གནའ་བོའི་གྷི་རི་སིའི་ཡིག་རྙིང་ནས་བདེན་བཞི་རྙེད་པ།

2
1670

མཚམས་སྦྱོར།

བདག་ཅག་གི་སྟོན་པས་འཇིག་རྟེན་མཐུན་སྣང་ལ་བསྐོར་བའི་ཆོས་འཁོར་ཆེས་ཐོག་མ་ནི་བྱམས་དང་སྙིང་རྗེ་སོགས་གང་ཡང་མིན་པར་འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོ་ལ་གསུངས་པའི་འཕགས་པའི་བདེན་པ་བཞི་པོ་ཡིན་པས། བདེན་བཞི་ནི་ནང་བསྟན་སྤྱི་ཁྱབ་ཀྱི་ལོ་རྒྱུས་ལ་ལྟོས་ན་ཧ་ཅང་གལ་གནད་ཆེ་བ་མ་ཟད། ནང་དོན་གྱི་ཐད་ནས་ཀྱང་ནང་པའི་ཐེག་པ་ཐུན་མོང་གི་སྲོག་སྙིང་ངོ་མ་རུ་ཆགས་ཡོད་སྟབས་རང་རེ་ནང་པ་བ་ཀུན་གྱིས་དོ་སྣང་བླ་ལྷག་ཏུ་བྱེད་དགོས་པའི་རྒྱུ་མཚན་མང་དུ་མཐོང་། ཁྱད་པར་དུ་བདག་ཅག་གི་སྟོན་པ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་མ་བྱོན་པའི་གོང་ནས་ཀྱང་གནའ་བོ་གྷི་རི་སིའི་མཚན་ཉིད་མཁན་པོ་རྣམ་པས་ནང་པའི་བདེན་བཞི་དང་ཕྱོགས་མཚུངས་པའི་རྣམ་གཞག་མང་པོ་ཞིག་གཏན་ལ་ཕབ་འདུག་པས་ན། བན་སར་བདག་གིས་དམིགས་བསལ་དུ་གནའ་བོའི་རིག་གཞུང་དེ་གཉིས་ཀྱི་བར་ལ་མཐུན་པ་དང་མི་མཐུན་པའི་ཆ་གང་ཡོད་དཔྱད་པར་འདོད་དོ། །

དེ་ལ་ཁོ་བོས་འཛམ་གླིང་ཤར་ནུབ་ཀྱི་གནའ་བོའི་མཚན་ཉིད་རིག་པའི་གཞུང་ལུགས་ཙམ་མིན་པར་གདོད་མའི་ཆོས་ལུགས་འདྲ་མིན་དང་། གནའ་བོའི་ལྷ་སྒྲུང་སྣ་ཚོགས་ལ་ཡུན་དུ་བལྟས་ཤིང་ཡང་ཡང་འདྲིས་པ་ལས་རྙེད་པའི་གོ་རྟོགས་ལྟར་ན། ཆེས་གདོད་མིའི་དུས་ཀྱི་འགྲོ་བ་མི་ནི་ཁ་ཟས་རྒྱབ་གོས་ཙམ་ལས་ཅི་ཡང་བསམ་མནོ་འདོན་མི་ཤེས་པའི་སྲོག་ཆགས་ལས་ངན་ཞིག་ཡིན་པ་ལ། ནམ་རྒྱུན་རི་གཉན་པོ་དང་ཆུ་བཙན་པོ་ལ་གནས་བཅས་པའི་མི་མངོན་པའི་ལྷ་འདྲེ་གདོན་གསུམ་གྱིས་གནོད་འཚེ་ཡང་ཡང་བཏང་བ་ན། དངོས་སུ་མཐོང་བའི་རི་ཆུ་དེ་དག་གིས་གནོད་པ་བྱས་སོང་སྙམ་པའི་འཁྲུལ་ཤེས་སྐྱེས་ཏེ་རང་བྱུང་ཁམས་ལ་སྐྱབས་སུ་འགྲོ་བའི་གདོད་མའི་ཆོས་ལུགས་དར་ཞིང་། རིམ་པས་རི་ཆུ་སོགས་ལས་འདས་པའི་ལྷ་འདྲེ་རང་མཚན་པ་ཡོད་པའི་དད་མོས་འཁྲུངས། དེ་ནས་རང་བཞིན་གྱིས་སྐྱེ་བ་སྔ་མ་དྲན་པའམ་སྟེས་དབང་གིས་ཤི་ནས་སླར་སོས་ཡོང་བ་ལྟ་བུའི་མི་སྣ་དམིགས་བསལ་བ་འགའ་རེའི་བཀའ་དྲིན་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་ཡོད་པའི་ཡིད་ཆེས་རྙེད་དེ། ཐོག་དང་པོར་འཁོར་བའམ་འབྲས་བུ་སྡུག་བསྔལ་བདེན་པ་ལ་ངོས་འཛིན་མག་མོག་ཅིག་བྱུང་།

དེ་རྗེས་སྐྱེ་བ་སྔ་མ་ཡོད་ན་སེམས་ཅན་ཆེས་ཐོག་མ་དེ་ཇི་ལྟར་སྐྱེ་བ་དང་དེ་ལ་ཕ་མ་ཡོད་མེད། ཕྱི་རོལ་གྱི་འཇིག་རྟེན་འདི་ཐོག་མར་ཇི་ལྟར་གྲུབ་པ་དང་དེ་ལ་སྐྲུན་མཁན་ཡོད་མེད་སོགས་ཀྱི་དྲི་བ་བཀོད་དེ་དྲིས་ལན་བཙལ་བ་ན་ལན་གཞན་པ་གང་ཡང་མ་རྙེད་པས་འུ་ཐུག་སྟེ། མཐར་ངོ་མཚར་བའི་སྣང་ཚུལ་འདི་དག་སྐྱེས་བུ་སྟོབས་པོ་ཆེ་ཞིག་གིས་བཟོས་ཡོང་བ་མིན་ན་ཅི་ཞིག་ཡིན་སྙམ་དུ་བསམ་ནས་འཇིག་རྟེན་བྱེད་པོ་ཡོད་པའི་ཚོད་དཔག་བགྱིས་ཏེ་རྒྱུ་ཀུན་འབྱུང་བདེན་པའི་རྣམ་གཞག་གཏན་འབེབས་བྱས། དེ་མ་ཐག་རྟོག་དཔྱོད་ལ་དགའ་བའི་མི་འགའ་རེས་ཀུན་མཁྱེན་ཀུན་ནུས་ཡིན་པའི་ལྷའམ་བྱེད་པོ་ཞིག་ཡོད་ན་དེའི་ངོ་བོ་ཅི་ཞིག་ཡིན་པ་དང་། ཁོང་ཉིད་ས་ཕྱོགས་གང་དུ་ཚུལ་ཇི་ལྟར་མཛད་ནས་བཞུགས་པ། ས་ཆ་དེའི་སྣོད་བཅུད་ཀྱི་བཀོད་པ་ག་འདྲ་ཡིན་པའི་དོགས་པ་བསླངས་ཏེ་རྟོག་དཔྱོད་མང་དུ་བགྱིས་པའི་འབྲས་བུ་ལ། ཉི་ཟླའི་གོང་རོལ་གྱི་ནམ་མཁའི་མཐོངས་སུ་ལྷ་ཡུལ་ཟེར་བའི་ཡུལ་གྲུ་སྐྱིད་པོ་ཞིག་ཆགས་ཚུལ་དང་། གནས་དེར་འཇིག་རྟེན་བྱེད་པོ་བཞུགས་ཡོད་རབས་སོགས་ཀྱི་ལྷ་སྒྲུང་སྣ་ཚོགས་བསྒྲིགས་ཏེ་འཐོབ་བྱ་འགོག་པའི་བདེན་པའམ་ཐར་པའི་གོ་འཕང་ཚོད་འཇོག་མཛད།

དེ་ནས་ཅུང་མ་འགོར་བར་ལྷ་ཡུལ་ཟེར་བའི་མཁའ་དབྱིངས་ཀྱི་ས་ཆ་སྐྱིད་པོ་དེ་རུ་རང་ཅག་སྐྱེ་བོ་ཕལ་པ་རྣམས་འགྲོ་ཐུབ་པའི་རེ་བ་ཡོད་མེད་དང་། ཡོད་ན་བགྲོད་བྱེད་ཀྱི་ཐབས་ལམ་གང་ཡིན་སོགས་ཀྱི་ཐད་ལ་བགྲོ་གླེང་ལྷུག་པོར་བྱས་པས་མཐར་བསྟེན་བྱ་ལམ་གྱི་བདེན་པ་འདི་དང་དེ་ཡིན་ཟེར་བའི་བཤད་སྲོལ་སྣ་ཚོགས་བྱུང་བར་མངོན་ནོ། །

དེས་ན་རྒྱ་གར་གྱི་གདོད་མའི་ཆོས་ལུགས་དང་། ཨེ་ཅེབ་ཀྱི་གནའ་བོའི་ཆོས་ལུགས། རྩ་བ་ལྗེའུ་ཆོས་ལུགས་དང་དེ་ལས་མཆེད་པ་ཡེ་ཤུ་དང་མུ་སི་ལམ་གྱི་ཆོས་ལུགས་སོགས་འཛམ་གླིང་ཤར་ནུབ་ཀྱི་གནའ་བོའི་ཆོས་ལུགས་ཆེ་བ་ཕལ་མོ་ཆེས། འཁོར་བ་ལས་འདས་པའི་ཐར་པ་ནི་ནམ་མཁའི་སྟེང་ཕྱོགས་སུ་ཡོད་པའི་ས་ཆ་སྐྱིད་པོ་ཞིག་དང་། གནས་དེར་བགྲོད་བྱེད་ཀྱི་ཐར་ལམ་ནི་ལུས་ངག་གི་དགེ་བ་ཉི་ཚེ་བ་ཞིག་ལ་ངོས་བཟུང་ཡོད་པ་མ་གཏོགས། རང་རེ་ནང་པ་བ་ལྟར་དུ་ཀུན་ཉོན་དང་རྣམ་བྱང་གི་བདེན་པ་བཞི་པོ་ཕྱི་རོལ་བེམ་པོའི་ཐོག་ཏུ་མེད་པར་ཀུན་ཀྱང་ནང་སེམས་སྐད་ཅིག་མའི་ཐོག་ལ་ཡོད་ཚུལ་རྩ་བ་ནས་བཤད་ཤེས་མེད་དོ། །

མི་རྟག་པ།

ད་ནི་དཀྱུས་ཀྱི་བརྗོད་གཞི་དངོས་ལ་ཞུགས་ན། བདག་སོགས་དཔེ་ཆ་བ་ཀུན་གྱི་བློ་ལ་འཇགས་ཤིང་ཁ་ལ་བྱང་བ་ལྟར། འཕགས་པའི་བདེན་པ་བཞི་ཡི་དང་པོ་ཤེས་བྱ་སྡུག་བསྔལ་གྱི་བདེན་པ་ལ་ཕྱིས་ཀྱི་སློབ་དཔོན་རྣམ་པས་ཁྱད་ཆོས་བཞི་ཙམ་སྦྱར་སྲོལ་ཡོད་པའི་ནང་གི་ཆེས་ཐོག་མ་ནི། སྟོང་པ་དང་བདག་མེད་མིན་པར་འདུས་བྱས་ཐམས་ཅད་མི་རྟག་པ་དང་འགྱུར་བའི་རང་བཞིན་དུ་གནས་པ་དེ་ཡིན་ལ། སྟོན་པ་སངས་རྒྱས་ཀྱི་ཞལ་ནས་ཀྱང་རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། །རྗེས་ཐམས་ཅད་ཀྱི་ནང་ན་གླང་པོ་ཆེའི་རྗེས་མཆོག་གོ། །མེ་ཏོག་རྣམས་ཀྱི་ནང་ན་པད་མ་དཀར་པོ་མཆོག་གོ། །འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པའི་འདུ་ཤེས་མཆོག་གོ། ། ཞེས་གསུངས་པས་ན། ཁོ་བོས་ཀྱང་ཐོག་མར་སྡུག་བདེན་གྱི་ཁྱད་ཆོས་མི་རྟག་པ་ནས་བརྩམས་ཏེ་གླེང་བར་མོས་སོ། །

དེ་ལ་སྟོན་མཆོག་ཐུབ་པའི་དབང་པོས་མི་རྣམས་རྟག་འཛིན་གྱི་གཞན་དབང་དུ་གྱུར་ཏེ་ལེ་ལོ་དང་རྣམ་གཡེང་གི་ངང་དུ་ལུས་པ་ནི་ཚེ་འདི་ཕྱི་དང་། ཆོས་འཇིག་རྟེན་གཉིས་ཀ་རྩ་མེད་དུ་རླག་པའི་གཏེ་བོ་ངོ་མ་དེ་ཡིན་པར་གཟིགས་ཏེ། སྐྱེ་རྒུ་རྣམས་ཡ་ང་བའི་གཡང་ས་དེ་ལས་ཡོངས་སུ་སྐྱོབ་པའི་སླད་དུ།
ཀྱེ་མ་འདུ་བྱེད་རྣམས་མི་རྟག །
སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །
ཞེས་སོགས་མང་དུ་གསུངས་ཏེ་གཙོ་ཆེར་མིའི་ཚེ་སྲོག་ལ་སྦྱར་ནས་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པར་བསྟན་མོད། ཁོང་གི་རྗེས་སུ་འབྲང་བའི་ཕྱིས་ཀྱི་རྟོག་གེ་པ་ཚོས་ནི་མི་ཚེའི་གནད་གསང་སྟོན་པའི་ཆོས་ཀྱི་གདམས་ངག་གང་དེ་ཤེས་བྱའི་དེ་ཉིད་འཇལ་བའི་ལྟ་གྲུབ་ཅིག་ཏུ་བསྒྱུར་ཏེ། མ་ཁྱབ་ཁྱབ་ཆེས་མི་སྲིད་པ་སོགས་ཀྱི་སྐྱོན་དང་བྲལ་བའི་མཚན་ཉིད་བཞག་ཅིང་། ཕྱི་ནང་དང་ཕྲ་རགས་ཀྱི་དབྱེ་བ་ཞིབ་མོར་ཕྱེས་ཏེ་རིག་གཞུང་གི་རྣམ་པར་ཡར་རྒྱས་སུ་བཏང་བས་མཚན་ཉིད་སྨྲ་བའི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྱུར་ཏོ། །

མི་རྟག་པ་དང་དུས་མཐའ་ཐུག་མེད།

འོན་ཀྱང་མི་སེམས་རྟག་འཛིན་གྱིས་བསླུས་པའི་འཇིག་རྟེན་འདི་རུ་མི་རྟག་པའི་རྣམ་གཞག་ཆེས་ཐོག་མར་གསུང་མཁན་ནི། སྔ་ཕྱིར་བྱོན་པའི་རྒྱ་གར་གྱི་ནང་པའི་སློབ་དཔོན་རྣམ་པ་ལྟ་ཅི་སྟེ་སྟོན་མཆོག་ཐུབ་པའི་དབང་པོ་ཉིད་ཀྱང་མིན་ཏེ། འོ་ན་སུ་ཞིག་ཡིན་སྙམ་ན། ནང་ཆོས་མ་དར་བའི་གོང་ཙམ་དུ་བྱོན་པའི་གནའ་བོའི་གྷི་རི་སིའི་མཚན་ཉིད་མཁན་པོ་ཧེ་རཱ་ཁུ་ལེ་ཐོ་(赫拉克利特Heraclitus) ཞེས་པའི་བགྲེས་པོ་དེ་ཉིད་ལགས་ཏེ། ཁོང་ནི་ནུབ་ཕྱོགས་ལ་མཚོན་ན་རིགས་པའི་ལམ་ནས་བྱ་དངོས་ཐམས་ཅད་སྐད་ཅིག་ཙམ་ཡང་མི་སྡོད་པར་འཕྲལ་དང་འཕྲལ་དུ་འགྱུར་བཞིན་ཡོད་པར་གསུང་མཁན་ཆེས་ཐོག་མ་དེ་ཡིན་ཞེས་ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས་ཆེད་མཁས་པ་རྣམས་ཁ་མཐུན་པར་སྨྲའོ། །

དེ་ཡང་ཇི་ལྟར་ཞེ་ན། སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པའི་སྐེད་ཙམ་དུ་མི་ཡུལ་ལ་ཕེབས་པའི་མཚན་ཉིད་མཁན་པོ་ཁོང་གི་ཞལ་ནས། མི་ཞིག་གིས་གཙང་པོ་གཅིག་ལན་གཉིས་སུ་བརྒལ་བར་མི་ནུས་ཏེ། ཁྱོད་ཀྱི་མདུན་ནས་བཞུར་བཞིན་པ་ནི་ག་དུས་ཡིན་ཡང་གཙང་པོ་གསར་པ་ཞིག་ཡིན་པའི་ཕྱིར་རོ་ཞེས་དང་། ཉིན་རྟག་པར་ཉི་མ་གསར་པ་རེ་འཆར་གྱིན་ཡོད་དོ་ཞེས་དང་། ཡོད་ཚད་འགྱུར་བའི་བདག་ཉིད་ཅན་ཡིན་པས་རྟག་བརྟན་གྱི་བྱ་དངོས་གཅིག་ཀྱང་མེད་དོ་ཞེས་དང་། ནམ་ཡང་འགྱུར་བ་མེད་པ་ནི་ཡོད་ཚད་གཞན་དུ་འགྱུར་འགྲོ་བ་དེའོ་ཞེས་སོགས་གསུངས་ཏེ་བྱ་དངོས་ཐམས་ཅད་མི་རྟག་པ་དང་འགྱུར་ལྡོག་གི་ངང་དུ་གནས་ཚུལ་དཔེ་གསོན་པོ་ཞིག་གི་ཐོག་ནས་གཏན་ལ་ཕབ་པར་མཛད་དོ། །

དམ་པ་ཁོང་གིས་གཏན་ཚིགས་ཀྱི་ལམ་ནས་བྱ་དངོས་ཡོད་རྒུ་མི་རྟག་པ་ཡིན་པའི་ལྟ་བ་ཆེས་ཐོག་མར་བསྟན་པའི་ཆ་ནས་ཧ་ཅང་རླབས་ཆེན་ཡིན་ན་ཡང་། མི་རྟག་པའི་གོ་དོན་རགས་པ་ཞིག་ལས་དེ་འདྲ་ཕྲ་མོ་རང་བཤད་ཐུབ་མེད་པས་ན། ཁོང་གི་བརྒྱུད་པ་འཛིན་པའི་སློབ་མ་གྲགས་ཅན་མིང་ལ་ཁེ་རཱ་ཋེ་ལོ་(克拉底鲁KratIos)ཞེས་པས་གོམ་གང་མདུན་སྤོས་ཀྱི་ཚུལ་དུ། སྣང་བའི་ཆོས་འདི་དག་སྐད་ཅིག་ཙམ་ཡང་མི་སྡོད་པར་གཞན་ནས་གཞན་དུ་འགྱུར་གྱིན་ཡོད་ན། རྐང་པ་ཇི་ལྟར་མགྱོགས་ཀྱང་འབབ་བཞིན་པའི་གཙང་བོ་གཅིག་ལ་ལན་གཉིས་མི་དགོས་ཐ་ན་ལན་གཅིག་ཀྱང་བརྒལ་བར་མི་ནུས་སོ་ཞེས་གསུངས་ཏེ་དགེ་རྒན་གྱི་ལྟ་གྲུབ་ལ་ལེགས་བཅོས་མཛད་པ་སྟེ། དེས་ན་རིགས་པའི་ལམ་ནས་རགས་པ་རྒྱུན་གྱི་མི་རྟག་པ་བཤད་མཁན་ཆེས་ཐོག་མ་དེ་དགེན་ཧེ་རཱ་ཁུ་ལེ་ཐོ་ཡིན་པའི་དབང་དུ་བྱས་ན། ཕྲ་བ་སྐད་ཅིག་གི་མི་རྟག་པ་ཨང་དང་པོར་གསུང་མཁན་ནི་སློབ་བུ་ཁེ་རཱ་ཋེ་ལོ་ཡིན་པར་ཐེ་ཚོམ་ཅི་ཡང་མི་དགོས་སོ། །

དེ་དག་གི་ཁུངས་ནི་སྤྱི་ལོའི་སྔོན་གྱི་ལོ་དུས་རབས་བཞི་པའི་སྨད་ཙམ་ལ་བྱོན་པའི་སློབ་དཔོན་ཆེན་མོ་ཨ་རི་སི་ཋོ་ཋེས་ (亚里士多德Aristotle )མཛད་པའི་གཟུགས་འདས་རིག་པ་ཞེས་པའི་གཞུང་དུ། སྙན་པའི་གྲགས་པ་རྒྱས་ནས་ཡུན་རིང་སོང་བའི་སྐྱེས་མཆོག་ཧེ་རཱ་ཁུ་ལེ་ཐོའི་གྲུབ་མཐའ་འཛིན་པའི་སློབ་དཔོན་ཁེ་རཱ་ཋེ་ལོའི་ལྟ་གྲུབ་ནི་ཆེས་མཐའ་དང་མུ་རུ་ལྷུང་བའི་ཚད་དུ་བརྩི་ཆོག་སྟེ། སློབ་བུ་ཁོང་གིས་དམ་པ་ཧེ་རཱ་ཁུ་ལེ་ཐོས་མི་ཞིག་གིས་གཙང་བོ་གཅིག་ཐེངས་གཉིས་སུ་བརྒལ་མི་ནུས་ཞེས་གསུངས་པ་ལ་དོགས་སློང་མཛད་ཅིང་། ཁོ་རང་གིས་བསམ་ན་ཐེངས་གཅིག་ཀྱང་བརྒལ་བར་མི་ནུས་སོ་སྙམ་དུ་བསམ་མོ། །ཞེས་བྲིས་སོ། །

དེ་ནས་བདག་ཅག་གི་སྟོན་པ་མི་ཡུལ་དུ་མ་བྱོན་པའི་གོང་ཙམ་སྟེ་སྤྱི་ལོའི་སྔོན་གྱི་ལོ་༥༡༠ཡས་མས་སུ་གནའ་བོའི་གྷི་རི་སིའི་ཡུལ་དུ་ཕར་མེ་ནི་ཌྷེ་(巴门尼德Parmenides of Elea)ཟེར་བའི་མཚན་ཉིད་མཁན་པོ་སྐད་གྲགས་ཅན་ཞིག་བྱུང་སྟེ། དེས་ནམ་མཁའ་ཟེར་བའི་བར་སྟོང་ཞིག་ནི་དཔྱད་ན་ཡུལ་སྟེང་དུ་གྲུབ་པ་མི་སྲིད་ཅིང་། བྱ་དངོས་ཡོད་རྒུ་སྐྱེ་བའི་སྐད་ཅིག་མ་དེ་ལ་འགག་འགྲོ་བའི་ཕྱིར་ན་འཇིག་རྟེན་ཁམས་སུ་འཕོ་འགྱུར་དང་གཡོ་འགུལ་ཟེར་བ་ཞིག་གཏན་ནས་མེད་པས། རང་ཅག་གིས་ནམ་མཁའ་ནས་སྤྲིན་པ་གཡོ་བ་དང་། ས་ངོས་ནས་གཙང་པོ་བཞུར་བ་སོགས་གཡོ་འགུལ་བྱེད་པའི་སྣང་ཚུལ་ཇི་སྙེད་མཐོང་བ་ཀུན་ཀྱང་འཁྲུལ་སྣང་འབའ་ཞིག་ཡིན་ཞེས་གསུངས་ཏེ་འགུལ་སྐྱོད་དང་བར་སྟོང་གཞི་མེད་དུ་གཏན་ལ་ཕབ་པས་དེ་ནི་ཧ་ཅང་ངོ་མཚར་བའི་ཐོད་བརྒལ་ཆེན་པོ་ཞིག་ཡིན་པ་མ་ཟད། སྟོང་ཉིད་དང་རྟེན་འབྱུང་གི་ཕྱོགས་ལ་ཡང་གོམ་པ་ཆེན་པོ་ཞིག་སྤོས་པ་ཡིན་ནོ། །

དེ་ལས་ཀྱང་ངོ་མཚར་བ་ཞིག་ལ། དམ་པ་ཁོང་གི་སློབ་མ་གྲགས་ཅན་མཚན་ཉིད་མཁན་པོ་གཟེན་ནོ་(芝诺Zenon) ཞེས་འབོད་པས་དགེ་རྒན་གྱི་ལྟ་གྲུབ་ཤིན་ཏུ་རྟོགས་དཀའ་བ་དེ་ཉིད་རིགས་པའི་ལམ་ནས་འཐད་སྒྲུབ་བྱེད་ཆེད། རྐང་ལག་ཧ་ཅང་མགྱོགས་པའི་ལྷ་སྒྲུང་གི་མི་སྣ་ཨར་ཁི་ལིས་སི་(阿基里斯 Achilles)ཡིས་རུས་སྦལ་འཁོབ་ཏོ་ཞིག་དང་བང་ཁ་འགྲན་ན་ནམ་ཡང་རུས་སྦལ་གྱི་རྗེས་མི་ཆོད་པ་དང་། སྣང་ཚུལ་ལ་བར་སྣང་ནས་འཕུར་བཞིན་པའི་མདའ་མོས་དོན་དུ་འགུལ་སྐྱོད་ཅུང་ཟད་ཀྱང་བྱེད་ཀྱིན་མེད་པ་སོགས་གཟེན་ནོའི་འགལ་ཚིག་ཅེས་གྲགས་པའི་གཏན་ཚིགས་སྐད་གྲགས་ཅན་བཞི་ཙམ་བརྗོད་དེ། བྱ་དངོས་ཐམས་ཅད་སྐྱེས་ཙམ་ཉིད་ནས་འགག་འགྲོ་བའི་ཕྱིར་ན་སྐད་ཅིག་མ་རེ་རེའི་ཐོག་ཏུ་འགུལ་སྐྱོད་ཟེར་བ་ཡོད་ཐབས་མེད་ཅིང་། སྐད་ཅིག་མ་རེ་རེ་ལས་གཞན་དུ་གྱུར་པའི་རྒྱུན་དང་རགས་པ་ཟེར་བ་ནི་ཁྱོན་ནས་གཞི་མ་གྲུབ་པའི་ཕྱིར་ན། འཇིག་རྟེན་ཁམས་སུ་འགུལ་སྐྱོད་ཅེས་པ་ཞིག་རྩ་བ་ནས་མེད་ཅེས་ཁ་ཚོན་བཅད་དེ་སྨྲས་པ་མ་ཟད། ད་དུང་བར་སྟོང་ཇི་ལྟར་ཆུང་ན་ཡང་དེ་ཉིད་མུ་མཐུད་དེ་ཆ་སོ་སོར་བགོ་རུ་ཡོད་པ་དང་། དུས་ཚོད་ཇི་ལྟར་ཐུང་ན་ཡང་མུ་མཐུད་ནས་ཆ་སོ་སོར་ཕྱེ་རྒྱུ་ཡོད་པའི་ཕྱིར་ན། གོ་སའི་ཆུང་མཐའ་ཐུག་མེད་དང་དུས་ཀྱི་ཐུང་མཐའ་མཐའ་མེད་ཡིན་ཞེས་པའི་སྐད་གྲགས་ཅན་གྱི་དམ་བཅའ་ཡང་བཞག་གོ །

གུས་པས་བསམ་ན་དབུ་མ་པ་ལྟར་དུ་ཤེས་བྱ་ཡོད་ཚད་གཞི་མེད་དུ་གཏན་ལ་ཕབ་བཞག་ན་དེ་རེད་མ་གཏོགས། དེ་ལས་གཞན་དུ་དུས་དང་གོ་ས་ཟེར་བ་ཞིག་དོན་ལ་ཡོད་པར་འདོད་ཕྱིན་ཆད། ངེས་པར་དུ་མཚན་ཉིད་མཁན་པོ་གཟེན་ནོ་ལྟར་དུ་དུས་ཀྱི་ཐུང་མཐའ་ཐུག་མེད་ཡིན་པར་སྨྲས་ན་ཧ་ཅང་ལེགས་ཏེ། དེ་ལྟ་མིན་ན་བྱེ་མདོའི་གྲུབ་མཐའ་ནང་བཞིན་དུས་ཀྱི་ཐུང་མཐའ་སྐད་ཅིག་ཆ་མེད་ཡིན་པར་ཁས་མ་བླངས་རང་བླངས་ཡིན་ལ། དེ་ལྟར་དུ་ཁས་བླངས་ན་འགལ་འདུ་ཚབས་ཆེན་ཞིག་འཕྲད་དེ་འོ་བརྒྱལ་དཔག་ཏུ་མེད་པ་མྱོང་དགོས་པ་ཡིན་ནོ། །

དེ་བས་ཁ་བ་གངས་རིའི་ལྗོངས་འདི་ན། དབུ་མ་ཕྱི་རབས་པའམ་བཀའ་གདམས་གསར་མ་པ་ཞེས་གྲགས་པའི་རིང་ལུགས་ཁེ་མཚར་ཞིག་དར་འདུག་པ་འདི་ཚང་གིས་ནི། དུས་ཀྱི་ཐུང་མཐའ་དང་རྡུལ་གྱི་ཆུང་མཐའི་ཐད་ལ་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་དགོངས་པ་དང་མི་མཐུན་ཅིང་། བྱེ་མདོ་སེམས་གསུམ་གྱི་གྲུབ་མཐའ་དང་མི་འདྲ་ལ། ནུབ་ཕྱོགས་མཚན་ཉིད་རིག་པའི་ལྟ་བ་དང་ཡང་མི་མཚུངས་པ། དེང་དུས་ཀྱི་ནུས་རྡུལ་དངོས་ཁམས་ཚན་རིག་དང་ནི་དངོས་སུ་འགལ་བའི་གྲུབ་མཐའ་ཡ་མཚན་ཅན་ཞིག་གསར་གཏོད་མཛད་འདུག་པ་ལ་ནི་སྙིང་པོ་དང་རིན་ཐང་སྤུ་རྩེ་ཙམ་ཡང་ཡོད་པར་མ་མཐོང་ངོ་། །

མི་རྟག་པ་དང་སྟོང་པ་ཉིད།

དེ་ལ་སྟོན་པ་སངས་རྒྱས་ཀྱིས་ཆུ་ཀླུང་གི་རྒྱུན་སོགས་དཔེར་བཀོད་ནས་སྤྱི་ཡམ་ཡམ་ནས་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ཞེས་པ་ཙམ་ལས་ངོ་བོ་རྣམ་འཇོག་གི་མཚན་ཉིད་གསལ་ཐག་ཆོད་པ་ཞིག་གསུངས་མེད་པས་ན། ཁོང་གི་དགོངས་པ་འགྲེལ་བའི་ཕྱིས་ཀྱི་མཁས་པ་ཚོས་རང་ཉིད་སྐྱེས་ནས་སྐད་ཅིག་གཉིས་པར་མི་སྡོད་པ་དེ་མི་རྟག་པའི་མཚན་ཉིན་ཡིན་ཞེས་ཁ་གཅིག་གྲག་གི་ཚུལ་དུ་སྨྲ་མོད། སྐད་ཅིག་མའི་ཚད་ག་རེ་ཡིན་ནམ་ཞེས་དྲིས་ན་ནང་པའི་མཁས་པ་སོ་སོས་རང་རང་གི་ས་ནས་ལན་མི་འདྲ་བ་རེ་རེ་འདེབས་པ་ཡིན་ནོ། །

དེ་ལ་སྡེ་པའི་དུས་རབས་སམ་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་ཡར་མར་དུ་བརྩམས་པར་གྲགས་པའི་མངོན་པ་སྡེ་བདུན་དང་། དེའི་རྗེས་སུ་འབྲང་བའི་གནའ་རབས་ཀྱི་ཉན་ཐོས་སྡེ་པའི་མཁས་པ་ཚོས་སྐྱེས་བུ་སྟོབས་ཅན་ཞིག་གིས་སེ་གོལ་གཅིག་གཏོགས་པའི་ཡུན་ཚད་དེ་ཉིད་དུམ་བུ་དྲུག་ཅུ་རེ་བཞི་ཙམ་དུ་བགོས་པའི་ཆ་ཤས་རེ་རེ་ལ་མི་རྟག་པ་ཕྲ་མོའི་དོན་ཚང་ཞེས་ཟེར་ན་ཡང་དེ་ལ་ཧ་ཅང་རགས་ཆེས་པའི་སྐྱོན་ཡོད་པས། ཇི་སྐད་དུ།
ཡི་གེའི་བདག་ཉིན་ཀུན་མཐའ་ཡང་། །
མིག་འཛུམ་ཚད་དུ་གནས་པ་ཡིན། །
དེ་ཡང་རིམ་གྱིས་རྡུལ་ཕྲན་ནི། །
དུ་མ་དག་དང་འབྲེལ་བས་རྫོགས། །
ཞེས་གསུངས་པ་ལྟར་སྐྱེས་བུ་ཇི་ཙམ་སྟོབས་ཤུགས་ཆེ་ན་ཡང་དེས་སེ་གོལ་གཅིག་གཏོག་པ་དང་སྤྱིར་བཏང་གི་མིས་མིག་ལན་གཅིག་འཛུམ་པ་གཉིས་དུས་ཡུན་རིང་ཐུང་མཉམ་ལ། མིག་ལན་རེ་འཛུམ་པ་ལ་མིག་གི་ཡ་ལྤགས་དང་མ་ལྤགས་ཐུག་དགོས་ཤིང་། དེ་ཐུག་པ་ལ་དེ་གཉིས་ཀྱི་བར་དུ་ཡོད་པའི་རྡུལ་ཕྲན་འབུམ་ཕྲག་མང་པོ་རེ་རེ་བཞིན་བརྒལ་དགོས་པའི་ཕྱིར་ན་མིག་ལན་གཅིག་འཛུམ་པའི་ཡུན་ཚད་དེ་དུམ་བུ་འབུམ་ཕྲག་མང་པོའི་བར་དུ་བགོ་རྒྱུ་ཡོད་པས་ན། སེ་གོལ་གཅིག་གཏོག་པའི་ཡུན་ལ་མ་མཐའ་ཡང་དུས་མཐའི་སྐད་ཅིག་མ་འབུམ་ཕྲག་མང་པོ་ཡོད་དགོས་ཞེས་ཕྱིས་ཀྱི་ཐེག་པ་ཆེན་པོའི་སློབ་དཔོན་རྣམས་ཟེར་ཏེ། དེ་ཡང་དུས་རབས་བདུན་པའི་ནང་ལ་ཕེབས་པའི་དཔལ་ལྡན་ཆོས་ཀྱི་གྲགས་པས
རྡུལ་གཅིག་སྒྲེ་དུས་ཕྱུང་བ་ཡི། །
མཐར་ཐུག་དུས་ཀྱང་སྐད་ཅིག་འདོད། །
ཅེས་མི་རྟག་པ་ཕྲ་མོ་ནི་ཕྱོགས་ཀྱི་ཆ་ཤས་མེད་པའི་རྡུལ་ཕྲ་རབ་གཅིག་གིས་རྡུལ་ཕྲ་རབ་གཞན་ཞིག་བརྒལ་བའི་ཡུན་ཙམ་ལ་བཤད་པས་ན། དངོས་པོ་ཞིག་གི་སྐྱེ་འགག་གཉིས་ནི་ཕལ་ཆེར་དུས་མཉམ་ཡིན་ཞེས་བོད་ཀྱི་མཁས་པ་སྔ་མ་རྣམས་ཟེར་ཏེ། དེའི་གོ་བ་ཡང་སྲང་མདའི་མཐོ་དམན་ལྟར་དུ་དུས་མཉམ་ལ་བྱུང་བའི་སྐྱེ་འགག་ཙམ་ལས་དེ་གཉིས་ཀྱི་བར་དུ་གནས་པ་ཟེར་བ་ཞིག་གཏན་ནས་མེད་པའི་དོན་ནོ། །དེས་ན་སྐྱེ་འགག་བྱེད་པའི་དངོས་པོ་ཡོད་པ་གཞིར་བཞག་གི་ཐོག་ནས་འདི་ལས་ཕྲ་བའི་མི་རྟག་པ་ཞིག་སུས་ཀྱང་འཆད་མི་ནུས་ཤིང་། དེང་སང་གི་ཚན་རིག་པས་ཀྱང་ཧ་ཅང་ཚད་མཐོ་བའི་འཕྲུལ་ཆས་ཀྱིས་བལྟས་ན་དངོས་པོ་རྣམས་ཀྱི་སྐྱེ་འགག་ནི་ཕལ་ཆེར་དུས་མཉམ་ལྟ་བུར་འདུག་ཅེས་ཟེར་རོ། །

གང་ལྟར་ནུབ་ཕྱོགས་གྷི་རི་སིའི་མཚན་ཉིད་མཁན་པོ་རྣམ་པས་ཕྲ་བའི་མི་རྟག་པ་གཏན་ལ་ཕབ་ནས་ལོ་ངོ་སྟོང་ཕྲག་ལྷག་ཙམ་འདས་ཟིན་པའི་རྗེས་སུ། ད་གཟོད་ཤར་ཕྱོགས་རྒྱ་གར་གྱི་ཡུལ་དུ་སློབ་དཔོན་ཆོས་གྲགས་སོགས་སྔ་ཕྱིར་བྱོན་ཏེ་གཞི་ནས་མི་རྟག་པ་ཕྲ་མོ་གཏན་ལ་ཕབ་པ་ཡིན་ལ། སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པའི་ནང་ནས་ཀྱང་གྷི་རིག་གི་རྒྱལ་པོ་ཨེར་ལག་སེན་དྷིའི་亚历山大Alexander དཔུང་འཇུག་ལ་བརྟེན་ནས་གྷི་རི་སིའི་རིག་གནས་མང་པོ་ཞིག་རྒྱ་གར་ལ་བསླེབས་ཡོད་སྟབས། རྣམ་པ་གཅིག་ཏུ་ན་དུས་ཕྱིས་ཀྱི་ནང་པའི་མཁས་པ་ཚོས་བཤད་པའི་མི་རྟག་པའི་ལྟ་གྲུབ་ཀྱི་ཁུངས་ཀྱང་ཡར་དེད་ན་ནུབ་ཕྱོགས་གྷི་རི་སི་ལ་ཐུག་ཡོད་པའི་དོགས་གཞི་ཧ་ཅང་ཆེ་བས། གལ་ཏེ་ཕྱག་ཆེན་གྱི་བླ་རྒྱུད་ལྟར་དུ་མི་རྟག་པ་ལ་བླ་རྒྱུད་འདྲ་བརྩི་རྒྱུ་ཡོད་ཚེ་ནུབ་གླིང་གི་རྒན་པོ་ཨོག་ཚོམ་ཅན་འགའ་རེ་ཨང་དང་པོའི་གྲལ་དུ་བགྲང་དགོས་པ་ཡིན་ནོ། །

དེ་ལས་ཀྱང་ཕྲ་བའི་མི་རྟག་པའི་ངོས་འཛིན་ནི། དུས་རབས་གཉིས་པར་བྱོན་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་དུ་སྤྱི་ལོའི་དུས་རབས་ལྔ་པའི་ནང་དུ་བྱོན་པའི་སློབ་དཔོན་ཐོགས་མེད་ཀྱིས་རྒྱལ་བ་བྱམས་པ་མགོན་པོའི་གསུངས་ཡིན་ཟེར་ནས་ཡི་གེར་ཕབ་པའི་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་། མི་རྟག་དོན་ནི་མེད་དོན་དང་། །ཞེས་སྨོས་ཏེ་མི་རྟག་པ་ཕྲ་མོའི་གོ་བ་ནི་དངོས་པོ་རྣམས་རང་དུས་སུ་མ་གྲུབ་པའི་དོན་ལ་བཤད་པས་དེ་ནི་སྟོང་པ་ཉིད་དང་གོ་དོན་གཅིག་ལ་བབ་པ་ཡིན་ཏེ། རང་ཉིད་རང་གི་དུས་སུ་མེད་ན་རང་གི་སྔོན་རྗེས་སུ་ནི་དེ་བས་ཀྱང་ཡོད་ཐབས་མེད་པས་དོན་གྱིས་དུས་གསུམ་གང་དུ་ཡང་མེད་དགོས་ཤིང་། དེ་མེད་ན་རང་ཉིད་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་ལས་གཞན་དུ་འགྲོ་ས་མེད་པའི་ཕྱིར་རོ་ཞེས་བོད་ཀྱི་མཁས་པ་གོང་མ་རྣམས་སྨྲ་སྟེ། འདི་ནི་ནུབ་ཕྱོགས་ཀྱི་གནའ་བོའི་མཚན་ཉིད་མཁན་པོ་རྣམ་པ་ལྟ་ཅི་སྟེ་ཐ་ན་དེང་དུས་ཀྱི་ཚན་རིག་པས་ཀྱང་བཤད་མ་ཐུབ་པའི་མི་རྟག་པ་ཆེས་ཕྲ་བ་དེ་ཡིན་ནོ། །དེའི་ཕྱིར་མི་རྟག་པ་ཕྲ་མོའི་རང་བཞིན་ག་འདྲ་ཡིན་མིན་ཐད་ལ་གནའ་བོའི་གྷི་རི་སིའི་མཚན་ཉིད་མཁན་པོ་རྣམས་དང་། རྒྱ་གར་གྱི་ཕྱི་པ་དང་ནང་པའི་སློབ་དཔོན་སྔོན་མ་དག་གིས་ངོ་ལོ་བརྒྱ་ཕྲག་མང་པོའི་བར་དུ་དཔྱད་པ་དང་དགག་སྒྲུབ་མཛད་མཛད་པའི་མཐའ་ལ། སློབ་དཔོན་ཐོགས་མེད་ཞུ་བའི་དཔྱོད་ལྡན་ཁོང་ཉིད་དངོས་པོའི་ཆོས་ཉིད་ཀྱི་གཏིང་ལ་འཛུལ་ཏེ་དེ་ལས་གོ་དོན་ཟབ་པ་དང་། དེ་ལས་ངོ་བོ་ཕྲ་བ། དེ་ལས་ཕར་ལ་བརྒལ་ཐབས་མེད་པའི་ལྟ་ཚུལ་གསར་པ་ཞིག་བསྟན་པས་མི་རྟག་པའི་རྣམ་གཞག་གི་རྩེ་མོ་ལ་བསླེབས་པ་ཡིན་ཞེས་སྨྲ་ཆོག་པ་ཡིན་ནོ། །

དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མི་རྟག་པ་ཕྲ་མོ་དང་སྟོང་པ་ཉིད་གཉིས་གོ་དོན་གཅིག་པར་བཞེད་པ་ཡང་ཀུན་མཁྱེན་མི་བསྐྱོད་པས་མཛད་པའི་མངོན་པའི་འགྲེལ་བ་ལས།  རྒྱལ་ཚབ་དམ་པས་འཇིག་པ་དང་མི་རྟག་པ་དང་རྐྱེན་གྱི་དོན་ཅན་གྱི་སྒྲས་དངོས་པོ་ཐམས་ཅད་སྟོང་ཉིད་དུ་བསྟན་པ་ནི།  གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་འབྱུང་ངོ་།  ཞེས་གསུངས་པས་ཀྱང་ཤེས་ནུས་སོ། །

མི་རྟག་པ་དང་དུས་ཚོད་དམ་འཛིན།

ཆེས་གལ་ཆེ་བ་ཞིག་ལ། མི་རྟག་པའི་རྣམ་གཞག་ནི་ལྟ་གྲུབ་ཙམ་མིན་པར་མི་ཚེའི་སློབ་གསོ་དང་ཡང་འབྲེལ་བ་ཆེན་པོ་ཡོད་དེ། འཇིག་རྟེན་གྱི་སྐྱེ་རྒུ་མང་ཆེ་བ་སྔ་དྲོ་བྱ་དགོས་པ་རྣམས་ཕྱི་དྲོ་བྱེད་སྙམ་པ་དང་། དེ་རིང་བྱེད་འོས་པ་རྣམས་སང་ཉིན་བྱས་ཀྱང་འཕྱི་མེད་བསམ་པ་དང་། ད་ལོ་སྒྲུབ་ན་ཆོག་པ་རྣམས་སང་ལོ་སྒྲུབ་ཀྱང་མ་ཆོག་པ་མེད་སྙམ་པ་ལྟ་བུས་རེ་བ་དང་སྨོན་པ་ཐམས་ཅད་ཡོད་ངེས་པའི་དེ་རིང་ལ་མངོན་འགྱུར་མི་བྱེད་པར། ཡོད་མེད་ཆ་མི་འཚལ་བའི་མ་འོངས་པ་ཁོ་ནར་བཅོལ་ཏེ་རྟག་པར་ལེ་ལོ་དང་ཕྱིར་བཤོལ་གྱི་ངང་དུ་ལུས་འགྲོ་བ་འདི། ཕུགས་བཙལ་ན་རང་གཞན་སྣོད་བཅུད་ཡོད་ཚད་ད་ལྟ་དང་དེ་རིང་བཞིན་དུ་སང་ཉིན་དང་སང་ལོ་ཡང་འགྱུར་མེད་དུ་གནས་ཡོད་ཨང་སྙམ་པའི་རྟག་འཛིན་གྱི་སེམས་ཁམས་སྐྱོན་ཅན་ཞིག་ལ་ཐུག་ཡོད།

དེས་ན་ད་ལྟ་ཟོས་མ་ཐག་པའི་ཟ་མ་དེ་ཟས་ཀྱི་མཐའ་མ་ཡིན་སྲིད་པས་དེ་ཉིད་སྐྱག་པ་བྱས་ཏེ་སྒོ་ལ་ཕུད་ཁོམ་ཡོད་མེད་ཧ་མི་གོ་ཞིང་། དེ་རིང་ནུབ་རིའི་ཕག་ནས་རྒྱང་དུ་བཞུད་པའི་ཉི་མ་དེ་ཡང་ཉི་མ་ཆེས་མཐའ་མ་དེ་ཡིན་སྲིད་པས་སང་ཉིན་སླར་ཡང་མཇལ་བའི་སྐལ་བ་ལྡན་མིན་མི་ཤེས་པའི་ཕྱིར་ན། ཁྱོད་ལ་དབང་བའི་འཚོ་བ་དང་མི་ཚེ་ནི་ད་ལྟ་བ་ཁོ་ན་ཡིན་པས་དེ་ཉིད་ངེས་པར་དུ་དམ་འཛིན་བྱས་ཏེ་ལོངས་སུ་སྤྱོད་དགོས། དམ་འཛིན་བྱེད་ཚུལ་ནི་འདས་པའི་རྗེས་མི་གཅོད་ཅིང་མ་འོངས་པའི་མདུན་མི་བསུ་བར་དམིགས་པ་ཐམས་ཅད་ད་ལྟའི་སྐད་ཅིག་མ་གཅིག་པུའི་ཐོག་ལ་གཏད་ནས་དེའི་ནང་དུ་འཚོ་བ་རོལ་རྒྱུ་དང་། ལོངས་སུ་སྤྱོད་སྟངས་ནི་དུས་ཚོད་ཀྱི་རིན་ཐང་རྟོགས་པའི་སྒོ་ནས་སྐར་ཆ་རེ་རེ་ཡང་བོར་རླག་ཏུ་མ་སོང་བར་རང་ཉིད་ཀྱིས་ཆེས་སྒྲུབ་འདོད་པའི་བྱ་བ་གལ་པོ་ཆེ་རྣམས་ལག་ཏུ་ལེན་པ་དེ་གའོ་ཞེས་བདག་ཅག་གི་སྟོན་པ་གོའུ་ཏ་མས་ཡང་ནས་ཡང་དུ་གསུངས་སོ། །

མདོར་ན་ནང་ཆོས་སུ་མི་རྟག་པ་རྩལ་དུ་བཏོན་ནས་འཆད་དོན་ནི། མི་ཚེ་ཟེར་ན་དུས་ཚོད་ལས་གཞན་དུ་མེད་ཅིང་། དུས་ཚོད་ཟེར་ན་ཡང་ད་ལྟ་བ་ལས་ཁ་ཁར་ཞིག་མེད་པས་ད་ལྟ་བའི་སྐད་ཅིག་རེ་རེ་བཞིན་ཡག་པོ་བྱུང་ན་དོན་གྱིས་འདས་མ་འོངས་གཉིས་ཀ་ཡང་ཡག་པོ་ཡོང་བ་སྟེ། གནད་དེ་ལ་དགོངས་ནས་སྟོན་མཆོག་ཐུབ་པའི་དབང་པོས་འདུ་ཤེས་ཐམས་ཅད་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་ནི་མི་རྟག་པའི་འདུ་ཤེས་ཡིན་ཞེས་གསུངས་ལ། བློ་སྦྱོང་གི་ཁྲིད་དུ་ཡང་དལ་འབྱོར་གྱི་ལུས་རྟེན་བཤད་པའི་མཚམས་དེ་མ་ཐག་ཏུ་ཚེ་མི་རྟག་པ་གསུངས་པ་ཡིན་ནོ། །

སྡུག་བསྔལ་བ།

སྡུག་བདེན་གྱི་ཁྱད་ཆོས་གཉིས་པ་ནི་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་པའི་བསྡོམས་ཚིག་དེ་ཡིན་པས་དེའི་ཐད་ནས་ཅུང་ཟད་མོལ་ན། སྐྱེ་རྒ་ན་འཆི་དང་། བཟའ་ཚང་གྱེས་འཐོར། བྱ་བཞག་ལེགས་འགྲུབ་མ་ཡོང་བ་སོགས་ནི་རང་ཐོག་ལ་བབ་པ་ཙམ་གྱིས་བཟོད་ཐབས་མེད་པའི་ན་ཟུག་སྐྱེ་ཡོང་བས་སྡུག་བསྔལ་ཡིན་མིན་གྱི་དོགས་པ་ཅི་ཡང་མེད་མོད། བལྟས་པས་ཆོག་མི་ཤེས་པའི་དབྱར་གྱི་དཔལ་ཡོན་དང་། མཐོང་བས་ངོམ་པ་མེད་པའི་གཞོན་ནུའི་ལང་ཚོ། མྱོང་བས་ཚིམ་པ་མེད་པའི་ཕོ་མོའི་བརྩེ་དུང་སོགས་ནི་བདེ་སྐྱིད་ལས་སྡུག་བསྔལ་ཡིན་མི་སྲིད་དོ་སྙམ་ན། ལང་ཚོ་དང་བརྩེ་དུང་སོགས་དང་པོའི་ཆར་བདེ་སྐྱིད་དང་སྤྲོ་སྣང་ཚད་མེད་འདྲེན་པའི་མཛེས་སྡུག་གི་དངོས་པོ་ཕལ་མོ་ཆེ་ཡང་། ལོ་དང་ཟླ་བ་སོང་རིམ་བཞིན་རྒས་ཤིང་རྒུད་པར་གྱུར་ཏེ་མཐར་སྐྱོ་སྣང་དང་ན་ཟུག་འདྲེན་པའི་རྒྱུ་ལས་མི་འདུག་ཅེས་བགྲེས་པོ་ཉམས་མྱོང་ཅན་དག་གིས་ཡང་ནས་ཡང་དུ་བཤད་ལ། འགྲོ་བ་མིའི་སེམས་ཁམས་ཀྱི་ངོས་ནས་བལྟས་ན་ཡང་། ད་ལྟ་ངོ་བོའི་ཆ་ནས་སྡུག་བསྔལ་མིན་ན་ཡང་ནམ་ཞིག་སྡུག་བསྔལ་འདྲེན་བྱེད་ཀྱི་རྒྱུ་རུ་འགྱུར་མི་འགྲོ་བ་དང་འགྱུར་མི་སྲིད་པའི་ཟག་བཅས་ཀྱི་དངོས་པོ་སྣ་གཅིག་ཀྱང་ངོས་འཛིན་རྒྱུ་མི་རྙེད་པའི་ཚོད་དུ་སྣང་ངོ་། །

སྡུག་བསྔལ་བ་དང་སྐྱོ་སྣང་རིང་ལུགས།

དེས་ན་སྡུག་བསྔལ་སྣ་ཚོགས་ཀྱིས་ལུས་སེམས་གཉིས་པོ་ཤིན་ཏུ་གཙེས་དྲག་པའི་དབང་གིས་འཛམ་གླིང་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་སྐྱོ་སྣང་རིང་ལུགས་པ་ཞེས་པའི་གྲུབ་མཐའ་དར་ཏེ། དེས་བྱ་དངོས་ཡོད་ཚད་གཞན་ནས་གཞན་དུ་འགྱུར་འགྲོ་བ་དང་། མིའི་འདོད་པ་ལ་ནམ་ཡང་ཚིམ་རྒྱུ་མེད་པ་སོགས་རྒྱུ་མཚན་དུ་བགྲངས་ཏེ་འཇིག་རྟེན་འདི་ནི་སྐྱོ་གདུང་གིས་ཁེངས་པའི་བཙོན་ཁང་ལྟ་བུ་དང་། མི་ཚེ་ནི་ཁྲིམས་ཆད་ཁུར་བའི་བཙོན་མ་དང་གཉིས་སུ་མེད་པར་ཐག་བཅད་དེ། ཡ་ང་བའི་གནས་བབ་དེ་ལས་ཐར་ཕྱིར་རང་སྲོག་རང་གིས་གཅོད་དགོས་པའི་སློབ་གསོ་སྤེལ་བ་ཡིན་ཏེ། དཔེར་ན་སྐྱོ་སྣང་རིང་ལུགས་པའི་ཚབ་མཚོན་མི་སྣ་དུས་རབས་བཅུ་དགུ་པའི་ནང་ལ་བྱོན་པའི་འཇར་མན་གྱི་མཚན་ཉིད་རིག་པ་བ་གྲགས་ཅན་སུའུ་པུན་ཧེར་(Arthur Schopenhauer)ཞེས་པས་འཚོ་གནས་སྙིང་པོ་མེད་པར་སྨྲ་བ་ཞེས་པའི་དཔེ་ཆ་བརྩམས་ཏེ་དེའི་ནང་དུ། རྨི་ལམ་འཇིགས་སུ་རུང་བ་རྨིས་ཏེ་སྡུག་བསྔལ་དང་དངངས་སྐྲག་ཚད་མཐོ་ཤོས་སུ་བསླེབས་ཚེ། འཇིགས་སྣང་དེས་ང་ཚོ་གཉིད་ལས་སད་དུ་འཇུག་ཅིང་། རྨི་ལམ་ནང་གི་གདོན་འདྲེ་དག་ཀྱང་འཕྲལ་དུ་མེད་པར་འགྱུར་འགྲོ་སྟེ། མི་ཚེ་འདིའི་རྨི་ལམ་ཡང་ངང་ཚུལ་དེ་ག་ལས་མ་འདས་སོ་ཞེས་དང་། གལ་ཏེ་ཚེ་མཇུག་ཏུ་ཚོར་བ་མེད་པའི་ཁར་གློ་བུར་དུ་འཚོ་གནས་མཚམས་ཆད་འགྲོ་བའི་དབང་དུ་བཏང་ན། རང་སྲོག་མི་གཅོད་མཁན་ཞིག་ཡོད་མི་སྲིད་སྙམ་མོ། ། ཞེས་སོགས་སྨོས་ཏེ་རང་སྲོག་རང་གིས་གཅོད་པ་ནི་ཚུལ་མཐུན་ལུགས་མཐུན་གྱི་སྒེར་དོན་ཞིག་ཡིན་པ་མ་ཟད་མི་ཚེའི་དཀའ་སྡུག་ལས་ཐར་ཕྱིར་ཅིས་ཀྱང་ལག་ལེན་དུ་བསྟར་དགོས་པའི་ཐབས་ལམ་ཡག་ཤོས་དེ་ཡིན་ཚུལ་ལུང་དང་རིགས་པ་དུ་མས་འཐད་སྒྲུབ་མཛད་པ་དང་། གནའ་བོའི་རོམ་གྱི་མཚན་ཉིད་མཁན་པོ་ཕུ་ལི་ནེ་ཟེར་བས་ཀྱང་། རང་བྱུང་གིས་མི་རྣམས་ལ་གནང་བའི་རིན་པོ་ཆེ་གཅིག་ནི་དུས་འོས་འཚམ་ཞིག་ལ་འཆི་རུ་འཇུག་པ་དང་། ཁྱད་པར་དུ་རང་སྲོག་རང་གིས་གཅོད་ཐུབ་པ་འདི་ཉིད་ཡིན་ཞེས་དང་། འཇིག་རྟེན་བྱེད་པོས་རང་སྲོག་གཅོད་པར་འདོད་ཀྱང་གཅོད་མི་ནུས་པས་ཀུན་ནུས་ཤིག་མིན་ལ། འགྲོ་བ་མི་ཡིས་རང་སྲོག་རང་གིས་གཅོད་ནུས་པས་དེ་ནི་བྱེད་པོས་མིའི་རིགས་ལ་གནང་བའི་བཀའ་དྲིན་ཆེ་ཤོས་དེ་ཡིན་ནོ། །ཞེས་སོགས་ཟུར་འགའ་རེ་བསམ་ན་ཧ་ཅང་འདྲ་ཆགས་པའི་ལེགས་བཤད་མང་དུ་གསུངས་སོ། །

མདོར་ན་ཁོ་བོས་སྨྲ་འདོད་པ་ནི། ནུབ་ཕྱོགས་ཀྱི་སྐྱོ་སྣང་རིང་ལུགས་པས་རང་རེའི་བློ་སྦྱོང་གི་ཁྲིད་དུ་བཤད་པའི་འཁོར་བའི་ཉེས་དམིགས་དེ་ཚོ་རང་མྱོང་གི་སྒོ་ནས་གསལ་བར་རྟོགས། ད་ལྟའི་མི་ཡུལ་འདི་ལས་ལྷག་པའི་འཇིག་རྟེན་གཞན་པ་ཞིག་ནི་འགྲོ་ས་མ་རྙེད། ད་ལྟའི་མི་ལུས་འདི་ལས་ལྷག་པའི་གོ་འཕང་གསར་པ་ཞིག་འཐོབ་རྒྱུ་ཡོད་པ་ཡང་མ་གོ་བས། མཐར་མི་ཚེ་དང་འཇིག་རྟེན་ལ་རེ་ཐག་ཆད་དེ་རང་སྲོག་རང་གིས་གཅོད་དགོས་ཐུག་པ་ཡིན་འདུག་གོ །

སྡུག་བསྔལ་བ་དང་ནང་པའི་ཤེས་རབ།

ནང་པ་སངས་རྒྱས་པའི་དགོངས་པ་ལྟར་ན། ཤ་ཁྲག་རུས་གསུམ་ལས་གྲུབ་པའི་ཁྱོད་རང་གི་ད་ལྟའི་ལུས་པོ་འདི་ཉིད་ནད་གདོན་བར་ཆད་ཀྱི་འབྱུང་ཁུངས་ཏེ་དཔེར་ན་རྣག་ཐུམ་ལྟ་བུ་ཞིག་དངོས་གནས་ཡིན་མོད། ལེ་ལོའི་དབང་དུ་མ་ཤོར་བར་འབད་པ་ཤུགས་དྲག་བྱས་ན་གདོས་བཅས་ཤ་ཁྲག་ལས་འདས་པའི་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་ཞིག་སྒྲུབ་ཆོག་ཅིང་། དེ་འགྲུབ་ན་སྐྱེ་འཆི་དང་ན་ཚ་བགྲེས་རྒུད་སོགས་ཀྱི་སྡུག་བསྔལ་ཐམས་ཅད་ལས་དུས་གཏན་དུ་ཐར་བར་འགྱུར་ལ། ད་དུང་སེམས་ཐོག་ཏུ་བདེ་བའི་ཏིང་ངེ་འཛིན་མངོན་དུ་བྱས་ན་ལུས་ལ་གྲི་མཚོན་བསྣུན་ཀྱང་བདེ་བའི་ཚོར་བ་འབའ་ཞིག་མྱོང་བ་ལས། ན་ཟུག་གི་ཚོར་བ་ནི་སྐྱེ་བར་འདོད་ན་ཡང་སྐྱེ་རོགས་མི་བྱེད་པའི་གནས་ཚད་ལ་ཐོན་རྒྱུ་ཡོད་པས། བསམ་ཤེས་ན་དལ་འབྱོར་གྱི་ལུས་རྟེན་འདི་ལ་འཛམ་བུ་གླིང་གི་རྒྱུ་ནོར་ལས་ལྷག་པའི་རིན་ཐང་ཡོད་ཅིང་། རིང་ཐང་དེ་ལོངས་སུ་སྤྱོད་ཤེས་ན་སྨྲ་བསམ་བརྗོད་པ་ལས་འདས་པའི་བདེ་སྐྱིད་ཚད་མེད་པ་ཞིག་མྱོང་རྒྱུ་ཡོད།

དེ་བཞིན་ད་ལྟ་རང་རེ་ལ་སྣང་བའི་འཇིག་རྟེན་འདི་ཉིད་དངོས་གནས་བཙོན་ཁང་དང་ཕག་ཚང་ལྟ་བུ་ཞིག་ཡིན་མོད། སེམས་མ་ཞུམ་པར་བརྩོན་འགྲུས་བརྩམས་ཏེ་ནུབ་ཕྱོགས་འོད་དཔག་མེད་ཀྱི་ཞིང་དུ་སོང་དང་ཉལ་བར་འདོད་ཚེ་རིན་ཆེན་ཁྲི་བཟང་མལ་སྟན་དང་བཅས་པ་མདུན་དུ་རང་འགུལ་གྱིས་ཐོན་ཡོང་བ་སོགས་འོད་དཔག་ཞིང་བཀོད་ཀྱི་མདོ་ལས་གསུངས་པ་ལྟར། ཅི་ཞིག་འདོད་ན་དེ་ཉིད་འཕྲལ་དུ་འབྱུང་ཡོང་བའི་དགོས་འདོད་ཀུན་འབྱུང་གི་དཔལ་ལ་བསྐལ་བ་ནས་བསྐལ་བའི་བར་དུ་རོལ་ཆོག་པ་ཡིན་སོགས་ཟེར་ལ། དེ་ཡང་ཁ་བཤད་རྐྱང་བ་ཞིག་མིན་པར་དེ་དག་སྒྲུབ་བྱེད་ཀྱི་ཐམས་ལམ་ཡང་དག་པ་རེ་རེ་བཞིན་སྟོན་རྒྱུ་ཡང་ཡོད་དོ། །

མདོ་རུ་དྲིལ་ན། ནང་ཆོས་དང་སྐྱོ་སྣང་རིང་ལུགས་པ་གཉིས་ཀ་འཁོར་བ་སྡུག་བསྔལ་དུ་འདོད་པ་འདྲ་ན་ཡང་། ཆེས་མི་འདྲ་ས་ཞིག་ནི་ནང་ཆོས་ཀྱིས་སྤྲོ་སེམས་འཁོལ་པོ་དང་སྤོབས་པ་ཆེན་པོའི་སྒོ་ནས་མི་ཚེ་དང་འཇིག་རྟེན། ད་ལྟ་དང་མ་འོངས་པ་བཅས་ལ་རེ་བ་དང་ཡིད་ཆེས་ཧ་ཅང་ཚད་མཐོན་པོ་ཞིག་བཅངས་ཡོད་དོ་ཞེས་པ་ནི་ཁོ་བོས་གང་འཆད་འདོད་པའི་སྐད་ཆ་ངོ་མ་དེ་ཡིན་ནོ། །

སྟོང་པ་ཉིད།

སྡུག་བདེན་གྱི་ཁྱད་ཆོས་གསུམ་པ་ནི་ངའམ་བདག་གི་བས་སྟོང་པའི་སྟོང་པ་སྟེ་ཕུང་པོ་ལྔ་པོ་གང་ཟག་གི་ལོངས་སྤྱོད་བྱ་མིན་པའི་དོན་ཡིན་ཞེས་ཉན་ཐོས་སྡེ་བའི་མཁས་པ་རྣམས་སྨྲ་མོད། ཐེག་ཆེན་གྱི་གྲུབ་མཐའ་ལྟར་ན་ཕུང་ཁམས་སྐྱེ་མཆེད་འདི་དག་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་ལ་བཤད་བཞག་ན་མ་འགྲིག་པ་དང་མ་ཆོག་པ་གང་ཡང་མེད་པས། འདིར་ཡང་སྟོང་ཉིད་ལས་འཕྲོས་པའི་བགྲོ་གླེང་ཐུང་ཐུང་ཞིག་བྱེད་པར་འདོད་དོ། །

དེ་ལ་ཤར་ཕྱོགས་རྒྱ་གར་ལ་མཚོན་ན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལྟ་ཅི་སྟེ་ན་ཐ་ན་བདག་ཅག་གི་སྟོན་པ་འཇིག་རྟེན་དུ་མ་བྱོན་པའི་གོང་ནས་ཀྱང་གདོད་མའི་རིག་བྱེད་ཀྱི་གཞུང་དུ་སྟོང་ཉིད་དང་མཐའ་བྲལ་གྱི་བཤད་སྲོལ་བྱུང་ཡོད་པ་མ་ཟད། རིག་བྱེད་ཀྱི་རྗེས་སུ་འབྲང་བའི་གནའ་བོའི་རྟོག་གེ་པ་ཚོས་འཁྲུལ་གྲོལ་གྱི་གཞི་ག་གེ་མོ་ཞིག་མེད་ན་མི་རུང་ངོ་སྙམ་སྟེ་སེམས་ཉིད་ཤིན་ཏུ་ཕྲ་བ་ཞིག་ལ་བདག་གམ་ཚངས་པ་སོགས་ཀྱི་མིང་བཏགས་ཏེ། འཁོར་འདས་ཀྱི་གཞི་རང་རྐྱ་ཐུབ་པ་ཞིག་ཁས་བླངས་བཞག་པས་དེའི་ཆ་ནས་ནང་པའི་སེམས་ཙམ་པ་དང་མཐུན་པ་མ་གཏོགས། ཕྱི་རོལ་གྱི་བེམ་གཟུགས་དང་ནང་གི་ཚོགས་དྲུག་རགས་པའི་ཐོག་ཏུ་ཡོད་མེད་ཀྱི་མཐའ་བཞི་ཆར་ཡང་བཀག་ཡོད་པས་དེའི་ཆ་ནས་ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་ལྟ་བ་དང་འདྲ་འདྲ་ཐད་ཐད་བྱུང་ཡོད་པ་ནི་དེང་རབས་ཀྱི་བཤད་སྟངས་ཙམ་མིན་པར། སློབ་དཔོན་ཞི་བ་འཚོའི་དབུ་མ་རྒྱན་གྱི་རང་འགྲེལ་དང་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་དབུ་མ་རྣམ་པར་ངེས་པ་སོགས་རྒྱ་བོད་ཀྱི་མཁས་པ་གོང་མ་རྣམ་པས་མཛད་པའི་གཞུང་ལུགས་རྙིང་པ་མང་པོའི་ནང་དུ་གསལ་བས་བཤད་པར་བྱ་བ་ཅ་ཧང་མང་ན་ཡང་། དེ་དག་གི་ཐད་ལ་ང་ལས་ཀྱང་ཁྱེད་ཅག་ཆ་རྒྱུས་ཆེ་སྲིད་པའི་ཕྱིར་ན་ཁོ་བོས་སྤྱན་རས་གཟིགས་ལ་མ་ཎི་ངོ་སྤྲོད་བྱེད་མི་ཕོད་དོ། །

དེས་ན་སྐབས་སུ་བབ་པའི་གླེང་བྱ་ནི། ཨ་རིའི་དགེ་རྒན་ཆེན་མོ་གཉིས་ཀྱིས་ཟུང་འབྲེལ་མཛད་ནས་བརྩམས་པའི་དཔེ་ཆ་ཚད་ལྡན་ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས་ཞེས་པའི་གཞུང་དུ། མཚན་ཉིད་མཁན་པོ་ཕར་མེ་ནི་ཌྷིའི་བཞེད་པ་ལ། དངོས་པོའི་འཕོ་འགྱུར་དང་ཤེས་བྱ་སྣ་མང་གི་རང་བཞིན་ཇི་སྙེད་མཆིས་པ་ཐམས་ཅད་འཁྲུལ་སྣང་ཁོ་ན་ཡིན་པས། ཕྱིའི་སྣང་ཚུལ་ཇི་ལྟར་ལགས་ཀྱང་དོན་ལ་གནས་པ་ནི་འགྱུར་མེད་ཐེར་ཟུག་གི་རྟག་པ་གཅིག་པུ་བ་སྟེ་གཞི་གྲུབ་ཁོ་ནར་ཟད། དེས་ན་ང་ཚོར་སྲིད་པའི་ཆོས་རྣམས་གནས་ཀྱི་ཆ་ནས་གཞན་ནས་གཞན་དུ་འཕོ་བ་དང་། ངོ་བོའི་ཆ་ནས་གཞན་ནས་གཞན་དུ་འགྱུར་བ་ལྟར་སྣང་ཡང་དོན་དུ་དེ་དག་ཐམས་ཅད་འཁྲུལ་སྣང་རང་ཡིན་ཏེ། ཡང་དག་པར་ན་འཕོ་འགྱུར་ཟེར་བ་ཞིག་གཏན་ནས་གཞི་མ་གྲུབ་པའི་ཕྱིར་ཏེ། ང་ཚོས་འཕོ་འགྱུར་གྱི་བརྒྱུད་རིམ་ནི་དངོས་པོ་ག་གེ་མོ་སྔར་མེད་གསར་དུ་སྐྱེ་བ་དང་། སྐྱེ་ནས་གནས་པ་དང་། གནས་མཐར་འགགས་པ་ལྟ་བུ་ལ་ངོས་འཛིན་བྱེད་མོད། དེ་ལྟར་ན་ཡོད་པ་མེད་པར་ཐལ་བའམ་ཡང་ན་ཡོད་མེད་གཉིས་ལ་གཞི་མཐུན་སྲིད་པར་ཐལ་བའི་ཕྱིར་རོ་ཞེས་འདོད་དོ། ། ཞེས་གསུངས་པ་ལྟར་སྤྱི་ལོའི་སྔོན་གྱི་ལོ་༥༡༠ཡས་མས་ལ་མི་ཡུལ་དུ་བྱོན་པའི་གནའ་བོ་གྷི་རི་སིའི་གཞི་གྲུབ་སྨྲ་བའི་མཚན་ཉིད་མཁན་པོ་ཕར་མེ་ནེ་དྷི་(巴门尼德Parmenides of Elea)ཞེས་པས། དངོས་པོ་རྣམས་རྒྱུ་ལས་སྐྱེས་ན་ཡོད་མེད་གང་རུང་ལས་སྐྱེ་དགོས་པ་ལ་ཡོད་པ་ལས་ནི་མི་སྐྱེ་སྟེ། གལ་ཏེ་སྐྱེས་ན་ཡོད་པ་ལས་ཡོད་པ་སྐྱེ་བར་འགྱུར་བས་དེ་ལྟར་ན་ཡོད་པའི་ཐོག་མ་གཏན་ནས་འཇོག་མི་ཤེས་པར་འགྱུར་བའི་ཕྱིར། མེད་པ་ལས་ཀྱང་མི་སྐྱེ་སྟེ། གལ་ཏེ་སྐྱེ་ན་ཡོད་པ་མེད་པ་དང་མེད་པ་ཡོད་པར་འགྱུར་བའི་ཐལ་བ་འབབ་པ་དང་། མེད་པ་ནི་མེད་པ་རང་ཡིན་པས་དེས་སྐྱེ་བའི་བྱ་བ་གང་ཡང་བྱེད་མི་ནུས་པའི་ཕྱིར་རོ་ཞེས་ཡོད་མེད་སྐྱེ་འགོག་གི་རིགས་པ་བརྗོད་དེ་ཚོགས་དྲུག་ལ་སྣང་བའི་དངོས་པོ་ཐམས་ཅད་སྐྱེ་མེད་དུ་གཏན་ལ་ཕབ་ཡོད་དོ། །

དེ་བས་ད་ཡོད་ཀྱི་རྒྱུ་ཆ་གཞིར་བྱས་ཏེ་གླེང་ན། དམ་པ་ཁོང་ནི་ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས་ཐོག་ཏུ་ཤེས་བྱ་ཐམས་ཅད་གནས་སྣང་གཉིས་སུ་ཕྱེས་ཏེ། རི་དང་ཆུ་བོ་སོགས་སྣང་ཚུལ་བེམ་གཟུགས་ཀྱི་དངོས་པོ་ཇི་སྙེད་འཁྲུལ་སྣང་ཙམ་མམ་བདེན་མེད་སྒྱུ་མ་ལྟ་བུར་གཏན་ལ་འབེབས་མཁན་ཆེས་ཐོག་མ་དེ་ཡིན་པར་གྲགས་ལ། དེང་དུས་ཀྱི་ནང་བསྟན་ཞིབ་འཇུག་པ་འགའ་རེས་ནི་སྟོན་པ་སངས་རྒྱས་ཀྱིས་སྟོང་ཉིད་ཀྱི་རྣམ་བཞག་ཚིག་ཟུར་ཙམ་ཡང་གསུངས་མ་མྱོང་ཞིང་། གདོད་མའི་ནང་ཆོས་མ་ཟད་ཐ་ན་སྡེ་པའི་དུས་རབས་ཀྱི་སྐབས་སུ་ཡང་སྟོང་ཉིད་ཀྱི་གྲགས་འགུལ་ཅི་ཡང་མེད་པས། ནང་པའི་ཆོས་ལུགས་ཁྲོད་དུ་སྟོང་ཉིད་ཀྱི་ལྟ་གྲུབ་དར་བའི་དུས་ཚིགས་ནི་རྒྱ་གར་དུ་གྷི་རི་སིའི་རིག་གནས་ཀྱི་ཤུགས་རྐྱེན་བསླེབས་ཟིན་པའི་རྗེས་སུ་ཡིན་ཞེས་ཟེར་རོ། །

དེས་ན་མི་ག་གེ་མོས་དུས་རབས་གཉིས་པའི་ནང་དུ་བྱོན་པའི་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྟོང་ཉིད་ཀྱི་རྣམ་བཞག་རྒྱ་ཆེར་གཏན་ལ་ཕབ་ཐུབ་པ་ཡང་། གཅིག་བྱས་ན་སངས་རྒྱས་ཀྱི་བཀའ་དྲིན་མིན་པར་ནུབ་ཕྱོགས་ཀྱི་བགྲེས་པོ་སྨ་ར་ཅན་རྣམ་པའི་བཀའ་དྲིན་ཡིན་སྲིད་དོ་ཞེས་ལབ་ཡོང་ན་བོད་ཀྱི་རྟོག་གེ་པ་ཁྱེད་ཅག་གིས་ཅི་ཞིག་སྨྲ་རྩིས་ཡོད་དམ། ཅི་ཡང་སྨྲ་རྩིས་མེད་ན་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་སྐྱོན་བརྗོད་བྱེད་ཡོང་དུས་ཧ་ཅང་གུ་ཡངས་མདོག་གིས་འཛུམ་མུལ་ལེར་བཞུགས་པ་ལས་མི་འདོད་པའི་རྣམ་འགྱུར་ཙམ་ཡང་སྟོན་མི་ཕོད་ཅིང་། སོ་སོའི་ཆོས་བརྒྱུད་ཉི་ཚེ་བའི་ཆོས་དང་གང་ཟག་གི་ངན་མཚང་འབྲུ་ཡོང་དུས་མི་ཡང་གསོད་ནུས་པའི་བསྟན་འཛིན་གྱི་སྐྱེས་བུ་ཁྱེད་ཅག་ལ་ཁོ་བོ་སྐྱབས་སུ་མཆིའོ། །

བདག་མེད་པ།

སྡུག་བདེན་གྱི་ཁྱད་ཆོས་བཞི་པ་ནི་བདག་མེད་པ་སྟེ་གཟུགས་སོགས་ཕུང་པོ་ལྔ་ལ་ལོངས་སྤྱོད་པོའི་གང་ཟག་རང་དབང་བ་ཞིག་མེད་པའི་དོན་ཡིན། དེ་ལ་དགག་བྱ་ལྷན་སྐྱེས་ཀྱི་བདག་གི་གྲུབ་ཚད་ག་རེ་ཡིན་པ་དང་། བོད་ཀྱི་དབུ་མ་ཕྱི་རབས་པ་དང་རྒྱ་གར་གྱི་ཕྱི་རོལ་མུ་སྟེགས་པ་ཚོོས་སྒྲོ་བཏགས་པའི་ཀུན་བཏགས་ཀྱི་བདག་ག་ཚད་ཡོད་པ་སོགས་ཀྱི་སྐོར་ལ་ནི་ཁོ་བོ་ལས་ཀྱང་ཁྱེད་ཅག་མཁས་སྲིད་པས་ཀརྨ་པ་ལ་ཀ་ཁ་སློབ་པའི་དགོས་པ་མ་མཆིས་སོ། །

དེས་ན་གསལ་འདེབས་ཀྱི་ཚུལ་དུ་རེ་ཞིག་འཆད་འདོད་པ་ནི། ཆུང་བ་ས་འབུ་རྐང་མེེད་ཡན་ཆད་ནས་ཆེ་བ་མི་དང་འབྲོང་གཡག་མན་ཆད་ཀྱི་རྒྱུད་ལ་ངམ་ངམ་ཤུགས་ཀྱིས་འབྱུང་བའི་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དོན་ལ་མ་གྲུབ་པའི་བདག་མེད་ཙམ་ནི་རྒྱ་གར་གྱི་ཕྱི་རོལ་མུ་སྟེགས་པ་མ་ཟད་ནུབ་ཕྱོགས་གྷི་རི་སིའི་མཚན་ཉིད་མཁན་པོ་འགའ་རེས་ཀྱང་རྟོགས་ཡོད་མོད། གྲུབ་མཐས་སྒྲོ་བཏགས་པའི་ཀུན་བཏགས་ཀྱི་བདག་ཐམས་ཅད་འགོག་ཤེས་མཁན་དང་བཀག་ཕོད་མཁན་ནི་འཇིག་རྟེན་འདི་ན་ནང་པ་སངས་རྒྱས་པ་གཅིག་པུ་ལས་གཞན་སུ་ཡང་བྱུང་མེད་དོ་ཞེས་པ་འདིའོ། །

བདག་དང་རྣམ་ཤེས།

ད་ནི་གང་བརྗོད་འདོད་པའི་སྐད་ཆ་དངོས་ལ་ཞུགས་ན། ནུབ་ཕྱོགས་མཚན་རིག་པ་བས་ལྷན་སྐྱེས་ཀྱི་བདག་བཀག་ཡོད་ཀྱང་དེའི་ཤུལ་དུ་ཀུན་བཏགས་ཀྱི་བདག་སྣ་ཚོགས་ཁས་བླངས་ཡོད་པས་དེའི་ཚུལ་མདོ་ཙམ་མོལ་ན་དགེ་མཚན་ཆེ་བར་སེམས་སོ། ། འོན་ཀྱང་ཚན་རིག་པ་དང་མཚན་ཉིད་རིག་པ་བ་གཉིས་ཀ་ཡིན་པའི་དེང་རབས་ཀྱི་མཁས་པ་འགའ་རེས་བདག་ནི་སྐྲ་དང་སེན་མོ་མ་གཏོགས་པའི་ལུས་པོའི་ཆ་ཤས་ཐམས་ཅད་ལ་ཁྱབ་པའི་ཚུལ་གྱིས་ཡོད་སྐད་དང་། འགའ་རེས་ལུས་པོ་ཧྲིལ་བོའི་ཐོག་ལ་མེད་པར་མགོ་ཡི་ཀླད་པའི་གནས་ག་གེ་མོ་ཞིག་ཏུ་ཡོད་རབས་བཤད་འདུག་ཀྱང་དེ་དག་ལ་སྙིང་པོ་དེ་ཙམ་ཡོད་པར་མ་མཐོང་ལ་སྐབས་སུ་བབ་པའི་བརྗོད་གཞི་ཡང་མིན་པས་ཞིབ་ཏུ་གླེང་བའི་སེམས་ཁམས་མ་མཆིས་སོ། །

འོ་ན་ཅི་ཞིག་གླེང་བའི་སེམས་ཁམས་ཡོད་ཅེ་ན། གནའ་བོ་གྷི་རི་སིའི་མཚན་ཉིད་མཁན་པོ་སྐད་གྲགས་ཅན་འགའ་རེས་བདག་དང་ལུས་པོ་ཐ་དད་ཡིན་པ་དང་། བདག་ཅེས་པ་ཡང་མཐར་གཏུག་ན་རྣམ་ཤེས་སམ་སེམས་ལ་ངོས་འཛིན་དགོས་པར་བཤད་དེ། དཔེར་ན་གྷི་རིག་གི་མི་བོ་ཆེ་གསུམ་གྱི་ཡ་གྱལ་སྟོན་པ་སངས་རྒྱས་དང་དུས་མཉམ་ཙམ་ལ་མི་ཡུལ་དུ་བྱོན་པའི་སྐྱེས་མཆོག་སོ་ཁི་རཱ་ཋེའི་(苏格拉底 Socrates)ཞལ་ནས་ཁྱེད་ཅག་གིས་དུར་དུ་སྦས་པ་ནི་ང་རང་མིན་པར་ངའི་ལུས་པོ་ཡིན་ཞེས་རང་གི་སློབ་མ་རྣམས་ལ་སྐུ་འདས་ཁར་གསུངས་པ་དང་། ཁོང་གི་སློབ་མའི་མཆོག་ཀུན་མཁྱེན་ཕོ་ལཱ་ཐོས་(柏拉图 Plato)མི་རྣམས་འདི་ནས་ཚེ་འཕོས་ཏེ་འཇིག་རྟེན་ཕྱི་མའི་ཡུལ་དུ་འགྲོ་མཁན་ངོ་མ་ནི་ཤ་ཁྲག་གི་ལུས་པོ་མིན་པར་བདག་གམ་རྣམ་ཤེས་ཡིན་ཚུལ་བཤད་དོ། །དེས་ན་རྒྱ་ནག་གི་མཁས་པ་ཀྲོ་ཏུན་ཧྥ་(赵敦华)ཡིས་མཛད་པའི་ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས་ཞེས་པའི་གཞུང་དུ་ཡང་། མཁས་མཆོག་ཕོ་ལཱ་ཐོས་མིའི་རང་བཞིན་རྣམ་ཤེས་སུ་ལྟ་བར་བྱེད་པས་མི་ཟེར་བ་ནི་ལུས་སེམས་གཉིས་ཀྱི་ཚོགས་པ་ཞིག་མིན་པར་ལུས་ཀྱི་ཕུང་པོ་བེད་སྤྱད་དེ་དམིགས་འབེན་གྱི་ཐོག་ཏུ་བགྲོད་པའི་རྣམ་ཤེས་ཤིག་ཡིན་ནོ། །ཞེས་བྲིས་སོ། །

དེ་ལ་གནའ་བོ་གྷི་རི་སིའི་སྐད་དུ་རྣམ་ཤེས་ཀྱི་མིང་ལ་(ψυχη)ཞེས་འབོད་པ་ལས་དེའི་ཐོག་མའི་གོ་དོན་ནི་ཚེ་སྲོག་གམ་དབུགས་འབྱིན་རྔུབ་སོགས་ལ་འཇུག་པར་བཤད་ཅིང་། ད་ཡོད་ཀྱི་རྒྱུ་ཆ་གཞིར་བྱས་ཏེ་ནུབ་ཕྱོགས་ཀྱི་ཡུལ་དུ་དམིགས་བསལ་གྱི་བརྡ་ཆད་དེ་ཉིད་དུས་ནམ་ཙམ་ལ་བྱུང་མིན་གླེང་སྐབས། སྤྱི་ལོའི་སྔོན་གྱི་དུས་རབས་དགུ་པ་ཙམ་ལ་མི་ཡུལ་དུ་བྱོན་པའི་གྷི་རིག་གི་སྙན་ངག་པ་གྲགས་ཅན་ཧོ་མཱས་བརྩམས་པའི་སྙན་ངག་གི་སྒྲུང་རབས་ཆེན་མོའི་ནང་དུ་མི་རྣམས་ཤི་བའི་དུས་སུ་རྣམ་པར་ཤེས་པ་ཤ་རུས་ཀྱི་ཕུང་པོ་དང་གྱེས་ཏེ་འཕུར་འགྲོ་ཚུལ་ལབ་ཡོད་པས་ན་དེ་ནི་རྣམ་ཤེས་ཀྱི་ཐ་སྙད་འབྱུང་སའི་དཔེ་ཆ་སྔ་ཤོས་དེ་ཡིན་ཞེས་ཟེར་རོ། །

དེ་ནས་སྤྱི་ལོ་སྔོན་གྱི་དུས་རབས་བདུན་པའི་ནང་དུ་བྱོན་པའི་དམ་པ་དྷ་ལི་སི་(泰勒斯Thales)སྟེ་ནུབ་ཕྱོགས་མཚན་ཉིད་རིག་པའི་ཤིང་རྟ་བ་དེས་འགྲོ་བ་མི་ཙམ་དུ་མ་ཟད་ཐ་ན་རྡོ་ཁབ་ལེན་སོགས་དངོས་པོ་ཡོད་དོ་ཅོག་ལ་རྣམ་ཤེས་ལྡན་ཚུལ་གསུངས་པས་མིང་ལ་ཡང་རྣམ་ཤེས་ཀུན་ཁྱབ་སྨྲ་བ་ཞེས་གྲགས། དེ་ནས་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་པའི་ནང་དུ་བྱོན་པའི་རྡུལ་ཕྲན་སྨྲ་བའི་སློབ་དཔོན་ཌྷེ་མོ་ཁུ་རེ་ཐོས་ (德谟克里特 demokritos )སྐྱེ་འགྲོ་ཀུན་གྱི་རྒྱུད་ལ་རྣམ་ཤེས་ཟེར་བ་ཞིག་ཡོད་པ་དང་། དེའི་ངོ་བོ་ནི་ཤིན་ཏུ་ཕྲ་བའི་གཟུགས་ཅན་གྱི་རྡུལ་ཕྲན་རིལ་རིལ་ཞིག་ཡིན་པར་བཤད་པ་སོགས་ཞིབ་ཏུ་སྤྲོས་ན་མཐའ་ཡས་ཀྱང་མང་དུ་གླེང་བར་མི་བྱའོ། །

མདོར་ན་གོང་དུ་སྨོས་མ་ཐག་པའི་མཁས་དེ་དག་གིས་མིའི་རྒྱུད་ལ་རྣམ་ཤེས་ཟེར་བ་ཞིག་ཡོད་པར་གསུངས་པ་ཙམ་ལས་དེ་ཉིད་བདག་ལ་ངོས་འཛིན་དགོས་མིན་གསལ་བོ་རང་མ་བཤད་མོད། དེ་དག་གི་རྗེས་ཏེ་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པའི་ནང་དུ་བྱོན་པའི་མཁས་མཆོག་ཕོ་ལཱ་ཐོ་ཡབ་སྲས་ཀྱིས་རྣམ་ཤེས་ལ་ངོ་བོའི་སྒོ་ནས་དབྱེ་ན་མགོ་ཡི་ཀླད་པའི་ནང་དུ་གནས་པ་དང་། སྙིང་ཁ་དང་ལྟོ་བའི་ཐད་དུ་གནས་པ་སྟེ་རྣམ་ཤེས་ཐ་དད་པ་གསུམ་ཙམ་ཡོད་པ་ལས། ཤ་ཁྲག་གི་ལུས་པོ་ཤི་བ་ཙམ་གྱིས་རྒྱུན་ཆད་མི་འགྲོ་བར་མུ་མཐུད་དེ་ཚེ་ཕྱི་མའི་བུད་འགྲོ་བའི་བདག་གམ་རྣམ་ཤེས་ནི་གཙོ་ཆེར་ཀླད་པའི་ནང་དུ་གནས་པའི་དཔྱོད་ཤེས་དེ་ཡིན་ཞེས་ཟེར་རོ། །

ད་དུང་ཁོང་ཡབ་སྲས་གཉིས་ཀྱིས་ཆེས་ངོ་མཚར་བའི་རིགས་པ་མི་འདྲ་དྲུག་ཐམ་པ་བརྗོད་དེ་ཀླད་པའི་ནང་གི་རྣམ་ཤེས་དེ་ལ་ནམ་ཡང་རྒྱུན་འཆད་རྒྱུ་མེད་པའི་འཐད་སྒྲུབ་རྒྱ་ཆེར་མཛད་ཡོད་ཅིང་། གནའ་ནས་ད་ལྟའི་བར་ཧ་ཅང་སྐད་གྲགས་ཆེ་བའི་རིགས་པ་དེ་དག་ནི་ནང་པ་སངས་རྒྱས་པའི་སློབ་དཔོན་རྣམ་པས་ལོ་སྟོང་ཕྲག་གི་རྗེས་སུ་གཞི་ནས་གསུངས་པའི་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་དག་དང་ཧ་ཅང་འདྲ་བོ་བྱུང་ཡོད་མོད། བོད་ཀྱི་མཁས་པ་རྣམས་ལ་ནི་ཟུར་ཙམ་ཡང་མ་གྲགས་པས་ཁོ་བོས་སྐབས་གཞན་དུ་ཁུངས་དང་བཅས་ཏེ་རྒྱས་པར་འཆད་པའི་ཕྱིར་ན་འདིར་འབྲེལ་མེད་ཀྱི་ཁ་ཆུ་མང་དུ་གཏོར་བར་མི་སྤྲོའོ། །

གཞན་ཡང་མཁས་དབང་དགེ་ཆོས་ལགས་ཀྱིས་གཏམ་རྒྱུད་གསེར་ཐང་དུ་བདག་ཅེས་པ་ནི་མཐར་གཏུག་ན་རྣམ་ཤེས་ལ་ངོས་འཛིན་པ་ཡིན་ཞེས་གསུངས་པ་ལྟར་རྒྱ་གར་གྱི་གྲུབ་མཐའ་ཕལ་མོ་ཆེས་བདག་ནི་རྣམ་ཤེས་ལ་ངོས་འཛིན་པ་ཡིན་ཞིང་། དེ་ལ་ཡང་ལྟ་གྲུབ་འཕེལ་རིམ་དང་འདོད་ཚུལ་འདྲ་མིན་མང་དུ་སྣང་མོད་རང་རེ་ལ་སྔར་ནས་གྲགས་པས་བསྐྱར་བཟློས་བྱེད་འདོད་མི་འདུག་གོ །ད་ནི་རྩོམ་གྱི་མཇུག་བསྡུ་བའི་དུས་ལ་བསླེབས་སྣང་བས་སྐབས་འདིར་ཁྱེད་ཅག་གི་སྤྱན་ལམ་དུ་ཧྥ་རན་སིའི་རྩོམ་པ་པོ་ཝི་ཁི་ཐོའུ་ཧུ་གོའི་(维克多 雨果Victor Hugo)སྙན་ངག་ཅིག་འབུལ་བར་བྱ་སྟེ། དེ་ཡང་ཁོང་ན་རེ། མཐའ་ཡས་པའི་རྒྱ་མཚོ་ལས་རྔམ་བརྗིད་ཆེ་བའི་མཛེས་ལྗོངས་ཤིག་ཡོད་པ་ནི་ནམ་མཁའ་ཡིན་ལ། ནམ་མཁའ་ལས་ཀྱང་ངོ་མཚར་འབར་བའི་མཛེས་ལྗོངས་ཤིག་མཆིས་པ་ནི་རྣམ་ཤེས་ཀྱི་ཟབ་ས་ལགས་སོ། །ཞེས་སོ། །

མཇུག་མཐར་གསལ་བཤད་ཅིག་ཞུ་རྒྱུ་ཡོད་པ་ནི། ནུབ་ཕྱོགས་གྷི་རི་སིའི་མཚན་ཉིད་རིག་པའི་གཞུང་དུ་བྱུང་བའི་རྒྱུ་ཀུན་འབྱུང་བདེན་པ་དང་། འཐོབ་བྱ་འགོག་པའི་བདེན་པ་སོགས་བདེན་པ་ཕྱི་མ་གསུམ་གྱི་རྣམ་གཞག་ཧ་ཅང་མང་ཞིང་རྒྱས་དྲགས་པས་ཐམས་ཅད་འདི་རུ་འབྲི་བར་མི་ནུས་ཤིང་། མཚོན་ཙམ་ནི་གོང་གི་མཚམས་སྦྱོར་ནང་དུ་བཤད་ཡོད། ཅུང་ཟད་རྒྱས་པ་ཞིག་ནི་ནང་པའི་ཆོས་གཞུང་དང་ལྟོ་སྦྱར་བའི་སྒོ་ནས་ཁུངས་ལུང་དང་བཅས་ཏེ་སྐབས་གཞན་དུ་རྒྱས་པར་གཏན་ལ་ཕབ་ཡོད་པས་ན། ཁྱོད་ཀྱི་རྩོམ་ཡིག་གི་ཁ་བྱང་དང་ནང་དོན་གཉིས་ལྷུ་ཐུག་མི་འདུག་ཟེར་ནས་སྐྱོན་བརྗོད་མི་གནང་རོགས་ཞུ

ད་ནི་རྩོམ་གྱི་མཇུག་བསྡུ་བ་དང་ལྷན་དུ་འདི་སྨྲ་བར་བྱ་སྟེ། དཔྱད་གཏམ་འདི་འབྲི་བའི་ཐོག་མའི་ཀུན་སློང་དང་བར་གྱི་བསམ་སྦྱོར་གཉིས་ཀ་བཏང་སྙོམས་རང་ཡིན་སྟབས་བརྩམས་པའི་དགེ་བ་སེམས་ཅན་གཞན་ལ་སྦྱིན་རྒྱུ་མེད་པས་བསྔོ་སྨོན་བྲིས་ནས་ཅི་ཞིག་བྱ། དེ་བས་ག་དུས་ཡིན་ཡང་ཨ་ཕའི་ཕོར་བ་གཙང་ཞེན་ཙམ་མིན་པར་རྒྱུ་མཚན་ཤེས་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གནས་ལ་དགའ་ཞེན་མི་དམན་པ་ཞིག་ཡོད་པས་ན། རང་ངོས་ནས་བོད་པའི་རིག་གཞུང་ལ་ཞབས་ཏོག་ནུས་ཚོད་ཅིག་འགྲུབ་ཕྱིར་རང་གིས་རང་ལ་སྨོན་ལམ་ཞིག་གདབ་པར་བྱའོ། །

ཚིག་འགྲེལ་ཉ་ལེ་ཉོ་ལེ་ནི།  །
སུས་ཀྱང་ཤེས་ཏེ་སུ་ལ་ཕན།  །
དཀའ་བའི་གནད་ཀྱང་གསལ་བ་དང་།  །
འཐད་པས་འཆད་ལ་དབང་གྱུར་ཅིག  །

ཚིག་འཕྲུལ་ཆ་ལེ་ཆོ་ལེ་ནི།  །
སུས་ཀྱང་ཤེས་ཏེ་སུ་ལ་ཕན།  །
ཟབ་མོའི་གནད་ཀྱང་རིགས་པ་དང་།  །
ལུང་གིས་རྩོད་ལ་དབང་གྱུར་ཅིག  །

ཡིག་འཇོག་ཐ་རེ་ཐོ་རེ་ནི།  །
སུས་ཀྱང་ཤེས་ཏེ་སུ་ལ་ཕན།  །
གསང་བའི་གནད་ཀྱང་སླ་བ་དང་།  །
སྙན་པས་རྩོམ་ལ་དབང་གྱུར་ཅིག  །

ཁྲི་ཙམ་ཞིག་གིས་མཐོ་བ་དང་།  །
མིང་ཙམ་ཞིག་གིས་ཆེ་བ་རྣམས།  །
གྱང་ལ་བྲིས་པའི་མར་མེ་སྟེ།  །
དོན་གྱི་སྒྲོན་མེ་ཉིད་གྱུར་ཅིག  །

སྤྲུལ་སྐུ་འཆལ་པོའི་ཁྲོད་དུའང་ཡོད།  །
མཁན་པོ་བླུན་པོའི་ནང་ལའང་མཆིས།   །
གཞུང་དོན་གཞུང་བཞིན་མཐོང་བ་དཀོན།  །
སྡེ་སྣོད་འཛིན་པའི་རྒྱན་དུ་སྨོན།  །
ཞེས་པའང་དྲྭ་མིང་ལ་ཤིང་དྲུང་པ་དང་འཇིག་རྟེན་ལ་རྡོ་རྗེ་ཚེ་རྒྱལ་ཞེས་གྲགས་པ་གང་དེས་སྤྱི་ལོ་༢༠༢༣ལོའི་ཟླ་བ་༧པའི་ཚེས་པ་༡༤ནས་མགོ་བཟུང་སྟེ་ཚེས་༡༨་ཉིན་ལ་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་མཇུག་གྲུབ་པར་བགྱིས་སོ། །

– – – – –

Loading

2 མཆན།

  1. ཁ་བྱང་དང་དངོས་གཞི་འགལ་བའི་རྩོམ་ཡིག་འདི་ནི་རིགས་ལམ་གྱིས་མ་འདང་བའི་སྐྱོན་ཏེ།
    གནའ་བོའི་གྷི་རི་སི་ནས་བདེན་བཞི་རྙེད་པ་ཟེར་བ་དང་།
    ཡང་ནང་པའི་བདེན་བཞི་དང་ཕྱོགས་འདྲ་ཟེར་བ་དང་།
    ཐར་ལམ་ལུས་ངག་གི་དགེ་བ་ཉི་ཚེ་བ་ཙམ་ལས། རང་རེད་ནང་པ་བཞིན་ཞེས་པ་ནས་རྩ་བ་ནས་བཤད་པ་མེད་དོ།། ཞེས་པ་སོགས་རགས་བཤད་དང་ནང་འགལ་མགོ་མཇུག་བར་གསུམ་ལ་ཁྱབ་པར་བྱས་འདུག།
    ད་དུང་བསྟན་རྩིས་ལོ་ཚིགས་བྱུང་བ་རིག་པ་དང་མི་མཐུན་པ་བྲིས་ནས་རིག་གཞུང་ཟབ་ཚད་ནུབ་ཕྱོགས་ནས་ཚུར་དར་ཡོང་བ། ཧ་ཧ།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།