ཐེག་པ་གོང་འོག་གི་དྲན་པ་ཉེར་བཞག་ལས་འཕྲོས་ནས་སྐྱེ་བོ་ཕལ་བས་སྒོམ་བྱེད་ཚུལ་གླེང་བ།

0
1055

རྩོམ་འདི་འབྲི་དགོས་པའི་རྒྱུ་རྐྱེན་གླེང་བ།

སྐབས་འདིར་ཁོ་བོས་དྲན་པ་ཉེར་བཞག་ལ་ཐེག་པ་གོང་འོག་གི་འདོད་པ་མི་འདྲ་བ་དང་། གོ་སླ་ཞིང་སུས་ཀྱང་སྤྱད་དུ་རུང་བའི་སྒོམ་གྱི་ཉམས་ལེན་འཆད་པའི་འབད་སྩོལ་ཞུ་གི་ཡིན། འོ་ན་ཁྱོད་རང་ལ་དེ་འདྲའི་ཉམས་ལེན་ཡོད་དམ་ཞེ་ན། ཁོ་བོ་ལྟ་བུ་ཉམས་ལེན་འདི་དག་གི་ཆ་ཤས་ཐིགས་པ་ཙམ་ཡང་མེད་ཀྱང་། འདིའི་ཕྱོགས་སུ་རྒྱུན་པར་འཇུག་སྤྲོ་མཁན་ཞིག་ཡིན་པ་དང་། ལྷག་པར་ཐེག་པ་ཆེ་ཆུང་གི་བསམ་གཏན་སྐོར་གྱི་གཞུང་ཁ་ཤས་ཤིག་མཇལ་བས་ཡིད་དབང་ཅིག་ཅར་དུ་ཕྲོགས་པས་རང་གིས་མི་བརྗེད་པ་དང་། གཞན་ལ་བསྐུལ་བའི་ཕྱིར་ཀུན་སློང་དེ་འདྲ་ཞིག་བཟུང་ནས་བྲིས་པ་ཡིན།

ལྷག་པར་དུ་ནང་པའི་ཆོས་ཀྱི་འཇིག་རྟེན་བདེ་ཐབས་ཀྱི་རིགས་པ་དུ་མ་ཞིག་མི་བུ་བྱིངས་ཀྱིས་ཧ་མ་གོ་ཞིང་ཡིད་ཆེས་དང་དད་པ་ཙམ་བྱས་ཏེ་སྔར་ནས་འོང་བ་རེད་ལ། མ་འོངས་པར་ཡང་དེ་ལྟར་འགྲོ། དེ་ལྟ་ན་ནང་པའི་ཆོས་དང་མཚན་ཉིད་རིག་པའི་གཞུང་ལས་བདེ་ཐབས་ཀྱི་རིགས་པ་དེ་འདྲ་མང་པོ་གསུངས་པ་ནི་དགེ་འདུན་པའི་ཁྲོད་མ་གཏོགས་དགོན་པའི་ལྕགས་རི་ལས་བརྒལ་མ་ཐུབ་ན་ཆེས་ཡིད་སྐྱོའི་གནས་ཚུལ་ཞིག་ཀྱང་མིན་ནམ།

བསྟན་པ་རིང་དུ་གནས་པར་འདོད་པ་དང་། ནང་པའི་ཆོས་དང་མཚན་ཉིད་རིག་པར་བློ་དཀར་ན་ངེས་པར་རང་གིས་གང་ཤེས་པ་རྣམས་སྤྱི་དམངས་བྱིངས་ལ་གོ་བ་ཆགས་སུ་འཇུག་པའི་འགན་འཁྲི་ངེས་པར་ཡོད་དེ། ནང་པའི་ཆོས་དང་མཚན་ཉིད་རིག་པ་ལ“མཁས་པའི་ཆོས”ཞེས་སྔ་སོར་ཐ་སྙད་བཏགས་མྱོང་ལ། དེའི་རྒྱུ་རྐྱེན་མི་ཕལ་བ་ཞིག་གིས་མི་ཤེས་པའི་དོན་དུ་སྣང་། དེ་ལྟར་ཁེངས་པ་ཆེན་པོས་བསྐྱིལ་ནས་འདུག་ན་ནང་པའི་ཆོས་ཡུན་རིང་དུ་གནས་པའི་ཐབས་ཤེས་ལར་ནས་མེད། དེའི་ཕྱིར་སྤྱི་དམངས་ལ་བྱམས་སྙིང་རྗེ་དང་། དད་པ། སྟོང་རྟེན་འབྱུང་། ལས་འབྲས། བདེན་བཞི། ཕྱིན་དྲུག་གི་ཉམས་ལེན་སོགས་མདོར་བསྡུས་པ་སོགས་ངོ་སྤྲོད་གནང་ན་ཕན་པ་རྒྱ་ཆེར་དུ་མཐོང་།

དེང་དུས་སུ་ནུབ་ཕྱོགས་པས་ནང་པའི་ཆོས་ལ་གཙིགས་འཛིན་གཙོ་ཆེར་བྱེད་པ་གཙོ་བོ་སྒོམ་གྱི་སྟེང་ནས་བྱུང་། ལྷག་པར་དྲན་པ་ཉེར་བཞག་ལ་གཙོ་ཆེར་སྒྲུབ་པ་ལྷུར་ལེན་གྱིན་ཡོད། ནང་པའི་ཆོས་ལས་རིས་སུ་བཅད་ནས་ནང་སེམས་ཞི་བར་གནས་ཐབས་སུ་འབད་པ་དེ་ཉིད་རིས་སུ་བཅད་པའི་སྐྱོན་དུ་ལྟ་མཁན་ཡང་རང་རེའི་དགེ་བཤེས་གཙོས་པའི་མི་སྣ་དུ་མའི་ཁྲོད་དུ་འདུག་ཅིང་། དགོས་པ་དང་དགག་བྱ་ལས་དགོས་པ་ཆེ་བར་མཐོང་བས་སྐུ་མདུན་སོགས་ཀྱིས་ཡང་དང་བསྐྱར་དུ་འདིའི་ཕྱོགས་སུ་བཀའ་སློབ་ལམ་སྟོན་མང་པོ་གནང་འདུག འདི་ཉིད་ནུབ་ཕྱོགས་སུ་ཐོག་མར་འབར་མ་ནས་དུས་རབས་ཉི་ཤུ་བའི་དཀྱིལ་ཙམ་ནས་དར་ཞིང་རྒྱས་པར་གྱུར། ཕྱིས་སུ་དར་ཁྱབ་ཆེས་ཆེར་ཕྱིན་ནས་འདིའི་ཁུངས་སངས་རྒྱས་ཆོས་ལུགས་ཡིན་པའང་མི་ཤེས་པའི་ཚོད་ལ་སླེབས་ཡོད་ཚོད་དུ་སྣང་ཡང་། ང་ཚོའི་དམིགས་ཡུལ་ནི་ཆོས་ཀྱི་རྗེས་འབྲངས་མང་དུ་གཏོང་རྒྱུ་དང་། ཚང་མ་སངས་རྒྱས་ཆོས་པར་བསྒྱུར་བ་མ་ཡིན་པར་དེ་ཉིད་ལས་འཇིག་རྟེན་བདེ་ཐབས་ཀྱི་རིག་པ་དག་གཞན་ལ་ཕན་ཞིང་སེམས་རྒྱུད་མ་རུངས་འཆོས་པའི་ཕྱིར་ཡིན་པས་ཤེས་ཚོད་ནུས་ཚོད་ཀྱིས་གཞན་ལ་སྤེལ་སྒྲོག་བྱེད་པ་དེའོ། །

ང་ཚོ་བོད་ཀྱི་མི་དམངས་བྱིངས་ལ་འདིའི་ཕྱོགས་ཀྱི་བློ་སྦྱོང་ཕལ་ཆེར་དབེན་པའི་གནས་སུ་སླེབས་ཡོད་ཅིང་། དམིགས་བསལ་གྱི་རྣལ་འབྱོར་བ་དང་མཚན་ཉིད་པ་ཁ་ཤས་ནང་དུ་འབྱུང་བ་མ་གཏོགས་པ་དར་ཁྱབ་དང་ཡོངས་ཁྱབ་ཏུ་ཕྱིན་མེད་པ་དངོས་ཡོད་རེད། ལྷག་པར་དཔེ་ཆ་བ་དང་དགེ་བཤེས་ཚོ་ང་རྒྱལ་ཆེན་པོ་ཡོད་ཅེས་གཞན་གྱིས་བསྒྲགས་པ་ཡང་ལར་ནས་དོན་མེད་འབའ་ཞིག་ཡེ་ནས་མི་སྣང་སྟེ། ཆོས་རའི་ནང་དུ་དངོས་པོའི་ངོ་བོ་དང་སྟོང་རྟེན་འབྱུང་སོགས་ཀྱི་རྣམ་གཞག་བརྒལ་བརྟག་རིགས་པས་རྩོད་པ་བྱེད་པ་ལས་སྒོམ་གྱི་ཉམས་ལེན་དང་དྲན་ཤེས་ཟུང་སྦྲེལ་བྱ་མ་ཐུབ་པའི་སྐྱོན་དུ་ཡང་སྣང་།

ང་ཚོས་ཐོས་བསམ་གཙོར་བྱས་ཏེ་སྒྲུབ་པ་བོར་བའི་སྣང་ཚུལ་ལས་བྱ་སྤྱོད་ངན་པ་ང་རྒྱལ་དང་ཕྲག་དོག་སོགས་ཀྱི་ངོ་བོ་མཐོ་ནས་མཐོ་རུ་བླ་ནས་བླ་རུ་འཕགས་ངེས་པས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་དགོས་ཞེས་དམ་པ་གོང་མ་དག་གིས་བསྐུལ་ཅིང་དེ་ལས་སྒྲུབ་པ་གཙོར་འཛིན་དགོས་པ་རྗེ་བླ་མའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔའི་ཡ་གྱལ་དྲང་ངེས་ལེགས་བཤད་སྙིང་པོའི་མཇུག་ཏུ་དཔེ་ཆ་འདི་ཉིད་གང་ཟག་གང་ཞིག་གི་ཆེད་དུ་བརྩམས་པ་ཡིན་ཞེ་ན།[1] “ཇི་ཙམ་ཤེས་པ་དེ་ཙམ་གྱིས་སྒྲུབ་པ་སྙིང་བོར་བྱས་ཏེ་རྒྱལ་བའི་བསྟན་པ་རིང་དུ་གནས་པར་འདོད་པའི་རྣམ་དཔྱོད་ཅན་རྣམས་ལ་ཁོ་བོས་ལེགས་པར་བཤད་པའི་སྙིང་པོ་འདི་གཏམ་དུ་བྱས་སོ”ཞེས་གསུངས་པས་སྒོམ་སྒྲུབ་སྙིང་པོར་བྱེད་པའི་བསྟན་པ་རིང་དུ་གནས་པར་འདོད་པའི་རྣམ་དཔྱོད་ཅན་དག་ལ་ཕུལ་བ་ཡིན་གསུངས་པས་སྒོམ་གྱི་ཉམས་ལེན་ནི་དམིགས་བསལ་གལ་འགངས་ཆེ་བར་གསུངས།

དྲན་པ་ཉེར་བཞག་སོགས་སྒོམ་གྱི་དགེ་མཚན་གླེང་བ།

སྒོམ་གྱི་ནུས་པས་ང་ཚོའི་ནང་སེམས་སུ་རྣམ་རྟོག་ཆར་པ་བཞིན་འབབ་པ་འདི་དག་ཐམས་ཅད་ཀྱི་སྒོ་འགག་ནུས་ཀྱང་། སེམས་དྭངས་པ་དང་གསལ་བ། མི་ཁྲོ་བ་དང་མི་ཆགས་པ། སྐྱོ་སྡུག་དང་བྲལ་བ། དཀའ་ངལ་ལ་གདོང་ལེན་བྱེད་ནུས་པ། བྱ་བ་ཐམས་ཅད་ཀྱི་མཐའ་འཁྱོལ་བ། དམིགས་པ་གཅིག་ལ་སྒྲིམ་ནུས་པ་སོགས་ཀྱི་དགེ་མཚན་མང་དུ་མཐོང་སྟེ་དེ་ཡང་སྤྱོད་འཇུག་ལས།[2]“ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་པོ་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་། །དགེ་བ་ཐམས་ཅད་ལག་ཏུ་འོང་། །”ཞེས་ང་ཚོའི་ནང་སེམས་སུ་དཀའ་ངལ་དང་རྙོག་དྲ་ཐམས་ཅད་སེམས་ལས་བྱུང་ཞིང་དེ་ཉིད་དྲན་པ་ཤེས་བཞིན་གྱིས་བྱ་ར་བྱེད་བཞིན་སྤྱོད་ན་རང་གིས་གང་འདོད་པ་འགྲུབ་པར་འགྱུར་ཞེས་དང་། ཉན་ས་ལས་ཀྱང་།[3] “སྦྱོར་བ་དེ་ལ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པའི་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་ཡང་བསྐྱེ་བར་འགྱུར་ཞིང་། རྩེ་གཅིག་པ་ཉིད་ལ་ཡང་རེག་པར་འགྱུར། དམིགས་པའི་མངོན་པར་དགའ་བར་ཡང་ཐོབ་པར་འགྱུར་རོ། །”ཞེས་དང་རྒྱལ་ཚབ་དར་མ་རིན་ཆེན་གྱི་སྤྱོད་འཇུག་ཊཱིཀྐ་ལས[4]“ཕྱིན་དྲུག་སེམས་ལ་རག་ལས་པ་ལས་བཟོད་པ་སེམས་ལ་རག་ལས་པ་སྟོན་པའི་སྐབས། དཔེ་དང་དོན་དཔེ་དོན་སྦྱར་བ་གསུམ་ལས། དོན་དེ་ཉིད་སྟོན་པ་ལ་སྤྱོད་འཇུག་ལས“སེམས་ཅན་མི་བསྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡོང་མི་ལང་། །ཁྲོ་བའི་སེམས་འདི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་བཅོམ་དང་འདྲ། །”ཞེས་ནང་སེམས་འདི་ཐུལ་ན་ཁྲོ་བའི་སེམས་ཐམས་ཅད་བཅོམ་པར་གསུངས།

དེའི་ཕྱིར་ནང་སེམས་བདེ་བར་མི་གནས་པ་དང་རྙོག་དྲ་དུ་མ་ཞིག་ནང་སེམས་ལས་བྱུང་བས་དེ་ཉིད་འགོག་པའི་ཕྱོགས་སུ་འབད་པ་ལ་བརྩོན་པ་བྱས་ན་ཁ་ཏོན་དང་ཆོ་ག་གཏོ་དང་རིམ་གྲོ་སོགས་གང་ཡང་མི་དགོས་པར་ཞི་བར་གནས་པ་རྒྱལ་སྲས་ཞི་བ་ལྷས་ཀྱང་།[5] “སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །”ཞེས་འདོམས་པ་དེ་ཉིད་ཉམས་སུ་ལེན་པར་འཚལ།

རྙོག་དྲ་ཐམས་ཅད་བཟོ་མཁན་སུ་ཡིན་ནམ།

ང་ཚོ་ལྷོད་ལྷོད་དུ་གནས་ཀྱང་རུང་གློ་བུར་གློ་བུར་དུ་རྐྱེན་ཆུང་ཕྲ་མོ་རེ་རེས་རང་སེམས་རྙོག་པོར་བྱས་ཏེ་མི་སྐྱིད་པ་བཟོ་བཞིན་ཡོད། དེ་བཞིན་ཁོ་བོ་ལྟ་བུ་བྱ་བ་དང་ཤེས་བྱ་སོགས་ལ་འཇུག་སྤྲོ་ཞིང་མཐའ་མི་འཁྱོལ་བར་སྒྱིད་ལུག་གིས་ལུས་འགྲོ་ཞིང་། དེ་ནས་བཟུང་དེ་ལ་འཇུག་མི་སྤྲོ་བར་གཞན་ཞིག་གི་མགོ་རྩོམ་པ་སོགས་ད་ལྟའི་མི་དུ་མ་ཞིག་གི་གནས་ཚུལ་དུ་གྲུབ་འདུག་པར་སེམས། ང་ཚོས་སེམས་པ་གཅིག་ཏུ་བསྒྲིམས་ཏེ་སློབ་གཉེར་དང་བྱ་བ་གང་རུང་ལ་རྩོམ་པའི་ཚེ་སེམས་ལ་རྣམ་རྟོག་དུ་མ་འཁོར་ནས་དམིགས་པ་གཅིག་ལ་གཏོད་མི་ནུས་པར་ལུས་འགྲོ། ད་དུང་སྦྱངས་སྦྱངས་པའི་ཤེས་བྱ་དང་ཡོན་ཏན་ཀུན་ཁ་བྲལ་ནས་ཅུང་ཙམ་འགོར་རྗེས་སེམས་པའི་ངོས་ནས་ཡལ་ཟིན་ལ་སླར་ཡང་དེར་འཇུག་དགོས་པ་དང་གཞི་ནས་སློབ་དགོས་པ་སོགས་ཀྱི་གནས་ཚུལ་ཡང་འབྱུང་གིན་ཡོད། ད་དུང་ང་ཚོར་གཞན་གྱིས་གློ་བུར་དུ་ཚིག་ངན་པ་ཙམ་ཞིག་གིས་ཀྱང་ཁོང་ཁྲོའི་མེ་ལྕེ་དྲག་ཏུ་འཕྱོ་བཞིན་ལན་སློག་པར་འབད་ཀྱང་། གལ་ཏེ་མ་ནུས་ན་མཚན་མོའི་གཉིད་དང་ཉིན་མོའི་ཟས་ཀྱང་ཡི་ག་མེད་པའི་ཚོད་དུ་སླེབས་ངེས། ད་དུང་ང་ཚོའི་བྱ་སྤྱོད་ལ་མ་བརྟག་པའི་རྐྱེན་གྱིས་གཞན་གྱིས་སྡིག་དམོད་གཏོང་བ་དང་ཞེ་ཁྲེལ་བ་སོགས་རང་གིས་ཧ་མ་གོ་ཡང་ཁོ་ཚོ་ཞེན་པ་གཏིང་ནས་ལོག་པ་བྱས་པའང་སྲིད།

གལ་ཏེ་ཁྱོད་ཉིད་རྒྱུ་མཚན་དུ་མ་ཞིག་གིས་སེམས་ཕམ་ཞིང་ངག་བརྣངས་ཏེ་གཞན་སུ་ཡང་མཐོང་མི་འདོད་པ་དང་གཏམ་སྨྲ་མི་འདོད་པ། ལས་ཀ་སྒྲུབ་མི་བསམ་པར་གཅིག་པུར་ཁེར་རྐྱང་དུ་གོམས་ཤིང་གཅིག་པུར་འགྲོ་བའི་སྐབས་ཀྱང་ཡོད་སྲིད། གལ་ཏེ་དེ་ལས་བཟློག་ནས་ཁྱོད་ལ་དམིགས་བསལ་གྱི་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པའམ་མི་བུ་དུ་མས་གདེང་འཇོག་གི་ཚད་མཐོན་པོར་སླེབས་དུས་ཁྱོད་ཀྱིས་ཁེངས་པ་བསྙིལ་མ་ནུས་པར་གཞན་གྱིས་འགྲན་པའི་ཟླ་དང་བྲལ། རང་ལས་ལྷག་པ་མེད་པའི་ང་རྒྱལ་སྐྱེས་ནས་འདུག་སྐབས་ཁྱོད་ཀྱི་བྱ་སྤྱོད་དང་ཤེས་རབ་ཚང་མ་ང་རྒྱལ་གྱིས་བསྒྲིབས་ཡོད་པས་མི་ཀུན་གྱིས་རིམ་གྱིས་ཁྱོད་གཅིག་པུར་ནང་སེམས་ནས་རྒྱང་ཕུད་དུ་གཏོང་། དེ་ཡི་དུས་སུ་ཁྱོད་ཉིད་ཁེར་རྐྱང་གི་སྐྱོ་སྡུག་དུ་མའང་འཕྲད་སྲིད། ད་དུང་འགྲན་སེམས་དང་ཕྲག་དོག་སོགས་ཆེས་ཆེར་འཕེལ་བས་ནང་སེམས་མི་སྐྱིད་པ་བཟོ་ཞིང་དེ་ལས་ལུས་ལ་ན་ཚ་ཡང་གཏོང་གི་ཡོད།

ང་ཚོས་ཉམས་མ་བཞག་པའི་རྐྱེན་གྱིས་ལུས་ཀྱི་ན་ཚ་དུ་མ་ཞིག་སེམས་དང་འབྲེལ་མེད་ལྟར་སྣང་ཡང་། སེམས་མ་སྐྱིད་པའི་དབང་གིས་ལུས་ཀྱི་མདངས་ཤོར། མགོ་ལ་སྐྲ་དཀར་སྐྱེས་པ། གདོང་བ་གཉེར་མས་ཁེངས་པ། ལུས་ཀྱི་ནུས་ཤུགས་རྫོགས་པ། སེམས་འཚུབ་དང་དོགས་འཚེར་གྱི་ནད(抑郁症)ཕོག་པ་སོགས་ད་ལྟའི་དུས་སུ་རྩྭ་སྐྱ་མེ་ཡིས་ཟིན་པ་བཞིན་མཆེད་ཀྱིན་ཡོད་ཅིང་། ལྷག་པར་དུ་རྒྱ་ནང་དུ་སྤྱི་ལོ༢༠༢༠ལོར་བསྡོམས་རྩིས་བྱས་པ་ལྟར་ན་མི་གྲངས་ས་ཡ་དགུ་དང་བྱེ་བ་ལྔས་ཟིན་ཅིང་དུང་ཕྱུར་གཅིག་ལ་ཉེ་ཞིང་འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་དོག་འཚེར་ནད་དུག་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཡང་ཆགས་ཡོད། དེ་བཞིན་བོད་རིགས་ལས་བྱེད་དང་སློབ་མ་དག་གི་གྲས་སུ་ནད་དུག་འདི་བྱུང་དང་འབྱུང་བཞིན་པར་ཡང་གོ བྱ་བའི་གནོན་ཤུགས་མི་ཐེག་པ་དང་སེམས་ཁུར་སོགས་ཀྱིས་ནད་དུག་འདི་སྐྱེད་ཀྱིན་ཡོད། ལྷག་པར་རང་བྱུང་གི་ས་འགུལ་དང་ཆུ་ལོག་སོགས་ཀྱི་གོད་ཆག་དང་། དེ་མིན་རང་བྱུང་མ་ཡིན་པའི་དམག་འཁྲུག་སོགས་ཀྱི་རྐྱེན་པས་ཀྱང་ནད་འདི་འབྱུང་གིན་ཡོད། འདི་འདྲ་བའི་གནོན་ཤུགས་བྱུང་ཡང་གནས་ཚུལ་དེ་འདྲའི་འོག་ནས་ནང་པའི་སྒོམ་ཉམས་ལེན་གྱི་རིམ་པ་འདིས་ཕན་པ་ཆེན་པོ་འབྱུང་བཞིན་ཡོད།

གནས་བརྟན་ཐིག་ནཏ་ཧཱན(thick neat Hanh 1926_2022)གྱིས་མཛད་པའི«ཁྲོ་བའི་མེ་དཔུང་འཇོམས་པའི་ཤེས་རབ»ཅེས་པའི་ཕེབས་སྒོམ་དང་བཞུགས་སྒོམ་དབུགས་འབྱུང་རྔུབ་སོགས་གཙོར་བྱས་དྲན་པ་ཉེར་བཞག་གི་སྒོམ་གྱི་དཔེ་དེབ་དེ་ཉིད་སྤྱི་ལོ༢༠༠༡ལོར་ཨ་རིའི་ནང་དུ༩·༡༡གི་དོན་རྐྱེན་བྱུང་ནས་རིང་བོ་མ་ལོན་སྟབས་དཔེ་ཆ་འདི་ཉིད་ཆེས་བྲིན་པར་གྱུར་ཅིང་། མི་ཚང་མའི་སེམས་ནས་འཁོན་འཛིན་དང་། ཁོང་ཁྲོ། སྡུག་བསྔལ་སོགས་ཞི་བར་བྱེད་པ་ལ་དཔེ་ཆ་འདིས་ཕན་ཐོགས་བླ་ལྷག་བྱུང་སྐད། དེ་བས་གཤམ་དུ་ཡང་དཔེ་དེབ་འདི་ཉིད་ཀྱང་གཙོར་འཛིན་བྱས་སྒོམ་གྱི་ཉམས་ལེན་ཉུང་ངུ་ཞིག་བྲི་བར་འབད་པར་བྱ།

གོང་དུ་བཤད་པའི་རྙོག་དྲ་ཐམས་ཅད་ནི་སེམས་ལས་བྱུང་བ་ཡིན་ཞིང་དེ་ཉིད་འགོག་པའང་སེམས་ལས་གཞན་གང་གིས་ཀྱང་ནུས་པ་མ་ཡིན། དེ་ཡང་རྒྱལ་སྲས་ཞི་བ་ལྷས། “སེམས་འདི་གཅིག་པུ་བཏུལ་བས་ན། །དེ་དག་ཐམས་ཅད་ཐུལ་བར་འགྱུར། །”ཞེས་གསུངས་པས་སེམས་ཀྱི་རྒྱུ་བ་དང་དམིགས་པ་ཐམས་ཅད་དྲན་པ་ཤེས་བཞིན་གྱིས་བྱ་ར་བྱས་ཤིང་བསྐྱོད་པ་ན་གཞན་གང་གིས་གནོད་པར་མི་འགྱུར་བར་གསུངས།

དབུགས་གཏོང་ལེན་སོགས་ལ་དམིགས་པའི་ཉམས་ལེན་གྱིས་ནང་སེམས་ཀྱི་དཀའ་ངལ་དུ་མ་ཞིག་སེལ་ནུས་པར་མ་ཟད་ལུས་ངག་གི་ན་ཚ་ཡང་དུ་མ་ཞིག་བཟློག་ནུས་པའི་དཔེ་མཚོན་རེ་གཉིས་བགྲངས་ན། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག[6]“སྐྱོར་མོ་ལུང་དུ་ཕེབས་ནས་རྒྱ་ཆེར་འགྲེལ་གྱི་བམ་པོ་བཞི་བཅུ་ལྷག་ཙམ་ཐུགས་ལ་ཆུད་པའི་མཚམས་སུ་བར་གཅོད་ཀྱི་རྣམ་པ་སྐུ་སྟོད་བསྙུང་བའི་སྙུང་གཞི་དྲག་པོ་ཞིག་བྱུང་། ཡུན་རིང་དུ་མ་ཕན་པས། ཕྱིས་སུ་ས་སྐྱར་ཕེབས་ནས་བླ་བྲང་རིན་ཆེན་སྒང་གི་རྒྱབ་ཕྱོགས་དེ་ལ་འབྱོན་གྱིན་མ་ནིང་གི་ཧ་འདོན་པ་སོགས་ལན་འགའ་ཡར་མཛད་པས་སྔར་གྱི་སྐུ་སྟོད་ཀྱི་བསྙུང་གཞི་དེ་ལྷག་མ་མེད་པར་ཐོན།” ཞེས་པ་སོགས་དབུགས་གཏོང་ལེན་ལ་བརྟེན་ནས་སྙུང་གཞི་སངས་དྲག་ཏུ་ཕྱིན་ཅིང་། ལྷག་པར་ད་ལྟའི་དུས་སུ་ནུབ་ཕྱོགས་སུ་སྒོམ་གྱི་སྐོར་ནས་བསྟན་པ་ཆེས་ཆེར་དར་སྤེལ་གཏོང་མཁན་ཡོངས་དགེ་མི་འགྱུར་མཆོག་ནི་ཆུང་ངུའི་དུས་ནས་འཇིགས་དངངས་ཆེ་ཞིང་། སེམས་འཚབ་ཆེ་བའི་མི་ཞིག་ཡིན་པ་ཁོང་གིས[7]“བྱིས་པའི་དུས་སྐབས་ནས་ང་ལ་གོམས་འདྲིས་ཕྱིན་པའི་སེམས་འཚབ་པ་འདི་འཇོམས་པར་བྱེད་པ་ལ། བདུན་ཕྲག་གཉིས་ལྷག་སྒོམ་ཉམས་ལེན་ཐོག་བློ་རྩེ་གཅིག་ཏུ་གཏོད་དགོས་བྱུང་། དུས་དེ་ནས་བཟུང་འཇིགས་སྣང་གི་གནོད་འཚེ་སྣ་གཅིག་ཀྱང་མ་བྱུང་། ཞི་འཇམ་བག་ཕེབས་དང་། སྤོབས་པ། དགའ་བདེའི་ཚོར་སྣང་བྱུང་སྟེ། བསྐྱར་དུ་ལྷོད་ཆགས་ནས་ཞི་བར་གནས་ཐུབ་པར་བརྟེན།” ཞེས་སྒོམ་གྱི་ཉམས་ལེན་ནི་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་ཞིག་ཡིན་པར་གསུངས།

སྒོམ་ཇི་ལྟར་བྱ་དགོས་སམ།
དང་པོ་ཐེག་ཆེན་གྱི་གཞུང་ལས་དྲན་པ་ཉེར་བཞག་སྒོམ་ཚུལ།

སྤྱིར་ན་ཐེག་པ་གོང་འོག་གི་དྲན་པ་ཉེར་བཞག་མི་འདྲ་ཞིང་། དམིགས་རྣམ་དང་ནུས་པ། བྱེད་ལས་དང་ངོ་བོ་སོགས་གང་གི་ངོས་ནས་ཀྱང་མི་མཚུངས་པ་ཞིག་ཡིན། དེ་ལ་ཐོག་མར་ཐེག་ཆེན་གྱི་དྲན་པ་ཉེར་བཞག་ཅེས་པའི་ངོ་བོ་ནི[8]“ལུས་ཚོར་སེམས་ཆོས་བཞི་ལ་རང་སྤྱིའི་མཚན་ཉིད་གཉིས་གཉིས་ཀྱིས་བརྟགས་ནས་སྒོམ་པར་བྱེད་པའི་དྲན་པ་དང་ཤེས་རབ་གང་རུང་གིས་བསྡུས་པའི་ལམ་ཞུགས་ཀྱི་མཁྱེན་པ”ཞིག་དགོས་ལ་དེ་ཡང་ཡིན་ཏེ། མཛོད་ལས།[9] “ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །དྲན་པ་ཉེ་བར་བཞག་པར་བྱ། །”ཞེས་གསུངས།

ངོ་བོ་གསུངས་པའི་ཞར་ལ་དབྱེ་བ་དང་དམིགས་པ་ཡང་གསུངས་ཏེ་ལུས་ཚོར་སེམས་ཆོས་བཞི་སྟེ། ལུས་དྲན་པ་ཉེར་བཞག ཚོར་བ་དྲན་པ་ཉེར་བཞག སེམས་དྲན་པ་ཉེར་བཞག ཆོས་དྲན་པ་ཉེར་བཞག་ཅེས་བཞིར་དབྱེ་ལ། འོ་ན་གོང་དུ་བཤད་མ་ཐག་པའི་མཚན་ཉིད་གཉིས་གཉིས་ཀྱིས་བརྟགས་ནས་ཞེས་པ་གང་ལ་གོ་ཞེ་ན་དང་པོ་ནི། སྡུག་བདེན་གྱི་ཁྱད་ཆོས་ཏེ་མི་རྟག་པ་དང་། སྡུག་བསྔལ། སྟོང་བ། བདག་མེད་ཀྱི་མཚན་ཉིད་གཅིག་དང་། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་མཚན་ཉིད་གཅིག་སྟེ། མཚན་ཉིད་དེ་གཉིས་ཁྱད་གཞི་གོང་དུ་བཤད་མ་ཐག་པའི་ལུས་ཚོར་སེམས་ཆོས་བཞི་གང་རུང་ལ་ཁྱད་ཆོས་མཚན་ཉིད་དེ་གཉིས་རེ་རེ་ནས་སྦྱར་ཞིང་སྒོམ་པར་བྱེད་པ་ཞིག་སྟེ། དཔེར་ན་དང་པོ་རང་གི་ལུས་ལྟ་བུ་ལ་དམིགས་ནས་དེ་ཉིད་སྐད་ཅིག་སྐད་ཅིག་གིས་འཇིག་པ་མི་རྟག་པའི་རང་བཞིན་དང་། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར་བ་དང་། དེ་འདྲ་བ་དེ་བློས་ཕར་བཞག་ཙམ་ལས་ཚུགས་ཐུབ་དང་གདོད་ལུགས་ཀྱི་ངོས་ནས་མེད་པའི་སྟོང་བ། དེ་འདྲ་བ་གདགས་གཞི་ལ་མ་ལྟོས་པའི་རང་དབང་གིས་གྲུབ་པར་འཛིན་པ། ཆ་ཤས་ལ་མ་ལྟོས་པའི་གཅིག་པུ་བར་འཛིན་པ། རྒྱ་རྐྱེན་ལ་མ་ལྟོས་པའི་རྟག་པར་འཛིན་པའི་བློ་ལོག་ནས་བདག་མེད་པའི་དོན་དུ་སེམས་དགོས་ཤིང་། འདིའི་རྣམ་གཞག་ཐམས་ཅད་སྤྱོད་འཇུག་གི་བསམ་གཏན་ལེའུའི་སྐབས་སུ་རྒྱས་པར་བཤད་ལ། དེ་ཡང་སྐོར་བཞི་ཀ་མཚོན་ཙམ་རེ་དགོད་པར་བྱ་སྟེ། དང་པོ་ཟག་བཅས་ཀྱི་ལུས་ཕུང་འདི་ཉིད་མི་རྟག་པའི་རང་བཞིན་དུ་སྟོན་པ་ལ་དེ་ཉིད་ལས།[10] “ལུས་འདི་གཅིག་པུ་བྱུང་བ་ཡང་། །ལྷན་གཅིག་སྐྱེས་པའི་ཤ་རུས་དག །ཞིག་སྟེ་སོ་སོར་འགྱེས་འགྱུར་ན། །མཛའ་བ་གཞན་དག་ཅི་ཞིག་སྨྲོས། །སྐྱེ་ན་གཅིག་པུ་སྐྱེ་འགྱུར་ཞིང་། །འཆི་ནའང་དེ་ཉིད་གཅིག་འཆི་སྟེ། །སྡུག་བསྔལ་སྐལ་གཞན་མི་ལེན་ན། །གེགས་བྱེད་མཛའ་བས་ཅི་ཞིག་བྱ། །”ཞེས་རང་གི་ཚེ་འདིའི་རྣམ་ཤེས་དང་མཉམ་དུ་བྱུང་བའི་ལུས་ཕུང་གི་ཤ་རུས་དེ་དག་སྐད་ཅིག་གིས་འཇིག་ཀྱང་སྐད་ཅིག་གིས་རྒུད་འགྲོ་བས་ན་དེ་ལ་མཛའ་བ་ཞེས་བཟའ་ཚོ་ཞིག་བསྟེན་པ་ལ་དགོས་པ་མེད་པར་གསུངས།

ལུས་འདི་མི་གཙང་བར་སྟོན་པ་ལ་དེ་ཉིད་ལས།[11] “ག་པུར་ལ་སོགས་ཡིད་འོང་དང་། །འབྲས་ཆན་དག་གམ་ཚོད་མའང་རུང་། །ཁ་བཅུག་ཕྱིར་ཕྱུང་བོར་བ་ཡིས། །ས་ཡང་མི་གཙང་བཙོག་པར་འགྱུར། །”ཞེས་མི་གཙང་བའི་རང་བཞིན་དུ་བསྟན་ལ། ལུས་ཕུང་སོགས་སྡུག་བསྔལ་བ་ཡིན་ཞིང་དེ་ཡང་བདག་གཞན་མཉམ་བརྗེ་བསྒོམ་དགོས་པའི་སྐབས་སུ་དེ་ཉིད་ལས[12]“སྡུག་བསྔལ་ཡིན་ཕྱིར་དེ་བསལ་བྱ། །ངེས་པས་དེར་ནི་ཅི་ཞིག་བྱ། །ཅི་ཕྱིར་ཀུན་གྱི་སྡུག་བསྔལ་ནི། །བཟློག་པར་བྱ་ཞེས་བརྩད་དུ་མེད། །གལ་ཏེ་བཟློག་ནའང་ཐམས་ཅད་བཟློག །དེ་མིན་བདག་ཀྱང་སེམས་ཅན་གཞན། །”སེམས་ཅན་གཞན་གྱི་སྡུག་བསྔལ་ཡང་རང་གིས་སེལ་བར་འབད་དགོས་པ་ལས། རང་ནི་རང་དང་གཞན་ནི་གཞན་ནོ་ཞེས་རིས་སུ་གཅོད་པ་དེས་ཅི་ཞིག་བྱ་སྟེ། གཞན་ཡང་ན་རེ། གཞན་གྱི་སྡུག་བསྔལ་གྱིས་རང་ལ་མི་གནོད་པས་ཅིའི་ཕྱིར་གཞན་གྱི་སྡུག་བསྔལ་བསལ་ཞེས་བརྩད་དུ་མེད་དེ། གཞན་གྱི་སྡུག་བསྔལ་བཟློག་པ་ལ་འབད་པས་རང་གཞན་གཉིས་ཀྱི་སྡུག་བསྔལ་བཟློག་ལ། དེ་ལྟ་མིན་པར་གཞན་གྱི་སྡུག་བསྔལ་དེ་སེལ་བ་མིན་ན་རང་གི་སྡུག་བསྔལ་ཡང་སེམས་ཅན་གཞན་གྱི་སྡུག་བསྔལ་བཞིན་བསལ་བྱ་མ་ཡིན་པར་འགྱུར་བས་བདག་ལ་གཅེས་པ་བཞིན་གཞན་ལ་གཅེས་པར་གྱིས་ཤིག་ཅེས་པ་དེས་སེམས་ཅན་རང་བཞིན་ཀུན་ཀྱང་སྡུག་བསྔལ་བའི་རང་བཞིན་དུ་བསྟན་ལ། དེ་ཉིད་སྟོང་བའི་རང་བཞིན་དུ་སྟོན་པ་དེ་ཉིད་ལས།[13] “རྒྱུད་དང་ཚོགས་ཞེས་བྱ་བ་ནི། ། ཕྲེང་བ་དམག་ལ་སོགས་བཞིན་རྫུན། །སྡུག་བསྔལ་ཅན་གང་དེ་མེད་པ། །དེས་འདི་སུ་ཞིག་དབང་བར་འགྱུར། །སྡུག་བསྔལ་བདག་པོ་མེད་པ་ནི། །ཐམས་ཅད་བྱེ་བྲག་མེད་པ་ཉིད། །”ཅེས་རང་དབང་བའི་རྒྱུད་གཅིག་ལ་བཏགས་པའི་ཕྲེང་བ་དང་ཚོགས་པ་དུ་མ་འདུས་པའི་དམག་ཅེས་ངོས་འཛིན་པར་ཐ་སྙད་བཏགས་པ་ཙམ་མ་གཏོགས་ཡུལ་རང་ངོས་གྲུབ་པ་གཅིག་ཀྱང་མེད་པ་བཞིན་སྡུག་བསྔལ་སོགས་ཀྱི་བདག་པོ་འདིའོ་ཞེས་ཡུལ་རང་དབང་གདོད་ལུགས་ནས་གྲུབ་པ་གཅིག་ཀྱང་མེད་པས། དེའི་བྱེ་བྲག་ཅེས་རང་དང་གཞན་གྱི་ཉོན་མོངས་ཞེས་ཐ་སྙད་ཙམ་དུ་ཡོད་པ་མ་གཏོགས་རང་དབང་བ་མེད་པས་རང་གི་སྡུག་བསྔལ་བསལ་བ་ལ་འབད་པ་བཞིན་གཞན་གྱི་སྡུག་བསྔལ་བསལ་བར་འབད་དགོས་པར་གསུངས།

རང་ཉིད་བདག་ཏུ་འཛིན་པའི་བདག་འཛིན་འཇིགས་པ་མཐའ་དག་གི་རྒྱུ་ཡིན་པར་སྤྱོད་འཇུག་ཊཱིཀྐ་ལས[14]“བདག་གཅེས་འཛིན་འབད་པས་སྡང་བར་བྱ་བ་ལ་གཉིས། བདག་གཅེས་འཛིན་འཇིག་པ་མཐའ་དག་གི་རྒྱུ་ཡིན་པ་དང་། ཉེས་སྤྱོད་མཐའ་དག་ལ་སྦྱོར་བྱེད་ཡིན་པར་བསམ་པའོ། །ཞེས་པའི་དང་པོ་དེ་སྟོན་པ་ལ། སྤྱོད་འཇུག་ལས། བདག་ལུས་གང་ལ་ཆགས་པ་ཡིས། །འཇིགས་གནས་ཆུང་ལ་འཇིགས་སྐྱེ་བ། །འཇིགས་པ་སྐྱེ་བའི་ལུས་དེ་ལ། །སུ་ཞིག་དགྲ་བཞིན་སྡང་མི་བྱེད། །”ཅེས་བདག་གཞན་མཉམ་བརྗེ་མི་ནུས་པའི་བདག་གི་ལུས་སོགས་ལ་ཆགས་ཞེན་གྱིས་དབང་གིས་འཇིགས་གནས་ཆུང་ངུ་སྦྲུལ་དང་གཅན་གཟན་སོགས་ལ་འཇིགས་པ་ཆེན་པོར་སྐྱེ་བའི་བདག་ལུས་ལ། བྱང་སེམས་དང་མཁས་པ་སུ་ཞིག་གིས་དགྲ་བཞིན་དུ་ཅིའི་ཕྱིར་སྡང་བར་མི་བྱེད་པར་གཅེས་སུ་འཛིན་འོས། ཞེས་སོགས་གསུངས།

མདོར་བསྡུས་ན་ཐེག་ཆེན་གྱི་དྲན་པ་ཉེར་བཞག་ཅེས་པ་ལུས་ཚོར་སེམས་ཆོས་གང་རུང་ལ་དམིགས་ནས་དེའི་སྟེང་དུ་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བས་བརྩིས་ཟིན་པ་བྱས་ཏེ་བདེན་བཞིའི་རྣམ་གཞག་དང་ཕྱག་རྒྱ་བཞིའི་རྣམ་གཞག་ཉམས་སུ་ལེན་པ་ཞིག་ཏུ་གསུངས་ལ་དེ་ཡང་དབུས་མཐའ་ལས།[15] “གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱས་བས། །དྲན་པ་ཉེ་བར་བཞག་པ་བསྒོམ། །”ཞེས་གསུངས་པས་ཐེག་ཆེན་གྱི་གང་ཟག་ལམ་ཉམས་ལེན་གྱི་རིམ་པ་མཐུན་པར་གསུངས་ལ་ལས་དང་པོ་བ་ཞིག་སྒོམ་ཉམས་ལེན་གྱི་རིམ་པར་འདི་ལྟར་འཇུག་ན་ཕན་པ་རྒྱ་ཆེན་པོ་མེད་པར་སྣང་།

གཉིས་པ་ཐེག་དམན་གྱི་གཞུང་ལས་དྲན་པ་ཉེར་བཞག་སྒོམ་ཚུལ།

ཐེག་ཆེན་དང་ཐེག་དམན་གང་ལའང་ཁྱད་གཞི་ལུས་སོགས་ལ་དམིགས་ནས་ཁྱད་ཆོས་བདེན་བཞིའི་རྣམ་གཞག་སྒོམ་པར་བྱེད་པ་མཚུངས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་ཟིན་མ་ཟིན་ལ་ཁྱད་པར་ཡོད་ཀྱང་། དྲན་པ་ཉེར་བཞག་བསྒོམ་པ་ལ་ངེས་པར་ཐེག་ཆེན་དང་འདྲ་བར་ལམ་དུ་ཞུགས་དགོས་མིན་གཞུང་ལས་གསལ་བར་མ་མཐོང་ཡང་ཐེག་དམན་གྱི་དྲན་པ་ཉེར་བཞག་གི་ངོ་བའི་འཆད་པའི་སྐབས་ཉན་ཐོས་ས་ལས།[16] “དེ་ལ་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བའི་དོན་གང་ཞེ་ན། སྨྲས་པ། གང་ལ་དྲན་པ་ཉེ་བར་འཇོག་པར་བྱེད་པ་དང་། གང་གིས་དྲན་པ་ཉེ་བར་འཇོག་པར་བྱེད་པ་དེ་ནི་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ། །དེ་ལ་གང་ལ་དྲན་པ་ཉེ་བར་འཇོག་པར་བྱེད་ཅེ་ན། དེ་ནི་དམིགས་པ་ལ་དྲན་པ་ཉེ་བར་འཇོག་པ་ཡིན་ནོ། །གང་གིས་དྲན་པ་ཉེ་བར་འཇོག་པར་བྱེད་ཅེ་ན། དེ་ལ་ཤེས་རབ་དང་ཏིང་ངེ་འཛིན་ཡང་དག་པར་སྡུད་པར་བྱེད་པའི་དྲན་པ་གང་ཡིན་པ་སྟེ། དེ་ནི་ངོ་བོ་ཉིད་ཀྱི་དྲན་པ་ཉེ་བར་བཞག་པ་ཡིན་ནོ། །དེ་ལས་གཞན་པ་དེ་དང་མཚུངས་པར་ལྡན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ནི་མཚུངས་པར་ལྡན་པས་དྲན་པ་ཉེ་བར་བཞག་པ་ཡིན་ནོ། །”ཞེས་ཤེས་རབ་དང་ཏིང་ངེ་འཛིན་ཡང་དག་པར་སྡུད་པར་བྱེད་པའི་དྲན་པ་ཞིག་ལ་ངོས་བཟུང་བས་ལམ་དུ་ཞུགས་མི་དགོས་པ་ལྟ་བུར་སྣང་།

ཉན་སའི་ནང་དུ་དྲན་པ་ཉེར་བཞག་གི་སྒོམ་གྱི་རྣམ་གཞག་སོགས་ལས་དབུགས་འབྱིན་རྔུབ་དང་ཤེས་བཞིན་དུ་སྤྱོད་པ་སོགས་མང་དུ་སྣང་ལ། དེ་ཉིད་རྐྱང་པ་འབར་མ་ནས་མཆེད་དེ་དེང་སང་ནུབ་ཕྱོགས་སུ་ཆེས་ཆེར་དར་ཞིང་ལས་འབྲས་དང་འཁོར་བའི་ཉེས་དམིགས་སོགས་གང་ཡང་མི་བསམ་པར་སེམས་པ་ལྷོད་དུ་བབས་པ་ཁོ་ནའི་ཕྱིར་དུ་ཆེས་བྲིན་གྱིན་ཡོད།

དབུགས་འབྱིན་རྔུབ་དང་ཤེས་བཞིན་དུ་སྤྱོད་པ་སོགས་ཀྱི་རྣམ་གཞག་མདོར་བསྡུས་ཤིག་འགོད་ན། དེ་ཉིད་ལས།[17] “ཤེས་བཞིན་དུ་སྤྱོད་པ་ཉིད་གང་ཞེ་ན། འདི་ལྟར་འདི་ན་ལ་འགྲོ་བ་དང་ལྡོག་པ་ལ་ཤེས་བཞིན་དུ་སྤྱོད་པ་དང་། ཅུང་ཟད་བལྟས་པ་དང་། རྣམ་པར་བལྟས་པ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་འཆང་བ་དང་། ཟོས་པ་དང་འཐུངས་པ་དང་། འཆོས་པ་དང་མྱངས་པ་དང་། སོང་བ་དང་སྡོད་པ་དང་། འདུག་པ་དང་། ཉལ་བ་དང་མི་ཉལ་བ་དང་། སྨྲ་བ་དང་མི་སྨྲ་བ་དང་གཉིད་ཀྱི་སྙོམ་པ་བསད་པ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ནོ། །”ཞེས་ལུས་ངག་གི་བྱ་སྤྱོད་གང་ཡིན་ནའང་ཤེས་བཞིན་དུ་དྲན་ཤེས་ཀྱིས་ཟིན་པར་བྱས་ཏེ་བསྒོམ་པར་བྱ་བ་ཞིག་ལ་འཇོག་ཅིང་། འདི་ནི་ཐེག་དམན་གྱི་དགེ་འདུན་པ་དག་གིས་གཙོ་ཆེར་ཉམས་བཞེས་མཛད་ཀྱིན་ཡོད།

ད་དུང་གང་ནས་འོང་བ་དང་། གང་ནས་འདུག་པ། གང་ལ་འགྲོ་བ་སོགས་ལ་དམིགས་པ་གཏོད་པའང་ཡོད་དེ། ཉན་ས་ལས།[18] “ཤེས་བཞིན་དུ་སྤྱོད་པའི་གོ་རིམ་ནི་གང་། གཞི་རྣམ་པར་དབྱེ་བ་གང་ཞེ་ན། འདི་ལྟར་ལ་གྲོང་ངམ། གྲོང་རྡལ་གང་ཡང་རུང་བ་དག་ལ་རྟོན་ཏོ། སྤྱོད་པར་བྱེད་པ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་བསོད་སྙོམས་ཀྱི་ཕྱིར་གྲོང་ངམ་གྲོང་རྡལ་འདིར་འགྲོ་བར་བྱ་ཞིང་བསོད་སྙོམས་བརྒྱུས་ནས་ཀྱང་ཕྱིར་གཙུག་ལག་ཁང་དུ་ལྡོག་པར་བྱ་སྟེ། གྲོང་ངམ་གྲོང་རྡལ་འདི་ན་གང་དག་ཏུ་བདག་འགྲེ་བར་བྱ་བ་མ་ཡིན་པའི་ཁྱིམ་དག་ཀྱང་ཡོད་དེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། བཤན་པའི་གནས་དང་། སྨད་འཚོང་མའི་གནས་དང་། ཆང་འཚོང་མའི་གནས་དང་། རྒྱལ་པོའི་ཕོ་བྲང་དང་། གདོལ་བའི་ཁྱིམ་དང་། གཞན་ཡང་ཞེས་འགྲེས་པར་འགྱུར་བ་དང་། ཕྱིར་བཟློག་ཏུ་རུང་བའི་ཁྱིམ་དག་གོ །”ཞེས་འགྲོ་འདུག་གི་སྤྱོད་ལམ་ཚུན་ཆད་ཀྱང་དྲན་ཤེས་ཀྱིས་ཟིན་དགོས་པར་རྒྱས་པར་གསུངས་ཀྱང་ད་ལྟའི་དུས་སུ་ཡང་མི་ལོ་ཆིག་སྟོང་གོང་གི་དཔེ་ཆ་ལས་ད་ལྟ་དངོས་ཐོག་བདེན་འཚོལ་དུ་མངོན་སུམ་དུ་མཐོང་བ་ཡོད་པ་ཡང་ངོ་མཚར་བ་ཞིག་རེད་ཨང་།

དབུགས་འབྱིན་རྔུབ་སྐོར་ནས་དབུགས་འབྱིན་རྔུབ་བགྲང་བ་དང་བདེན་པ་ལ་དམིགས་པ་སོགས་རྣམ་པ་དུ་མ་ཡོད་དེ་དེ་ཡང་ཉན་ས་ལས།[19] “དབུགས་འབྱུང་བ་འདི་ལ་ཡོངས་སུ་སྦྱངས་པ་རྣམ་པ་ལྔ་ཡོད་པ་རིག་པར་བྱ་སྟེ། བགྲངས་པས་ཡོངས་སུ་འཇུག་པ་དང་། ཕུང་བོ་འཇུག་པས་ཡོངས་སུ་སྦྱང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པས་ཡོངས་སུ་སྦྱང་བ་དང་། བདེན་པ་ལ་འཇུག་པས་ཡོངས་སུ་སྦྱང་བ་དང་། རྣམ་པ་བཅུ་དྲུག་གིས་ཡོངས་སུ་སྦྱངས་བའོ། །”ཞེས་རྣམ་གྲངས་མང་དུ་གསུངས་ཀྱང་རེ་རེ་ལ་ཡང་ཞིབ་ཚགས་ཀྱི་ཉམས་ལེན་རྒྱས་པར་ཐེག་དམན་གྱི་གཞུང་ལས་རྒྱས་པར་བཤད་པ་ལྟ་བུར་སྣང་།

ཇི་ལྟར་བྱས་ནས་སྒོམ་བྱ་དགོས་སམ།

ཐེག་པ་ཆེན་པོའི་གཞུང་རྣམས་སུ་གནས་དབེན་པ་བསྟེན་ནས་བསམ་གཏན་དང་སྒོམ་སྒྲུབ་བྱ་དགོས་ཚུལ་མང་དུ་གསུངས་ཏེ། དེ་ཡང་མདོ་སྡེ་རྒྱན་ལས།[20] “བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོན་ཏན་ལྡན། །”ཞེས་གསུངས་ལ། སྤྱོད་འཇུག་ལས་ཀྱང་།[21] “དེ་བས་ཤིན་ཏུ་མདངས་དགའ་བའི། །ནགས་ཚལ་ཚེགས་ཆུང་བདེ་སྐྱིད་ཅིང་། །གཡེང་བ་ཐམས་ཅད་ཞི་བྱེད་པར། །བདག་ཉིད་གཅིག་པུ་གནས་པར་བྱ། །[22]”ཞེས་དང་། “རྩོད་དང་ཉོན་མོངས་ཀྱིས་སྟོང་པ། །ཞི་བའི་ནགས་ཀྱི་ནང་དག་ཏུ། །སྐལ་ལྡན་ཟླ་འོད་ཙནྡན་གྱིས་བསིལ་བའི། །ཡངས་པའི་རྡོ་ལེབ་ཁང་བཟངས་ཉམས་དགའ་བར། །སྒྲ་མེད་ཞི་བའི་ནགས་རླུང་གཡོ་བ་ཡིས། །གཞན་ལ་ཕན་དོན་སེམས་ཤིང་འཆག་པར་བྱེད། །”ཅེས་ཐོག་མར་གནས་དབེན་པ་བསྟེན་ནས་འབད་དགོས་པར་གསུངས་ཀྱང་ཐེག་ཆེན་གྱི་གཞུང་རྣམས་ལས་དྲན་པ་ཉེར་བཞག་སྒོམ་ཚུལ་ལོགས་སུ་མ་གསུངས་ཀྱང་ཞི་གནས་སྒྲུབ་ཚུལ་རྒྱས་པར་གསུངས་ཏེ། སྒྲུབ་ཚུལ་ཡང་མི་འདྲ་བ་གཉིས་སུ་ཡོད་དེ། རྗེ་བཙུན་བྱམས་པའི་དབུས་མཐའ་དང་མདོ་སྡེ་རྒྱན་ལས་གསུང་ཚུལ་མི་འདྲ་བ་གཉིས་སུ་ཡོད་དེ། དབུས་མཐའ་ལས་ཉེས་པ་ལྔ་སྤོང་བའི་ཕྱིར་དུ་འདུ་བྱེད་དམ་དེ་དག་གི་གཉེན་པོ་བརྒྱད་བསྟེན་ནས་སྒྲུབ་ཚུལ་དང་། མདོ་སྡེ་རྒྱན་ལས་ནང་ཉིད་དུ་འཇོག་པ་རྒྱུན་དུ་འཇོག་པ་ལ་སོགས་པའི་སེམས་གནས་དགུ་ལ་བསྟེན་ནས་ཞི་གནས་སྒྲུབ་ཚུལ་མི་འདྲ་བ་གཉིས་སུ་ཡོད།

འདི་དག་ནི་གནས་དབེན་པ་བསྟེན་ནས་སྒྲུབ་པ་དང་སེམས་ཀྱི་རྣམ་རྟོག་ཐམས་ཅད་བཀག་ནས་ཤིན་སྦྱངས་ཀྱིས་ཟིན་པར་འབད་དགོས་པས། ལས་དང་པོ་བ་ལ་དཀའ་ངལ་ཡོད་ཅིང་། ལས་དང་པོ་བས་འཚོ་བའི་ནང་དུ་ཡང་སྒོམ་ཉམས་ལེན་འདི་བྱ་མི་ནུས་པས་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱ།

ང་ཚོ་ཕལ་བའི་མི་དག་གིས་ཇི་ལྟར་བྱས་ནས་དྲན་པ་ཉེར་བཞག་གི་སྒོམ་བྱ་དགོས་སམ།

ང་ཚོ་རྒྱུན་པར་འཚོ་བའི་ནང་དུ་སུན་སྣང་དང་། སྐྱོ་སྡུག ཁོང་ཁྲོ། འདོད་སྲེད། འགྱོད་པ་སོགས་དཀའ་ངལ་མང་པོ་ལ་འཕྲད་ཀྱི་ཡོད་དེ། དེ་དག་རང་བྱུང་དང་རང་བྱུང་མ་ཡིན་པ་སོགས་ཀྱིས་རྐྱེན་བྱས་ཏེ་རང་སེམས་མི་སྐྱིད་པར་བཟོ་བཞིན་ཡོད། སྐབས་དེ་དུས་སུ་ང་ཚོར་སེམས་གསོ་གཏོང་མཁན་དང་སེམས་པ་བདེ་རུ་ཁྲིད་ཐུབ་མཁན་ནི་རང་གི་སེམས་ལས་གཞན་གང་ཡང་མེད་པ་ཡིན།

སྟོན་པ་སངས་རྒྱས་ཀྱིས་འདི་ལྟར་གསུངས་མྱོང་། ང་ཚོའི་ལག་མཐིལ་དུ་མེ་ལྷུང་བ་ན་མགྱོགས་མྱུར་གྱིས་གཞན་གྱི་སྟེང་ལ་འཕེན་འདོད་ཀྱང་། གཞན་གྱི་སྟེང་ལ་མ་ལྷུང་བའི་སྐབས་སུ་རང་གི་ལག་པ་འཚིག་འགྲོ། དེ་བཞིན་མི་གཞན་ཞིག་གི་སྟེང་དུ་འཁོན་འཛིན་དང་ཁྲོ་བ། སྡང་སེམས་ཆེས་ཆེར་ལང་བའི་སྐབས་དེར་རང་གི་ང་རྒྱལ་དེ་དག་ཕ་རོལ་བོའི་སྟེང་དུ་འཕེན་རྩིས་བྱེད་ཀྱང་ཕ་རོལ་བོའི་སྟེང་དུ་མ་ལྷུང་བའི་སྔོན་དེར་རང་སེམས་ང་རྒྱལ་དེ་དག་གིས་བཅོམ་འགྲོ་བ་རེད་གསུངས། དེ་བཞིན་ང་ཚོའི་ཁོང་ཁྲོ་དང་ང་རྒྱལ། ཧམ་སེམས་སོགས་ཚང་མ་རང་གི་སེམས་ཀྱི་ཆ་ཤས་རེ་རེ་ཡིན་ལ། བྱམས་སེམས་དང་སྙིང་རྗེ་སོགས་ཀྱང་མི་རེའི་ནང་སེམས་ཀྱི་ཤེས་པའི་ཆ་ཤས་རེ་རེ་ཡིན།

མི་རེའི་སེམས་ནི་ཤེས་པ་སྣ་ཚོགས་ཀྱི་ལྡུམ་ར་ལྟ་བུ་ཞིག་ཡིན་ལ། དེའི་ནང་དུ་མེ་ཏོག་ཡིད་དུ་འོང་བ་དང་། ལྡུམ་བུ་སོགས་སྣ་ཚོགས་སྐྱེས་ཡོད། མི་ཁ་ཤས་ཀྱི་སེམས་ནང་དུ་མེ་ཏོག་གི་རིགས་ལྟ་བུའི་ཤེས་པ་ཡིད་དུ་འོང་བ་དུ་མ་སྐྱེས་ཡོད། ཁ་ཤས་ཀྱི་སེམས་ནང་ལྡུམ་བུའི་རིགས་ལྟ་བུའི་མཐོང་འདོད་མེད་པ་ལྟ་བུའི་ཤེས་པ་དུ་མས་ཁེངས་ཡོད། ང་ཚོས་ཤེས་པ་ཐམས་ཅད་ལ་བདག་བྱེད་ཚུལ་ཤེས་དགོས།

ཁོང་ཁྲོ་ཆེན་པོ་ལངས་པའི་སྐབས་མེ་ལོང་ངོས་སུ་འཆར་བའི་ཁྱོད་ཀྱི་གདོང་བ་ནི་གཞན་གྱིས་ལྟ་ཅི། རང་གིས་ཀྱང་མཐོང་མི་འདོད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། ང་ཚོར་མཐོང་ཆུང་ཁྱད་གསོད་ཀྱི་ཚིག་ངན་པ་ཙམ་ཞིག་གིས་བཞིན་གྱི་གདོང་བ་འགྱུར་བཞིན་ཡོད། འདི་ནི་ལུས་སེམས་གཉིས་ཀ་འབྲེལ་བ་ངེས་ཅན་ཞིག་ཡོད་པས་ཡིན། དེ་བས་ཁོང་ཁྲོ་སྐྱེ་བཞིན་པ་ཁྱོད་ཀྱིས་ཧ་གོ་ན་ཅི་ཡང་མ་སྨྲས་པ་ལྟར་བཏང་སྙོམས་སུ་འཇོག་ཐུབ།

སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་ཞིག་ཏུ་འདི་ལྟར་གསུངས་པ་ཐོས་ཏེ། སྔོན་བདག་ཅག་གི་སྟོན་པ་དགེ་འདུན་པའི་འཁོར་དང་བཅས་ཡུལ་ཞིག་ཏུ་བསོད་སྙོམས་སུ་བྱོན་པའི་ཚེ་ན། བྲམ་ཟེ་ཞིག་གིས་ཤཱཀྱ་ཐུབ་པ་ནི་ནང་སེམས་ཀྱི་ཆགས་སྡང་འཁོན་འཛིན་ཐམས་ཅད་བཅོམ་པར་ཐོས་ཀྱང་ཁོ་བོས་ཁོའི་ཞེ་སྡང་གཏིང་ནས་བསླང་བར་བྱ་ཞེས་སངས་རྒྱས་མདུན་དུ་སོང་ནས། སྨོད་ངན་དང་ཚིག་ཚོགས་ངན་པ་བཤད་ཐུབ་ཚོད་ཅིག་བཤད་ཀྱང་། སངས་རྒྱས་ཀྱིས་ཅི་ཡང་མི་གསུང་བར་འཛུམ་ཤིག་གེར་ལྷོད་ཤིག་གེར་བཞུགས། ཁོས་ཚང་མ་བཤད་ཚར་རྗེས། སངས་རྒྱས་ཀྱིས་གལ་ཏེ་ཁྱོད་ཀྱིས་མི་གཞན་ཞིག་ལ་ལེགས་སྐྱེས་གྱ་ནོམ་པའི་དངོས་རྫས་དུ་མ་སྤྲད་ཀྱང་ཁོས་གཅིག་ཀྱང་མ་བླངས་ན་ཁྱོད་ཀྱིས་ཅི་བྱའམ། ཞེས་དྲིས། ཁོས་སྨྲས་པ། དངོས་རྫས་དེ་དག་རང་གིས་ཕྱིར་ཁྱེར་འགྲོ་བ་ལས་ཐབས་ཅི་ཞེས་ཞུས། སངས་རྒྱས་ཀྱིས་གཅིག་པ་རེད། ཁྱོད་ཀྱིས་མི་གཞན་ཞིག་ལ་ངན་སྨོད་དང་ཟུར་ཟའི་གཏམ་སྣ་ཚོགས་བཤད་ཀྱང་ཁོས་དང་དུ་མ་བླངས་ན་རང་གིས་ཕྱིར་ཁྱེར་བ་ལས་ཐབས་མེད་པར་གསུངས།

དེ་བཞིན་གཞན་གྱིས་ཚིག་ངན་སོགས་ཀྱིས་རྐྱེན་བྱས་ང་ཚོའི་ནང་སེམས་ཀྱི་ཁོང་ཁྲོ་འཕེལ་བཞིན་ཡོད་ལ། གལ་ཏེ་དེ་ཉིད་དང་དུ་མ་བླངས་ན་རང་ལ་སུན་པོ་གང་ཡང་བཟོ་མི་ནུས་པར་འདུག དེ་ཡིན་ནའང་། ང་ཚོ་ལས་དང་པོ་བ་ཚོར་ཐོག་མ་ནས་ཤེས་པ་ངན་པ་དེ་དག་མཉམ་དུ་མཚར་བས་གློ་བུར་གློ་བུར་དུ་བཏང་སྙོམས་སུ་འཇོག་མི་ནུས་ནའང་། རང་ཉིད་ཁོང་ཁྲོ་ལངས་པའི་དུས་སུ་གཞན་ལ་ལན་སློག་པར་འགོག་ཐུབ་པ་བྱོས།

གནས་བརྟན་ཐིག་ནཏ་ཧཱན་གྱིས།[23] “སྐབས་དེར། ཁ་ནས་ཅིག་བཤད་པ་དང་། ལག་ནས་ཅིག་སྒྲུབ་པ་སོགས་ཅང་མ་བྱེད། ཁོང་ཁྲོའི་ངང་དུ་ཡོད་སྐབས་ཁྱོད་ཀྱིས་བཤད་པ་དང་སྒྲུབ་པ་ཅི་བྱས་ཀྱང་། དེས་ཕན་ཚུན་གྱི་འབྲེལ་ལམ་ལ་གནོད་ངེས།” ཞེས་གསུངས། འོན་ཀྱང་སྐབས་དེར་ཚིག་ངན་ཞིག་སློག་མ་ནུས་ན་གཞན་གྱི་མི་ཁ་སོགས་ཀྱིས་གཙེས་པར་དོགས་ནས་ཅི་ནུས་ཀྱང་ཚིག་ངན་ཞིག་གི་ལན་སློག་པར་འབད་ཀྱང་དེ་ནི་རྣམ་དཔྱོད་ཅན་གྱི་བྱ་བ་ཞིག་མ་ཡིན།

ཁོང་གིས་དཔེ་སྙིང་རྗེ་མོ་ཞིག་གསུངས་ཏེ།[24] “དཔེར་ན། རང་གི་ཁང་པ་མེ་ཤོར་བའི་སྐབས་བྱ་བ་གལ་ཆེན་ཞིག་ཡོད་པ་ནི་མེ་གསོད་པ་དེ་ཡིན་པ་ལས། མེ་གཏོང་མཁན་སུ་ཡིན་བཙལ་རྒྱུ་དང་དེ་ལ་གཤེ་བ་མ་ཡིན། གལ་ཏེ་མེ་གཏོང་མཁན་སུ་ཡིན་བཙལ་ནས་སོང་ན་རང་གི་རིན་ཐང་ལྡན་པའི་ཅ་དངོས་དང་། རང་གི་སྙིང་རྗེ་བའི་ཁང་ཆུང་མེ་ལ་ཤོར་འགྲོ་བས་དེ་ནི་རྣམ་དཔྱོད་ཅན་གྱི་ལས་ཀ་ཞིག་མ་ཡིན་པར་གསུངས། དེ་ལྟ་ནའང་། ང་ཚོར་ཁོང་ཁྲོ་ཆེན་པོ་སྐྱེ་བའི་སྐབས་ལེགས་ཉེས་ཀྱི་བླང་དོར་འབྱེད་པའི་ཤེས་རབ་སོགས་ཚང་མ་ཁོང་ཁྲོས་བསྒྲིབས་ཡོད་པས་སྔར་ཁོང་ཁྲོ་མ་སྐྱེས་པའི་སྔོན་དུ་དེ་འདྲ་བསམ་ནའང་། གློ་རྡེག་ཏུ་ཁོང་ཁྲོ་ཆེན་པོ་ལང་དུས་སུ་དེ་དག་ཚང་མ་བརྗེད་འགྲོ་ཀི་རེད། དེ་བས་ན་ང་ཚོས་སྔ་ས་ནས་གྲ་སྒྲིག་བྱ་དགོས་ཏེ། དེ་ནི་གང་ཞེ་ན། ང་ཚོས་རྒྱུན་པར་དྲན་ཤེས་ལྡན་པའི་སྒོ་ནས་གོམ་བགྲོད་བྱེད་པ་དང་། དབུགས་འབྱིན་རྔུབ་བགྲང་བ་སོགས་བྱ་དགོས། སྔ་མོ་ནས་རང་གིས་རང་ལ་མི་གཞན་གྱིས་ཚིག་ངན་པ་འདི་འདྲ་ཞིག་སྨྲས་ན་ངས་འདི་ལྟར་བཏང་སྙོམས་སུ་འཇོག་པར་འབད་པར་བྱ་དགོས་ཞེས་རང་གིས་རང་ལ་བསྐུལ་དགོས།

ཁོང་ཁྲོ་སྐྱེས་པའི་སྐབས་ཆེས་བཟང་བའི་ལན་ཡག་ཤོས་ནི། ང་ཚོ་དབུགས་འབྱིན་རྔུབ་ཇེ་ལྷོད་དུ་གཏོང་རྒྱུ་དེ་ཡིན། ཁོང་ཁྲོ་ཆེན་པའི་སྐྱེས་པའི་ང་ཚོའི་ཤ་ཁྲག་དང་རྩ་དབུགས་ལ་སོགས་པ་ཚང་མ་གྲིམ་དུ་སོང་ཡོད། དེའི་གནས་སྐབས་སུ་དབུགས་དལ་གྱིས་ལེན་དགོས། དེ་ལྟར་ཐེངས་གཉིས་གསུམ་ཞིག་བྱས་ནས་དབུགས་ཀྱི་རྒྱུ་བ་ལ་བསམ་དང་། ལུས་ངག་གྲིམ་ལྷོད་རན་པ་རེད་འོང་དེ་ཡི་ཚེ་མུ་མཐུད་དུ་དབུགས་འབྱིན་རྔུབ་བགྲོངས་དང་། ཁོང་ཁྲོ་དེ་རང་འཇགས་སུ་གནས་འགྲོ། སྔར་དྲན་ཤེས་ལྡན་པའི་སྒོ་ནས་གོམ་བགྲོད་དང་། དབུགས་འབྱིན་རྔུབ་སོགས་བགྲངས་ནས་སེམས་ཞི་བར་གནས་པ་ལ་འབད་མེད་ན། དེའི་སྐབས་སུ་གློ་བུར་དུ་དྲན་ཤེས་ལྡན་པའི་གོམ་བགྲོད་བརྩི་བ་དང་། དྲན་ཤེས་ལྡན་པའི་དབུགས་འབྱིན་རྔུབ་ཀྱིས་ཕན་པ་ཆེར་མི་ཐོགས། དྲན་ཤེས་ལྡན་པའི་མི་ཁ་ཤས་ཀྱིས་རྒྱུན་པར་ལག་པ་གཅིག་གི་ནང་དུ་རྡེའུ་ཧྲུག་གཉིས་འཕུར་འཕུར་གཏོང་གིན་ཡོད། འདི་དག་ནི་སེམས་པ་གཅིག་ཏུ་གནས་པའི་ཕྱིར་ཡིན། དེ་བཞིན་དུ་སངས་རྒྱས་ཀྱིས་དགེ་འདུན་པ་རྣམས་ལ་ཐོག་མར་ཤམ་ཐབས་དང་ཆོས་གོས་གསོལ་བ་འདིས་རང་ཉིད་ལ་བསྲུང་བྱ་མང་པོ་ཞིག་ཡོད་པ་མི་བརྗེད་པའི་ཕྱིར་ཡིན་གསུངས། ང་ཚོས་ཀྱང་རྒྱུན་པར་དྲན་ཤེས་བསྟེན་ཐུབ་པའི་བྱ་དངོས་རེ་རེ་ལུས་ལ་འབྲལ་མེད་བྱས་ཏེ་སྒོམ་སྒྲུབ་བྱས་ན་ཕན་པ་རྒྱ་ཆེར་དུ་སྣང་།

མདོར་ན་ང་ཚོས་རང་གི་ཁོང་ཁྲོ་དང་སུན་སྣང་སོགས་ལ་སྦྱོང་བརྡར་བྱ་དགོས། དེ་དག་སྐྱེས་པའི་ཚེ་ད་དུང་དེའི་ཕྱོགས་སུ་སེམས་མི་འཁོར་བར་སེམས་ནང་དུ་བསྡུ་བར་འབད་དགོས། གོང་དུ་བཤད་པའི་ཐབས་ཤེས་དེ་དག་ལ་བརྟེན་ན་རང་གི་ཁོང་ཁྲོ་སོགས་ལ་བདག་བྱེད་ཐུབ་པར་གསུངས། ནུབ་ཕྱོགས་པ་ཚོས་ཐོག་མར་སྒོམ་སྒྲུབ་བྱེད་པའི་སྐབས་རྒུན་འབྲུམ་རེ་ཁ་ནང་དུ་བཅུག་ནས་དེའི་བྲོ་བ་ལ་སེམས་གཏོད་ཀྱིན་ཡོད་པར་ཡང་ཐོས། དེ་ལྟར་སེམས་གནས་པའི་ཐབས་སོགས་ཀྱིས་སྐྱེ་བོ་ཀུན་ལའང་ཕན་ཏེ། ནུབ་ཕྱོགས་པ་ཚོས་སྨན་པ་དང་། བཙོན་པ། ཉེན་རྟོག་པ། སྦྲུམ་མ། སློབ་མ། དགེ་རྒན་སོགས་ཀྱིས་འདིའི་ཉམས་ལེན་ལ་གཞོལ་གྱིན་ཡོད་ལ་ཕན་པ་ཡང་རྒྱ་ཆེར་འབྱུང་གིན་ཡོད། གང་ལྟར་བྱ་བའི་གནོན་ཤུགས་འོག་ཏུ་ཉམས་ལེན་དེ་དག་གནང་ན་རྙོག་འཛིང་མང་པོ་ཞིག་ལ་གདོང་ལེན་བྱ་ནུས་སོ། །

མཇུག་བསྡུ་བའི་གཏམ།

རང་ལ་ཉམས་ལེན་ཕྲན་ཙམ་ཡང་མེད་མཁན་ཞིག་གིས་ནང་པའི་ལྟ་གྲུབ་ཀྱི་ཚད་མཐོན་པོའི་སྒོམ་ཉམས་ལེན་བཤད་ན་སྟོང་གཏམ་དང་། འཕྱ་སྨོད་ཀྱི་གནས་སུ་འགྱུར་མོད། ཁོ་བོ་འདིའི་ཕྱོགས་ལ་སྤྲོ་སེམས་དང་། མོས་པ་ཡོད་མཁན་ཞིག་ཏུ་གྱུར་ཟིན་ལ། དེའི་བཀའ་དྲིན་ཡང་། སྤྱི་ལོ༢༠༡༩ལོའི་ནང་དུ་སྒོ་ཤེས་རབ་རྒྱ་མཚོ་ལགས་རང་དགོན་རྫ་དབོན་པོ་དགོན་དུ་ཕེབས་ནས་དབུ་མ་འཇུག་པ་འཆད་ཁྲིད་གནང་བའི་སྐབས་དྲན་པ་ཉེར་བཞག་སྐོར་ནས་མདོར་བསྡུས་ཤིག་གསུངས་པའི་ཞར་ལ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ནུབ་ཕྱོགས་སུ་ཆོས་ཁྲིད་གནང་བར་ཕེབས་པའི་མཁན་པོ་དང་དགེ་བཤེས་དུ་མ་ཞིག་ལ་དྲན་པ་ཉེར་བཞག་སྐོར་ནས་བཀའ་ཆོས་གསུངས་ཡོད་པར་ཐོས་པས། དེ་སྒྲ་ཚན་དག་ཐེངས་ཁ་ཤས་ལ་མཉན་པ་ཡིན། ན་ནིང་སྟེ་སྤྱི་ལོ༢༠༢༡ལོར་དགུན་གནང་སྐབས་དྲན་པ་ཉེར་བཞག་གི་སྒོམ་གྱི་སྐོར་ནས་དཔེ་ཀློག་རེ་བསམས་ནས་འདུག་སྐབས་གནས་བརྟན་ཐིག་ནཏ་ཧཱན་གྱིས་བརྩམས་པའི«ཁྲོ་བའི་མེ་དཔུང་འཇོམས་པའི་ཤེས་རབ»ཅེས་པའི་དྲན་པ་ཉེར་བཞག་གཙིགས་སུ་བཟུང་བའི་དཔེ་དེབ་ཅིག་བོད་ཡིག་ཏུ་འགྱུར་བ་བླུས་ནས་ལྟ་ཀློག་ལ་འབད་ཀྱང་། མཇུག་བསྐྱང་མ་ནུས་པར་ལུས་སོང་། ད་ལོའི་དགུན་གནང་སྐབས་ཅི་ནུས་ཀྱང་དེའི་སྐོར་ནས་དཔེ་ཀློག་རེ་དང་ཟིན་བྲིས་རེ་འབྲི་བསམ་ནས«སྤྱོད་འཇུག»དང་། «ཉན་ས།» «ཁྲོ་བའི་མེ་དཔུང་འཇོམས་པའི་ཤེས་རབ།» «དགའ་བའི་འཚོ་བ»སོགས་ཁ་ཚང་བ་ཞིག་ལྟ་ཀློག་བྱེད་ནུས་པས་རང་གིས་ཤེས་ཚོད་ནུས་ཚོད་ཀྱིས་ཁུངས་གང་ཡོད་བཙལ་ནས་བདེན་པ་དངོས་བཤད་པར་འབད་པ་བྱས་པ་ཡིན། ནོར་བ་དང་སྐྱོན་སོགས་མཆིས་སྲིད་པས་དགོངས་འཆར་རེ་ཡོད་ན་གནང་བར་ཞུ་ཞེས་མཇུག་བསྡུས་པའོ། །

འབྲེལ་ཡོད་དཔེ་ཆའི་མཚན་བྱང་།

[1] 《དྲང་ངེས་ལེགས་བཤད་སྙིང་པོ།》 ཐེ་བུན་ནས་པར། ཤོག་གྲངས། ༢༣༢

[2] 《སྤྱོད་འཇུག་ཊཱིཀྐ།》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྐྲུན། ཤོག་གྲངས། ༡༥༧

[3] 《རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས།》 དཔེ་ཐུང་། ཤོག་གྲངས། ༡༡༦ རྒྱབ་གཟུགས།

[4] 《སྤྱོད་འཇུག་ཊཱིཀྐ།》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྐྲུན། ཤོག་གྲངས། ༡༦༤

[5] 《སྤྱོད་འཇུག་ཊཱིཀྐ།》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྐྲུན། ཤོག་གྲངས། ༡༦༨

[6] 《རྣམ་ཐར་དད་པའི་འཇུག་ངོགས།》 མཁས་གྲུབ་རྗེའི་གསུང་འབུམ། རྔ་ཡུལ་ཀིརྟི་དགོན་པའི་དཔེ་ཁང་། ཤོག་གྲངས། ༤༦

[7] 《དགའ་བའི་འཚོ་བ།》 དཔེ་སྐྲུན་ཁང་དང་དཔེ་རྟགས་མེད། ཤོག་གྲངས། ༢༤

[8] 《རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ》ཕར་ཕྱིན་སྐབས་བཞི་བ། ཤོག་གྲངས། ༢༩༩

[9] 《རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ》ཕར་ཕྱིན་སྐབས་བཞི་བ། ཤོག་གྲངས། ༢༩༧

[10] 《སྤྱོད་འཇུག་ཊཱིཀྐ།》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྐྲུན། ཤོག་གྲངས། ༣༩༦

[11] 《སྤྱོད་འཇུག་ཊཱིཀྐ།》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྐྲུན། ཤོག་གྲངས། ༤༡༤

[12] 《སྤྱོད་འཇུག་ཊཱིཀྐ།》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྐྲུན། ཤོག་གྲངས། ༤༡༨

[13] 《སྤྱོད་འཇུག་ཊཱིཀྐ།》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྐྲུན། ཤོག་གྲངས། ༤༣༩

[14] 《སྤྱོད་འཇུག་ཊཱིཀྐ།》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྐྲུན། ཤོག་གྲངས། ༤༥༢

[15] 《དབུས་མཐའ་རྣམ་འབྱེད།》 དཔེ་ཐུང་། རྒྱབ་གཟུགས། ཤོག་གྲངས། ༡༡

[16] 《རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས།》 དཔེ་ཐུང་། ཤོག་གྲངས། ༡༥༦ རྒྱབ་གཟུགས།

[17] 《རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས།》 དཔེ་ཐུང་། ཤོག་གྲངས། ༥༧

[18] 《རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས།》 དཔེ་ཐུང་། ཤོག་གྲངས། ༦༢

[19] 《རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས།》 དཔེ་ཐུང་། ཤོག་གྲངས། ༡༡༤ ༡༡༥

[20] 《ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་རྩ་འགྲེལ།》 དབྱིག་འགྲེལ། འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གིས་བསྐྲུན། ཤོག་གྲངས། ༢༦

[21] 《སྤྱོད་འཇུག་ཊཱིཀྐ།》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྐྲུན། ཤོག་གྲངས། ༣༩༩

[22] 《སྤྱོད་འཇུག་ཊཱིཀྐ།》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྐྲུན། ཤོག་གྲངས། ༤༠༠

[23] 《ཁྲོ་བའི་མེ་དཔུང་འཇོམས་པའི་ཤེས་རབ།》 ཀྲུང་གོའི་ཤེས་རིག་དཔེ་བསྐྲུན་ཁང་། ཤོག་གྲངས། ༤༦

[24] 《ཁྲོ་བའི་མེ་དཔུང་འཇོམས་པའི་ཤེས་རབ།》 ཀྲུང་གོའི་ཤེས་རིག་དཔེ་བསྐྲུན་ཁང་། ཤོག་གྲངས། ༤༧

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།