[ནང་དོན་སྙིང་བསྡུས། དཔྱད་རྩོམ་འདིའི་ནང་དུ་ནང་པ་སངས་རྒྱས་པའི་གཞུང་ལས་འཕྲོས་པའི་མ་རིག་པའི་སྐོར་ལ། ཐོག་མར་མ་རིག་པའི་ཐ་སྙད་དང་དེའི་གོ་དོན། དེ་བཞིན་དུ་མ་རིག་པའི་དབྱེ་བ། མ་རིག་པ་འདི་ཉིད་འཁོར་བའི་རྩ་བ་ཡིན་ཚུལ་དང་། མ་རིག་པ་འདི་ཉིད་ཅི་ཞིག་ཡིན་མིན་གྱི་སྐོར་ལ་གྲུབ་མཐའ་སོ་སོའམ་གྲུབ་མཐའ་གོང་འོག་གི་ཁྱད་པར་ཕྱེས་ཤིང་། མ་རིག་པ་འདི་ཉིད་མཐོང་སྤང་དང་སྒོམ་སྤང་གང་གི་སྤང་བྱ་ཡིན་མིན་དང་ཀུན་བཏགས་དང་ལྷན་སྐྱེས་གཉིས་ལས་གང་ཞིག་ཡིན་མིན། ད་དུང་། དེ་དང་དེ་ལ་སོགས་པ་ལས་འཕྲོས་ཏེ་འཇིག་ལྟ་དང་གང་ཟག་གི་བདག་འཛིན་གཉིས་ཁྱད་པར་སོགས་ཀྱི་སྐོར་ལ་ཡང་ཅུང་ཙམ་རྨོངས་འཆར་འགའ་བྲིས་པའི་ཁུལ་ཡིན།]
བརྡ་ཆད་གཙོ་བོ། མ་རིག་པ། འཇིག་ལྟ། རིག་པ་ཡེ་ཤེས། བདག་འཛིན། རྨོངས་པ།
དང་པོ། མ་རིག་པའི་ཐ་སྙད་དང་དེའི་གོ་དོན་ལ་དཔྱད་པ།
སྤྱིར་མ་རིག་པ་ཞེས་པའི་བརྡ་ཆད་འདིའི་མ་ཡིག་ནི་བརྡ་སྤྲོད་གཞུང་ལུགས་ཁྲོད་དུ་གསལ་བའི་དགག་ཚིག་ཅིག་ཡིན་ལ། རིག་པ་ནི་བོད་རྒྱ་ཚིག་མཛོད་ཆེན་པོ་ལས། [1]“མཐོང་བ་དང་ཤེས་པའམ་རྟོགས་པ”འི་དོན་ལ་འཇུག་པ་ཡིན། འོན་ཀྱང་། ཡིག་འབྲུ་འདི་དག་མཉམ་དུ་སྦྱར་བའི་ཚེ་དེའི་ལྡོག་ཕྱོགས་ཀྱི་གོ་བ་ཞིག་བསྟན་པ་སྟེ། མ་མཐོང་བ་དང་མ་ཤེས་པའམ་མ་རྟོགས་པའི་དོན་པ་འཇུག་པ་ཡིན། རྩ་ཤེས་འགྲེལ་བ་ལས། [2] “དེ་ལ་མ་རིག་པ་ནི་མི་ཤེས་པ་སྟེ། མུན་པ་དང་ཡང་དག་པ་ཇི་ལྟ་བ་ལ་སྒྲིབ་པར་བྱེད་པའོ། །”ཞེས་གསུངས་པ་དང་། དེ་བས་ན་སྒྲ་ཡངས་པའི་སྒོ་ནས་གང་ཟག་ཕལ་བ་ཞིག་གིས་ཀྱང་ཐ་སྙད་འདིའི་ངོ་གདོང་གི་གོ་བ་སླ་མོར་རྟོགས་ཐུབ་པར་སྙམ། དེར་བརྟེན། ཐ་སྙད་འདི་ལ་སྒྲ་དོག་པའི་སྒོ་ནས་གོ་བ་ཟབ་མོ་ཡོད་ལ། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [3]“རྩ་ཉོན་དྲུག་གི་ནང་གསེས། རིག་པ་ཤེས་རབ་ཀྱི་མི་མཐུན་ཕྱོགས་རྟེན་ཁམས་གསུམ་ལ་ཡོད་པའི་ལས་འབྲས་དང་བདེན་པ་སོགས་ཀྱི་ཚུལ་ཇི་ལྟ་བ་མི་ཤེས་པར་ཀུན་ཉོན་སྐྱེད་པར་བྱེད་པའོ།།” ཞེས་གསལ་བའོ། །དེ་བཞིན་དུ་ཐ་སྙད་དེའི་མིང་གི་རྣམ་གྲངས་ལའང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལས།[4]“མིང་གི་རྣམ་གྲངས་ལ་ང་ཡིར་འཛིན་དང་། ངར་འཛིན། དངོས་འཛིན། བདག་འཛིན། མི་ཤེས་བཅས་སོ།།” ཞེས་གསལ་བ་དང་། སྰ་ལུ་ལྗང་པའི་མདོ་ལས།[5]“དེ་ལ་མ་རིག་པ་གང་ཞེས་ན། ཁམས་དྲུག་པོ་འདི་དག་ཉིད་ལ་གང་གཅིག་པུར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་པ་དང་། ཐེར་ཟུག་ཏུ་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། སེམས་ཅན་དང་། སྲོག་དང། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་འདུ་ཤེས་པ་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུར་འདུ་ཤེས་པ་དང་། ང་ཞེས་བྱ་བ་དང་། བདག་གི་ཞེས་བྱ་བར་འདུ་ཤེས་པ་སྟེ། འདི་ལྟ་བུ་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་འདི་ནི་མ་རིག་པ་ཞེས་བྱའོ།” ཞེས་གསུངས་པའོ། །དེ་བཞིན་དུ་རྣམ་བཤད་རྟོགས་དཀའི་སྣང་བ་ལས། [6]“གང་གི་དབང་གིས་བདེན་པ་དང་ལས་འབྲས་སོགས་ལ་རྨོངས་པར་བྱེད་པའི་སེམས་བྱུང་ཉོན་མོངས་ཅན། ད་དུང་། རིག་པ་ཡེ་ཤེས་སམ་རིག་པ་ཤེས་རབ་ཀྱི་མི་མཐུན་ཕྱོགས་སོ་ཞེས་པའོ།།” ཞེས་གསལ་བ་དང་། ཡང་དུང་དཀར་ཚིག་མཛོད་ལས། [7]“ལས་འབྲས་ཀྱི་བླང་དོར་དང་བདེན་བཞིའི་གནས་ལུགས་ལ་རྨོངས་པའི་མ་རིག་པ་སྟེ། གོ་དོན་སྟབས་བདེ་བའི་དབང་དུ་བྱས་ན། བླ་དོར་གྱི་གནས་ལ་རྨོངས་པའི་རྣམ་པ་ཅན་གྱི་སེམས་བྱུང་ངམ། རྩ་ཉོན་དྲུག་གི་ཡ་གྱལ་ཞིག་སྟེ། རིག་པ་ཤེས་རབ་ཀྱི་མི་མཐུན་ཕྱོགས་དང་། ཤེས་པ་གང་ཞིག་རང་ཡུལ་དམིགས་པའི་ཚེ་ཡུལ་དེའི་རྣམ་པ་ཤིན་ཏུ་མི་གསལ་བ། ཤེས་བྱའི་གནས་ལུགས་ཇི་ལྟ་བ་བཞིན་མ་ཤེས་པར་ཀུན་ཉོན་སྐྱེ་བའི་སྒོར་གྱུར་པ་སྟེ་ཁྱད་ཆོས་གསུམ་དང་ལྡན་པ་ཞིག་ཡིན།” ཞེས་གསུངས་པའོ། །རིག་པ་ཡེ་ཤེས་ཀྱི་ལྡོག་ཟླར་འགྱུར་བའི་ཉོན་མོངས་ཅན་གྱི་ཤེས་པ་ཞེས་བཞག་ཀྱང་། སྤྱིར་གྲུབ་མཐའ་གོང་འོག་གཉིས་ཀར་མི་མཐུན་པ་ཆེར་མེད་པར་སྙམ་སྟེ། སྐབས་དོན་མ་རིག་པའི་དོན་འཇོག་སྐབས་སུ་གྲུབ་མཐའ་གོང་འོག་གི་ཁྱད་པར་འབྱེད་བྱེད་ཀྱི་བརྡ་དོན་གཙོ་བོ་ནི་རིག་པ་ཡེ་ཤེས་ཞེས་པའི་དོན་ལ་རག་ལས་པར་སེམས། དེའང་གྲུབ་མཐའ་འོག་མས་རིག་པ་ཡེ་ཤེས་ཀྱི་དོན་ནི་གང་ཟག་བདག་མེད་རྟོགས་པའི་ཤེས་རབ་ལ་གོ་དགོས་ལ། གྲུབ་མཐའ་གོང་མར་རིག་པ་ཡེ་ཤེས་ཞེས་པ་ནི། ལམ་རིམ་ལྷག་མཐོང་ལས། [8]“ཕྱི་ནང་གི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རང་བཞིན་སྒྲོ་འདོགས་པའི་བློ་ནི་འདིར་མ་རིག་པ་སྟེ།” ཞེས་གསུངས་པ་བཞིན། གང་ཟག་དང་ཆོས་རྣམས་ཐམས་ཅད་རང་བཞིན་ནམ་རང་གི་མཚན་ཉིད་ཀྱི་ངོས་ནས་གྲུབ་པ་ཡེ་ནས་མེད་པར་རྟོགས་པ་སྟེ་དེ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན། ལམ་རིམ་ལས། [9]“མ་རིག་པ་དེ་ནི་རིག་པའི་ཟློག་ཕྱོགས་ཡིན་ལ་རིག་པའང་གང་རུང་རུང་ལ་མི་བྱ་ཡི་བདག་མེད་པའི་དེ་ཁོ་ན་ཉིད་རིག་པའི་ཤེས་རབ་བོ། དེའི་ཟློག་ཕྱོགས་ནི་ཤེས་རབ་དེ་མེད་པ་ཙམ་དང་དེ་ལས་གཞན་པ་ཙམ་ལ་མི་རུང་བར་དེའི་འགལ་ཟླ་འཛིན་པའོ།” ཞེས་གསུངས་ཡོད། སྐབས་འདིར་རྗེ་རིན་པོ་ཆེས་འཛིན་པའི་དོན་གང་བཞེད་མིན་ནི་གཤམ་དུ་འཆད་པར་བྱའོ། དེ་བས་གྲུབ་མཐའ་གོང་འོག་གིས་རིག་པ་ཡེ་ཤེས་ཀྱི་དོན་འདི་གཉིས་སོ་སོར་འཇོག་ཚུལ་ལེགས་པར་དབྱེ་འབྱེད་ཐུབ་པས་གྲུབ་མཐའ་གོང་འོག་གི་མ་རིག་པའི་གོ་བ་རྙེད་ཐུབ་པར་འདོད།
གཉིས་པ། མ་རིག་པའི་དབྱེ་བ་འབྱེད་ཚུལ་ལ་དཔྱད་པ།
མ་རིག་པའི་དབྱེ་བ་འབྱེད་སྟངས་ཀྱི་ཆ་ནས་ཀྱང་མི་འདྲ་བ་དུ་མ་སྣང་བས་དེ་དག་རིམ་བཞིན་དགོད་པར་བྱ་བ་ལ། དང་པོ། མ་རིག་པའི་མིང་གི་རྣམ་གྲངས་ལའང་གོང་དུ་བཀོད་པ་ལྟར། ཡིར་འཛིན་དང་། ངར་འཛིན། དངོས་འཛིན། བདག་འཛིན། གཏི་མུག མི་ཤེས་པ་བཅས་སོ། མདོར་བསྡུས་ནས་བཤད་ན། ཕྱི་ནང་གི་དངོས་པོའི་གནས་ཚུལ་ཇི་བཞིན་མི་ཤེས་པའམ་ལེགས་ཉེས་བླང་དོར་ལ་རྨོངས་པའི་བློ་ཞིག་ལ་མ་རིག་པར་ངོས་འཛིན་བྱས་ཆོག
མ་རིག་པའི་དབྱེ་བ་འབྱེད་ཚུལ་ལ་སྣ་ཚོགས་མཆིས་ཏེ། མ་རིག་པ་ལ་དབྱེ་བ་གཉིས་སུ་འབྱེད་ཚུལ་ནི། མངོན་པ་ཀུན་བཏུས་ལས།“ རྨོངས་པ་ནི་རྣམ་པ་གཉིས་ཏེ་འབྲས་བུ་ལ་རྣམ་པར་རྨོངས་པ་དང་། དེ་ཁོ་ནའི་དོན་ལ་རྣམ་པར་རྨོངས་པ་གཉིས་ཡོད་དོ་ཞེས་གསུངས་པའོ།’’ ཞེས་གསལ་བ་དང་། མ་རིག་པ་དབྱེ་བ་གསུམ་དུ་འབྱེད་ཚུལ་ནི་དུང་དཀར་ཚིག་མཛོད་ལས། [10]“རྨོངས་པ་ཙམ་གྱི་མ་རིག་པ། ཐེ་ཚོམ་གྱི་མ་རིག་པ། ལོག་པར་རྟོགས་པའི་རྣམ་པའི་རྣམ་ཅན་གྱི་མ་རིག་པ།” བཅས་གསུམ་དུ་དབྱེ་བ་དང་། ལྔ་རུ་དབྱེ་བ་འབྱེད་ཚུལ་ནི་ཆོས་རྣམ་ཀུན་བཏུས་ལས། [11]”དོན་ལ་ཀུན་ཏུ་རྨོངས་པ། ལྟ་བ་ལ་ཀུན་ཏུ་རྨོངས་པ། བག་མེད་པ་ལ་ཀུན་ཏུ་རྨོངས་པ། དེ་ཁོ་ནའི་དོན་ལ་ཀུན་ཏུ་རྨོངས་པ། མངོན་པའི་ང་རྒྱལ་ལ་ཀུན་ཏུ་རྨོངས་པ།” བཅས་ལྔ་རུ་དབྱེ་བ་དང་། དྲུག་དུ་དབྱེ་ཚུལ་ནི་དུང་དཀར་ཚིག་མཛོད་ལས།[12]“རྩ་བ་སེམས་ཀྱི་མ་རིག་པ། འཁྲུལ་བ་ཡུལ་གྱི་མ་རིག་པ། འཁྲུལ་གཞི་གཞིའི་མ་རིག་པ། འཛིན་པ་རྟོག་པའི་མ་རིག་པ།བཅོས་པ་ལམ་གྱི་མ་རིག་པ།མ་ཤེས་པ་རྨོངས་པའི་མ་རིག་པའོ།།” ཞེས་དྲུག་ཏུ་དབྱེ་བ་དང་། བཅུ་དགུ་རུ་དབྱེ་བ་འབྱེད་ཚུལ་ནི་དུང་དཀར་ཚིག་མཛོད་ལས། [13]“སྔོན་གྱི་མཐའ་ལ་རྨོངས་པ་དང་། ཕྱི་མའི་མཐའ། དེ་གཉིས་ཀ ནང་། ཕྱི། དེ་གཉིས་ཀ །སངས་རྒྱས། ཆོས། དགེ་འདུན། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ། རྒྱུ། རྒྱུ་ལས་བྱང་བ། རེག་པའི་སྐྱེ་མཆེད་ལ་རྨོངས་པ། ལས། རྣམ་པར་སྨོན་པ། དེ་གཉིས་ཀ།ཡང་ན། དུས། དངོས་པོ། འཕོ་བ། མཆོག དེ་ཁོ་ན་ཉིད། ཀུན་བྱུང་། མངོན་པའི་ང་རྒྱལ་ལ་རྨོངས་པའོ།།” ཞེས་གསུངས་པ་ལྟར་མ་རིག་པའི་དབྱེ་བ་བཅུ་དྲུག་ཏུ་འདོད་པ་ཡིན། ད་དུང་། གཞན་ཞིག་ཡོད་པ་ནི་མ་རིག་པ་ཞེས་པའི་དགག་ཚིག་དེ་གང་ལ་གོ་དགོས་མིན་ཡིན་ཏེ།
ཡོད་པ་དག་ནི་འགོག་པ་དང་།།
གཞན་པ་ཉིད་དང་འདྲ་བ་དང་།།
སྨད་དང་ཉུང་དང་བྲལ་དོན་དང་།།
གཉེན་པོ་དག་ལ་འདི་ཡོད་དོ།།
ཞེས་པའི་དགག་སྒྲ་བདུན་ལས་མཐའ་མ་གཉེན་པོ་སྟོན་པའི་དགག་ཚིག་ཡིན་པར་གསུངས། མདོར་ན། མ་རིག་པའི་དབྱེ་བ་འབྱེད་ཚུལ་སྣ་ཚོགས་ཡོད་མོད། འོན་ཀྱང་། ཡོངས་གྲགས་སུ་ལས་འབྲས་ལ་རྨོངས་པའི་མ་རིག་པ་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་གཉིས་སུ་མ་འདུས་པ་ཞིག་མེད་པར་འདོད།
གསུམ་པ། གྲུབ་མཐའ་སོ་སོའི་འདོད་ཚུལ་ལ་དཔྱད་པ།
༡-བྱེ་བྲག་སྨྲ་བའི་འདོད་ཚུལ་གླེང་བ་ནི། ལུགས་འདི་ལ་མ་རིག་པ་ཞེས་པ་ནི་རིག་པ་བཀག་པ་ཙམ་དང་། རིག་པ་མ་ཡིན་པ་ཙམ་ལ་མ་རིག་པ་ཞེས་དམན་པའི་རིགས་པ་དགག་ཚིག་བརྗོད་པའོ། །དཔེར་ན། བུ་ངན་པ་ལ་བུ་མ་ཡིན་ཞེས་བརྗོད་ཚུལ་དེ་ལྟ་བུར་མ་རིག་པ་ཞེས་མི་བརྗོད་དེ། སྐབས་འདིའི་མ་རིག་པ་ནི་རྐྱེན་གྱི་དངོས་པོར་བསྟན་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རིམ་བཞིན་བསྟན་པས་རྟོགས་ནུས་ལ། གཞན་ཡང་། མཛོད་གནས་ལྔ་བར་ཀུན་སྦྱོར་སོགས་སུ་མ་རིག་པ་བསྟན་པས་ན་གོང་སྨྲས་དེ་ཙམ་ལ་མ་རིག་པར་གོ་མི་རུང་བ་གསལ་བོར་བསྟན་ཡོད། མ་རིག་པའི་ངོས་འཛིན་ནི་རྩ་བར། [14]“རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་” ཅེས་བསྟན་པ་བཞིན། རིག་པ་ཡེ་ཤེས་ཀྱི་ལྡོག་ཟླར་གྱུར་བའི་སེམས་བྱུང་རྨོངས་པ་ཞིག་ལ་འདོད་ཅིང་། རིག་པ་ཡེ་ཤེས་དེ་ཡང་སེམས་བྱུང་ཞེ་དྲུག་བསྟན་པ་ལས་དགེ་བ་བཅུ་གཅིག་ནང་གི་གཏི་མུག་མེད་པ་དེ་ལ་གོ་དགོས་པར་བསྟན་ནས། དེ་ལྟ་བུའི་སེམས་བྱུང་གཏི་མུག་མེད་པ་དེའི་འགལ་ཟླར་གྱུར་བའི་སེམས་བྱུང་རྨོངས་པ་ཞིག་ལ་མ་རིག་པར་འདོད་དོ།།
འཇིག་ལྟ་དང་མ་རིག་པ་གཉིས་རྣམ་པ་ཐམས་ཅད་དུ་འགལ་ཏེ། བྱེ་སྨྲའི་ལུགས་འདིེར་མ་རིག་པ་དེ་རང་གི་ཡུལ་ལ་རྨོངས་པའི་ཚུལ་གྱིས་འཇུག་ཅིང་། འཇིག་ལྟ་ནི་ཤེས་རབ་ཀྱི་ངོ་བོ་ཡིན་པས་ན་རང་གི་ཡུལ་ལ་དཔྱོད་པའི་ཚུལ་དུ་འཇུག་པའི་ཕྱིར་རོ། །དེ་ཡང་རྩ་བ་ལས།
[15]“ཤེས་རབ་ངན་པ་མིན་ལྟ་ཕྱིར།།
ལྟ་བ་དེ་དང་མཚུངས་ལྡན་ཕྱིར།།
ཤེས་རབ་ཉོན་མོངས་བསྟན་ཕྱིར་རོ།།”
ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། རྩ་བའི་ལུང་འདིས་བསྟན་བྱ་གཞན་ཞིག་ནི། ཤེས་རབ་ངན་པ་ནི་འཇིག་ལྟ་ལ་ངོས་འཛིན་ཅིང་། འཇིག་ལྟ་དེ་མ་རིག་པར་མི་འཇོག་པའི་སྒྲུབ་བྱེད་དུའང་སློབ་དཔོན་གྱིས་མདོ་སོགས་སུ་ཁུངས་གཏུགས་ནས། སློབ་དཔོན་རང་ཉིད་ཀྱིས་མཛོད་རྩ་བར་རིགས་པ་གསུམ་གྱི་སྒོ་ནས་བསྒྲུབས་པའང་སྟོན་པར་བྱེད་དོ།།
མདོར་ན། སྤྱིར་བྱེ་སྨྲའི་གྲུབ་མཐའ་སོ་སོའི་ནང་ཁུལ་དུའང་མ་རིག་པའི་ངོས་འཛིན་ཚུལ་སྣ་ཚོགས་ཡོད་པར་ངེས་ཏེ། བཙུན་པ་ཆོས་སྐྱོབ་ན་རེ། ངའོ་སྙམ་དུ་སེམས་ཅན་ལ་འཇུག་པ་ནི་མ་རིག་པའོ་ཞེས་སོགས་དུ་མ་བསྟན་ཡོད་ཀྱང་། ཁ་ཆེའི་བྱེ་བྲག་སྨྲ་བའི་འདོད་ཚུལ་ནི་གོང་སྨྲས་དེ་ལས་མ་འདས་པར་སྙམ།།
༢ མདོ་སྡེ་བའི་འདོད་ཚུལ་གླེང་བ།
ལུགས་འདིར་མ་རིག་པའི་མཚན་ཉིད་ལ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གསུངས་པ་ལྟར་ན། [16]“གང་ཟག་གི་བདག་མེད་རྟོགས་པའི་རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་བའི་སེམས་བྱུང་མ་རིག་པར་འདོད་དེ།” དེ་ལྟར་ན།ལུགས་འདི་ལ་མ་རིག་པ་དང་གང་ཟག་གི་བདེན་འཛིན་དོན་གཅིག་པ་ལྟ་བུར་མཐོང་སྟེ། གང་ཟག་གི་བདག་མེད་རྟོགས་པའི་མི་མཐུན་ཕྱོགས་དེ་གང་ཟག་གི་བདེན་འཛིན་ཡིན་པའི་ཕྱིར། གོང་སྨྲས་མཚན་ཉིད་དེ་ལྟར་འཇོག་པ་ལུང་གིས་ཀྱང་གྲུབ་སྟེ། ཚད་མ་རྣམ་འགྲེལ་ཀྱི་ཚད་གྲུབ་ལེའུ་ལས། [17]“རིག་པའི་མི་མཐུན་ཕྱིར་ཕྱོགས་དང་། སེམས་བྱུང་ཉིད་ཀྱིས་དམིགས་པའི་ཕྱིར།།” ཞེས་གསུངས་པའི་ཕྱིར་རོ། མདོ་སྡེ་བའི་ལུགས་ལ་འཇིག་ལྟ་མ་རིག་པར་འདོད་དེ།ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་འཇིག་ལྟ་ལས་རྫས་གཞན་མ་ཡིན་པའང་འདི་ཡིས་སྒྲུབ་པར་བྱེད་དོ། དེ་བས་ན། མདོ་སྡེ་བའི་ལུགས་ལ།མ་རིག་པ་ནི་སེམས་བྱུང་མི་གསལ་བའི་རྣམ་པ་ཅན་ཡིན་ལ། འཇིག་ལྟ་ནི་ཡོངས་སུ་གཅོད་པའི་རྣམ་པ་ཅན་གྱི་སེམས་བྱུང་ཡིན་པས། དེ་གཉིས་ངོ་བོ་གཅིག་ཏུ་མི་འཐད་དོ་ཅེ་ན། བདག་དང་བདག་གི་བར་ལྟ་བའི་མཚན་ཉིད་ཅན་གྱི་འཇིག་ཚོགས་ལ་ལྟ་བ་ནི་ཉོན་མོངས་ཅན་གྱི་མ་རིག་པ་ལས་གཞན་དུ་མི་རིགས་ཚུལ་མདོ་རྒྱུད་བསྟན་བཅོས་དུ་མ་ནས་གསུངས་ཤིང་། ལྷག་པར་སློབ་དཔོན་ཟླ་གྲགས་ཀྱིས་འཇིག་ལྟ་མ་རིག་པ་ཡིན་པ་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པར་འགྲེལ་པར་མཛད་དོ། །གཞན་ཡང་། ཚད་མ་རྣམ་འགྲེལ་ལས། [18]“ཉེས་པ་རྣམ་པ་ཐམས་ཅད་དག” ཅེས་སོགས་གསུངས་པའི་ཕྱིར། འོ་ན། འཇིག་ལྟ་མ་རིག་པ་དང་མཚུངས་ལྡན་དུ་སྨྲས་པའི་དོན་ནི། དེ་མ་རིག་པ་དང་ཕྱོགས་གཅིག་ཡིན་པའི་རྒྱུ་མཚན་གྱིས་བསྟན་པ་ཡིན་ནོ།།
མདོར་ན། སྤྱིར་བྱེ་མདོ་གཉིས་ཀྱིས་མ་རིག་པ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་སུ་ཐུན་མོང་གིས་འདོད་པ་ཡིན། འོན་ཀྱང་། བྱེ་བྲག་སྨྲ་བས་འཇིག་ལྟ་ལ་ཀུན་བཏགས་ལས་ལྷན་སྐྱེས་མི་འདོད་ཀྱང་། ལྟ་བར་གྱུར་བའི་ཉོན་མོངས་ལ་ཀུན་བཏགས་ཀྱིས་ཁྱབ་པར་འདོད་དོ། །མདོ་སྡེ་བའི་ལུགས་ལ་འཇིག་ལྟ་ལའང་ལྷན་སྐྱེས་ཡོད་པར་འདོད་དེ། ཚད་མ་རྣམ་འགྲེལ་ལས།
[19]“བདེ་བར་གྱུར་པའམ་སྡུག་བསྔལ་བར།།
མ་གྱུར་ཅིག་ཅེས་འདོད་པ་ན།།
ང་འོ་སྙམ་པའི་བློ་གང་དེ།།
སེམས་ཅན་ལ་བལྟ་ལྷན་ཅིག་སྐྱེས།།”
ཞེས་གསུངས་པའི་ཕྱིར། གཞན་ཡང་། ཐར་ལམ་གསལ་བྱེད་ལས། [20]“དེས་ན་འཇིག་ཚོགས་ལ་ལྟ་བ་ནི། ཕུང་པོའི་ཚོགས་རྒྱུན་གང་ལ་ཡང་མ་བཏགས་པའི་རང་དབང་བའི་ཚུལ་གྱིས་ངར་འཛིན་པ་དང་། དེ་ནས་དེའི་སྟོབས་ཀྱིས་དྲངས་པའི་ང་རང་དབང་བ་དེའི་དབང་བསྒྱུར་བྱར་འཛིན་པ་ང་ཡིར་འཛིན་པ་གཉིས་ཡོད་ལ། དེ་ལ་གྲུབ་མཐས་བཏགས་པའི་ཀུན་བཏགས་དང་། དེ་ལ་བལྟས་པ་མེད་པར་སྐྱེ་བའི་ལྷན་སྐྱེས་གཉིས་སུ་ཡོད་དོ།།” ཞེས་གསུངས་སོ།།
༣ དབུ་མ་བ་ལུགས་ཀྱི་འདོད་ཚུལ་གླེང་བ།
ཁ་ཅིག་གིས་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཡིན་ན་མ་རིག་པ་ཡིན་དགོས་པར་འདོད་ཀྱང་། དེ་ལྟར་ཡིན་མི་དགོས་ཏེ་གཉིས་སྣང་འཁྲུལ་བའི་བག་ཆགས་ཀྱིས་མ་ཁྱབ་པའི་ཕྱིར་རོ། །འོན་ཀྱང་། ཐེག་ཆེན་སྤྱིའི་དབང་དུ་བྱས་ནས་མཚན་ཉིད་བཞག་ན། རྟེན་འབྲེལ་སྤྱི་དོན་ལས།“ གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དང་། ལས་འབྲས་གྱི་འབྲེལ་བ་རགས་པ་རྟོགས་པའི་ཤེས་རབ་གང་རུང་འཛིན་སྟངས་དངོས་སུ་འགལ་ཞིང་། རང་གི་དམིགས་ཡུལ་ལ་རང་སྟོབས་ཀྱིས་རྨོངས་པའི་སེམས་བྱུང་རྨོངས་པ་དེ།མ་རིག་པའི་མཚན་ཉིད།” ཅེས་གསུངས་སོ། དབྱེ་བ་གོང་དུ་བསྟན་པ་བཞིན་དམིགས་པའི་སྒོ་ནས་དབྱེ་ནའང་གཉིས་སུ་དབྱེ་ཚུལ་ཡོད་དེ། བདག་མེད་པའི་དེ་ཁོ་ན་ཉིད་ལ་རྨོངས་པ་དང་། ལས་འབྲས་ཀྱི་འབྲེལ་བ་རགས་པ་ལ་རྨོངས་པའི་མ་རིག་པ་དང་གཉིས་ཡིན་ནོ།།
གཞན་ཡང་། མ་རིག་པ་ལ་ངོ་བོའི་སྒོ་ནས་དབྱེ་ན། ཉོན་མོངས་ཅན་གྱི་མ་རིག་པ་དང་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་སྟེ་གཉིས་ཡོད། ཡང་རྟེན་གྱི་སྒོ་ནས་དབྱེ་ན་ཁམས་གསུམ་གྱི་མ་རིག་པ་སྟེ་གསུམ་དུ་དབྱེ་ཚུལ་ཡོད། གཉེན་པོའི་སྒོ་ནས་དབྱེ་ན་གཉིས་སུ་དབྱེ་ཆོག་སྟེ་མཐོང་སྤང་དུ་གྱུར་བའི་མ་རིག་པ་དང་། སྒོམ་སྤང་དུ་གྱུར་བའི་མ་རིག་པ་གཉིས་ཡོད། འཛིན་སྟངས་ཀྱི་སྒོ་ནས་དབྱེ་ན་གཉིས་སུ་ཡོད་དེ། ལོག་ཤེས་སུ་གྱུར་བའི་མ་རིག་པ་དང་།དེ་མ་ཡིན་པར་གྱུར་བའི་མ་རིག་པ་གཉིས་སུ་ཡོད། བདག་རྐྱེན་གྱི་སྒོ་ནས་དབྱེ་ན། དབང་ཤེས་སུ་གྱུར་བའི་མ་རིག་པ་དང་། ཡིད་ཤེས་སུ་གྱུར་བའི་མ་རིག་གཉིས་སུ་ཡོད་དོ། །དེ་དག་རེ་རེ་བཞིན་རྒྱས་པར་འགོད་པའི་ངལ་བ་འདིར་བསྟེན་རྒྱུ་མིན་པས་གཞུང་གཞན་དང་གཞན་དུ་ཤེས་པར་བྱའོ།།
གསུམ་པ། མ་རིག་པ་འཁོར་བའི་རྩ་བ་འཇོག་ཚུལ་བསྟན་པ་ལ་དཔྱད་པ།
གྲུབ་མཐའ་བཞི་པོ་སོ་སོས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཡ་གྱལ་ཐོག་མའི་མ་རིག་པ་དེ་ཉིད་ཀྱི་འཇོག་ཚུལ་གང་ཡིན་ཞེས་ན་འཆད་པར་བྱ་སྟེ། གྲུབ་མཐའ་བཞི་ལས་བྱེ་བྲག་སྨྲ་བ་ནས་དབུ་མ་རང་རྒྱུད་པ་བར་གྱིས་ཐོག་མའི་མ་རིག་པ་ནི་གང་ཟག་བདག་འཛིན་ཡིན་པར་བཞེད་ལ། དབུ་མ་ཐལ་འགྱུར་བས་ཐོག་མའི་མ་རིག་པ་འདི་ཉིད་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གཉིས་ཀ་སྟེ་མདོར་ན་བདེན་འཛིན་ཉིད་ཡིན་པར་བཞེད་དེ། ཐལ་འགྱུར་བའི་ལུགས་འདིར་གང་ཟག་དང་ཆོས་ཀྱི་བདག་འཛིན་གཉིས་དམིགས་ཡུལ་གྱི་སྒོ་ནས་འབྱེད་པ་མ་གཏོགས་འཛིན་སྟངས་ཕྲ་རགས་ཀྱི་སྒོ་ནས་མི་བྱེད་པར་གཉིས་ཀ་བདེན་འཛིན་ཕྲ་མོར་འདོད་ཅིང་། དེ་བཞིན་བདག་མེད་གཉིས་ཀྱང་སྟོང་གཞི་ཆོས་ཅན་གྱི་སྒོ་ནས་འབྱེད་པ་མ་གཏོགས་གང་གིས་སྟོང་པའི་དགག་བྱ་ལ་ཕྲ་རགས་མི་འབྱེད་པར་གཉིས་ཀ་བདེན་གྲུབ་བཀག་ཙམ་གྱི་སྟོང་ཉིད་ཕྲ་མོར་བཞེད་པ་ཡིན།
སྤྱིར་བྱེ་མདོ་གཉིས་ཀྱིས་ཆོས་ཀྱི་བདག་མེད་ཞལ་གྱིས་མི་བཞེས་ལ་དང་པོས་ཆོས་ཐམས་ཅད་རྫས་ཡོད་དང་བདེན་གྲུབ་དང་ཕྱི་མས་དོན་བྱེད་ནུས་པ་དང་དོན་དམ་བདེན་པར་ཁས་ལེན་པ་ཡིན།
༡ གྲུབ་མཐའ་འོག་མ་དག་གི་མ་རིག་པ་འཁོར་བའི་རྩ་བ་འཇོག་ཚུལ་གླེང་བ།
དེ་ན་གྲུབ་མཐའ་འོག་མ་དག་གིས་མ་རིག་པ་ནི་འཁོར་བའི་རྩ་བ་རུ་ཇི་ལྟར་འཇོག་ཅེས་ན།
“གང་ཞིག་བདག་མཐོང་དེ་ལ་ནི།།
ང་ཞེས་རྟག་ཏུ་ཞེན་པར་འགྱུར།།
ཞེན་པས་བདེ་ལ་སྲེད་འགྱུར་ཏེ།།
སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད།།
ཡོན་ཏན་མཐོང་བས་ཡོངས་སྲེད་པ།།
ང་ཡི་ཞེས་དེའི་སྒྲུབ་བྱེད་ལེན།།
དེས་ན་བདག་ལ་མངོན་ཆགས་པ།།
དེ་སྲིད་དེ་ནི་འཁོར་བར་འགྱུར།།”
ཅེས་སོ་སོ་སྐྱེ་བོ་ཐ་མལ་བ་དག་གིས་ནི་རྟག་ཏུ་ང་ཞེས་བདག་ལ་སྲེད་པ་མི་སྤོངས་བས་ན། དེ་ལས་བདག་འཛིན་གྱི་སྐྱོན་རྣམས་མི་མཐོང་ཞིང་ད་དུང་བདག་གེ་བ་ལ་ཞེན་ཆགས་འཕེལ་བར་བྱེད། དེར་བརྟེན། བདག་ལ་ཞེན་ཆགས་དང་སྲེད་པ་བྱུང་བ་ལས་འཁོར་བར་འཁོར་བ་ཡིན་པར་གསུངས་ཡོད་ལ། ད་དུང་།
[21]“བདག་ཡོད་ན་ནི་གཞན་དུ་ཤེས།།
བདག་གཞན་ཆ་ལས་འཛིན་དང་སྡང་།།
འདི་དག་དང་ནི་ཡོངས་འབྲེལ་ལས།།
ཉེས་པ་ཐམས་ཅད་འབྱུང་བར་འགྱུར།།”
ཅེས་བདག་འཛིན་གྱི་ཉེས་པ་དང་མ་བྲལ་བ་དག་གིས་ནི་འཁོར་བའི་སྐྱོན་རྣམས་སྤོང་བར་མི་ནུས་སྟེ། བདག་དུ་འཛིན་པ་དེ་ལས་གཞན་གྱི་འདུ་ཤེས་སྐྱེས་ཤིང་བདག་གཞན་སོ་སོར་ལྟ་བའི་ཞེན་ཆགས་ཀྱིས་ནི་ཉེས་པ་ཐམས་ཅད་འབྱུང་བར་བྱེད་ཅེས་བསྟན་ལ། དེ་བས་ན་གྲུབ་མཐའ་འདི་དག་གིས་འཁོར་བའི་རྩ་བ་གང་ཟག་གི་བདག་འཛིན་ཡིན་པས་ན་བདག་འཛིན་དྲུངས་ནས་མ་སྤངས་བ་དེ་སྲིད་དུ་འཁོར་བ་ལས་གྲོལ་བའི་ཐབས་གཞན་མེད་ཟེར་བ་ཡིན་ཏེ། ཚད་མ་རྣམ་འགྲེལ་གྱི་རྩ་བར།
[22]“འདི་ཡུལ་སུན་ཕྱུང་མེད་པ་ནི།།
དེ་སྤོང་བར་ནི་ནུས་མ་ཡིན།།”ཞེས་གསུངས་པའི་ཕྱིར།
༢ གྲུབ་མཐའ་གོང་མ་དག་གི་མ་རིག་པ་འཁོར་བའི་རྩ་བ་འཇོག་ཚུལ་གླེང་བ།
དེ་ཡང་གྲུབ་མཐའ་གོང་མའི་དབུ་མ་ཐལ་འགྱུར་པའི་ལུགས་སུ་མ་རིག་པ་འཁོར་བའི་རྩ་བ་རུ་ཇི་ལྟར་འཇོག་ཚུལ་གྱི་སྐོར་ལ་ཅུང་ཙམ་བཤད་ན། དེའང་བཞི་བརྒྱ་པ་ལས།
[23]“ལུས་ལ་ལུས་དབང་ཇི་བཞིན་དུ།།
གཏི་མུག་ཀུན་ལ་གནས་འགྱུར་ཏེ།།
དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་།།
གཏུ་མུག་བཅོམ་པས་བཅོམ་པར་འགྱུར།།” ཞེས་པ་དང་དེའི་འགྲེལ་བར། གཏི་མུག་ཞེས་པ་ནི་དེ་རྣམས་ལ་ཇི་ལྟར་བདེན་པར་རྟོག་པ་ལས་རྨོངས་པ་ཉིད་ཀྱི་ཕྱིར་དངོས་པོ་བདེན་པའི་རང་གི་ངོ་བོར་ལྷག་པར་སྒྲོ་འདོགས་པར་རབ་ཏུ་འཇུག་གོ་ཞེས་རྩ་བས་གཏི་མུག་འཁོར་བའི་རྩ་བ་ཡིན་ཚུལ་བསྟན་པ་དང་འགྲེལ་པས་གཏི་མུག་གི་དོན་བཀྲལ་ཡོད། གཞན་ཡང་བྱང་ཆུབ་ལམ་རིམ་ལས། མ་རིག་པ་ནི། [24]”དེ་ལ་མ་རིག་པ་ནི་རིག་པའི་ཟློག་ཕྱོགས་ཡིན་ལ་རིག་པའང་གང་རུང་རུང་ལ་མི་བྱ་ཡི་བདག་མེད་པའི་དེ་ཁོ་ན་ཉིད་རིག་པའི་ཤེས་རབ་བོ། །དེའི་ཟློག་ཕྱོགས་ནི་ཤེས་རབ་དེ་མེད་པ་ཙམ་དང་དེ་ལས་གཞན་པ་ཙམ་མ་རུང་བར་དེའི་འགལ་ཟླ་འཛིན་པའོ། །དེ་ནི་བདག་ཏུ་སྒྲོ་འདོགས་པ་ཡིན་ལ་དེ་ཡང་ཆོས་ཀྱི་བདག་ཏུ་སྒྲོ་འདོགས་པ་དང་གང་ཟག་གི་བདག་ཏུ་སྒྲོ་འདོགས་པ་གཉིས་ཡིན་པས་ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་གཉིས་ཀ་མ་རིག་པ་ཡིན་ནོ།” ཞེས་པ་འདི་ནི་དབུ་བ་རིན་ཆེན་ཕྲེང་བའི་ལུང་དང་མཐུན་ཏེ། དབུ་བ་རིན་ཆེན་ཕྲེང་བ་ལས།
[25]“ཇི་སྲིད་ཕུང་པོར་འཛིན་ཡོད་པ།།
དེ་སྲིད་དེ་ལ་ངར་འཛིན་ཡོད།།
ངར་འཛིན་ཡོད་ན་ཡང་ལས་ཏེ།།
དེ་ལས་ཀྱང་ནི་སྐྱེ་བ་ཡིན།།” ཞེས་ཞེས་ཇི་སྲིད་ཕུང་པོ་བདེན་གྲུབ་ཏུ་འཛིན་པའི་འཛིན་པ་ཡོད་ན། དེས་ངར་འཛིན་འཇིག་ལྟ་ལྷན་སྐྱེས་ཉིད་སྐྱེ་བར་བྱེད་པ་ཡིན་པས་ཕུང་པོར་བདེན་འཛིན་སྤོངས་དགོས་ལ་དེ་སྤངས་ཟིན་ན་འཇིག་ལྟ་ལྷན་སྐྱེས་སྤོང་སླ་བར་སེམས། དེ་བཞིན་ལམ་རིམ་ལས་མ་རིག་པས་རང་བཞིན་སྒྲོ་འདོགས་ཚུལ་འཆད་སྐབས་སུ་དེ་ནི་ནང་གི་བློའི་དབང་གིས་བཞག་པ་མིན་པར་རང་གི་ངོ་བོའི་སྒོ་ནས་ཡུལ་གྱི་སྟེང་དུ་གྲུབ་པ་དེ་ལ་བདག་གམ་རང་བཞིན་ཟེར་བར་གསུངས་ཡོད་ལ། [26]“དེ་ཉིད་ཀྱི་ཁྱད་པར་གྱི་གཞི་གང་ཟག་གི་སྟེང་དུ་མེད་པ་ནི་གང་ཟག་གི་བདག་མེད་དང་མིག་སྣ་ལ་སོགས་པའི་ཆོས་ཀྱི་སྟེང་དུ་མེད་པ་ནི་ཆོས་ཀྱི་བདག་མེད་དུ་གསུངས་པས་རང་བཞིན་དེ་གང་ཟག་དང་ཆོས་ཀྱི་སྟེང་དུ་ཡོད་པར་འཛིན་པ་ནི་བདག་གཉིས་ཀྱི་འཛིན་པར་ཤུགས་ཀྱིས་རྟོགས་ནུས་” ཞེས་བདེན་འཛིན་མ་རིག་པ་ནི་ཆོས་དང་གང་ཟག་གཉིས་ཀའི་སྟེང་དུ་ཡོད་པས་ན་ལུགས་འདིས་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་ཡིན་ན་ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་གཉིས་ཀ་ཡིན་པར་བཞེད། དེ་བས་མདོར་ན་བདེན་འཛིན་དེ་མ་སྤངས་པ་དེ་སྲིད་དུ་འཁོར་བ་ལས་གྲོལ་ཐབས་མེད་པར་བསྟན། འོན་ཀྱང་། འཇུ་མི་ཕམ་ལ་སོགས་བོད་སྔ་རབས་པའི་མཁས་པ་ཕལ་ཆེ་བས་བདེན་འཛིན་ལ་ཤེས་སྒྲིབ་མི་འཇོག་པར་སྣང་ལ། བདེན་འཛིན་ཉོན་སྒྲིབ་ཡིན་པར་འདོད་ཅིང་འཁོར་བའི་རྩ་བ་གང་ཟག་གི་བདག་འཛིན་ལས་ཆོས་ཀྱི་བདག་འཛིན་མི་བཞེད་པར་སྣང་། འོན་ཀྱང་རི་བོ་དགེ་ལྡན་པའི་ལུགས་ལ་དེ་ལྟར་མ་ཡིན་ནོ། བྱས་ན། བདེན་འཛིན་མ་རིག་པ་དེ་ཉིད་སྤོངས་པའི་ཐབས་གང་ཡིན་ཞེས་ན། སྟོང་ཉིད་བདུན་བཅུ་པ་ལས།
[27]“རྒྱུ་རྐྱེན་ལས་སྐྱེས་དངོས་པོ་རྣམས།།
ཡང་དག་པར་ནི་རྟོག་པ་གང་།།
དེ་ནི་སྟོན་པས་མ་རིག་གསུངས།།
དེ་ལས་ཡན་ལག་བཅུ་གཉིས་འབྱུང་།།
དངོས་པོ་སྟོང་པར་དེ་རྟོགས་ནས།།
ཡང་དག་མཐོང་ཕྱིར་རྨོངས་མི་འགྱུར།།
དེ་ནི་མ་རིག་འགོག་པ་ཡིན།།
དེ་ལས་ཡན་ལག་བཅུ་གཉིས་འགག།།”
ཅེས་པ་དང་། རྩ་ཤེས་རབ་བྱེད་ཉེར་དྲུག་ལས་རྟེན་འབྲེལ་ལུགས་བཟློག་བཤད་སྐབས་སུ།
[28] “མ་རིག་འགགས་པར་གྱུར་ན་ནི།།
འདུ་བྱེད་རྣམས་ཀུན་འབྱུང་མི་འགྱུར།།
མ་རིག་འགག་པར་འགྱུར་བ་ནི།།
ཤེས་པས་དེ་ཉིད་བསྒོམས་པས་སོ།།
དེ་དང་དེ་ནི་འགགས་གྱུར་པས།།
དེ་དང་དེ་ནི་མངོན་མི་འགྱུར།།
སྡུག་བསྔལ་ཕུང་པོ་འབའ་ཞིག་པ།།
དེ་ནི་དེ་ལྟར་ཡང་དག་འགག།”དེ་བཞིན་རྩ་ཤེས་རབ་བྱེད་བཅོ་བརྒྱུད་ལས་ཐར་པ་ཐོབ་ཚུལ་འཆད་སྐབས་ཀྱི་རྩ་བར།
[29]“ལས་དང་ཉོན་མོངས་ཟད་པས་ཐར།།
ལས་དང་ཉོན་མོངས་རྣམ་རྟོག་ལས།།
དེ་དག་སྤྲོས་ལས་སྤྲོས་པ་ནི།།
སྟོང་པ་ཉིད་ཀྱིས་འགག་པར་འགྱུར།།”
ཞེས་དང་རྗེ་དགེ་འདུན་གྲུབ་ཀྱིས་དེའི་འགྲེལ་པར། [30]“སྟོང་ཉིད་བསྒོམས་པས་ལས་ཉོན་ཟད་པར་འགྱུར་ཏེ། ལས་དང་ཉོན་མོངས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་འབྱུང་། རྣམ་རྟོག་དེ་དག་བདེན་འཛིན་གྱི་སྤྲོས་པ་ལས་འབྱུང་། བདེན་འཛིན་གྱི་སྤྲོས་པ་ནི་སྟོང་པ་ཉིད་བསྒོམས་པས་འགག་པར་འགྱུར། ”[31]ཞེས་བདེན་འཛིན་གྱི་སྤྲོས་པ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་བཅོམ་ནུས་པར་གསུངས། དེ་ན་གཞུང་འདི་ཀུན་གྱིས་བསྟན་དོན་གཙོ་བོ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ནི་བདེན་འཛིན་མ་རིག་པའི་གཉེན་པོ་དངོས་ཡིན་པ་དང་གཞན་རྣམས་ནི་གཉེན་པོ་ཕལ་བ་ཡིན་པར་གོ་དགོས་ཏེ། ཚད་མ་རིག་པ་ལས།
[32]“བྱམས་སོགས་རྨོངས་དང་འགལ་མེད་ཕྱིར།།
ཤེན་ཏུ་ཉེས་པ་ཚར་གཅོད་མིན།།
ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་ལྟ་བ་ཡིན།།” ཞེས་བྱམས་སྙིང་རྗེ་ལ་སོགས་པ་ནི་བདེན་འཛིན་མ་རིག་པའི་དངོས་གཉེན་མིན་པས་ན་དེ་དག་གིས་འཁོར་བའི་རྩ་བ་གཅོད་མི་ནུས། དེ་བཞིན་རྗེ་རིན་པོ་ཆེའི་ལམ་གཙོ་རྣམ་གསུམ་ལས།
[33]“གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།།
ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།།
སྲིད་པའི་རྩ་བ་གཅོད་པར་མི་ནུས་པས།།”
དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་ནན་ཏན་དུ་གསུངས་ཡོད།།
ལྔ་བ། གཞུང་སོ་སོར་བསྟན་པའི་མ་རིག་པ་འཁོར་བའི་རྩ་བ་འགལ་བ་མེད་ཚུལ་ལ་དཔྱད་པ།
༡ཚད་མ་རྣམ་འགྲེལ་ལས་བསྟན་པའི་འཁོར་བའི་རྩ་བ་བསྟན་ཚུལ།
རྒྱུན་དུ་འཁོར་བའི་རྩ་བ་བདག་འཛིན་མ་རིག་པ་ཞེས་བདག་འཛིན་ནམ་འཇིག་ལྟ་ནི་འགྲོ་བ་འཁོར་བར་ལྟུང་བྱེད་ཀྱི་རྒྱུ་གཙོ་བོར་བཤད་པ་མང་ཏེ། དཔེར་ན། ཚད་མ་རྣམ་འགྲེལ་ལས་སྡུག་བསྔལ་གྱི་འཁོར་བའི་རྒྱུ་དང་དེའི་གནོད་བྱེད་བཤད་པའི་སྐབས་སུ། དེའི་རྩ་བར།
[34]“བདག་དང་བདག་གིར་འཛིན་བྱས་པ།།
འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི།།
རྒྱུ་ཡིན་དེ་ཡི་གནོད་བྱེད་ནི།།
བདག་མེད་མཐོང་བ་འགལ་བ་ཡིན།།”
དེ་ཡང་འགྲེལ་བར་གསལ་བ་ལྟར་ན། [35]“བདག་མེད་མཐོང་བའི་ཤེས་རབ་ཆོས་ཅན། བདག་འཛིན་དེའི་གནོད་བྱེད་ནི་ཡིན་ཏེ། དེ་དང་འཛིན་སྟངས་དངོས་སུ་འགལ་བའི་སྒོ་ནས་དེ་སུན་འབྱིན་པར་བྱེད་པའི་ཕྱིར།” ཞེས་པ་དང་།བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ་ཆོས་ཅན། གྲོལ་ལན་ཡིན་ཏེ། ཁྱོད་གོམས་པ་ལས་གནས་གྱུར་མཐར་ཕྱིན་པ་འཐོབ་པའི་ལམ་ཡིན་པའི་ཕྱིར། གཞན་ཡང་། དེ་བཞིན་དུ་གསུང་བར་ཚད་མ་རྣམ་འགྲེལ་ལས།
[36] “མ་རིག་པ་དང་འགལ་བ་དེ་གང་ཞེ་ན།
འགལ་བ་གང་ཡིན་འདིར་བཤད་བྱ།།
སྟོང་ཉིད་ལྟ་དང་དེ་འགལ་ཕྱིར།།
དེ་ཡི་རང་བཞིན་ཉེས་ཀུན་དང་།།
འགལ་བར་རབ་ཏུ་གྲུབ་པ་ཡིན།།” ཞེས་གསུངས་པ་ལྟར། སྟོང་ཉིད་རྟོགས་པའི་ལྟ་བ་ཆོས་ཅན། མ་རིག་པ་དེའི་རང་བཞིན་དང་། དེ་ལས་བྱུང་བའི་ཉེས་པ་ཀུན་དང་འགལ་བར་རབ་ཏུ་གྲུབ་པ་ཡིན་ཏེ། མ་རིག་པ་དེ་དང་འཛིན་སྟངས་དངོས་སུ་འགལ་བ་ཡིན་པའི་ཕྱིར། བསྟན་བཅོས་འདིའི་ནང་དེ་ལྟར་བཤད་ཡོད་པར་ལྟས་ན་འཁོར་བའི་རྩ་བ་བདག་འཛིན་མ་རིག་པ་ཡིན་པར་བཞེད་ཀྱི་ཡོད་པ་ལྟ་བུར་སྣང་། དེ་བཞིན་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྐབས་ཀྱི་ཐོག་མའི་མ་རིག་པ་འཇོག་སྐབས་རང་རྒྱུད་པ་མན་ཆད་ཀྱིས་བདག་འཛིན་འཇིག་ལྟ་འཇོག་པ་གོང་ལྟར་ཡིན་པས་འདི་ནི་གྲུབ་མཐའ་འོག་མས་འཇོག་ཚུལ་དང་མཐུན་པ་ཡིན།
༢ དབུ་མ་བའི་མ་རིག་པ་འཁོར་བའི་རྩ་བ་བསྟན་པ་ཚུལ་གླེང་བ།
དེ་ཡང་དབུ་མ་རིན་ཆེན་ཕྲེང་བར་འཁོར་བའི་རྒྱུ་བཤད་སྐབས།
[37]“ཇི་སྲིད་ཕུང་པོ་འཛིན་ཡོད་པ།།
དེ་སྲིད་དེ་ལ་ངར་འཛིན་ཡོད།།
ངར་འཛིན་ཡོད་ན་ཡང་ལས་ཏེ།།”
དེ་ལས་ཡང་ནི་སྐྱེ་བ་ཡིན། །དེའི་འགྲེལ་བར། [38] “ཇི་སྲིད་ཕུང་པོ་རང་བཞིན་གྱིས་གྲུབ་པར་འཛིན་པ་ཡོད་ཅིང་དེའི་ཞེན་ཡུལ་རིགས་པས་སུན་མ་ཕྱུང་བ་ཡོད་པ་དེ་སྲིད་དེ་ལས་འཇིགས་ཚོགས་ལ་ལྟ་བས་བསྡུས་པའི་ངར་འཛིན་ཉིད་ཅུང་ཟད་ཀྱང་མ་ཉམས་པར་ཡོད་ལ། མངོན་གྱུར་ཙམ་ཡང་མ་ཉམས་པའི་ངར་འཛིན་དེ་འདྲ་བ་ཡོད་ན་ཡང་འཁོར་བར་འཕེན་བྱེད་ཀྱི་ལས་གསོག་སྟེ།” ཞེས་པ་ལྟར་ན་ཇི་སྲིད་ཕུང་པོ་རང་བཞིན་གྱི་འཛིན་པ་མ་དོར་བ་དེ་སྲིད་དུ་བདག་འཛིན་འཇིག་ཚོགས་སྤོང་མི་ནུས་པ་ལྟ་བུར་བཤད་འདུག གཞན་ཡང་དེ་ཉིད་ལས།
[39]“ཕུང་པོ་དེ་ལྟར་མི་བདེན་པར།།
མཐོང་ནས་ངར་འཛིན་སྤོང་བར་འགྱུར།།
ངར་འཛིན་པ་དག་སྤངས་ནས་ནི།།
ཕྱིས་ནི་ཕུང་པོ་འབྱུང་མི་འགྱུར།།” དང་དེའི་འགྲེལ་བར། [40]“ཕུང་པོ་དེ་ལྟར་མི་བདེན་པར་མཐོང་ནས། ང་དང་ང་ཡི་བ་རང་བཞིན་གྱིས་གྲུབ་པར་འཛིན་པའི་ང་དང་ངར་འཛིན་པ་དག་སྤོང་བར་འགྱུར་ལ་དེ་སྤངས་ནས་ནི་ཕྱིས་ནི་སྡུག་བསྔལ་གྱི་ཕུང་པོ་འབྱུང་བར་མི་འགྱུར་ཞིང་། སྡུག་ཀུན་སྤངས་བས་ཐར་པ་ཐོབ་པར་འགྱུར་རོ།” ཞེས་པའི་བསྟན་དོན་ནི་ང་དང་ང་ཡི་བའི་འཇིག་ལྟ་སྤོང་བའི་རྒྱུར་ཕུང་པོ་རང་བཞིན་གྱིས་མ་གྲུབ་པ་སྔོན་དུ་འགྲོ་དགོས་པ་བསྟན་ཡོད་པས། ཕུང་པོ་བདག་མེད་པ་རྟོགས་རྗེས་གང་ཟག་བདག་མེད་རྩོལ་མེད་དུ་རྟོགས་སླ་བ་མིན་ནམ་སྙམ། དེ་ལྟར་ཡིན་ན་འཁོར་བའི་རྩ་བ་ནི་འཇིག་ལྟ་ཁོ་ན་མིན་པར་ཆོས་ཀྱི་བདག་མེད་ཀྱང་ཡིན་པས་ན་ངེས་པར་དུ་འཁོར་བ་ལས་གྲོལ་བར་གང་ཟག་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་ཀ་རྟོགས་དགོས་པ་ནི་གཞུང་འདིའི་བསྟན་དོན་ཡིན་ལ་དེ་ནི་དབུ་མ་ཐལ་འགྱུར་བའི་མཐུན་མོང་མ་ཡིན་པའི་བཞེད་པ་ཡིན། གཞན་ཡང་དགོངས་པ་རབ་གསལ་ལས། [41] “འདིས་ནི་གདགས་གཞི་ཕུང་པོ་བདེན་པར་ཞེན་པའི་ཡུལ་སུན་མ་ཕྱིན་ན། བཏགས་ཆོས་གང་ཟག་ལ་བདེན་པར་འཛིན་པའི་ཞེན་ཡུལ་ཡང་སུན་མི་ཕྱིན་པས།གང་ཟག་བདེན་མེད་དུ་མ་རྟོགས་པའི་ཕྱིར། གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པ་མ་རྟོགས་བར་བསྟན་ནོ།” ཞེས་འཇུག་པ་རང་འགྲེལ་གྱི་དགོངས་པ་བཀྲལ་འདུག་པས་ཀྱང་ཆོས་ཀྱི་བདག་མེད་མ་རྟོགས་པར་གང་ཟག་གིས་བདག་མེད་རྫོགས་པར་རྟོགས་རྒྱུ་མེད་པར་གསུངས། གཞུང་ཚིག་འདི་དག་ལས་གནད་དོན་གཞན་ཞིག་རང་ཤུགས་ཀྱིས་དྲུད་འོང་བ་ནི་དེ་ནི་ཉན་རང་གི་ཆོས་ཀྱི་བདག་མེད་རྟོགས་ཡོད་མེད་ཀྱི་རྩོད་རྙོག་དེ་རེད། དེའི་སྐོར་མདོར་ཙམ་གཤམ་ནས་ལོགས་སུ་འཆད་པར་བྱོའོ། དེ་ཡང་དབུ་མ་འཇུག་པ་ལས།
[42]“ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ།།
ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིག།
བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས།།
རྣལ་འབྱོར་བ་ཡིས་བདག་ནི་འགོག་པར་བྱེད།།”
ཅེས་གསུང་པ་ལྟར། འཁོར་བ་ཐོག་མ་མེད་པ་ནས་ལས་ཉོན་གྱི་སྐྱོན་དེ་དག་གིས་དབང་གི་འཁོར་བ་འདིར་མུ་ནས་མར་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་ཟམ་མ་ཆད་པར་བྱུང་བ་ཡིན། དེ་ཡང་འཁོར་བའི་སྐྱོན་འདི་དག་གང་ལས་འབྱུང་མིན་བརྟགས་ཤིང་དཔྱད་པའི་ཚེ། དེའི་རྒྱུའམ་རྩ་བ་ནི་བདག་ལ་ལྟ་བ་ཉིད་ཡིན་པ་འཁོར་བ་ལས་ཐར་འདོད་པའི་རྣལ་འབྱོར་བས་རྟོགས་པས།དེ་དག་གིས་ཐབས་ཤེས་གང་རུང་གིས་འཁོར་བའི་རྩ་བར་འགྱུར་བའི་བདག་འདི་ཉིད་འགོག་པར་བྱེད་པ་ཡིན། འཇིག་ལྟ་འདིའི་དམིགས་པ་ནི་གང་ཟག་རང་སྐྱ་ཐུབ་པའང་རང་ངོས་ནས་ཡོད་པར་འཛིན་པའི་བདག་འཛིན་ནམ་བདག་དེ་ཡིན་པས། རྣལ་འབྱོར་བས་དེ་འགོག་པ་ཡིན། འོན་ཀྱང་། ཕྱི་རོལ་པ་དག་གིས་ནི་བདག་དེར་ཁྱད་ཆོས་ལྔ་དང་དགུ་སོགས་སྦྱར་ནས། དེ་ཉིད་འཁོར་བའི་རྩ་བར་འདོད་མོད། དེ་ནི་དཔལ་ལྡན་ཟླ་གྲགས་སོགས་དབུ་མ་ཆེན་པོ་བ་རྣམས་ཀྱིས་ལེགས་པར་བཀག་ཡོད་དེ། དབུ་མ་དགོངས་པ་རབ་གསལ་ལས།
[43]“ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས།།
གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང་།།
གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས།།
སྐྱེ་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར།།”ཞེས་དང་།ཡང་དེ་ཉིད་ལས།
[44]“བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་།།
འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ།།
དེའི་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ།།
དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར།།
རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ།།
འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ།།
སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི།།
ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ།།”
ཞེས་རྟག་པའི་བདག་གམ་ཀུན་བཏགས་ཀྱི་བདག་འདི་ཉིད་བདག་མེད་མཐོང་བའི་རྣལ་འབྱོར་བའི་སྤང་བྱར་བཞག་ཤིན་ཏུ་མི་འཐད་ཚུལ་ལེགས་པར་གསུངས་ཡོད། འོ་ན་གོང་དུ་རིན་ཆེན་འཕྲེང་བ་ལས་འཁོར་བའི་རྩ་བ་ཆོས་ཀྱི་བདག་འཛིན་ཡིན་གསུངས་བ་དང་འགལ་བར་འགྱུར་རོ་ཞེས་ན། དབུ་མ་དགོངས་པ་རབ་གསལ་ལས། [45]“སྐྱོན་མེད་དེ་འདི་པའི་ལུགས་ཀྱི་བདག་འཛིན་གཉིས་དམིགས་པས་སོ་སོར་འབྱེད་ཀྱི། འཛིན་སྟངས་ཀྱི་རྣམ་པ་མི་འདྲ་བ་མེད་དེ། གཉིས་ཀ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྣམ་པ་ཅན་ཡིན་པའི་ཕྱིར་དང་། འཁོར་བའི་རྩ་བ་གཉིས་འགལ་བ་ནི་ཡུལ་ལ་འཇུག་པའི་འཛིན་སྟངས་མི་མཐུན་པ་གཉིས་འཁོར་བའི་རྩ་བར་འཇོག་པ་ལ་བྱེད་པའི་ཕྱིར་རོ།” ཞེས་དང་དེ་བཞིན་ལམ་རིམ་ལས་ [46]“ཆོས་ཀྱི་བདག་ཏུ་རྨོངས་པའི་མ་རིག་པ་གང་ཟག་གི་བདག་ཏུ་རྨོངས་པའི་རྒྱུར་བསྟན་པ་ན་མ་རིག་པའི་ནང་ཚན་གཉིས་རྒྱུ་འབྲས་སུ་འགྲོ་ཚུལ་སྟན་པས་ན་འཇིག་ལྟ་མ་རིག་པ་ལས་གཞན་པའི་ཉོན་མོངས་ཐམས་ཅད་ཀྱི་རྩ་བར་བསྟན་པ་ལ་འགལ་བ་མེད་དོ།།” ཅེས་གསུངས་ལ། འཇུག་པར་དེས་ན་ཆོས་ཀྱི་བདག་འཛིན་འཇིག་ལྟའི་རྒྱུར་སྟོན་པ་ན། མ་རིག་པའི་ནང་ཚན་གཉིས་རྒྱུ་འབྲས་སུ་སྟོན་ཞིང་། དེ་གཉིས་ཀ་ཉོན་མོངས་ཀྱི་རྩ་བར་སྟོན་པ་ན་རང་དང་འཛིན་སྟངས་མི་མཐུན་པའི་ཉོན་མོངས་གཞན་ཐམས་ཅད་ཀྱི་རྩ་བར་སྟོན་པ་ཡིན་ལ། ཚུལ་དེ་ཡང་དེ་གཉིས་ཀ་ལ་ཡོད་པས་མི་འགལ་ཏེ། མ་རིག་པའི་རིགས་འདྲ་སྔ་ཕྱི་གཉིས་ཀ་འཁོར་བའི་རྩ་བར་མི་འགལ་བ་བཞིན་ཞེས་བསྟན་ན་འདིར་རིན་ཆེན་ཕྲེང་བ་དང་དབུ་མ་འཇུག་པ་གཉིས་སུ་འཁོར་བའི་རྩ་བ་བསྟན་ཚུལ་མི་འདྲ་བ་གཉིས་ཡོད་ནའང་དོན་དུ་ཐལ་འགྱུར་བའི་ལུགས་ལ་འགལ་བ་མེད། འོན་ཀྱང་། རང་རྒྱུད་པ་ལྟ་བུས་གཞུང་འདི་གཉིས་ཀྱི་འགལ་སྤོངས་ཇི་ལྟར་མཛད་མིན་ནི་གཞན་དུ་ཤེས་པར་བྱའོ།།
དྲུག་པ། མ་རིག་པ་མཐོང་སྒོམ་གང་གི་སྤང་བྱ་ཡིན་མིན་ལ་དཔྱད་པ།
དེ་ཡང་མ་རིག་པ་འདི་ཉིད་མཐོང་སྤང་དང་སྒོམ་སྤང་གང་ཡིན་མིན་ཐད་བོད་ཀྱི་མཁས་པ་ནང་ཕན་ཚུལ་མི་མཐུན་པ་འགའ་ཡོད་པར་སྣང་སྟེ། ཕར་ཕྱིན་ཟུར་མཆན་དུ་དོན་གསང་མཁན་པོས་དེ་མཐོང་སྤང་ཁོ་ནར་འདོད་ལ། གསེར་ཕྲེང་ལས་དེ་སྒོམ་སྤང་ཁོ་ནར་བཤད་པ་ལྟར་བླ་མ་དམ་ཆོས་ཀྱིས་ཀྱང་དེ་སྒོམ་སྤང་ཁོ་ནར་འདོད་དོ། ཞེས་གསུངས་ཡོད་ལ། པཎ་ཆེན་བསོད་ནམས་གྲགས་པས། [47] “ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་རང་གི་ངོ་བོ་སྒོམ་སྤངས་ཡིན་ཀྱང་། དབྱེ་ན་མཐོང་སྤངས་དང་སྒོམ་སྤངས་གཉིས་སུ་ཡོད་ཅེས། ”དོན་དུ་མཐོང་སྒོམ་གཉིས་ཀའི་ཆར་གྱུར་བའི་མ་རིག་པ་ཡོད་པར་གསུངས་ཡོད་ལ། རྒྱུན་ཞུགས་ཀྱིས་མཐོང་སྤངས་སུ་གྱུར་པའི་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་སྤངས་ལ་སྒོམ་སྤངས་སུ་གྱུར་བའི་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་སྤངས་མེད་པར་བཞེད། ཉན་ཐོས་དགྲ་བཅོམ་པས་དེ་གཉིས་ཀ་སྤངས་ཡོད་པར་འདོད། དེ་བཞིན་ཕར་ཕྱིན་རྟོགས་དཀའི་སྣང་བ་ལས་ཀྱང་འདི་ལ་མཐོང་སྤང་དང་སྒོམ་སྤང་གི་ཆ་གཉིས་ཀ་ཡོད་པ་འཐད་ཅེས་དོན་གསང་མཁན་པོ་སོགས་མཐོང་སྤངས་ཁོ་ན་ཡིན་པའི་ལུགས་བཀག་ཡོད། དེ་བཞིན་གཞུང་དེར་སྒོམ་སྤང་ཁོ་ན་ཡིན་པས་ཁྱབ་པ་ནི་མི་འཐད་དེ། མཐོང་སྤང་གི་མ་རིག་པས་ལས་འབྲས་ལ་སྐུར་བ་འདེབས་པའི་ལྟ་བ་ངན་པ་བསྐྱེད་དེ་ངན་འགྲོའི་སྐྱེ་བ་འཕེན་པ་མི་སྲིད་པར་ཐལ་བའི་ཕྱིར་རོ་ཞེས་དང་། རྗེ་རིན་པོ་ཆེའི་ལེགས་བཤད་གསེར་ཕྲེང་དུ། དེས་ན་སྒོམ་སྤང་དུ་རིགས་སོ་ཞེས་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་མ་རིག་པ་འདི་ཉིད་སྒོམ་སྤང་དུ་བཞེད་དེ། འོ་ན། འཕགས་པས་ཀྱང་འཁོར་བ་སྤངས་མེད་དེ་ཡན་ལག་བཅུ་གཉིས་ཀྱི་ནང་མཚན་དུ་གྱུར་པའི་མ་རིག་པ་སྤངས་མེད་པའི་ཕྱིར་ཞེས་ན།དེ་ནི་མ་ཡིན་ཏེ། རྗེ་རིན་པོ་ཆེ་མཆོག་གིས། [48]“སྒོམ་སྤང་ཡིན་ཀྱང་འཕགས་པ་ལ་མེད་པར་ནི་དུ་མ་ཞིག་བཤད་དེ། དཔེར་ན། ཡུལ་ལ་དམིགས་པའི་ཞེ་སྡང་དྲག་པོ་བཞིན།” ཞེས་སྒོམ་སྤང་ཡིན་ན་འཕགས་ལ་ཡོད་དགོས་པ་དང་མི་འགལ་ཚུལ་གསུངས་ཡོད།
དེ་བཞིན་ལུགས་གཉིས་པ་སྟེ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་འདི་ཉིད་མཐོང་སྤང་མ་ཡིན་སྟེ། གལ་ཏེ་མཐོང་སྤང་ཡིན་ན་གྲུབ་མཐས་བློ་མ་བསྒྱུར་བ་དུད་འགྲོའི་རྒྱུད་ལ་དེ་མེད་དགོས་ཏེ། དེ་ཀུན་བཏགས་ཡིན་པའི་ཕྱིར།འོན་ཀྱང་དོན་དུ་གྲུབ་མཐས་བློ་མ་བསྒྱུར་བའི་དུད་འགྲོ་དག་གི་རྒྱུད་ལའང་ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་ལས་གསར་དུ་བསོག་པ་ཡོད་པས་ན། དེ་ཉིད་སྒོམ་སྤངས་སུ་རིགས་སོ་ཞེས་པར། ཕར་ཕྱིན་སྤྱི་དོན་དུ་སྒོམ་སྤང་དུ་བཞེད་པ་ནི་མི་འཐད་པར་གསུངས་ཏེ། ཀུན་བཏུས་ལས། ངན་སོང་བའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ནི་མཐོང་བས་སྤང་བར་ལྟ་བར་བྱའོ། །ཞེས་ངན་སོང་བའི་ཕུང་ཁམས་དང་སྐྱེ་མཆེད་མཐོང་སྤངས་སུ་བཤད་ཡོད་དོ་བཅས་ཀྱང་དགག་ཡོད།
འོ་ན། དེ་ལྟར་འདོད་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། མཐོང་སྤང་ཁོ་ན་ཡིན་པའི་རྒྱུ་མཚན་དུ། དོན་གསང་མཁན་པོས། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ཡིན་ན་མཐོང་སྤངས་ཡིན་པས་ཁྱབ་སྟེ། འཕགས་རྒྱུད་ལ་དེ་མེད་པའི་ཕྱིར་ཏེ། འཕགས་རྒྱུད་ལ་ཡང་སྲིད་ཕྱི་མའི་ཕུང་པོ་འཕེན་བྱེད་ཀྱི་ལས་གསར་དུ་བསོག་པ་མེད་པའི་ཕྱིར། བདེན་པ་མཐོང་ལ་འཕེན་པ་མེད། །ཞེས་ཟེར་མོད། དེར་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས། དེ་ལྟར་ན་ [49]“ཉན་ཐོས་ཀྱི་མཐོང་ལམ་ཐོབ་པ་ན་དགྲ་བཅོམ་ཡང་ཐོབ་པས་ཁྱབ་པར་ཐལ། དེའི་ཚེ་འཁོར་བའི་རྩ་བ་མ་ལུས་པ་སྤངས་པས་ཁྱབ་པའི་ཕྱིར།’’ ཞེས་དགག་ཡོད། དེ་བཞིན་དུ་ཕར་ཕྱིན་སྤྱི་དོན་དུ། གལ་ཏེ་དེ་ཉིད་མཐོང་སྤང་ཡིན་ན། རྒྱུན་ཞུགས་ཀྱིས་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་མཐོང་སྤངས་སྤངས་པས་དེའི་ནང་ཚན་དུ་གྱུར་པའི་མ་རིག་པ་སྤང་དགོས་ལ་དེ་མ་སྤངས་པའི་ཕྱིར། རྒྱུན་ཞུགས་ཀྱིས་དེའི་ནང་ཚན་དུ་གྱུར་པའི་མ་རིག་པ་མཐོང་སྤངས་སྤངས་ཏེ། རྣལ་འབྱོར་སྤྱོད་པའི་ས་ལས། རྒྱུན་དུ་ཞུགས་པས་ཡན་ལག་དུ་སྤངས་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ། གང་ཡང་རུང་བ་རིལ་གྱི་སྤངས་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར། རྒྱུན་ཞུགས་ཀྱི་སྤངས་བྱ་ནི་མཐོང་སྤངས་ཡིན་པས་དེས་མཐོང་སྤང་ནི་སྤངས་བ་ཡིན། འོན་ཀྱང་། ཀུན་བཏགས་ཙམ་སྤངས་པ་ལས་ལྷན་སྐྱེས་ནི་སྤངས་བ་མ་ཡིན་ཏེ། རྣམ་འགྲེལ་ལས། ལྷན་ཅིག་སྐྱེས་པ་མ་སྤངས་ཕྱིར། །སྤངས་ན་སྲིད་པ་ག་ལ་ཡོད། །ཅེས་གསུངས་བས་སོ།།
མདོར་ན། གཞུང་འདི་དག་ལས་མཐོང་སྤང་ཁོ་ན་མ་ཡིན་པའི་རྒྱུ་མཚན་དང་སྒོམ་སྤང་ཁོ་ན་མ་ཡིན་པའི་རྒྱུ་མཚན་ཏོག་ཙམ་མི་མཐུན་པར་གསུངས་འདུག འོན་ཀྱང་། བདག་སེམས་སུ་ནི་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་འདི་ཉིད་ལ་མཐོང་སྤང་དང་སྒོམ་སྤང་གཉིས་ཀྱི་ཆ་ཡོད་པར་གསུངས་པའི་ལུགས་དེ་བློ་ལ་འཐད་པར་སྣང་། པཎ་ཆེན་བསོད་ནམས་གྲགས་པ་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ཀས་ཡན་ལག་བཅུ་གཉིས་ཀྱི་ནང་མཚན་དུ་གྱུར་པའི་མ་རིག་པར་མཐོང་སྤང་དང་སྒོམ་སྤང་གི་ཆ་གཉིས་ཀ་ཡིན་པར་བཞེད་མཐུན་མོད། པཎ་ཆེན་གྱིས་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་རང་གི་ངོ་བོ་སྒོམ་སྤངས་ཡིན་པ་ཁ་གསལ་དུ་གསུངས་ཡོད་མོད་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་དེ་ལྟར་ཁ་གསལ་གསུངས་མེད། དེ་བཞིན་རྗེ་རིན་པོ་ཆེས་སྒོམ་སྤང་དུ་བཞེད་ཡོད་ལ་པཎ་ཆེན་གྱིས་དེའི་ངོ་བོ་སྒོམ་སྤང་དུ་བཞེད་པ་སོགས་ནི་ཕན་ཚུན་གྱི་ཁྱད་པར་རོ། །སྐབས་དོན་འདིར་ཞོར་དུ་འཆད་པར་བྱ་བ་གཞན་ཞིག་ཡོད་པ་ནི། སྤྱི་མ་རིག་པ་ལ་ལས་འབྲས་ལ་རྨོངས་པའི་མ་རིག་པ་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་གཉིས་ཡོད་ལ། ཀུན་བཏུས་ལས།རྨོངས་པ་ནི་གཉིས་ཏེ། འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་དང་དེ་ཁོ་ནའི་དོན་ལ་རྨོངས་པའོ། །ཞེས་གསུངས། དེ་བས་འདིར་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་འདི་ཉིད་རྨོངས་པ་དེ་གཉིས་ཀྱི་གང་ཡིན་ཞེ་ན། ཕར་ཕྱིན་སྤྱི་དོན་ལས། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ཡིན་ན། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་གང་ཟག་གི་བདག་འཛིན་ཡིན་དགོས་པའི་ཕྱིར་ཞེས་གསུངས་ཡོད་ལ། ལེགས་བཤད་གསེར་ཕྲེང་དུའང་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ནི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཡིན་པར་གསུངས་པས་ན་གཉིས་ཀ་མཐུན་པར་སྣང་།དེ་བཞིན་ཉོན་མོངས་ཅན་གྱི་མ་རིག་པ་ལ་རྒྱུའི་ཀུན་སློང་གི་མ་རིག་པ་དང་དུས་ཀྱི་ཀུན་སློག་གི་མ་རིག་པ་གཉིས་ཡོད་པ་སྟེ། ཞེས་གསུངས་པ་ལས་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ཡིན་ན་རྒྱུའི་ཀུན་སློང་གི་མ་རིག་པ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་རང་འབྲས་རྟེན་འབྲེལ་ཕྱི་མ་རྣམས་ཀུན་ནས་སློང་བྱེད་ཡིན་དགོས་པའི་ཕྱིར་ཞེས་པའང་གསེར་ཕྲེང་དང་པཎ་ཆེན་བསོད་གྲགས་གཉིས་མཐུན་ནོ།།
བདུན་པ། ཐོག་མའི་མ་རིག་པ་ལྷན་སྐྱེས་དང་ཀུན་བརྟགས་གང་ཞིག་ཡིན་མིན་ལ་དཔྱད་པ།
དེ་ཡང་ཀུན་བརྟགས་ནི་གྲུབ་མཐས་བློ་བསྒྱུར་བའི་དབང་གིས་རང་རྒྱུད་ལ་གྲུབ་མཐའ་དེས་བསྟན་པའི་རྣམ་གཞག་རྣམས་བདེན་པར་ཞེན་པ་ལྟ་བུའི་བློ་ཞིག་ལ་གོ་དགོས། དེ་བས་ན་གྲུབ་མཐའ་གང་ལའང་མ་སྦྱངས་པའི་སྐྱེས་བུ་དང་སྲོག་ཆགས་སོགས་ཀྱི་རྒྱུད་ལ་ནི་ཀུན་བརྟགས་ཡོད་པའི་སྐབས་མེད། དཔེར་ན། ཕྱི་རོལ་པའི་འདོད་པའི་གང་ཟག་རྟག་གཅིག་རང་དབང་བའི་བདག་བཞེད་པ་ལྟ་བུ་དང་མཆོད་སྦྱིན་ལ་སོགས་པའོ།ལྷན་སྐྱེས་ནི་གྲུབ་མཐའ་གང་གིས་བློ་བསྒྱུར་བ་ལས་བྱུང་བ་མ་ཡིན་པར་སྐྱེས་བ་ཐོག་མ་མེད་པ་ནས་མ་རིག་པའི་བག་ཆགས་དབང་གིས་གོམས་པའི་བློ་སྟེ། གང་ཟག་རང་རྐྱ་ཐུབ་པའི་རྫེས་ཡོད་ཀྱི་བདག་ལྟ་བུ་དང་དེ་རིང་གི་ང་དང་ཁ་སང་གི་ང་དེ་ག་རང་ཡིན་སྙམ་པའི་རྟག་འཛིན་ལྟ་བུ་ནི་ལྷན་སྐྱེས་ཡིན། དེ་བས་ན་དགོངས་པ་རབ་གསལ་ལས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ནི་གྲུབ་མཐས་བློ་མ་བསྒྱུར་པ་ལ་ཡང་ཡོད་མོད་ཀྱང་། གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་གཞན་དུ་ཡོད་པར་འཛིན་པ་ནི་གྲུབ་མཐས་བློ་མ་བསྒྱུར་བ་ལ་མེད་དོ་ཞེས་དང་། སྐབས་འདིར་བསྟན་གྱི་ཕྱི་མ་སྟེ་གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་གཞན་དུ་ཡོད་པར་འཛིན་པ་ཞེས་པ་ནི་གང་ཟག་རྟག་གཅིག་རང་དབང་ཅན་དུ་འཛིན་པ་དང་དོན་གཅིག་ཡིན་པར་པཎ་ཆེན་གྱིས་གསུངས་ལ་དེ་བཞིན་མཁས་གྲུབ་བསྟན་དར་མཆོག་གི་དབུ་མའི་སྤྱི་དོན་ལས་ལུགས་འདི་ལ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་ལ་ཀུན་བརྟགས་ཀྱིས་མ་ཁྱབ་ཀྱང་། གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་ལ་ཀུན་བརྟགས་ཀྱིས་ཁྱབ། གང་ཟག་རྟག་གཅིག་རང་དབང་ཅན་དུ་འཛིན་པའི་རྟོག་པ་ལ་ཀུན་བརྟགས་ཀྱིས་ཁྱབ་པའི་ཕྱིར་ཞེས་དེ་གཉིས་དོན་གཅིག་ཡིན་པའི་བཞེད་པ་མཐུན་ལ་ཀུན་བརྟགས་དང་ལྷན་སྐྱེས་འཇོག་ཚུལ་ཡང་མཐུན། དེས་ན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་འདི་ཉིད་ལྷན་སྐྱེས་ཀྱི་འཛིན་ཚུལ་ཅི་ལྟར་ཡིན་སྙམ་ན། སྟོང་ཐུན་ལས། བྱེ་བྲག་ཏུ་སྨྲ་བ་ནས་དབུ་མ་རང་རྒྱུད་པའི་བར་ཐེག་པ་ཆེ་ཆུང་གི་རང་སྡེ་སུའི་ལུགས་ལ་ཡང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ཉིད་གང་ཟག་གི་བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཡིན་པར་འདོད་ལ། དེའི་ཚུལ་ནི་། ང་ཞེས་འཛིན་པའི་གཞིའི་བདག་འདི་ཕུང་པོའི་རྗེ་བོ་ལྟ་བུ་དང་ཕུང་པོ་རྣམས་བདག་དེའི་ཁོལ་པོ་ལྟ་བུར་འཛིན་ཏེ། ངའི་གཟུགས། ངའི་ཚོར་བ་ཞེས་སོགས་ཀྱི་སྒོ་ནས་ཕུང་པོ་རྣམས་བདག་དེས་དབང་བསྒྱུར་བྱར་འཛིན་པའི་ཕྱིར་རོ། དེས་ན་རྗེ་ཁོལ་ལྟར་བདག་དང་ཕུང་པོ་མཚན་ཉིད་མི་མཐུན་པར་རང་རྐྱ་བར་སྣང་ལ།དེ་ལྟར་དུ་ཡོད་པར་ཞེན་པ་ནི་རྫས་ཡོད་དུ་འཛིན་པའོ་ཞེས་གསུངས་པ་བཞིན། བདག་ཅག་འཁོར་བ་པ་རྣམས་ནི་ལས་ཉོན་གྱི་བག་ཆགས་སྟུག་པས་ཚེ་རབས་གྲང་མེད་པར་རང་དབང་མེད་པར་འཁོར་བར་གནས་པས་ན་འདི་ལྟ་བུའི་རྨོངས་པ་མ་རིག་པས་སྒྲིབས་ནས་ཡོད། འདིརཡོད་བདག་ཉིད་ནི་དབང་སྒྱུར་པ་པོ་དང་ཕུང་པོ་ནི་དབང་བསྒྱུར་བྱ་ལྟ་བུར་འཛིན་པས་ན་ནམ་ཞིག་གང་ཟག་གཞན་ཞིག་གི་གཟུགས་དང་ལང་ཚོར་ཆགས་པའི་ཚེ་དེ་ཉིད་རང་ཉིད་ལ་ཡོད་ན་ཅི་མ་རུང་སྙམ་པའི་སྲེད་པ་བྱུང་ཞིང་གལ་ཏེ་གོ་སྐབས་ཡོད་ཚེ་བརྗེ་དགོས་བསམ་པའི་བློ་ཞིག་འབྱུང་ངེས། དེ་བས་ན་སྐབས་འདིར་རང་གི་བློ་ངོར་བདག་དང་བདག་གི་ཕུང་པོ་ཞེས་རྫས་གཞན་དུ་ཡོད་པར་ཞེན་པ་ཡིན་ལ། དེ་ལྟ་བུའི་རྟོག་པ་ནི་གྲུབ་མཐས་བློ་བསྒྱུར་བའི་གང་ཟག་ཡིན་མི་དགོས་པར་ལུག་རྫི་རྒན་པོ་ལྟ་བུའི་ཁྱིམ་པ་ཕལ་བ་དག་ལའང་ཡོད་པས་ན་ལྷན་སྐྱེས་ཡིན་ནོ།འོན་ཀྱང་འདིར་བདག་བློར་དོགས་པ་ཞིག་ཡོད་པ་ནི། གྲུབ་མཐའ་ཤེལ་གྱི་མེ་ལོང་སོགས་སུ་ཐལ་འགྱུར་བའི་ལུགས་སུ་རང་རྒྱུད་པས་ལྷན་སྐྱེས་སུ་འཇོག་པའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་གང་ཟག་གི་བདག་འཛིན་དེ་ཉིད་ཀུན་བཏགས་སུ་བཞེས་ཚུལ་གསུངས་ཡོད་དེ། དེ་ཉིད་ལས་[50]“རང་རྒྱུད་པ་སོགས་ཀྱིས་བདག་འཛིན་ཕྲ་མོར་འདོད་པའི་རྫས་ཡོད་དུ་འཛིན་པ་ལྷན་སྐྱེས་དེ་ཡང་འདི་པས་ཀུན་བཏགས་སུ་བཞེད་དེ། ལེགས་བཞད་སྙིང་པོར། རྫས་ཡོད་ཀྱི་བདག་དེ་ནི་ཕྱི་རོལ་པས་ཕུང་པོ་ལས་དོན་གཞན་དུ་བཏགས་པའི་ནང་གི་བྱེད་པའི་སྐྱེས་བུ་ཡོད་པར་གཟུང་བའི་ཡུལ་ཡིན་ལ་ཞེས་སོ། དེས་ན་འདི་པའི་ལུགས་ཀྱི་རྫས་ཡོད་དུ་འཛིན་པ་ལྷན་སྐྱེས་ནི། ཕུང་པོ་དང་མཚན་ཉིད་མི་མཐུན་པར་འཛིན་པ་མ་ཡིན་གྱི། ཚོང་དཔོན་ཚོང་པ་ལས་ཟུར་དུ་མི་བཀར་བ་ལྟར་ཕུང་པོ་ལས་ཟུར་དུ་མི་བཀར་བར་ཕུང་པོའི་རང་བཞིན་གྱིས་ཕུང་པོ་ལ་དབང་བསྒྱུར་ཅིང་ཕུང་པོ་ཚུར་བདག་ལ་ལྟོས་ཀྱང་བདག་ཕར་ལ་མི་ལྟོས་པ་ཚོང་དཔོན་ལྟར་གྲུབ་པར་འཛིན་པར་འཛིན་པ་ཞིག་ལ་འཇོག་པར་གསུངས་སོ་” ཞེས་ཐལ་འགྱུར་བར་རང་རྒྱུད་པ་མན་ཆད་ཀྱིས་འཇོག་པའི་ལྷན་སྐྱིས་ཀྱི་བདག་འཛིན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་དང་འཇོག་ཚུལ་མི་འདྲ་བ་ཞིག་གསུངས་འདུག་པས་དཔྱད་པར་འཚལ་ལོ།།
བརྒྱད་པ། མ་རིག་པ་དང་འཇིག་ལྟའི་ཁྱད་པར་ལ་དཔྱད་པ།
དེ་ཡང་མ་རིག་པ་དང་འཇིག་ལྟའི་སྐོར་གོང་དུ་རོབ་ཙམ་བསྟན་ཡོད་ཀྱང་། འདིར་དེ་ལས་ཅུང་ཞིབ་པར་འགོད་པའི་ངལ་བ་ཅུང་ཙམ་བསྟན་པ་ན། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་ནང་མ་རིག་པ་དང་འཇིག་ལྟའི་འདོད་ཚུལ་དེ་དག་གཙོ་བོའི་དབང་དུ་བྱས་ན། མ་རིག་པ་དང་འཇིག་ལྟ་ཐ་དད་དུ་འདོད་ཚུལ་ཞིག་དང་། གཅིག་ཏུ་འདོད་ཚུལ་དང་།དེ་བཞིན་སྤྱི་བྱེ་བྲག་གི་ཚུལ་དུ་འདོད་ཚུལ་མི་འདྲ་བ་གསུམ་ཡོད།
༡ བྱེ་བྲག་སྨྲ་བའི་མ་རིག་པ་དང་འཇིག་ལྟའི་ཁྱད་པར་གླེང་བ།
དེ་ཡང་མཛོད་ཀྱི་རྩ་བར།
[51]“ཤེས་རབ་ངན་པ་མིན་ལྟ་ཕྱིར།།
ལྟ་བ་དེ་དང་མཚུངས་ལྡན་ཕྱིར།།
ཤེས་རབ་ཉོན་མོངས་བསྟན་ཕྱིར་རོ།།” ཞེས་པའི་སྐབས་འདིར་བསྟན་བྱ་གཙོ་བོ་ནི་འཇིག་ཚོགས་ལ་ལྟ་བའི་ཤེས་རབ་ངན་པ་ནི་འཇིག་ལྟ་ཡིན་ཞིང་། དེ་མ་རིག་མ་པ་མིན་པའི་སྒྲུབ་བྱེད་གསུམ་བཀོད་ནས། འཇིག་ལྟ་དང་མ་རིག་པ་གཉིས་ཐ་དད་དུ་བསྟན་པའི་སྐབས་ཡིན་ནོ། །དང་པོ་ལྟར་ན། འཇིག་ཚོགས་ལ་ལྟ་བའི་ཤེས་རབ་ངན་པ་དེ་ཆོས་ཅན། མ་རིག་པ་མིན་ཏེ། ལྟ་བ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། འཇིག་ཚོགས་ལ་ལྟ་བའི་ཤེས་རབ་ངན་པ་ཆོས་ཅན། མ་རིག་པ་མ་མིན་ཏེ། འཇིག་ལྟ་དེ་མ་རིག་དང་མཚུངས་ལྡན་ཡིན་པའི་ཕྱིར། དེ་དང་མཚུངས་ལྡན་ཡིན་ན་དེ་དང་ཐ་དད་ཡིན་དགོས་ཏེ། ངོ་བོ་གཅིག་ཡིན་པ་ལ་མཚུངས་ལྡན་གྱི་སྒྲ་སྦྱོར་ཚུལ་མེད་པའི་ཕྱིར་རོ། །དེ་ལྟར་མཛོད་འགྲེལ་རྒྱལ་སྲས་མ་ལས་ཀྱང་། “འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ལྟ་བ་ཤེས་རབ་ཀྱི་ངོ་བོ་ཉིད་དང་མ་རིག་པར་མཚུངས་པར་ལྡན་པ་ནི་ཞེས་བྱ་བར་ཤེས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་རྫས་གཉིས་མཚུངས་པར་མི་ལྡན་པའི་ཕྱིར་མ་རིག་པ་ནི་ཤེས་རབ་མ་ཡིན་ནོ།།” ཞེས་གསུངས་སོ།། གསུམ་པ་ལྟར་ན། འཇིག་ཚོགས་ལ་ལྟ་བའི་ཤེས་རབ་ངན་པ་ཆོས་ཅན། མ་རིག་པ་མིན་ཏེ། མ་རིག་པས་ཉོན་མོངས་ཅན་དུ་གྱུར་བའི་ཤེས་རབ་ནི་རྣམ་པར་མི་འདག་པའི་ཕྱིར། །དེ་བས་ན། ཁ་ཆེའི་བྱེ་བྲག་སྨྲ་བའི་ལུགས་ལ་མ་རིག་པ་དང་འཇིག་ལྟ་ཐ་དད་དུ་བསྟན་པའི་ཕྱིར་རོ།།
༣ མདོ་སྡེ་བའི་མ་རིག་པ་དང་འཇིག་ལྟའི་ཁྱད་པར་གླེང་བ།
སྤྱིར་ལུགས་འདི་ལ་མ་རིག་པ་དང་འཇིག་ལྟ་གཉིས་གཅིག་ཏུ་འདོད་ཅིང་། དེ་དག་གཙོ་བོ་ཚད་མ་རྣམ་འགྲེལ་ལས་བསྟན་པ་བཞིན་བཀོད་ན། ལུགས་འདིར་བྱེ་སྨྲ་དང་མི་འདྲ་བར་འཇིག་ལྟ་ལའང་ཀུན་བཏགས་དང་ལྷན་སྐྱེས་གཉིས་སུ་འདོད་ལ། དེ་ལྟར་ཡང་འཇིག་ཚོགས་ལ་ལྟ་བ་ཀུན་བཏགས་ལས་ལྷན་སྐྱེས་མི་འདོད་པའི་བྱེ་བྲག་སྨྲ་བའི་ལུགས་ལ་རྩོད་གླེང་དང་ལྷན་དུ་འཇིག་ལྟ་ལྷན་སྐྱེས་ཡོད་པར་སྒྲུབ་པར་བྱེད་དོ། །གཞན་ཡང་། ལུགས་འདིར་འཇིག་ལྟ་དང་མ་རིག་པའམ་གང་ཟག་གི་བདག་འཛིན་གྱི་ངོས་འཛིན་གཞན་ཞིག་ཡོད་དེ། གང་ཟག་ཕ་རོལ་ལ་དམིགས་ནས་ཕུང་པོ་ལ་བཏགས་པ་ཙམ་མིན་པའི་རང་དབང་དུ་གྲུབ་པར་ཞེན་པ་ནི། གང་ཟག་གི་བདག་འཛིན་ཡིན་ཡང་འཇིག་ལྟ་མིན་ནོ། །གོང་དུ་བྱེ་སྨྲས་འདོད་པ་བཞིན་མ་རིག་པ་ནི་སེམས་བྱུང་མི་གསལ་བའི་རྣམ་པ་ཅན་ཡིན་ལ། འཇིག་ལྟ་ནི་ཡོངས་སུ་གཅོད་པའི་རྣམས་པ་ཅན་གྱི་སེམས་བྱུང་ཡིན་པས་དེ་གཉིས་ངོ་བོ་གཅིག་ཏུ་མི་འཐད་ཅེ་ན། རྣམ་འགྲེལ་རྩ་བ་ལས། རིག་པའི་མི་མཐུན་ཕྱོགས་ཕྱིར་དང་། །སེམས་བྱུང་ཉིད་ཀྱིས་དམིགས་པའི་ཕྱིར། །ཞེས་གསུངས་སོ།།
གཞན་ཡང་། བྱེ་སྨྲས་འཇིག་ལྟ་མ་རིག་པ་དང་མཚུངས་ལྡན་དུ་སྟོན་པའི་ལུང་དྲངས་ཀྱང་དེའི་དོན་ནི། མདོ་སྡེ་བའི་ལུགས་འདིར།ཐར་ལམ་གསལ་བྱེད་ལས། [52]“འཇིག་ལྟ་མ་རིག་པར་ཁས་བླངས་ན་དེ་གཉིས་མཚུངས་ལྡན་དུ་བཤད་པ་དང་འགལ་བར་རྩོད་པ་གང་ཡིན་པ་འདིར་འགལ་བའི་སྐྱོན་ཅི་ཡང་མེད་པར་ཐལ། མཚུངས་ལྡན་དུ་སྟོན་པའི་ལུང་དེས་དེ་གཉིས་དོན་གཞན་དུ་སྟོན་པ་མ་ཡིན་གྱི། པ་ལ་ཤ་དང་ལྡན་པའི་ནགས་ཞེས་པ་བཞིན་དུ་འཇིག་ལྟ་མ་རིག་པའི་ཕྱོགས་གཅིག་ཏུ་སྟོན་པར་བཤད་པ་བྱ་རིགས་པའི་ཕྱིར།” ཞེས་གསུངས་སོ། གཞན་ཡང་། འཇིག་ལྟ་ལ་ཉོན་མོངས་ཅན་གྱི་མ་རིག་པས་ཁྱབ་ཀྱང་ཅིག་ཤོས་ལ་མ་ཁྱབ་པའི་འདོད་པ་ལྟར་ན་དེ་གཉིས་ལ་ཁྱབ་ཆེ་ཆུང་གི་འདོད་ཚུལ་ཞིག་ཀྱང་ཡོད་པར་ངེས་སོ། མདོར་ན། གོང་དུའང་སྨྲས་པ་བཞིན་མགོན་པོ་ཀླུ་སྒྲུབ་སོགས་ཀྱི་དགོངས་པ་ལྟར་ན་འཇིག་ལྟ་མ་རིག་པ་ཡིན་པར་གསུངས་པས་ལུགས་གཙོ་བོའི་དབང་དུ་བྱས་ནས་འདིར་དེ་ལྟར་བཤད་པ་ཡིན་ནོ།།
༣ སེམས་ཙམ་པའི་མ་རིག་པ་དང་འཇིག་ལྟའི་ཁྱད་པར་གླེང་བ།
འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པའི་གཙོ་བོ་དེ་ལ་བདག་ཕུང་གཉིས་སུ་ཕྱེ་བའི་ཕུང་པོར་ཡོད་ཀྱང་། དབུ་མ་ཐལ་འགྱུར་བའི་ལུགས་ལ་དེ་གཉིས་ལ་ཕུང་པོ་ལ་བཏགས་པའི་ང་ཙམ་གང་ཟག་གི་མཚན་གཞིར་འདོད་མི་འདོད་ཀྱི་ཁྱད་པར་ཡོད་པའི་ཕྱིར་དང་། འཇིག་ཅིང་ཚོགས་པའི་ཕུང་པོ་ལ་དམིགས་པས་འཇིག་ཚོགས་ལ་ལྟ་བ་ཞེས་བཤད་པའི་ཕྱིར། གཞན་རྒྱུད་ཀྱི་ང་ལ་དམིགས་ན་འཇིག་ལྟར་མི་འགྱུར་ཞིང་འཇིག་ལྟ་དེ་རང་རྒྱུད་ལ་དམིགས་ནས་འཇོག་དགོས་པར་འདོད་དོ། །ད་དུང་མ་རིག་པ་དང་འཇིག་ལྟའི་སྐོར་གྲུབ་མཐའ་ཁག་གི་འདོད་ཚུལ་འདི་ལས་རྒྱས་པར་འཆད་རྒྱུ་དང་མཐའ་དཔྱད་རྒྱུ་མང་པོ་ཡོད་ཀྱང་རང་ཉིད་ཀྱི་བློ་ངོར་གང་ཤོང་བ་ཙམ་ཞིག་ལས་ཞིབ་པར་འགོད་རྒྱུར་རྣམ་དཔྱོད་དང་བློ་གྲོས་ཀྱིས་བཀག་རྒྱའི་དབང་གིས་འཆད་ཐུབ་མ་སོང་།
༤ དབུ་མ་བའི་མ་རིག་པ་དང་འཇིག་ལྟའི་ཁྱད་པར་གླེང་བ།
དེ་ཡང་གཏི་མུག་སྟེ་མ་རིག་པ་ནི་ཉོན་མོངས་ཐམས་ཅན་གྱི་རྩ་བ་དང་། མ་རིག་པའི་གཉེན་པོར་གསུངས་པ་དེ་ནི་ཉོན་མོངས་ཀུན་གྱི་གཉེན་པོར་འགྲོ་བས་མ་རིག་པ་ནི་ཉེས་སྐྱོན་ཀུན་གྱི་གཞི་ཡིན་པར་མདོ་རྒྱུད་དང་བསྟན་བཅོས་ཀུན་ལས་རྒྱས་པར་གསུངས་ཡོད། དེ་ལྟར་མ་རིག་པ་འཁོར་བའི་རྩ་བར་བསྟན་པ་ཡིན་ན། བསྟན་བཅོས་གཞན་དག་ཏུ་འཇིག་ལྟ་འཁོར་བའི་རྩ་བར་བཤད་པས་གཙོ་བོའི་རྒྱུ་གཉིས་མེད་དོ་ཞེ་ན། མ་རིག་པ་སྤྱི་དང་འཇིག་ལྟ་བྱེ་བྲག་ཡིན་པས་འགལ་བ་མེད་ཚུལ་གསེར་ཕྲེང་དུ་གསལ། གཞན་ཡང་འཇིག་ལྟ་ཉོན་མོངས་གཞན་ཐམས་ཅད་ཀྱི་རྩ་བར་བསྟན་ན་མ་རིག་པ་ཉོན་མོངས་ཀུན་གྱི་རྩ་བར་མ་བསྟན་པར་སྒྲུབ་བྱེད་མི་རུང་སྟེ། དེ་ལྟར་ལེགས་བཤད་གསེར་ཕྲེང་ལས། “ཇི་སྲིད་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་ཆོས་ཀྱི་བདག་ཏུ་རྨོངས་པའི་མ་རིག་པ་གང་ཟག་གི་བདག་ཏུ་རྨོངས་པའི་རྒྱུར་བསྟན་པ་ན་མ་རིག་པའི་ནང་ཚན་གཉིས་རྒྱུ་འབྲས་སུ་འགྲོ་ཚུལ་སྟོན་པས་ན། འཇིག་ལྟ་མ་རིག་པ་ལས་གཞན་པའི་ཉོན་མོངས་ཐམས་ཅད་ཀྱི་རྩ་བར་བསྟན་པ་ལ་འགལ་བ་མེད་དོ།།” ཞེས་གསུངས་སོ།།
བརྒྱད་པ། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་ལ་དཔྱད་པ།
གནད་དོན་འདིའི་སྐོར་དབུ་མ་འཇུག་པའི་སེམས་བསྐྱེད་དང་པོར་ས་དང་པོའི་བྱང་སེམས་ཀྱི་གཞན་རྒྱུད་སིལ་གྱིས་གནོན་པའི་ཡོན་ཏན་བཤད་སྐབས་འཕྲོས་ཡོད་ལ། དབུ་མ་རིན་ཆེན་ཕྲིང་བར་ཡང་འཁོར་བའི་རྩ་བ་བསྟན་པའི་སྐབས་སུ། [53]“འདི་དག་གིས་ཀྱང་ཐར་པ་ཐོབ་པ་ལ་གང་ཟག་དང་ཕུང་པོ་བདེན་མེད་དུ་རྟོགས་དགོས་པར་བསྟན་པས། བདག་མེད་གཉིས་ཕྲ་མོ་ཉན་རང་འཕགས་པས་ཀྱང་རྟོགས་པ་གསལ་བར་བསྟན་ཏོ།” ཞེས་པ་དང་དེ་བཞིན། གཞུང་དེ་རང་དུ་ “དེ་ལས་ཡང་ནི་སྲིད་པར་སྐྱེ་བ་ཡིན་པས་གང་ཟག་དང་། ཕུང་པོ་རང་བཞིན་གྱིས་གྲུབ་པར་འཛིན་པ་ཉིད་འཁོར་བའི་རྩ་བ་ཡིན་པས། འཁོར་བ་ལ་དེ་གཉིས་བདེན་སྟོང་དུ་རྟོགས་དགོས་པར་བསྟན་པས། ཉན་རང་དགྲ་བཅོམ་པས་ཀྱང་སྟོང་པ་ཉིད་ཀྱི་དོན་རྟོགས་པར་བསྟན་པ་ཡིན་ཏེ། ཕུང་པོ་བདེན་འཛིན་མ་ཟད་པ་དེ་སྲིད་དུ་འཇིག་ལྟ་མི་འཛད་པར་གསུངས་ལ། འཇིག་ལྟ་མ་ཟད་པའི་དགྲ་བཅོམ་པ་ཡོད་པར་རང་སྡེ་མཁས་པ་སུས་ཀྱང་མི་བཞེད་པས། མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་འདིས་ཉན་རང་དགྲ་བཅོམ་པས་ཀྱང་བདེན་འཛིན་ཟད་པར་སྤངས་པ་ཆེས་གསལ་བར་བསྟན་པ་ཡིན་ལ། འོག་མ་རྣམས་སུ་ཡང་དོན་དེ་ཉིད་ཡང་དང་ཡང་དུ་གསལ་བར་མཛད་དོ། ”[54]དེ་ལྟར་རྒྱལ་ཚབ་དར་མ་རིན་ཆེན་གྱིས་སྤོབས་པ་ཆེན་པོས་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་འདི་ཡིན་ཞེས་གསལ་བར་བཀོད་འདུག དེ་བཞིན་དབུ་མ་འཇུག་པར་ཡང་གལ་ཏེ་ཉན་རང་གཉིས་ཀྱིས་ཆོས་ཀྱི་བདག་མེད་རྟོགས་མེད་ན་ས་དང་པོར་གནས་པའི་བྱང་སེམས་ཀྱིས་རིགས་ཀྱི་སྒོ་ནས་ཉན་རང་རྣམས་སིལ་གྱིས་གནོན་མི་ཐུབ་པར་ཐལ་འགྲོ་བ་སོགས་ལུང་རིགས་ཇི་སྙེད་ཅིག་གིས་གསལ་བར་མཛད་ཡོད་ལ། དེ་བཞིན་དུ་ས་བཅུ་པའི་མདོ་ལས།ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི་སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི་རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློ་ཡི་སྟོབས་བསྐྱེད་པས་བློན་པོའི་བྱ་བ་ཐམས་ཅད་ལས་ནི་ཤིན་ཏུ་འདས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི་རང་གི་བློ་ཡི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་གསུངས་ཡོད་ལ། དབུ་མ་འཇུག་པ་ལས་རིགས་པ་གསུམ་དང་ལུང་བདུན་གྱི་སྒོ་ནས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་གསུངས། དེ་ཡང་དབུ་མ་དགོངས་པ་རབ་གསལ་ལས། ས་བཅུ་པ་ལས་ས་དྲུག་པ་མན་ཆད་དུ་རྟོགས་པའི་སྒོ་ནས། ཉན་རང་རྣམས་ཟིལ་གྱིས་གནོན་མི་ནུས་པར་གསུངས་པའི་ལུང་འདི་ལས་ནི། ཉན་རང་རྣམས་ལ་ཡང་ཆོས་རང་བཞིན་མེད་པར་ཤེས་པ་ཡོད་དོ། །ཞེས་གསལ་བར་ངེས་ཏེ། དེ་གཉིས་ལ་ཤེས་རབ་དེ་མེད་ན་འཇིག་རྟེན་པའིི་ལམ་ཞི་རགས་ཀྱི་རྣམ་པ་ཅན་གྱིས་སྲིད་རྩེ་མ་གཏོགས་པའི་ས་ལ་འདོད་ཆགས་དང་བྲལ་བའི་དྲང་སྲོང་རྣམས་བཞིན་དུ།ཉན་རང་དགྲ་བཅོམ་པ་དེ་དག་ཀྱང་དོན་དམ་པའི་སེམས་དང་པོ་བསྐྱེད་པས་ཀྱང། རྟོགས་པའི་སྒོ་ནས་ཟིལ་གྱིས་གནོན་པར་འགྱུར་ཏེ། དངོས་པོ་རང་བཞིན་མེད་པར་ཤེས་པ་དང་བྲལ་བའི་ཕྱིར་རོ། དེ་བཞིན་རིགས་པ་གཉིས་པ་ནི། ཕྱི་རོལ་མུ་སྟེགས་བྱེད་བཞིན་དུ་ཉན་རང་གིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་ས་བོན་དང་བཅས་པ་སྤངས་པར་ཡང་མི་འགྱུརས་བར་གསུངས་པ་ནི། སྟོང་ཉིད་ལེགས་པར་རྟོགས་ནས་གོམས་པ་མེད་ན། ཉོན་མོངས་ཀྱི་ས་བོན་ཟད་པར་བྱེད་མི་ནུས་པ། འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་དང་འདྲ་བར་བསྟན། རིགས་པ་གསུམ་པ་ནི། དེ་ཁོ་ན་ཉིད་རྟོགས་པ་དང་བྲལ་ན། གཟུགས་ལ་སོགས་པའི་ཕུང་པོ་ལ་བདེན་པར་དམིགས་པས། བློ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པ་རྟོགས་པ་མེད་པར་འགྱུར་ཏེ། བདག་དང་གང་ཟག་ཏུ་འདོག་པའི་གཞི། ཕུང་པོ་ལ་བདེན་པར་དམིགས་པའི་ཡུལ་སུན་ཕྱུང་བ་མེད་པའི་ཕྱིར་རོ་ཞེས་པའི་རིགས་པ་གསུམ་བཏང་ཡོད་ལ་རིགས་པ་འདི་རྣམས་ནི་དཔལ་ལྡན་ཟླ་བ་གྲགས་པའི་འཇུག་པ་རང་འགྲེལ་ནང་གསུངས་ཡོད་པ་ལས་རྗེ་རིན་པོ་ཆེས་གསར་བཟོ་གཏན་ནས་མ་ཡིན། རྗེ་རིན་པོ་ཆེས་བཞེད་པ་ནི་གདགས་གཞི་ཕུང་པོ་ལ་བདེན་པར་ཞེན་པའི་ཞེན་ཡུལ་སུན་མ་ཕྱིན་ན། བཏགས་ཆོས་གང་ཟག་ལ་བམ་གཞི་ནས་བསམ་བློ་ཏོག་ཙམ་བཏང་ཚེ་དེ་ལྟར་ཡིན་པའི་ངེས་ཤེས་རྙེད་ཡོང་བ་ལྟ་བུར་སྣང་ཏེ། འཁོར་བའི་རྩ་བ་མ་རིག་པ་དེ་ཆོས་བདག་གཉིས་ཀྱི་འཛིན་པ་བདེན་པར་འཛིན་པའི་ཞེན་ཡུལ་ཡང་སུན་མི་ཕྱིན་པས། གང་ཟག་བདེན་མེད་དུ་མ་རྟོགས་པའི་ཕྱིར། གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པ་མ་རྟོགས་པར་བསྟན་ནོ་ཞེས་པ་དེའོ། དེ་བཞིན་མཁས་གྲུབ་རྗེས་མཛད་པའི་སྟོང་ཐུན་སྐལ་བཟང་མིག་འབྱེད་ལས་ཀྱང་ཉན་རང་གི་ཆོས་ཀྱི་བདག་མེད་རྟོགས་པར་ཡོད་བཅས་གསུངས་ཡོད། འོན་ཀྱང་འཇུ་མི་ཕམ་ལ་སོགས་པའི་མཁས་པ་འགས་དེ་ལྟར་མ་ཡིན་པར་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཞེད། དེ་ཡང་བརྒལ་ལན་ཉིན་བྱེད་སྣང་བ་ལས། གདགས་གཞི་ཕུང་པོ་ལ་བདེན་པར་བཟུང་བའི་དབང་གིས་ངར་འཛིན་ལྷན་སྐྱེས་འབྱུང་ན་ཡང་ཕུང་པོ་དུ་མ་དང་མི་རྟག་པའི་རང་བཞིན་ཆ་མེད་པའི་བར་དུ་རྟོགས་པའི་ཕུང་པོ་བདེན་མེད་དམ་ཆོས་བདག་མེད་རགས་པ་ཙམ་རྟོགས་པ་དེས་གང་ཟག་གི་བདག་མེད་ཕྲ་བ་རྟོགས་པར་ནུས་ཏེ། རྒྱུ་མཚན་ཆ་མེད་ཙམ་གྱི་ཆོས་དུ་མ་གྲུབ་ཏུ་ཆུག་ཀྱང་དེ་ལ་ངར་འཛིན་པར་མི་བྱེད་དེ་དེ་རྣམས་དུ་མ་དང་མི་རྟག་པར་མངོན་སུམ་མཐོང་ཚེ་དེ་ལ་བརྟེན་ནས་ང་ཞེས་བློས་བཏགས་པ་ཙམ་ལས་རང་ངོས་ནས་མ་གྲུབ་པར་མངོན་སུམ་མཐོང་སྟེ་གདགས་གཞིའི་ཆོས་དེ་དག་བདག་ཏུ་འཛིན་པའི་དམིགས་རྣམ་དང་མི་མཐུན་པའི་ཕྱིར། དཔེར་ན་ཐག་པ་མེད་པར་མ་ཤེས་ཀྱང་སྦྲུལ་འཛིན་ལྡོག་པ་སྲིད་པ་བཞིན་ནོ། །དེས་ན་ཇི་སྲིད་ཕུང་པོའི་ཚོགས་པ་ལ་རིལ་པོ་གཅིག་པུའི་ངོ་བོར་བདེན་པར་འཛིན་པ་ཡོད་པ་དེ་སྲིད་དུ་གང་ཟག་དེ་ལ་ངར་འཛིན་པ་ཡོད་ [55]ཅེས་མདོར་ན་གང་ཟག་བདག་མེད་རྟོགས་པར་ཆོས་ཀྱི་བདག་མེད་ཆ་ཚང་བ་སྔོན་དུ་འགྲོ་མི་དགོས་པར་ཕུང་པོ་དུ་མ་དང་མི་རྟག་པའི་རང་བཞིན་ཆ་མེད་ཙམ་རྟོགས་ན་ཆོག་པར་གསུངས་ཡོད་ལ། དོན་དུ་ཉན་རང་གིས་འཁོར་བ་སྤོང་བར་ཆོས་ཀྱི་བདག་མེད་ཆ་ཚང་བ་རྟོགས་མི་དགོས་པར་བཞེད་པ་མིན་ནམ་སྙམས།དེ་ཡང་རྒྱུ་མཚན་གཙོ་བོ་ནི་བདེན་ལ་ཉོན་སྒྲིབ་མ་གཏོགས་ཤེས་སྒྲིབ་མི་འཇོག་སོགས་ཀྱི་གནད་ལ་ཐུག་ཡོད། སྐབས་དོན་གྱི་བརྗོད་བྱ་འདི་ཉིད་ནི་ཧ་ཅང་གཏིང་ཟབ་ཅིང་རྟོགས་དཀའ་བས་ན་འདི་ཙམ་གྱིས་འཐུས་པར་བྱེད་དོ།།
དགུ་པ། འཁོར་བའི་རྩ་བ་གཅོད་དགོས་པའི་རྒྱུ་མཚན་ལ་དཔྱད་པ།
ཇི་སྐད་དུ་སྤྱོད་འཇུག་ལས།
[56]“སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།།
སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག།།
བདེ་བ་འདོད་ཀྱང་གཏི་མུག་པས།།
རང་གི་བདེ་བ་དགྲ་ལྟར་འཇོམས།”། ཞེས་པ་ལྟར། འཁོར་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཀུན་ནས་མཚུངས་མོད། སྐལ་བ་ནས་གོམས་པའི་མ་རིག་མུན་པ་དེའི་དབང་གིས་དོན་དངོས་བསྒྲིབས་པར་མཛད་དེ།སྣང་ཚུལ་ཙམ་ལས་གནས་ཚུལ་རྟོགས་པར་ཤིན་ཏུ་ནས་རྨོངས་པར་གྱུར་ཡོད། དེ་བས་རང་ཉིད་འཁོར་བ་འདི་ལས་ཐར་ཐབས་དང་ཉེ་ཚེ་བའི་བདེ་བའམ་འགྱུར་བའི་སྡུག་བསྔལ་དག་ལ་བདེ་བར་རློམ་པ་ཙམ་མ་ཡིན་པར། དོན་དམ་གྱི་བདེ་བ་ཞིག་ཐོབ་ཏེ་སླར་ཡང་འདི་ལྟ་བུའི་སྡུག་བསྔལ་གྱི་གནས་སུ་མི་ལྷུང་བའི་ཆེད་དུ། ཚེ་འདིར་དམ་པའི་ཆོས་དང་ཕྲད་པ་མ་ཟད་ལྷག་པར་དགེ་བའི་བཤེས་གཉེན་དང་ཕྲད་པས་ན་གོ་སྐབས་རྩ་ཆེན་འདི་དམ་འཛིན་གྱིས་ཆོས་དགེ་བ་དང་ཉམས་ལེན་ཡང་དག་པའི་ལམ་ལ་ཞུགས་ན། ནམ་ཞིག་འཁོར་བ་ལས་ཟློག་ཐུབ་པ་ཡིན། དེ་ཡང་ལམ་གཙོ་རྣམ་གསུམ་ལས།
[57]“ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།།
བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས།།
བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།།
མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།།
མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ།།
སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར།།” ཞེས་པ་ལྟར་འཁོར་བའི་འགྲོ་བ་རྣམས་རང་རང་ས་ན་སྡུག་བསྔལ་མི་བཟོད་པས་མནར་ནས་ཡོད། དེ་བཞིན་དབུ་མ་བཞི་བརྒྱ་པ་ལས།
[58]“སོ་སོའི་སྐྱེས་བོའི་སྡུག་བསྔལ་ནི།།
བདེ་བས་གཡོགས་ལྟར་མི་མཐོང་ན།།
གང་གིས་སྡུག་བསྔལ་སྒྲིབ་འགྱུར་བ།།
བདེ་བ་ཞེས་བྱ་ཅི་ཡིང་མེད།།”
ཞེས་གསུངས་པ་ལྟར། སྡུག་བསྔལ་རང་མཚན་པ་ཡོད་རུང་སོ་སོ་སྐྱེ་བོས་སྡུག་བསྔལ་དེ་ནི་ཚོར་བ་བདེ་བས་གཡོགས་པ་ལྟར་བྱས་ནས་མི་མཐོང་ན་སྡུག་བསྔལ་ལས་སྟོབས་ཆེ་བའི་བདེ་བ་ཡོད་དགོས་ན་རྒྱུ་གང་གིས་སྡུག་བསྔལ་བསྒྲིབ་པར་འགྱུར་བའི་བདེ་བ་ཞེས་བྱ་བ་ཅི་ཡང་མེད་དེ་སོ་སོ་སྐྱེ་བོ་རྣམས་ལ་བདེ་བ་རང་མཚན་པ་མེད་པའི་ཕྱིར་རོ།།
[59]“ཁྱོད་སྡུག་ཆགས་བྲལ་མེད་དོ་ཞེས།།
སོ་སོའི་སྐྱེ་བོ་བསྟན་བྱ་དེས།།
ངེས་པར་དེ་བཞིན་གཤེགས་རྣམས་ཀྱིས།།
གཏི་མུག་ཀུན་གྱི་ཐ་མ་གསུངས།།” མདོར་ན་འགྲོ་བ་རྣམས་སྡུག་བསྔལ་གྱི་གཞི་ལ་བདེ་བར་བརློམས་ཏེ་ཚུལ་མིན་ཡིད་བྱེད་ཀྱི་བློ་ཁོ་ནས་ཉིན་བཞིན་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་བས་ན། ལས་ཉོན་གྱི་གཞི་གཏི་མུག་གིས་ལག་ཆ་ལྟ་བུར་གྱུར་ནས་ནམ་ཡང་དེ་ལས་ཐར་བའི་སྐབས་མེད་པ་ལྟ་བུ་ཡིན། དེ་བས་བཞི་བརྒྱ་པར།
[60]“ལུས་ནི་དགྲ་ལྟར་མཐོང་མོད་ཀྱི།།
དེ་ལྟ་ན་ཡང་དེ་བསྲུང་བྱ།།
ཁྲིམས་ལྡན་ཡུན་རིང་འཚོ་བ་ནི།།
དེ་ལས་བསོད་ནམས་ཆེན་པོ་བྱེད།།” ཞེས་པ་ལྟར་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་འདི་ལེགས་པར་བེད་སྤྱད་ན། རྒྱ་མཚོ་བརྒལ་བྱེད་ཀྱི་གྲུ་གཟིངས་ལྟར་ལུས་འདིས་འཁོར་བའི་རྒྱ་མཚོ་ལས་བསྒྲོལ་བྱེད་ཀྱི་བརྟེན་བྱེད་ནུས་པ་ཡིན། དེའི་རྒྱུ་མཚན་ནི་གོང་དུ་བཤད་པ་ལྟར་མིའི་ལུས་རྟེན་འདི་ནི་ཐར་པའི་གོ་འཕང་སྙེག་པའི་རྟེན་འགྲོ་བ་གཞན་ལས་ཁྱད་པར་ཅན་ཞིག་ཡིན་པས་ན། མིའི་ལུས་རྟེན་འདི་ཐོབ་པ་ལ་རྟེན་ནས་ལས་དགེ་སྡིག་གི་དབྱེ་བ་ཤེས། ལས་རྒྱུ་འབྲས་ཀྱི་བླང་དོར་ཤེས། ཆོས་ཡང་དག་ལ་ཐོས་བསམ་བྱས་ཚེ་ཐར་ལམ་ཡང་དག་པ་ཞིག་རྙེད་ངེས་པ་ཡིན།
དེ་ཡང་འཁོར་བའི་ཉེས་དམིགས་མཐོང་རྗེས་བཅོས་མ་མ་ཡིན་པའི་ངེས་འབྱུང་ཞིག་སྐྱེས་དགོས་ཏེ་ཐར་པའི་སྒོ་ནི་ངེས་འབྱུང་ཡིན་པས་གལ་ཏེ་འཁོར་བ་འདིར་ངེས་འབྱུང་གི་བསམ་པ་མེད་ཚེ། འཁོར་བ་ལས་ཐར་འདོད་མི་སྐྱེས་ཤིང་ཐར་འདོད་མེད་ཚེ་རྣམ་གྲོལ་གྱི་ལམ་ལ་འཇུག་པར་མི་བྱེད་པས་མུ་ནས་འཁོར་བར་ལྷུང་ངེས་པ་ཡིན། དེ་བས་འཁོར་བའི་ཉེས་དམིགས་ཡང་ཡང་བསམས་ནས་ཐར་པའི་ལམ་རང་གིས་འཚོལ་དགོས་པ་ལས་སངས་རྒྱས་ཀྱིས་ཐར་པ་དངོས་སུ་སྤྲོད་པ་མེད་དེ།ཐུབ་རྣམས་སྡིག་པ་ཆུ་ཡིས་མི་ཁྲུས་ཤིང་། །འགྲོ་བའི་སྡུག་བསྔལ་ཕྱག་གི་མི་སེལ་ལ། །རང་གི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་གྱུར། །ཞེས་པ་ལྟར་རང་ཉིད་ཀྱིས་སངས་རྒྱས་ཀྱི་བསྟན་པའི་ལམ་ལ་ལེགས་པ་འཇུག་ན་ཐར་པ་མེད་པ་མིན་ནོོ།།
བཅུ་བ། མཇུག་གི་གཏམ་གླེང་བ།
བར་སྐབས་འདིར་སླེབས་ནས་ཕྱིར་མིག་ཅིག་བལྟས་ན། རང་ཉིད་ཀྱི་བྱིས་བློའི་སྣང་ཚུལ་ལ་ཤར་བའི་བསམ་ཚུལ་མང་པོ་ཞིག་དཔྱད་པ་གཏོང་ཁུལ་གྱིས་དམར་རྗེན་དུ་བསྟན་པ་དེ་དག་ལ་རིན་ཐང་ཆུང་ཞིང་། དཔྱད་སྟོབས་ཀྱིས་ནུས་པ་སྨིན་པ་མེད་པ་ཤེས་ཡོད། ཁྱད་པར་དུ་ཉེས་བཤད་ཀྱི་ཆའང་མང་པོ་ཞིག་ལྷག་ཡོད་པའང་སྨོས་མ་དགོས་པར་ཁས་ལེན་བཞིན་ཡོད། ཡིན་ནའང་། གྱལ་ཙེ་གོམ་ཙེ་འདིའི་བརྒྱུད་རིམ་ནས་རང་ཉིད་ལ་བློ་སྦྱོང་དང་། མཉམ་མྱོང་། ཚོད་ལྟ་ཐེངས་ཤིག་གི་གྲུབ་འབྲས་འཐོབ་པར་བསམས་ནས་འདིར་ལྟར་ཧམ་སེམས་ཀྱིས་རང་ཉིད་ཀྱི་ཁོ་ལག་མ་རྫོགས་པའི་རྣམ་དཔྱོད་ལབཙོ་སྦྱངས་ཤིག་བྱ་འདོད་པ་ལས་གཞན་གང་ཡང་དམིགས་བྱ་གང་ཡང་མེད། སྤྱིར་སྐབས་འདིིའི་གླེང་གཞིར་གྲུབ་མཐའ་ཁག་གི་རྩ་བའི་འདོད་ཚུལ་རྒྱས་པར་ཕྱེ་ནས་སྨྲས་ན། ད་དུང་དཔྱད་རྒྱུ་དང་རྩོད་རྒྱུ་མང་པོ་ཞིག་ལྷག་ཡོད་པ་གོར་མ་ཆགས་མོད། བདག་ལ་མཚོན་ན། དེར་དཔྱོད་པའི་བློ་སྟོབས་བྲལ་བས་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱས་སོ།།
ལས་ཉོན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།།
ཐར་འདོད་དྲག་པོས་སྒོ་གསུམ་ཆོས་ལ་འཇུག།།
ཆོས་ཀྱི་བདུད་རྩི་ཟེག་མ་རེ་རེས་ཀྱང་།།
འཁོར་བའི་རྒྱུན་འདི་གཅོད་པར་གྲོགས་བྱེད་ཤོག།།
སརྦ་མངྒལཾ།
བཅུ་གཅིག ཟུར་ལྟའི་དཔེ་དེབ་ཁག་གི་མཚན་བྱང་།
- ཕར་ཕྱིན་རྟོགས་དཀའི་སྣང་བ།མཁས་གྲུབ་དགེ་ལེགས་དཔལ་བཟང་།
- ལེགས་བཤད་གསེར་གྱི་ཕྲེང་བ།རྗེ་ཙོང་ཁ་པ།འབྲས་སྤུངས་སྒོ་མང་དཔེ་མཛོད།
- ཕར་ཕྱིན་སྤྱི་དོན།པཎ་ཆེན་བསོད་ནམས་གྲགས་པ།འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་།
- སློབ་དཔོན་ཀ་མ་ལ་ཤྰི་ལས་མཛད་པའི་འཕགས་པ་སྰ་ལུ་ལྗང་པ་རྒྱ་ཆེར་འགྲེལ་པ།མཐོ་སློབ་པར་སྐྲུན་སྡེ་ཚན།
- གྲུབ་མཐའ་ཤེལ་གྱི་མེ་ལོང་།ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མ།བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་།
- དྲང་ངེས་ལེགས་བཤད་སྙིང་པོའི་དགོངས་པ་འཚོལ་བ་ལུང་རིགས་གསལ་བའི་གསེར་གྱི་མེ་ལོང་།ལྷ་རམས་པ་སེར་སྨད་དགེ་བཤེས་བློ་བཟང་དོན་གྲུབ།
- བཞི་བརྒྱ་པའི་རྣམ་བཤད་ལེགས་བཤད་སྙིང་པོ།སློབ་དཔོན་འཕགས་པ་ལྷ།དགེ་ལྡན་སྤྱི་ལས་ཁང་ནས་པར།
- ལམ་གཙོ་རྣམ་གསུམ།རྗེ་ཙོང་ཁ་པ་ཆེན་པོ།
- ཟབ་མོ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པའི་སྐལ་བཟང་མིག་འབྱེད།མཁས་གྲུབ་རྗེ།
- དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་ཏུ་གསལ་བ།རྗེ་ཙོང་ཁ་པ་ཆེན་པོ།
- དབུ་མ་རིན་ཆེན་ཕྲེང་བའི་སྙིང་པོའི་དོན་གསལ་བར་བྱེད་པ།རྒྱལ་ཚབ་དར་མ་རིན་ཆེན།
- བརྒལ་ལན་རྣམ་གསུམ།མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད།
- ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པའི་རྣམ་བཤད་ཐར་ལམ་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པ།རྒྱལ་ཚབ་དར་མ་རིན་ཆེན།
- ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ།རྗེ་དགེ་འདུན་གྲུབ།
- བསྟན་འགྱུར་ཚད་མ།ཚད་མ་ཀུན་བཏུས་སྐོར།སྡེ་ཚན།ཅེ།སློབ་དཔོན་ཕྱོགས་གླང་།
- བསྟན་འགྱུར་དཔེ་བསྡུར་མ།ཚད་མ།གཞན་སེལ་བརྟག་པའི་ཚིག་ལེའུར་བྱས་པ།སློབ་དཔོན་དགེ་སྲུངས་ཀྱིས་མཛད།
- བསྟན་འགྱུར་དཔེ་བསྡུར་མ།ཚད་མ།གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ།སློབ་དཔོན་ཆོས་མཆོག
- བསྟན་འགྱུར་དཔེ་བསྡུར་མ།ཚད་མ།སེལ་བ་གྲུབ་པ།མཁས་པ་ཆེན་པོ་བྲམ་ཟེ་ཤཾ་ཀ་རཱ་ནཎྡ།
- བསྟན་འགྱུར་དཔེ་བསྡུར་མ།ཚད་མ།ཟེ།ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་དེའི་དཀའ་འགྲེལ།སློབ་དཔོན་ཀཱ་མ་ལ་ཤཱི།
- ལྷ་དབང་བློའི་རྣམ་འགྲེལ་འགྲེལ་བ།བསྟན་འགྱུར་དཔེ་བསྡུར་མ།ཚད་མ།
- ཤཱཀྱ་བློའི་རྣམ་འགྲེལ་འགྲེལ་བ།བསྟན་འགྱུར་དཔེ་བསྡུར་མ།ཚད་མ།
- ཚད་མ་རིགས་པའི་གཏེར་དང་དེའི་རང་འགྲེལ།ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན།དཔལ་ས་སྐྱ་པའི་སློབ་གཉེར་ལྷན་ཚོགས
- ཚད་མ་རིགས་པའི་གཏེར་གྱི་དོན་གསལ་བར་བྱེད་པ།གོ་རམས་པ་བསོད་ནམས་སེང་གེ།
- ཚད་མ་རིགས་གཏེར་གྱི་རྣམ་བཤད་གསལ་བའི་ཉི་མ།ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ།ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
- ཚད་མའི་བསྟན་བཅོས་རིགས་པའི་རྒྱན་ཞེས་བྱ་བ་བཞུགས་སོ།རྗེ་དགེ་འདུན་གྲུབ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
- རྟ་ནག་རྣམ་འགྲེལ།རྗེ་རྟ་ནག་དགེ་འདུན་བློ་བཟང་།མི་རིགས་དཔེ་སྐྲུན་ཁང་།༢༠༠༤
- རིག་གཞུང་རྒྱ་མཚོ་ལས་རང་དོན་ལེའུ།ཀརྨ་ཆོས་གྲགས་རྒྱ་མཚོ།
- རྣམ་འགྲེལ་ཐར་ལམ་གསལ་བྱེད།སྟོད་ཆ།སྨད་ཆ།རྒྱལ་ཚབ་རྗེ།
- ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ།མཁས་གྲུབ་དགེ་ལེགས་དཔལ་བཟང་།སཱར་ཎཐའི་སྒྲོན་གསལ་གསར་པའི་དཔེ་སྐྲུན་ཁང་།
- ཚད་མ་སྡེ་བདུན་མཁས་མང་དགོངས་པའི་བཅུད་བསྡུས།མཁན་ཐུབ་བསྟན་ཉི་མ་སངས་རྒྱས།བོད་ཀྱི་དཔེ་དེབ་ཁང་།
- ཚད་མ་རིག་པའི་ཞིབ་འཇུགངག་དབང་བསྟན་འཛིན་དང་བསྟན་པ་ཚེ་རིང་གིས་བསྒྲིགས།
- དཔལ་ས་སྐྱ་པའི་ཚད་མ་རིག་པའི་གཞུང་གཅེས་བཏུས།བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་
- བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ།ཐུབ་བསྟན་དགེ་ལེགས་རྒྱ་མཚོ།ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
- ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ།པཎ་ཆེན་བསོད་ནམས་གྲགས་པ།ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
- ཚད་མ་རྣམ་འགྲེལ་གྱི་དགོངས་པའི་རྒྱན་ཞེས་བྱ་བ་བཞུགས་སོ།།སེར་སྨད་སྦོམ་ར་དགེ་བཤེས་ཡེ་ཤེས་དབང་ཕྱུག
- ཚད་མ་སྡེ་བདུན་རྒྱན་གྱི་མེ་ཏོགབཅོམ་ལྡན་རིགས་པའི་རལ་གྲི།ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
- ཚད་མ་རྣམ་འགྲེལ་གྱི་ལེགས་བཤད་སྣང་བའི་གཏེར།ཀུན་མཁྱེན་མི་ཕམ་རིན་པོ་ཆེ།ཝཱ་ཎ་རྙིང་མའི་བདེ་དོན་ལྷན་ཁང་།
- ཚད་མ་སྡེ་བདུན་གྱི་བསྡུས་གཞུང་བློ་གྲོས་པད་ཚལ་བཞད་པའཔི་ཉིན་བྱེད་ཀྱི་མཆན་འགྲེལ་བཞུགས་སོ།གཙོ་སྒྲིག་པ།མཁྱེན་རབ་བསོད་ནམས་ཚེ་བརྟན།མི་རིགས་དཔེ་སྐྲུན་ཁང་།
- བོད་ཀྱི་ཚད་མ་རིག་པའི་བསྟན་བཅོས་དཀོན་པོ་བདམས་བསྒྲིགས།གཙོ་སྒྲིག་པ།ཟླ་བ།དེབ་བདུན་པ།མི་རིགས་དཔེ་སྐྲུན་ཁང་།
དཔྱད་གཞིའི་ཡིག་ཆ།
[1]བོད་རྒྱ་ཚིག་མཛོད་ཆེན་མོ།མི་རིགས་དཔེ་སྐྲུན་ཁང་།སྤྱི་ལོ1993ལོར་པར་ཐེངས་དང་པོ་རུ་བསྐུན།ཤོག་ངོས།2682ལ་གསལ།
[2]དབུ་མ་རྩ་བ་ཤེས་རབ་ཀྱི་རྩ་འགྲེལ་གཙེས་བཏུས།བྱང་ཆུབ་བརྩོན་འགྲུས།སི་ཁྲོན་བོད་ཡིག་དཔེ་རྙིང་འཚོལ་བསྡུ་རྩོམ་སྒྲིག་ཁང་།སྤྱི་ལོ2003ལོར་པར་ཐེངས་དང་པོར་དཔར་དུ་བསྐྲུན།ཤོག་ངོས།320ལ་གསལ།
[3]བོད་རྒྱ་ཚིག་མཛོད་ཆེན་མོ།མི་རིགས་དཔེ་སྐྲུན་ཁང་།སྤྱི་ལོ1993ལོར་པར་ཐེངས་དང་པོ་རུ་བསྐུན།ཤོག་ངོས།2050ལ་གསལ།
[4]བོད་རྒྱ་ཚིག་མཛོད་ཆེན་མོ།མི་རིགས་དཔེ་སྐྲུན་ཁང་།སྤྱི་ལོ1993ལོར་པར་ཐེངས་དང་པོ་རུ་བསྐུན།ཤོག་ངོས།2050ལ་གསལ།
[5]འཕགས་པ་སཱ་ལུ་ལྗང་པ་རྒྱ་ཆེར་འགྲེལ་བ།སློབ་དཔོན་ལ་ཀ་མ་ལ་ཤྰི་ལ།ཝཎ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་པར་དུ་སྐྲུན།ཤོག་གྲངས།417ལ་གསལ།
[6]རྣམ་བཤད་རྟོགས་དཀའི་སྣང་བ།མཁས་གྲུབ་དགེ་ལེགས་དཔལ་བཟང་།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།སྤྱི་ལོ2014ལོར་པར་ཐེངསདང་པོ་རུ་དཔར་དུ་བསྐྲུན།ཤོག་ངོས།726ལ་གསལ།
[7]དུང་དཀར་ཚིག་མཛོད་ཆེན་མོ།དུང་དཀར་བློ་བཟང་འཕྲིན་ལས།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།སྤྱི་ལོ2002ལོར་པར་ཐེངས་དང་པོ་རུ་དཔར་དུ་བསྐྲུན།ཤོག་ངོས།1591ལ་གསལ།
[8]བྱང་ཆུབ་ལམ་རིམ་ཆེ་བ།རྗེ་རིན་པོ་ཆེ།ཞུ་སྒྲིག་པ།སློབ་དཔོན་དགེ་བཤེས་ཡེ་ཤེས་ཐབས་མཁས།ཨ་རི་ནིའུ་འཇར་སི་བསླབ་གསུམ་བཤད་སྒྲུབ་གླིང་ཆོས་ཚོགས་ཀྱིས་པར་དུ་བསྐྲུན།སྤྱི་ལོ2016ལོར་པར་ཐེངས་དང་པོ་རུ་དཔར་དུ་བསྐྲུན།ཤོག་གྲངས། 610ལ་གསལ།
[9]བྱང་ཆུབ་ལམ་རིམ་ཆེ་བ།རྗེ་རིན་པོ་ཆེ།ཞུ་སྒྲིག་པ།སློབ་དཔོན་དགེ་བཤེས་ཡེ་ཤེས་ཐབས་མཁས།ཨ་རི་ནིའུ་འཇར་སི་བསླབ་གསུམ་བཤད་སྒྲུབ་གླིང་ཆོས་ཚོགས་ཀྱིས་པར་དུ་བསྐྲུན།སྤྱི་ལོ2016ལོར་པར་ཐེངས་དང་པོ་རུ་དཔར་དུ་བསྐྲུན།ཤོག་གྲངས། 612ལ་གསལ།
[10]དུང་དཀར་ཚིག་མཛོད་ཆེན་མོ།དུང་དཀར་བློ་བཟང་འཕྲིན་ལས།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།སྤྱི་ལོ2002ལོར་པར་ཐེངས་དང་པོ་རུ་དཔར་དུ་བསྐྲུན།ཤོག་ངོས།1591ལ་གསལ།
[11]ཆོས་རྣམ་ཀུན་བཏུས།ནོར་བྲང་ཨོ་རྒྱན།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།སྤྱི་ལོ2008ལོར་པར་ཐེངས་དང་པོ་རུ་དཔར་དུ་བསྐྲུན།ཤོག་ངོས།1210ལ་གསལ།
[12]དུང་དཀར་ཚིག་མཛོད་ཆེན་མོ།དུང་དཀར་བློ་བཟང་འཕྲིན་ལས།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།སྤྱི་ལོ2002ལོར་པར་ཐེངས་དང་པོ་རུ་དཔར་དུ་བསྐྲུན།ཤོག་ངོས།1591ལ་གསལ།
[13]དུང་དཀར་ཚིག་མཛོད་ཆེན་མོ།དུང་དཀར་བློ་བཟང་འཕྲིན་ལས།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།སྤྱི་ལོ2002ལོར་པར་ཐེངས་དང་པོ་རུ་དཔར་དུ་བསྐྲུན།ཤོག་ངོས།1591ལ་གསལ།
[14]དམ་པའི་ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད།རྒྱལ་བ་དགེ་འདུན་གྲུབ།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ2009ལོར་པར་ཐེངས་ལྔ་བ་རུ་དཔར་དུ་སྐྲུན།ཤོག་ངོས།204ལ་གསལ།
[15]དམ་པའི་ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད།རྒྱལ་བ་དགེ་འདུན་གྲུབ།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ2009ལོར་པར་ཐེངས་ལྔ་བ་རུ་དཔར་དུ་སྐྲུན།ཤོག་ངོས།204ལ་གསལ།
[16]པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་པོད་གསུམ་པ།པཎ་ཆེན་བློ་བཟང་ཆོས་རྒྱན།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།ཤོག་ངོས།༣༦༥ལ་གསལ།
[17]ཚད་མ་རྣམ་འགྲེལ་ཐར་ལམ་གསལ་བྱེད།རྒྱལ་ཚབ་རྗེ།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།ཞུ་སྒྲིག་པ།སློབ་དཔོན་ཕུན་ཚོགས་དོན་གྲུབ།སྤྱི་ལོ2001ལོར་པར་ཐེངས་དང་པོར་དཔར་དུ་སྐྲུན།ཤོག་ངོས།523ལ་གསལ།
[18]ཚད་མ་རྣམ་འགྲེལ་ཐར་ལམ་གསལ་བྱེད།རྒྱལ་ཚབ་རྗེ།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།ཞུ་སྒྲིག་པ།སློབ་དཔོན་ཕུན་ཚོགས་དོན་གྲུབ།སྤྱི་ལོ2001ལོར་པར་ཐེངས་དང་པོར་དཔར་དུ་སྐྲུན།ཤོག་ངོས།256ལ་གསལ།
[19]ཚད་མ་རྣམ་འགྲེལ་ཐར་ལམ་གསལ་བྱེད།རྒྱལ་ཚབ་རྗེ།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།ཞུ་སྒྲིག་པ།སློབ་དཔོན་ཕུན་ཚོགས་དོན་གྲུབ།སྤྱི་ལོ2001ལོར་པར་ཐེངས་དང་པོར་དཔར་དུ་སྐྲུན།ཤོག་ངོས།512ལ་གསལ།
[20]ཚད་མ་རྣམ་འགྲེལ་ཐར་ལམ་གསལ་བྱེད།རྒྱལ་ཚབ་རྗེ།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།ཞུ་སྒྲིག་པ།སློབ་དཔོན་ཕུན་ཚོགས་དོན་གྲུབ།སྤྱི་ལོ2001ལོར་པར་ཐེངས་དང་པོར་དཔར་དུ་སྐྲུན།ཤོག་ངོས།513ལ་གསལ།
[21]ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ།རྗེ་དགེ་འདུན་གྲུབ།ཝཱ་ཎ་དབུས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ 1997 ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་གྲངས།528ལ་གསལ།
[22]ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ།རྗེ་དགེ་འདུན་གྲུབ།ཝཱ་ཎ་དབུས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ 1997 ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་གྲངས།37ལ་གསལ།
[23]བཞི་བརྒྱ་བའི་རྣམ་བཤད་ལེགས་བཤད་སྙིང་བོ།རྒྱལ་ཚབ་དར་མ་རིན་ཆེན།ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ2015ལོའི་པར་ཐེངས་བཞི་བ་རུ་དཔར་དུ་སྐྲུན།ཤོག་ངོས།170ལ་གསལ།
[24]བྱང་ཆུབ་ལམ་རིམ་ཆེ་བ།རྗེ་རིན་པོ་ཆེ།ཞུ་སྒྲིག་པ།སློབ་དཔོན་དགེ་བཤེས་ཡེ་ཤེས་ཐབས་མཁས།ཨ་རི་ནིའུ་འཇར་སི་བསླབ་གསུམ་བཤད་སྒྲུབ་གླིང་ཆོས་ཚོགས་ཀྱིས་པར་དུ་སྐྲུན།སྤྱི་ལོ2016ལོར་པར་ཐེངས་དང་པོ་རུ་དཔར་དུ་བསྐྲུན།ཤོག་གྲངས། 612ལ་གསལ།
[25]དབུ་མ་རིན་ཆེན་ཕྲེང་བའི་སྙིང་པོའི་དོན་གསལ་བར་བྱེད་པ།རྒྱལ་ཚབ་དར་མ་རིན་ཆེན།སིངྡྷཱརྠ་དཔེ་བསྐྲུན་ཁང་།སྤྱི་ལོ2010ལོར་པར་ཐེངས་གཉིས་པ་རུ་དཔར་དུ་སྐྲུན།ཤོག་ངོས།31ལ་གསལ།
[26]བྱང་ཆུབ་ལམ་རིམ་ཆེ་བ།རྗེ་རིན་པོ་ཆེ།ཞུ་སྒྲིག་པ།སློབ་དཔོན་དགེ་བཤེས་ཡེ་ཤེས་ཐབས་མཁས།ཨ་རི་ནིའུ་འཇར་སི་བསླབ་གསུམ་བཤད་སྒྲུབ་གླིང་ཆོས་ཚོགས་ཀྱིས་པར་དུ་བསྐྲུན།སྤྱི་ལོ2016ལོར་པར་ཐེངས་དང་པོ་རུ་དཔར་དུ་བསྐྲུན།ཤོག་གྲངས། 617ལ་གསལ།
[27]བསྟན་འགྱུར།ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།སྤྱི་ལོ2000ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་ངོས།71ལ་གསལ།
[28]དབུ་མ་རྩ་བའི་ཚིག་ལེའུ་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ།རྗེ་ཙོང་ཁ་པ་ཆེན་པོ།ཝཱ་ཎ་དབུས་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ2007ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་ངོས།361ལ་གསལ།
[29]དབུ་མ་རྩ་བའི་ཚིག་ལེའུ་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ།རྗེ་ཙོང་ཁ་པ་ཆེན་པོ།ཝཱ་ཎ་དབུས་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ2007ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་ངོས།134ལ་གསལ།
[30]དབུ་མ་རྩ་བ་ཤེས་རབ་ཀྱི་ངག་དོན་བཤད་པ་རིན་པོ་ཆེའི་ཕྲེང་བ།རྗེ་དགེ་འདུན་གྲུབ་པ།ཤོག་ངོས།170ལ་གསལ།
[32]ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ།རྗེ་དགེ་འདུན་གྲུབ།ཝཱ་ཎ་དབུས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ 1997 ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་གྲངས།528ལ་གསལ།
[33]རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ།རྗེ་ཙོང་ཁ་པ།ཝཱ་ཎ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ2014ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་ངོས།346ལ་གསལ།
[34]ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ།རྗེ་དགེ་འདུན་གྲུབ།ཝཱ་ཎ་དབུས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ 1997 ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་གྲངས།239ལ་གསལ།
[35]ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ།རྗེ་དགེ་འདུན་གྲུབ།ཝཱ་ཎ་དབུས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ 1997 ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་གྲངས།239ལ་གསལ།
[36]ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ།རྗེ་དགེ་འདུན་གྲུབ།ཝཱ་ཎ་དབུས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ 1997 ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་གྲངས།276ལ་གསལ།
[37]དབུ་མ་རིན་ཆེན་ཕྲེང་བའི་སྙིང་པོའི་དོན་གསལ་བར་བྱེད་པ།རྒྱལ་ཚབ་དར་མ་རིན་ཆེན།སིངྡྷཱརྠ་དཔེ་བསྐྲུན་ཁང་།སྤྱི་ལོ༢༠༡༠ལོར་པར་ཐེངས་གཉིས་པ་རུ་དཔར་དུ་སྐྲུན།ཤོག་ངོས།༣༡ལ་གསལ།
[38]དབུ་མ་རིན་ཆེན་ཕྲེང་བའི་སྙིང་པོའི་དོན་གསལ་བར་བྱེད་པ།རྒྱལ་ཚབ་དར་མ་རིན་ཆེན།སིངྡྷཱརྠ་དཔེ་བསྐྲུན་ཁང་།སྤྱི་ལོ2010ལོར་པར་ཐེངས་གཉིས་པ་རུ་དཔར་དུ་སྐྲུན།ཤོག་ངོས།31ལ་གསལ།
[39]དབུ་མ་རིན་ཆེན་ཕྲེང་བའི་སྙིང་པོའི་དོན་གསལ་བར་བྱེད་པ།རྒྱལ་ཚབ་དར་མ་རིན་ཆེན།སིངྡྷཱརྠ་དཔེ་བསྐྲུན་ཁང་།སྤྱི་ལོ2010ལོར་པར་ཐེངས་གཉིས་པ་རུ་དཔར་དུ་སྐྲུན།ཤོག་ངོས།28ལ་གསལ།
[40]དབུ་མ་རིན་ཆེན་ཕྲེང་བའི་སྙིང་པོའི་དོན་གསལ་བར་བྱེད་པ།རྒྱལ་ཚབ་དར་མ་རིན་ཆེན།སིངྡྷཱརྠ་དཔེ་བསྐྲུན་ཁང་།སྤྱི་ལོ2010ལོར་པར་ཐེངས་གཉིས་པ་རུ་དཔར་དུ་སྐྲུན།ཤོག་ངོས།28ལ་གསལ།
[41]དབུ་མ་དགོངས་པ་རབ་གསལ།རྗེ་ཙོང་ཁ་པ་ཆེན་པོ།ཞུ་སྒྲིག་པ།དགེ་སློང་ཕུན་ཚོགས་དོན་གྲུབ།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ 2004 ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་གྲངས། 55 གསལ།
[42]དབུ་མ་དགོངས་པ་རབ་གསལ།རྗེ་ཙོང་ཁ་པ་ཆེན་པོ།ཞུ་སྒྲིག་པ།དགེ་སློང་ཕུན་ཚོགས་དོན་གྲུབ།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ 2004 ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་གྲངས། 442གསལ།
[43]དབུ་མ་དགོངས་པ་རབ་གསལ།རྗེ་ཙོང་ཁ་པ་ཆེན་པོ།ཞུ་སྒྲིག་པ།དགེ་སློང་ཕུན་ཚོགས་དོན་གྲུབ།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ 2004 ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་གྲངས།467གསལ།
[44]དབུ་མ་དགོངས་པ་རབ་གསལ།རྗེ་ཙོང་ཁ་པ་ཆེན་པོ།ཞུ་སྒྲིག་པ།དགེ་སློང་ཕུན་ཚོགས་དོན་གྲུབ།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ 2004 ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་གྲངས།467གསལ།
[45]དབུ་མ་དགོངས་པ་རབ་གསལ།རྗེ་ཙོང་ཁ་པ་ཆེན་པོ།ཞུ་སྒྲིག་པ།དགེ་སློང་ཕུན་ཚོགས་དོན་གྲུབ།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ 2004 ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་གྲངས། 445 གསལ།
[46]བྱང་ཆུབ་ལམ་རིམ་ཆེ་བ།རྗེ་རིན་པོ་ཆེ།ཞུ་སྒྲིག་པ།སློབ་དཔོན་དགེ་བཤེས་ཡེ་ཤེས་ཐབས་མཁས།ཨ་རི་ནིའུ་འཇར་སི་བསླབ་གསུམ་བཤད་སྒྲུབ་གླིང་ཆོས་ཚོགས་ཀྱིས་པར་དུ་བསྐྲུན།སྤྱི་ལོ2016ལོར་པར་ཐེངས་དང་པོ་རུ་དཔར་དུ་བསྐྲུན།ཤོག་གྲངས། 612ལ་གསལ།
[47]པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ།པོད་གསུམ་པ།སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་།ཤོག་ངོས།255ལ་གསལ།
[48]རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ།ཚ།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།སྤྱི་ལོ2012ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་ངོས།564ལ་གསལ།
[49]མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།སྤྱི་ལོ20114ལོའི་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་ངོས།509ལ་གསལ།
[50]གྲུབ་མཐའ་ཤེལ་གྱི་མེ་ལོང་།ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མ།བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་།སྤྱི་ལོ2007ལོར་ལྡི་ལིར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་ངོས།30གསལ།
[51]དམ་པའི་ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད།རྒྱལ་བ་དགེ་འདུན་གྲུབ།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ2009ལོར་པར་ཐེངས་ལྔ་བ་རུ་དཔར་དུ་སྐྲུན།ཤོག་ངོས།204ལ་གསལ།
[52]ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ།རྗེ་དགེ་འདུན་གྲུབ།ཝཱ་ཎ་དབུས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ 1997 ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་གྲངས།239ལ་གསལ།
[53]དབུ་མ་རིན་ཆེན་ཕྲེང་བའི་སྙིང་པོའི་དོན་གསལ་བར་བྱེད་པ།རྒྱལ་ཚབ་དར་མ་རིན་ཆེན།སིངྡྷཱརྠ་དཔེ་བསྐྲུན་ཁང་།སྤྱི་ལོ2010ལོར་པར་ཐེངས་གཉིས་པ་རུ་དཔར་དུ་སྐྲུན།ཤོག་ངོས།28ལ་གསལ།
[54]དབུ་མ་རིན་ཆེན་ཕྲེང་བའི་སྙིང་པོའི་དོན་གསལ་བར་བྱེད་པ།རྒྱལ་ཚབ་དར་མ་རིན་ཆེན།སིངྡྷཱརྠ་དཔེ་བསྐྲུན་ཁང་།སྤྱི་ལོ2010ལོར་པར་ཐེངས་གཉིས་པ་རུ་དཔར་དུ་སྐྲུན།ཤོག་ངོས།31ལ་གསལ།
[55]བརྒལ་ལན་རྣམ་གསུམ་དང་ཤེར་འགྲེལ་ཀེ་ཏ་ཀ།མི་ཕམ་རྣམ་རྒྱལ་རྒྱ་མཚོ།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྔ་འགྱུར་རྙིང་མའི་བདེ་དོན་ལྷན་ཁང་།སྤྱི་ལོ1993ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་གྲངས།91 གསལ།
[56]བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས།རྒྱལ་ཚབ་དར་མ་རིན་ཆེན།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ༡༩༩༩ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་ངོས།༢༦ལ་གསལ།
[57]རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ།རྗེ་ཙོང་ཁ་པ།ཝཱ་ཎ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ2014ལོར་པར་ཐེངས་དང་པོ་རུ་དཔར་དུ་སྐྲུན།ཤོག་ངོས།346ལ་གསལ།
[58]བཞི་བརྒྱ་བའི་རྣམ་བཤད་ལེགས་བཤད་སྙིང་བོ།རྒྱལ་ཚབ་དར་མ་རིན་ཆེན།ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ2015ལོའི་པར་ཐེངས་བཞི་བ་རུ་དཔར་དུ་སྐྲུན།ཤོག་ངོས།94ལ་གསལ།
[59]བཞི་བརྒྱ་བའི་རྣམ་བཤད་ལེགས་བཤད་སྙིང་བོ།རྒྱལ་ཚབ་དར་མ་རིན་ཆེན།ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ2015ལོའི་པར་ཐེངས་བཞི་བ་རུ་དཔར་དུ་སྐྲུན།ཤོག་ངོས།95ལ་གསལ།
[60]བཞི་བརྒྱ་བའི་རྣམ་བཤད་ལེགས་བཤད་སྙིང་བོ།རྒྱལ་ཚབ་དར་མ་རིན་ཆེན།ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལྡན་སྤྱི་ལས་ཁང་།སྤྱི་ལོ2015ལོའི་པར་ཐེངས་བཞི་བ་རུ་དཔར་དུ་སྐྲུན།ཤོག་ངོས།95ལ་གསལ།
– – – – –