བོད་ཀྱི་ཡིག་རྙིང་ཁྲོད་ཀྱི་བརྡ་སྤྲོད་གྲུབ་ཆ་རེ་འགའི་སྐོར་གླེང་བ།

0
571

དེང་སྐབས་བོད་བཙན་པོའི་དུས་ཀྱི་དམག་དོན་དང་ཆབ་སྲིད། སློབ་གསོ། རྩོམ་རིག་སོགས་གཙོ་བྱས་པའི་དཔྱད་རྩོམ་མང་དག་ཅིག་བསྟུན་མར་སྤེལ་བཞིན་ཡོད་ལ། དེ་དག་གིས་གཞི་བཅོལ་སའི་ཡིག་ཆ་གཙོ་བོ་རྣམས་ནི་ཏུན་ཧོང་བྲག་ཕུག་ནས་ཐོན་པའི་ཡིག་ཆ་བདུན་སྟོང་ལྷག་ཐོན་པ་དེ་དང་དབུས་ཁུལ་གྱི་རྡོ་རིང་། དྲིལ་བུའི་ཡི་གེ།ལི་ཡུལ་བྱེ་མའི་སྦུབས་ཀྱི་བྱང་བུ་བཅས་ལ་བརྟེན་ནས་དཔྱད་བརྗོད་མང་པོ་ཞིག་གནང་ཡོད་མོད། འོན་ཀྱང་བརྡ་སྤྲོད་ཀྱི་གྲུབ་ཆ་རྣམས་ལ་བཏང་སྙོམས་སུ་བཞག་ཡོད་པས། ཚིག་དོན་མང་པོ་ཞིག་ཕྱིན་ཅི་ལོག་ཏུ་འགྲེལ་ནས་གོ་བ་ཟབ་མོ་ཞིག་ལེན་དཀའ་བའི་གནས་སུ་གྱེར་ཡོད། དེ་བས་ཕྲན་གྱིས་རང་ནུས་ཅི་ལྕོག་གིས་ཡིག་རྙིང་ཁྲོད་ཀྱི་བརྡ་སྤྲོད་གྲུབ་ཆ་རེ་འགའ་དམིགས་སུ་བཟུང་ནས་དཔྱོད་ལྡན་དག་གི་སྤྱན་ལམ་དུ་དཔྱད་གཞིའི་ཚུལ་དུ་ཕུལ་བ་ལགས།

གཅིག། ཨི་ལྡན་གྱི་ཕྲད་སྦྱོར་ཚུལ་བཤད་པ།

རང་རེའི་སྐད་ཆ་ནི་མིང་ཚིག་གི་སྔ་ཕྱིའི་བར་མཚམས་སུ་ཚིག་གི་སྒྲའི་རྐྱེན་སྦྱར་ཏེ་མིང་དོན་གསལ་བར་བྱེད་པ་ཞིག་ཡིན། ང་ཚོའི་ཡབ་མེས་རྣམས་ཀྱིས་ནམ་རྒྱུན་ཐ་སྙད་མང་པོ་ཞིག་གསོག་འཇོག་བྱས་ཏེ་བཀོལ་ཚེ་མིང་དང་མིང་གི་བར་ན་ཅི་ཞིག་གི་སྤྱད་བྱའི་དངོས་བོ་ཞིག་ཆད་པ་ལྟར་དེར་འབྲེལ་བ་ངེས་ཅན་ཞིག་ཡོད་པ་རྟོགས་ཏེ། མིང་དོན་ཕན་ཚུན་བར་དུ་དེར་དབང་བའི་རྐྱེན་སྦྱར་བས་ད་གཟོད་སྐད་ཆ་ཚད་ལྡན་ཞིག་ཏུ་གྱུར་པས། ཐོག་མར་ཕྲད“གི“འི”གཉིས་བྱུང་ཞིང“གི”ལས“གྱི”ཕྱུང་ཏེ་བཙན་པོའི་དུས་སྐབས་སུ་ཧ་ཅང་རྒྱུགས་ཆེ། དཔེར་ན། “དཔང་རྒྱ་དང་དངོས་དང་ཁས་ལེན་གི་འཛུབ་ཚད་གྱིས་བཏབ་པའ”①ཞེས་པར་ན་མཐར་གི་སྦྱར་བ་དང་། དེ་རྗེས་ལས་བྱུང་བའི་ཡིག་ཆ་ན་འདི་ལྟར་བཀོད་ཡོད་དེ། “ཟླ་གོང་གི་བུ་ཚ་རྒྱུད་འཕེལད་ལ་རྗེ་བླས་གྱི་རྔོ་ཐོག་པར་མཀས་བཀུར་ཞིང་བསྟོད་པར་གནང་ངོ།”②ཞེས་མང་པོ་བཀོད་འདུག་པ་འདི་དག་ལས་སྐབས་དེའི་སྐད་ཆ་གཞིར་བཟུང་ནས་སྒྲ་གདངས་ལྟར་བྲིས་པ་ཡིན་པས་ང་ཚོའི་སྐད་ཆ་འདི་དག་ལས་སྐབས་དེའི་ཡི་གེའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཚོན་སྟངས་ཀྱི་དབང་གིས་ད་ལྟའི་ཕྲད“ཀྱི”མི་མངོན་པ་མཐོང་ཀྱང་། ཡིན་ནའང་ལག་ལེན་དངོས་བརྒྱུད་དེ་ཞིབ་ཚགས་དང་འཐུས་ཚང་ཏུ་བཏང་བ་ལས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་དངོས་སུ་བྱུང་ཡོད་པ་མཐོང་མོད། འོན་ཀྱང“གྱི”དང“ཀྱི”གཉིས་རེས་མོས་སུ་བཀོལ་ཡོད་པ་ལས། རྗེས་སུ་སྡེ་བ་གཅིག་པའི་ཡི་གེ་གཉིས་སྒྲ་ཕལ་ཆེར་མཐུན་ཞིང་འདུག་པས་གསར་དུ་འཕེལ། འདི་ཉིད་འཕེལ་བའི་གོ་རིམ་ཁྲོད་དུ“ཀྱི”། “གྱི”གཉིས་ཀྱི་སྒྲ་གདངས་ལ་ཞིབ་ཆ་བཏོད་པས“ཀྱི”ནི་སྒྲ་དྲག་ཅིང་རང་ཤུགས་ཆེ་བ་དང་། གྱི་ནི་སྒྲ་ཞན་ཞིང་རང་ཤུགས་ཆུང་བའི་དབང་གིས།རང་གི་འཇུག་ཡུལ་གྱི་རྗེས་འཇུག་དང་མཐུན་པར་བྱས་ཏེ་སྒྲ་དྲག་པ་ད་བ་ས་གསུམ་གྱི་རྗེས་སུ་ཀྱི་སྦྱར་བ་དང་། ན་མ་ར་ལ་བཞི་ནི་སྒྲ་ཞན་པའི་ཚུལ་དུ་འཇུག་ན་དེ་ལྟར་དུ་གྱི་སྦྱར་བ་དང་། སྡེབ་སྦྱོར་གྱི་ཆ་ཡང་ལེགས་པར་ཕྱེས་བ་ཡིན། རིམ་གྱིས་གི་འི་ཀྱི་གྱི་བཅས་འཕེལ་བ་ལས།ཡི་སྒྲ་ནི་སུམ་རྟགས་ཀྱི་རྩ་གཞུང་དུ་དངོས་སུ་བསྟན་མ་བྱུང་བར་རྗེས་སུ་ཚིག་གི་ཁ་སྐོང་བའི་ཕྱིར་གསར་དུ་བསྣན་པ་ཞིག་ཡིན་ཏེ། དེ་ནི་བཙན་པོ་ཁྲི་རལ་བ་ཅན་གྱི་རིང་ལ་བྱུང་བ་ཐག་གིས་ཆོད་དེ། སྐབས་དེའི་ཁྲང་ཆིན་མཐུན་འབྲེལ་རྡོ་རིང་ཤར་ངོས་ཀྱི་ཡིག་ཕྲེང་དྲུག་ཅུའི་སྟེང“རྒྱ་ཡིས་གཙིགས་བཟུང་ངོ།”ཞེས་བ་ཞིག་དང་ཞོལ་རྡོ་རིང་ཕྱི་མའི་ལྷོ་ངོས་ཐིག་ཕྲེང43–44སྟེང་ན། “ཆབ་སྲིད་གར་མཛད་དོ་ཙོག་དུའང་ལེགས་སྟེ”སོགས་འང་དང་ཡང་རེས་མོས་སུ་སྦྱར་ཡོད་པ་མང་པོ་ཞིག་འདུག་པར་གཞིགས་ན་སྐབས་དེར་འ་མཐའ་ཅན་དང་མཐའ་མེད་ཀྱི་རྗེས་སུ་འི་ཡི་འིས་ཡིས་འང་ཡང་རྣམས་གང་བདེར་སྦྱོར་བ་ཞིག་དར་བར་འདུག་པས། དེ་ནི་བོད་སྐད་ཀྱི་ནང་དུ་འ་ཡ་གཉིས་ལྕེ་དང་ཉེ་བའི་ཆ་དང་ལྡན་ཕྱིར་གང་བདེར་སྤྱོད་པ་མང་པོ་ཡོད་དེ། དཔེར་ན། འོང་བ་ལ་ཡོང་བ་དང་། རྟའི་ཡོབ་ཆེན་ལ་འོབ་ཆེན། འུ་བུ་ཅག་ལ་ཡུ་བུ་ཅག་སོགས་འ་དང་ཡ་གཉིས་དེ་ཙ་སྡེ་ཡན་གྱི་གསལ་བྱེད་ཀ་ཅ་ཏ་པ་ཙ་རྣམས་དང་ཁ་ཆ་ཐ་ཕ་ཚ་རྣམས་ཕན་ཚུན་རེས་མོས་སུ་སྤྱོད་པ་དང་ཧ་ཅང་འདྲ་བར་འདུག། རྗེས་སུ་སྐད་ཆའི་འཕེལ་འགྱུར་དང་སྐྱེ་གནས་ཀྱི་འགྱུར་བ་དང་བསྟུན་ནས་བརྗོད་པ་གསར་དུ་ཕྱེ་སྟེ་ཡི་དང་ཡིས་བསྣན་པ་ཡིན་སྙམ།རང་རེའི་ཡབ་མེས་རྣམས་ཀྱིས་འབྲེལ་སྒྲའི་ཚིག་ཕྲད་བྱུང་འཕེལ་ལས། ད་དུང་བྱེད་པ་པོའི་བྱ་བ་བྱེད་པ་ལ་གིས་ཀྱིས་གྱིས་འིས་སོགས་རིམ་བཞིན་བྱུང་ཡོད་དེ། དཔེར་ན། 《བོད་ཀྱི་རྡོ་རིང་གི་ཡི་གེ་དང་དྲིལ་བུའི་ཁ་བྱང》ལས། “ཁོ་ན་བདག་དང་བཅུ་གསུམ་གིས་བྲོ་སྩོལད་ཏོ”ཞེས་མ་མཐར་གིས་དང《ཤོག་དྲིལ་འཕྲོ་མཐུད》ལས།“སླར་ཀྱིས་རང་ཞུགས”དང《བརྡ་རྙིང་ཡིག་ཆ་བདམས་སྒྲིག》ལས།“ཟླ་གོང་གི་བུ་ཚ་རྒྱུད་གྱིས་བཙན་པོ་ཞལ་སྔར”ཞེས་ར་མཐར་ཀྱིས་དང་ད་མཐར་གྱིས་སྦྱར་བ་དང་། ད་དུང“ཕྱུགས་ལུག་གྱིས་ཞིང་བཏབ་པ”③ཞེས་སོགས་ལས།ཨི་ལྡན་གྱི་རྣམ་དབྱེ་དེ་ཉིད་ད་དུང་བྱེད་འབྲེལ་གྱི་ཁྱད་པར་དངོས་སུ་མ་བྱུང་བར་ཕྲད་རང་དབང་ཅན་ལྟ་བུར་གནས་བའི་སྐབས་ཤིག་ཡོད་པ་མཐོང་ཐུབ།

ང་ཚོ་མེས་པོ་རྣམས་ཀྱིས་མིང་སྔ་མ་དེས་མིང་ཕྱི་མ་ལ་དོན་སྒྲུབ་པ་སྟོན་ཚེ་བསྟན་བྱའི་དོན་གྱི་རང་བཞིན་དང་བསྟུན་ནས་འབྲེལ་སྒྲ་ལས་བྱེད་སྒྲ་ལོགས་སུ་བྱུང་བ་ཡིན། “དེ་ཉིད་ལ་ནི་བཅུ་བ་སྦྱར། བྱེད་པ་པོ་རུ་ཤེས་པར་བྱ།”ཞེས་གསུངས་པ་ཡིན། བྱེད་པ་པོ་དང་བྱེད་པ་བྱུང་བ་ལས་དེས་སྩོལ་བ་དང་ཤུགས་བསྐྱེད་པ་ལས་“གིས”སོགས་ཀྱི་ཕྲད་རྣམས་བྱུང་བ་ཤེས་ཐུབ། དེ་བཞིན་དུ་ཀྱང་འང་ཡང་གསུམ་ཡང་འབྲེལ་སྒྲ་ལས་བྱུང་བ་ཡིན་ཏེ།“ཨཱ་ལི་ཕྱིས་ནས་གཉིསཔ་སྦྱར། ཚིག་རྒྱན་གཉིས་དང་སྡུད་པར་འགྱུར།”ཞེས་འབྲེལ་སྒྲའི་ཕྲད་དེ་དག་ལས། གྱང་ཀྱང་འང་ཡང་སོགས་རིམ་བཞིན་བྱུང་ཡོད། དཔེར་ན།《ཕུ་བོའི་ནུ་བོ་ལ་བསྟན་པའི་མདོ》ལས། “མྱི་རུང་བ་ཞིག་གྱང་ཡོད་དོ།”ཞེས་བ་དང་ཡང་ན་ཞོལ་རྡོ་རིང་གི་ཐིག་ཕྲེང་ཞེ་བརྒྱད་པ་ན།“ནམ་ཞར་གྱང་སྡེ་སྐུ་”ཞེས་མང་དུ་བྱུང་བ་ལས་ཤེས་སླ། རྗེས་སུ་སྐད་ཆ་སྤུས་དག་དང་ཇེ་ལེགས་སུ་བཏང་བ་དང་བསྟུན་ནས་སྒྲ་འབྱིན་ལུགས་ཀྱི་དབང་གིས་གྱང་སྒྲ་དོར་ཅིང་། ཡང་སྒྲ་གསར་དུ་བསྣན་པས་ད་ལྟའི་ཕྲད་འདི་གསུམ་བྱུང་བ་ཡིན། ཕྲད་ཀྱི་བྱུང་འཕེལ་འདི་དག་ལས་ང་ཚོའི་གནའ་བོའི་ཡིག་རྙིང་རྣམས་ཀྱང་དུས་སྐབས་ནམ་ཞིག་ལ་བཙན་པོ་སུའི་རིང་ལ་བྱུང་བར་རྒྱུས་ལོན་དང་ཟབ་ཞུགས་བྱེད་པར་ནུས་བ་གལ་ཆེན་འདོན་ཐུབ་བོ།།

གཉིས་པ། ལ་དོན་གྱི་རྐྱེན་གྱི་ཡི་གེ་བཤད་པ།

སུམ་ཅུ་བའི་དངོས་བསྟན་གྱི་ཕྲད་ཞེ་གཅིག་ཚང་མ་རྗེས་འཇུག་གི་ཡི་གེས་གྲུབ་པ་ཤ་སྟག་ཡིན་ཕྱིར། ལ་དོན་གྱི་ཕྲད་རྣམས་ཀྱང་རྗེས་འཇུག་གམ་རྗེས་འཇུག་དང་སྒྲ་མཐུན་པའི་ཡི་གེ་དག་གིས་གྲུབ་པ་ཡིན། དེ་བས་སི་ཏུ་པཎ་ཆེན་གྱིས་སུམ་ཅུ་བའི་བརྗོད་བྱ་གཙོ་བོ་རྗེས་འཇུག་གི་ཡི་གེ་ཡིན་པར་བརྗོད་པ་ནི་མཁས་བའི་ལེགས་བཤད་དུ་འཁུམས་མོ།།

དེ་བཞིན་ལ་དོན་གྱི་ཕྲད་རྣམས་རྗེས་འཇུག་རང་འདྲའི་མཐར་སྦྱར་བར་བྱས་བ་རྣམས་ནི་དང་ཐོག་ཕྲད་དུ་རུ་སུ་ལ་བཞི་མ་གཏོགས་བྱུང་མེད་པར་མངོན་ཏེ། དཔེར་ན།“བློན་ཆེན་ཕོ་མང་ཞམ་གྱིས་ལྷ་གབ་དུ་བསྟུས།”④ཞེས་དང་། “བཙན་ཕོ་སྲས་ཁྲི་སྲོང་ལྡེ་བརྩན་གྱི་སྐུ་ལ་ནི་དར་དུ་ཉེ།”⑤ཞེས་པ་ལས་ཕྲད་ཏུ་ཡིག་མི་མངོན་པ་ལ་བལྟས་ཚེ། ད་དུང་བྱུང་མེད་པར་འདུག་སྟེ། དེ་ལྟར་ན་དུ་ཡིག་གཅིག་པུས་རྗེས་འཇུག་གི་ཡི་གེ་བརྒྱད་ཀྱི་རྗེས་སུ་སྦྱོར་བར་བྱེད་པ་ཡིན།རྗེས་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བཀས་བཅད་བྱུང་རྗེས། སྐད་ཆའི་ཚིག་གི་གྲིམ་ལྷོད་དང་གདངས་ཀྱི་སྙན་ཆར་གཞིགས་ཏེ་སྐད་ཆའི་རིག་གནས་ལ་འགྱུར་བ་ཆེན་པོ་བྱུང་བས།

རྗེས་འཇུག་གི་ཡི་གེ་སྒྲ་དྲག་པ་ག་བ་དང་ད་དྲག་གི་རྗེས་སུ་ཕྲད་ཏུ་ཐོབ་པར་བྱས་ནས་ཕོ་ཡི་ཕོ་ཡི་མིང་མཐའ་དྲངས་པར་བྱས་སོ།། དཔེར་ན། ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེའི་སྟེང་ཏུ“ཕྱག་ཏུ་ངོ་མྱི་བཞེས”ཞེས་ག་བ་གཉིས་ཀྱི་རྗེས་སུ་ཏུ་དྲངས་ཡོད། དེ་ལྟར་ལོ་པཎ་དག་གིས་སྐད་གདངས་ལ་ཉམས་ཕུན་སུམ་ཚོགས་པ་ཞིག་བཏང་བས། སྔ་ན་མེད་པའི་སྙན་ཆ་དོད་དེ་ལ་དོན་གྱི་ཕྲད་རྣམས་བྱུང་བར་མངོན།

ཡུལ་གང་ཞིག་ལ་བྱ་བ་བྱས་པ་ལས་ཡུལ་གང་ལས་ཚུར་ཕྱུང་བ་སྟོན་པ་ལས། ཡུལ་ལ་སྦྱོར་བའི་ན་ལ་གཉིས་ལས་ནས་ལས་གཉིས་འབྱུང་ཁུངས་ལ་སྟོན་པ་བྱུང་བ་དང་དེ་བཞིན་དུ་བྱ་བ་སྔ་ཕྱི་མཚམས་སྦྱོར་བའི་ལྷག་བཅས་ཀྱི་དོན་ལ་ནས་སྒྲ་སྦྱོར་བའང་མངོན་ཐུབ་བོ།།

ཐོན་མིའི་གཞུང་བརྩམས་པར་གྲགས་པ་ནི་བདེན་པར་མི་འདུག་གམ་ཟེར་ན། དེ་ནི་མིན་ཏེ། འདི་ལ་ཞིབ་ཏུ་བསམ་ན་བཀས་བཅད་ཕྱི་མའི་སྐབས་སུ་ལོ་པཎ་རྣམས་ཀྱི་དགོངས་དོན་དང་། ཡང་ན་འཐུས་སྒོ་ཇེ་ཚང་དུ་བཏང་བ་ཧ་ཅང་གསལ། རིག་གཞུང་གང་འདྲ་ཞིག་ཡིན་ཡང་ཚང་མ་མེད་པ་ནས་ཡོད་པའི་ལམ་དུ་འགྲོ་བ་རྩ་བའི་ཆོས་ཉིད་དུ་སོང་ཡོད་པས་སོ།།

གསུམ་པ། སུམ་རྟགས་ཀྱི་རྩ་ཚིག་ལ་དཔྱད་པ།

སློབ་དཔོན་ཐོན་མིས་བརྩམས་པའི་སུམ་རྟགས་ཀྱི་རྩ་ཚིག་དེར་ཚིག་འབྲུ་རེ་འགའ་མ་གཏོགས་ཕལ་ཆེར་གཅིག་མཚུངས་ཡིན་ཕྱིར། ཕྱིས་ཀྱི་བརྡ་སྤྲོད་མཁན་པོ་དག་གིས་དེ་ཉིད་ལ་གཞིར་བཟུང་ནས་ཚིག་འགྲེལ་དང་དོན་འགྲེལ་བགྲང་གིས་མི་ཟིན་པ་ཞིག་བྱུང་ཏེ་བོད་ཀྱི་བརྡ་སྤྲོད་ལ་དགེ་མཚན་བླ་ལྷག་བཞག་ཡོད།

ང་ཚོའི་གནའ་བོའི་ཡིག་རྙིང་ཁྲོད་ཀྱི་བརྡ་སྤྲོད་ཀྱི་གྲུབ་ཆ་དང་ཐོན་མིའི་སུམ་རྟགས་ཀྱི་རྩ་ཚིག་གཉིས་ལ་རེ་འགའ་མཐུན་ཞིང་རེ་འགའ་མི་མཐུན་པའི་ཆ་མང་པོ་འདུག་སྟེ། དེ་ཡང་རྩ་ཚིག་ལས།“གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།”ཞེས་པའི་ཨུ་ལྡན་གྱི་ཕྲད“ཀྱི”ནི་ཁྲི་སྲོང་གི་ཡར་སྔོན་ལ་བྱུང་མེད་པ་དང་། དེ་བཞིན་དུ་མིང་གཞིའི་རྟགས་ཀྱི་ཡི་གེ་གང་དག་ལ་སྔོན་འཇུག་གི་རྟགས་ཀྱི་ཡི་གེ་གང་དག་མི་འཇུག་པའི་ཚུལ་འཆད་སྐབས“ཕོ་ནི་མ་ནིང་ལ་མི་འཇུག མོ་ནི་ཕོ་ལ་འཇུག་པ་མིན། མ་ནིང་རང་ལ་རང་མི་འཇུག རང་གི་སྡེ་དང་ཕྲད་པ་ན། ཕོ་ཡང་མོ་ལ་འཇུག་མི་འགྱུར། མ་ནིང་མོ་ཡང་དེ་བཞིན་ནོ།།”ཞེས་གསུངས་པ་ལ། བརྡ་རྙིང་དེ་དག་ལས་མི་མཐུན་པ་མང་སྟེ།《ཤོག་དྲིལ་འཕྲོ་མཐུད》ལས། “ཁུངས་ཆད་དུ་བཐབ་པ་ལས”ཞེས་པ་དང“གདམས་ཤིང་བཆོས་པ”སོགས་བྱུང་བ་དང་། སྔོན་འཇུག་མ་ནིང་ག་ད་གཉིས་མིང་གཞིའི་མ་ནིང་ལ་འཇུག་པ་ནི“ཞལ་མཆུ་གཆེས་ཕྲ་ཆི”དང་“གཐནཚིགས་བྲིས་ལགས་པའི་འོག”ཅེས་པ་དང་། ཡང་དེ་ལས།“རྒྱལ་ཕོ་ཆབ་སྲིད་འཏོ་ཞིང”ཞེས་པ་སོགས་སྔོན་འཇུག་གི་མོ་འ་མིང་གཞིའི་ཡི་གེ་ཕོ་ལ་འཇུག་པའང་ཤིན་ཏུ་གསལ།

སྤྱིར་བརྡ་རྙིང་གི་ཕྲད་གྱང་དང་ལས་སྒྲ་སྡུད་པ་ལ་འཇུག་པ་སོགས་ཕྱི་འབྲེལ་དག་གིས་བརྗོད་དཀའ་བ་རྣམས་ཡང་ཁ་གསལ་མཛད་ཡོད།འོན་ཀྱང་དེ་ལས་མཐུན་པ་དང་མི་མཐུན་པ་སྣ་ཚོགས་ཤིག་འདུག་ཀྱང་། ཁྲི་སྲོང་ལྡེ་བཙན་གྱི་རིང་ལ“ཏུ”“ཀྱི”སོགས་རྟགས་མཚུངས་འདྲེན་པའི་བརྗོད་པ་བྱས་ཏེ། བརྡ་སྤྲོད་ཀྱི་རྣམ་བཞག་འཐུས་ཚང་དུ་བཏང་ཡོད་པར་གཞིགས་ན།ལོ་རྒྱུས་ཡིག་ཚང་རྣམས་སུ་བཀོད་པའི་བོད་རྗེ་སྲོང་བཙན་སྒམ་པོའི་རིང་གི་སུམ་རྟགས་ཀྱི་རྩ་གཞུང་ནི་དེང་གི་འདི་འདྲའི་ཆ་ཚང་ཞིག་མིན་པ་རྟོགས་ཐུབ་བོ།།

མཆན་འགྲེལ།

①③《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིགཤོག་དྲིལ་འཕྲོ་མཐུད》ཅེས་པའི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་ཤོག་གྲངས་༣༥༩—༣༦༠ན་གསལ

②《བོད་ཀྱི་བརྡ་རྙིང་ཡིག་ཆབདམས་བསྒྲིགས》དེབ་དང་པོའི་ ཤོག་ངོས་༡༣༨–༡༩ ༡ན་གསལ།

④⑤《བོད་ཀྱི་བརྡ་རྙིང་ཡིག་ཆབདམས་བསྒྲིགས》དེབ་དང་པོའི་ཤོག་ངོས༡༢༥ན་གསལ།གོང་གི་དཔེ་ངོས་༡༩༡པར་གས་ལ།

⑥《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》ཀྱི་དེབ་གཉིས་པའི་ཤོག་ངོས་༢༢༦པར་གསལ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།