་བཤུང་།།

དེ་ཕྱིར་བློ་མཉམ་གྲོགས་པོ་དག།
སྙིང་ལ་ཡ་མཚན་བསྐྱེད་པ་དང་།།
རང་ཡང་རིགས་པ་འཕེལ་བའི་ཕྱིར།།
ངལ་བའི་བརྟུལ་ཞུགས་ཅུང་ཟད་བླངས།།

འདིར་འབད་སྒྲུབ་པའི་དགེ་བ་ཡིས།།
བློ་བཟང་རིང་ལུགས་བདུད་རྩིའི་མཚོ།།
ལོག་རྟོག་དྲི་མས་མ་རྙོག་པར།།
ཕན་བདེའི་གསོས་སུ་འཕེལ་བར་ཤོག།

 ཅེས་པ་འདི་ནི་གྲོགས་པོ་ཞིག་གིས་རང་སྡེ་གྲུབ་མཐའ་སྨྲ་བ་བཞིའི་ལྟ་བའི་དགག་བྱ་སོགས་ཁ་གསལ་གོ་བདེ་བ་ཞིག་རྒྱ་ཡིག་ཏུ་འགྱུར་རྒྱུའི་རེ་བ་ཆེ་ཚུལ་གྱིས་རྩོམ་བསྐུལ་ལྟར། འབྲས་སྒོ་མང་ཀླུ་འབུམ་དགེ་བཤེས་དགེ་འདུན་བསྟན་འཛིན་དུ་འབོད་པས་སྤྱི་ལོ་༢༠༢༣ལོའི་ཟླ་༧པའི་ཚེས་༧ཉིན་དུས་ཆེན་ཁྱད་པར་ཅན་ལ་རོང་བོ་བདེ་ཆེན་ཆོས་འཁོར་གླིང་དུ་རྫོགས་པར་བྲིས་པ་སརྦ་བི་ཛ་ཡནྟུ།།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།