སྙན་ངག་སྤྲིན་གྱི་ཕོ་ཉའི་འགྱུར་ལ་དཔྱད་པ།[1]
བརྡ་ཆད་གཙོ་བོ། སྙན་ངག སྤྲིན་གྱི་ཕོ་ཉ། འགྱུར་དཔྱད། གནའ་རྩོམ།
བརྗོད་བྱ་སྙིང་བསྡུས། དཔྱད་རྩོམ་འདིའི་ནང་གཙོ་བོར་སྤྲིན་གྱི་ཕོ་ཉ་བོད་གངས་ཅན་པའི་སྐད་དུ་སྒྱུར་མཁན་གྱི་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་དང་། སྒྲ་བ་ནམ་མཁའ་བཟང་བོ་གཉིས་ཀྱི་ལོ་རྒྱུས་སྔོན་འགྲོའི་ཚུལ་དུ་བརྗོད་དེ། ཁོང་གཉིས་དང་རྒྱ་གར་གྱི་པཎྜི་ཏ་སུ་མན་ཤྲཱི་བཅས་ཀྱིས་བསྒྱུར་བའི་བོད་འགྱུར་དེ་ཉིད་དང་བོད་འགྱུར་གྱི་གཞི་འཇོག་སའི་རྒྱ་དཔེ་གང་ཡིན་གསལ་བར་མ་ངེས་ཀྱང་། ད་སྔ་ལག་སོན་བྱུང་བའི་རྒྱ་དཔེ་དག་ལས་དཔྱད་གཞིར་འོས་པ་གསུམ་བདམས་ཏེ་དེ་དག་དང་དཔྱད་བསྡུར་བྱས་ཡོད། དེ་ཡང་སྐབས་སུ་བབ་པ་ནི་ལོ་ཆེན་བྱུང་ཆུབ་རྩེ་མོ་དང་སྒྲ་བ་ནམ་མཁའ་བཟང་བོ་གཉིས་ཀྱི་བོད་འགྱུར་ལ་དཔྱད་པ་བྱེད་རྒྱུ་དེ་ཡིན་པས། ད་སྔ་བར་དུ་སྤྲིན་གྱི་ཕོ་ཉར་ཞིབ་འཇུག་དང་སློབ་སྦྱོང་བྱས་པའི་ཁྲོད། འགྱུར་གྱི་གནད་དོན་བྱུང་རིགས་ཆེ་ཁག་ཟིན་ཐོར་བཀོད་པ་དག་ལས་གནད་ཆེ་བ་འགའ་དཔེ་མཚོན་དུ་བཀོད་དེ་བཤད་པར་འདོད་དོ། ། དེ་ལ་སྤྱིའི་ས་བཅད་ལྟ་བུར། ཐོག་མར་སྤྲིན་གྱི་ཕོ་ཉའི་ལོ་ཙཱ་བའི་སྐོར་བཤད་པ་དང་། དེ་ནས་བརྗོད་པར་བྱ་བ་དངོས་སྤྲིན་གྱི་ཕོ་ཉའི་ལོ་ཙཱའི་ལེགས་ཉེས་སྐོར་བཤད་པ་གཉིས་སུ་ཕྱེ་སྟེ་བཤད་ཡོད། །
སྤྱིར་བཤད་པ།
དེ་ཡང་སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི་སྙན་ངག་གི་བརྩམས་ཆོས་གྲགས་ཅན་སྤྲིན་གྱི་ཕོ་ཉ་ཞེས་བྱ་བ་འདི་ནི། བོད་སྐད་དུ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་དབོན་པོར་གྱུར་བ་ལོ་ཙཱ་བ་ཆེན་པོ་བྱང་ཆུབ་རྩེ་མོ་དང་ནམ་མཁའ་བཟང་བོ་གཉིས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ། རྒྱ་གར་གྱི་པཎ་ཆེན་སུ་མ་ན་ཤྲཱི་དང་ལྷན་དུ་བྱང་གི་བདག་པོ་ནམ་མཁའ་བརྟན་པའི་བཀའ་ལུང་བཞིན་བོད་ཀྱི་སྐད་དུ་བསྒྱུརད་ཅིང་། སྙན་ངག་སྤྲིན་གྱི་ཕོ་ཉ་འདི་ད་བར་གྱི་ལེགས་སྦྱར་ལས་སྐད་ཡིག་གཞན་དུ་བསྒྱུར་བ་ཐོག་མ་ལྟ་བུར་མངོན། འགྱུར་གྱི་ཐད་ནས་བཤད་ན། ཐད་སྒྱུར་ཤུགས་ཆེ་བས་བོད་སྐད་ལ་གཞན་གྱི་དྲིང་མི་འཇོག་པ་ཕལ་མོ་ཆེའི་དགོངས་པ་ལྟར་ན། འགྱུར་ལེགས་པོ་རང་དུ་བརྩི་བ་མ་ཡིན་ལ། དེ་ལྟ་བུའི་དགོངས་ཚུལ་འབྱུང་དོན་ཡང་འོག་ཏུ་འབྱུང་བ་ལྟར་གཙོ་བོ་འགྱུར་དེ་བོད་སྐད་དུ་བྱུང་བ་ནས་དེང་གི་བར་འགྱུར་བཅོས་སོགས་ཀྱི་ཞབས་ཏོག་མེད་པས་ལན་པར་བདག་འདོད་དོ། ། དེ་ལྟ་ནའང་། སྐད་ཡིག་གཞན་གྱི་འགྱུར་དང་བསྡུར་ནས་བཤད་ན་སྤྲིན་གྱི་ཕོ་ཉའི་བོད་འགྱུར་ནི་འགྱུར་རྩེ་གྲས་ཡིན་པར་དཔྱོད་ལྡན་དག་འདོད་པ་ལྟར་བདག་ཀྱང་ངོ་། །
གཅིག སྤྲིན་གྱི་ཕོ་ཉའི་ལོ་ཙཱ་བའི་སྐོར་བཤད་པ།
༡ ལོ་ཆེན་བྱང་ཆུབ་རྩེ་མོ། (༡༣༡༥-༡༣༧༩)
ལོ་ཆེན་བྱང་ཆུབ་རྩེ་མོ་ནི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ (༡༢༧༦-༡༣༤༢) ཡི་དབོན་པོ་ཡིན་ལ། བོ་དོང་ཕྱོགས་ལས་རྣམ་རྒྱལ་མཆོག་ (༡༣༧༦-༡༤༥༡) ཁོང་གི་ཚ་བོ་ཡིན་ཏེ། ཇི་སྐད་དུ། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས། “བྱང་ཆུབ་ཐུགས་ཀྱི་རྩ་བ་རབ་བརྟན་ཅིང་། །རྩེ་མོའི་ལྷག་བསམ་འབྲུའི་[འབྲས་བུའི་]ཁུར་གྱིས་ལྕི། །གཞན་ཕན་ལོ་འདབ་རྒྱས་པའི་གྲིབ་བསིལ་གྱིས། །ཉོན་མོངས་གདུང་སེལ་ཆོས་རྗེའི་ཞབས་ལ་འདུད། །”[2]ཅེས་ཀྱང་བསྟོད་པ་མཛད། ཁོང་གི་ཁུ་བོ་ཤོང་ལོ་ཙཱ་བས་“བུ་སྟོན་མཁས་པར་ཆེན་པོར་གཟིགས་ནས། རང་གི་དབོན་པོ་ལོ་ཆེན་བྱང་ཆུབ་རྩེ་མོ་ཁོང་ལ་སྦྱར་ཏེ། ཁྱོད་རང་དང་མཉམ་པ་ཞིག་བཟོས་གསུངས།[3]” དེ་ནས་“བྱང་རྩེས་བུ་ལས་སྒྲ་ཚད་དུས་འཁོར་སོགས་མཁས་པར་བསླབས། དེའི་སློབ་མ་ལོ་ཙཱ་བ་ནམ་མཁའ་བཟང་པོ། དེའི་སློབ་མ་སྒྲ་པ་ཐུགས་རྗེ་དཔལ་ཏེ། སྒྲ་སྙན་དངགས་ལ་སྐུ་དྲིན་ཆེའོ། །[4]”ཞེས་པ་ལྟར་ཐ་སྙད་རིག་གནས་ལས་སྒྲ་སྙན་ངག་ལ་སྐུ་དྲིན་ཆེ་བར་ཀུན་མཁྱེན་པདྨ་དཀར་བོ་གསུང་ངོ་།།
དེ་ཡང་ཆོས་འབྱུང་སོགས་ལོ་རྒྱུས་ཡིག་ཆ་དང་ཚིག་མཛོད་སོགས་ཕལ་མོ་ཆེར་ལོ་ཆེན་གྱི་འཁྲུངས་ལོ་སྤྱི་ལོ་༡༣༠༣ལོར་བྱས་འདུག་ཅིང་། དུང་དཀར་ཚིག་མཛོད་ཀྱི་ལོ་ཆེན་བྱང་ཆུབ་རྩེ་མོའི་ངོ་སྤྲོད་སྐབས་སུའང། “དཔང་ལོ་ཙཱ་བའི་དབོན་པོ་འདི་ཉིད་ལ་སྟོད་ཟུར་ཚོ་ཞེས་པར་ཡབ་གཞོན་ནུ་དཔལ་བཟང་། ཡུམ་དཔང་ལོའི་ལྕམ་མོ་ཡེ་ཤེས་སྨན་ནེ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་ཡོས་(༡༣༠༣)ལོར་སྐུ་བལྟམས།[5]” ཞེས་གསལ་ནའང་། དྲུང་བཞི་ཐོག་པ་ཆེན་པ་ཀུན་དགའ་རིན་ཆེན་རྒྱལ་མཚན་དཔལ་བཟང་བོ་བའི་ཞལ་སྔ་ནས་དང་། དྲུང་སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་རྒྱལ་མཚན་དཔལ་བཟང་བོ་བའི་ཞལ་སྔ་ནས་བཀས་བསྐུལ་བའི་ཞལ་ངོར། ཤེལ་དཀར་ཆོས་སྡེའི་མཁན་ཐོག་གསུམ་པ་ལོ་ཆེན་གྲགས་པ་རྒྱལ་མཚན་(༡༣༥༢-༡༤༠༥)མཆོག་གིས་ལྕགས་མོ་བྱའི་ལོ་སྟེ་སྤྱི་ལོ་ ༡༣༨༡ ལོ་སྟེ་དགུང་ལོ་ ༣༠ ལ་ཕེབས་པའི་ལོར་མཛད་པའི་རྣམ་ཐར། ཆོས་རྗེ་རིན་པོ་ཆེ་བྱང་ཆུབ་རྩེ་མོའི་རྣམ་པར་ཐར་བ་སྣང་བ་སྤེལ་བ་ཞེས་བྱ་བར་“བདག་ཉིད་ཆེན་པོ་འདིའི་སྐུ་སྐྱེ་བ་བཞེས་པའི་ཡུལ་ནི་སྐྱེས་བུ་དམ་པ་དུ་མ་བྱོན་ཞིང་བསྟེན་པའི་གནས་ལས་སྟོད་ཀྱི་ཆ་ཟུར་ཚོ་ཞེས་གྲགས་པའོ།། འདིའི་ཡབ་ཀྱི་མཚན་ནི་གཞོན་ནུ་དཔལ་བཟང་པོ་ཞེས་བྱ་བ་ཡིན་ལ། ཡུམ་ནི། ཆོས་ཀྱི་རྗེ་མཁས་པའི་དབང་པོ་དཔང་ལོ་ཚ་བ་ཆེན་པོ་དཔལ་ལྡན་བློ་གྲོས་བརྟན་པའི་ཡབ་ཡུམ་གཉིས་ཀ་གཅིག་པའི་ལྕམ་མོ། ཇོ་ལྕམ་ཡེ་ཤེས་སྨན་ནེ་ཞེས་པ་སྟེ། ཡབ་ཡུམ་གཉི་གའང་རང་བཞིན་བཟང་ཞིང་ཁྱད་པར་དུ་ཡུམ་ནི་ལྐོག་ཏུ་གྱུར་པའི་ཆོས་མང་པོ་ལུང་སྟོན་པར་ཡང་བྱེད་ལ། ཡུལ་དེ་པ་རྣམས་ཀྱིས་ཡེ་ཤེས་ཀྱི་མཁའ་འགྲོ་མར་ཡང་འཛིན་ཏོ།། འདི་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ། ཡུམ་གྱི་རྨི་ལམ་དུ་ཉི་མ་ཤར་བ་དང་རི་མཐོན་པོ་ལ་འཛེགས་པ་དང་གཡུ་ཆེན་པོ་བཏགས་པ་དང་གཏོར་མ་བཏང་བ་ལ་སོགས་པ་རྨི་ཞིང་། དངོས་ཉིད་དུའང་ལུས་སེམས་བདེ་བར་གྱུར་པ་སོགས་ངོ་མཚར་ཞིང་རྨད་དུ་བྱུང་བའི་དགེ་མཚན་དུ་མ་དང་བཅས་ཏེ། ཤིང་མོ་ཡོས་ཀྱི་ལོ་བལྟམས་པར་གྱུར་ཏོ།།[6]” ཞེས་གསལ་བས། ལོ་ཆེན་གྱི་འཁྲུངས་ལོ་ཤིང་མོ་ཡོས་ཞེས་ཤིན་ཏུ་གསལ་བར་གསུངས་ཤིང་། ཤིང་མོ་ཡོས་ཀྱི་ལོ་དེ་སྤྱི་ལོ་ ༡༣༡༥ ཡིན་གྱི། ༡༣༠༣ མ་ཡིན་ཏེ། སྤྱི་ལོ་ ༡༣༠༣ ནི་ཆུ་ཡོས་ཡིན་ནོ།། ཡང་དུང་དཀར་ཚིག་མཛོད་ཀྱི་མཇུག་གི་ལོ་ཚིགས་དྭངས་ཤེལ་མེ་ལོང་ལས། “ཆུ་ཡོས། སྤྱི་ལོ་ ༡༣༠༣ གྲུབ་ཐོབ་རྡོ་རྗེ་དང་། འཁྲུལ་ཞིག་དྷརྨ་སེང་གེ་གཤེགས། ལོ་ཆེན་བྱང་ཆུབ་རྩེ་མོ་འཁྲུངས་ཞེས་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་བསྟན་རྩིས་ལས་གསུངས།[7]” ཞེས་འཁོད་འདུག་པས། ཁོང་གིས་ལོ་ཆེན་གྱི་འཁྲུངས་ལོ་སྤྱི་ལོ་ ༡༣༠༣ ལོར་མཛད་པའི་ཁུངས་དེ་ཡིན་སྣང་། དེས་ན་དུང་དཀར་མཆོག་གིས་ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གི་བསྟན་རྩིས་ལ་གཏུགས་ཤིང་། དེབ་སྔོན་དང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་གསལ་བའི་ཉིན་བྱེད་དུའང་[8]ལོ་ཆེན་གྱི་འཁྲུངས་ལོ་ཆུ་ཡོས་ལ་བྱས་འདུག་པས། བསྟན་རྩིས་ཀུན་བཏུས་ཀྱི་ཁུངས་ཀྱང་དེ་ལ་གཏུགས་འདུག་གམ་སྙམ་མོ། །དེབ་སྔོན་སོགས་སུ་འཁྲུངས་ལོ་ཆུ་ཡོས་ལ་བྱས་པའི་རྒྱུ་མཚན་མ་ངེས་ཀྱང་། དེང་ཡོངས་གྲངས་སུ་ལོ་ཆེན་བྱང་ཆུབ་རྩེ་མོའི་འཁྲུངས་གཤེགས་ལོ་ཚིགས་ཆུ་མོ་ཡོས་(༡༣༠༣)དང་ལྕགས་ཕོ་སྤྲེའུའི་ལོ་(༡༣༨༠)བྱེད་ཅིང་། དགུང་གྲངས་༧༨པ་ལ་གཤེགས་པར་བཤད་པ་འདི་དེབ་སྔོན་གྱི་ལུགས་གཞིར་བཞག་པར་སྣང་ངོ་། །གྲགས་པ་རྒྱལ་མཚན་མཆོག་གིས་མཛད་པའི་རྣམ་ཐར་སྣང་བ་སྤེལ་བ་ལྟར་ན། ལོ་ཆེན་གྱི་འཁྲུངས་ལོ་དེ་སྤྱི་ལོ་ ༡༣༡༥ ལ་འཁེལ་བར་ངེས་པ་གོང་དུ་བཀོད་པ་ཟིན་ནོ།། མཁས་དབང་དུང་དཀར་མཆོག་གིས་ཀྱང་། ལོ་ཚིགས་དྭངས་ཤེལ་མེ་ལོང་དུ། “ཤིང་ཡོས། སྤྱི་ལོ་ ༡༣༡༥ ལོ་ཆེན་བྱང་ཆུབ་རྩེ་མོ་འཁྲུངས་སམ་བརྟག[9]”ཅེས་བསྟན་འདུག་པས། རྣམ་ཐར་སྣང་བ་སྤེལ་བ་མཇལ་ནས་བཀོད་པར་ངེས། དེ་བས་རྣམ་ཐར་སྣང་བ་སྤེལ་བ་ལྟར་ན། ལོ་ཆེན་གྱི་འཁྲུངས་ལོ་ཤིང་མོ་ཡོས་ཏེ་སྤྱི་ལོ་ ༡༣༡༥ ཡིན་དགོས་པར་སྣང་ངོ་།།
དེ་ཡང་ལོ་ཆེན་དུས་ནམ་ཞིག་ལ་གཤེགས་མིན་སྐོར། རྣམ་ཐར་སྣང་བ་སྤེལ་བར་“རྟག་འཛིན་ཅན་རྣམས་ངེས་འབྱུང་སྐྱེད་པ་དང་ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་བསྐུལ་བའི་ཕྱིར་དོན་གྲུབ་ཀྱི་ལོ་སྟ་[རྟ་]པའི་ཟླ་བའི་ཉི་ཤུའི་ཐོ་རངས་ཉི་ཤུ་གཅིག་གི་དང་པོ་སྐྱ་རེངས་འཆར་ཀ་ཕྱིའི་མངོན་པར་བྱང་ཆུབ་པ་ལ་ཉེ་བ་ན་སྟོང་པ་ཉིད་དང་མི་འགྱུར་བའི་བདེ་བ་ཆེན་པོ་རོ་གཅིག་ཏུ་འདྲེས་པའི་ཏིང་ངེ་འཛིན་ཟབ་མོ་མངོན་དུ་མཛད་ནས་སྤྲོས་པ་མེད་ཅིང་མཐའ་དབུས་དང་བྲལ་བའི་འོད་གསལ་ཆེན་པོའི་ངང་ལ་དཔའ་བོ་དང་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པའི་བསུ་བ་དང་བཅས་ཏེ་ནུབ་ཕྱོགས་དབུ་[ཨུ་]རྒྱན་གྱི་ཞིང་དུ་གཤེགས་སོ་ཞེས་ཐོས་[10]”ཞེས་པ་ལྟར་ན། དོན་གྲུབ་ཀྱི་ལོ་སྤྱི་ལོ་ ༡༣༧༩ ལོར་དགོངས་པ་རྫོགས་པ་གསལ་ནའང་། ལོ་ཆེན་དགུང་ལོ་དུ་བཞུགས་མི་གསལ་ལ། དུང་དཀར་ཚིག་མཛོད་དུ། གཤེགས་ལོའི་སྐོར་ཡོངས་གྲགས་ལྟར་ ༡༣༨༠ ལས་གཞན་དུ་གསུངས་པ་མི་འདུག་གོ ། དེ་ཡང་ཤེལ་དཀར་ཆོས་འབྱུང་དུ་དམ་པ་འདི་ཉིད་དགུང་ལོ་དོན་བདུན་པ་[11]དང་མང་ཐོས་ཀྱི་བསྟན་རྩིས་དང་དེབ་སྔོན་དུ་དོན་བརྒྱད་པ་ལ་སྐུ་གཤེགས་པར་བཤད་པ་དེ་ནི་དགུང་གྲངས་ཧྲིལ་བོ་ཡིན་མིན་དང་རང་ལོ་བརྩིས་མ་བརྩིས་ཀྱི་ཁྱད་པར་ཙམ་དུ་འདོད་དོ། །
ཡོངས་གྲགས་ལྟར་གྱི་འཁྲུངས་གཤེགས་ལོ་ཚིགས་ ༡༣༠༣ ནས་༡༣༨༠ བར་བྱས་ན། ལོ་ཆེན་དགུང་ལོ་ ༧༨ ལ་གཤེགས་པར་འགྱུར་བ་དེ་ནི་གོང་ཞུས་ལྟར་དེབ་སྔོན་གྱི་ལུགས་ཡིན་པ་གསལ་བ་སྟེ། དེའི་ཁུངས་གང་ཡིན་མ་ངེས་ཀྱང་། རྣམ་ཐར་སྣང་བ་སྤེལ་བ་རང་གཞིར་བྱས་ན། ལོ་ཆེན་གྱི་འཁྲུངས་ལོ་ ༡༣༡༥ ལོ་དང་གཤེགས་ལོ་ ༡༣༧༩ ལོར་ཡིན་པས། ལོ་ཆེན་བྱང་རྩེ་དགུང་ལོ་ ༦༦ ལ་གཤེགས་དགོས་པས་དེབ་སྔོན་གྱི་ལུགས་དེ་ནི་དཔྱད་པའི་གཞིའོ། །དེ་ཡང་ལོ་ཆེན་གྱི་འཁྲུངས་གཤེགས་ལོ་ཚིགས་འདི་ཁོང་གི་སློབ་མ་གྲགས་པ་རྒྱལ་མཚན་རང་རྒྱུས་ཆེ་བ་དང་། དགོངས་པ་རྫོགས་ནས་ཅང་མ་འགྱངས་པའི་སྤྱི་ལོ་ ༡༣༨༡ ལོར་རྣམ་ཐར་འདི་ཉིད་མཛད་པར་གསལ་བས་འདི་ཉིད་ཁུངས་བཙུན་པར་ངེས་སོ་སྙམ་མོ།།
ཁོང་གི་བླ་མ་གྲགས་ཅན་རྣམས་ནི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་(༡༢༧༦-༡༣༤༢) དང་། དོལ་པོ་བ་ཤེས་རབ་རྒྱལ་མཚན་(༡༢༩༢-༡༣༦༡) དང་། རྒྱལ་སྲས་ཐོགས་མེད་བཟང་བོ་ (༡༢༩༥-༡༣༦༩) དང་། བུ་སྟོན་རིན་ཆེན་གྲུབ་ (༡༢༩༠-༡༣༦༤) དང་། མཆིམས་བློ་བཟང་གྲགས་པ་ (༡༢༩༩-༡༣༧༥) དང་། སྤང་ཁང་བ་གྲགས་པ་རྒྱལ་མཚན་དང་། ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་(༡༢༩༤-༡༣༧༦)སོགས་ཡིན།
ཁོང་གི་སློབ་མ་གྲགས་ཅན་འགའ་བགྲང་ན། སྟག་ལུང་ལོ་ཙཱ་བ་ནམ་མཁའ་བཟང་བོ། སྤྱན་སྔ་གྲགས་པ་བྱང་ཆུབ། ཁོང་གི་དབོན་པོ་དང་རྣམ་ཐར་འབྲི་མཁན་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ (༡༣༥༢-༡༤༠༥) དང་། རེད་མདའ་བ་གཞོན་ནུ་བློ་གྲོས་(༡༣༤༩-༡༤༡༢) དང་། རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་(པར༢[12]) (༡༣༥༧-༡༤༡༩) སོགས་ཡོད་དོ།། ཁོང་གི་འགྱུར་རྩོམ་ལ། གྲགས་ཆེ་བ་ཀ་ལཱ་བའི་མདོའི་འགྲེལ་བ་སློབ་མ་ལ་ཕན་པ། སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི་སྙན་དངགས་ཀྱི་བསྟན་བཅོས་སྤྲིན་གྱི་ཕོ་ཉ། ནམ་མཁའ་བཟང་བོ་དང་ལྷན་དུ་བསྒྱུར་བའི་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས། ཀ་ལཱ་བའི་བྱིངས་ཀྱི་མདོ་དང་དེ་བཞིན་གང་བ་ཟླ་བའི་ཞབས་ཀྱིས་མཛད་པའི་བྱིངས་ཀྱི་མདོ། ལུང་སྟོན་པ་ཙནྡྲ་བའི་མདོ་སོགས་ཡོད།
༢ སྒྲ་བ་ནམ་མཁའ་བཟང་བོ། (༡༣༣༣-༡༣༧༩)
སྤྲིན་གྱི་ཕོ་ཉའི་འགྱུར་བྱང་དུ་ལོ་ཙཱ་བའི་རིགས་སུ་གཏོགས་པ་ནམ་མཁའ་བཟང་བོ་ཞེས་འབྱུང་བ་ནི། ལོ་ཆེན་བྱང་ཆུབ་རྩེ་མོའི་སློབ་མ་ཡིན། སྟག་ལུང་ཆོས་རྗེ་ནམ་མཁའ་དཔལ་བཟང་མཆོག་ནི་ཡབ་ཡོན་བདག་ཡེ་ཤེས་རིན་ཆེན་དང་ཡུམ་ཕྱུག་མོ་དཔལ་ལེའི་སྲས་སུ་རབ་བྱུང་དྲུག་པའི་ཆུ་བྱ་(༡༣༣༣)ལོར་འཕན་པོ་དར་ཡུལ་དུ་སྐུ་འཁྲུངས། དགུང་ལོ་ལྔ་ཙམ་ལ་ཕེབས་སྐབས་གཞན་སྡུག་བསྔལ་བ་གཟིགས་ཚེ་སྙིང་རྗེ་ཆེན་པོ་འཁྲུངས་ནས་སྤྱན་ཆབ་ཕྱུང་བའི་བག་ཆགས་བཟང་བོ་རང་བཞིན་དུ་གསལ། དགུང་ལོ་བདུན་ལ་ཕེབས་སྐབས་མཁན་པོ་བླ་མ་ནམ་ལེགས་པ་དང་། སློབ་དཔོན་དོན་ཡོད་པ་ལས་རབ་ཏུ་བྱུང་། མཚན་ནམ་མཁའ་རྒྱལ་མཚན་དཔལ་བཟང་བོ་ཞེས་གསོལ། དགུང་ལོ་བརྒྱད་པ་ལ་མངོན་ཤེས་འཁྲུངས། དགུང་ལོ་བཅུ་པ་ལ་རྟགས་ཀྱི་ཊཱིཀྐ་མཆན་ལ་སོགས་པ་གསན་པས་སྦྱོར་དྲུག་ལས་བྱུང་བའི་རྟགས་རྣམས་མ་བསྒོམས་པ་མངོན་དུ་གྱུར། དགུང་ལོ་བཅུ་གཅིག་པ་ལ་སྐུ་སྐྱེ་སྔ་མ་གང་དུ་འཁྲུངས་པ་ལྷང་ལྷང་དྲན་སྣང་བསྐྱེད། དུས་ཕྱིས་ཏིང་ངེ་འཛིན་ལ་བཞུགས་པ་ན་འདས་མ་འོངས་རྣམས་ཀྱང་མཁྱེན། དགུང་ལོ་བཅོ་བརྒྱད་ལ་ཆོས་རྗེ་བླ་མ་དང་། ལོ་ཆེན་བྱང་རྩེ་ལ་དུས་འཁོར། སྤྱོད་འཇུག་དང་། ཐུབ་པའི་དགོངས་རྒྱན་སོགས་གསན་པས་ཚར་རེ་ལ་ཐུགས་སུ་ཆུད། དགུང་ལོ་ཉི་ཤུ་རྩ་བདུན་ལ་ལྷ་སར་ཕེབས་ནས་ཏོ་སྟན་མཁན་ཆེན་བཀྲས་ཚུལ་བ། ལས་སློབ་ཚུལ་བླ་མ། སློབ་དཔོན་སྟོན་རྒྱལ་རྣམས་ལས་བསྙེན་པར་རྫོགས། དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་དབྱར་ཆོས་དགུན་ཆོས་མ་ཆག་པར་དུས་འཁོར། བརྟག་གཉིས་སྤྱོད་འཇུག ཐུབ་པའི་དགོངས་རྒྱན། སྐྱེས་རབས་ལམ་འབྲས་གསུངས། དགུང་ལོ་ཉི་ཤུ་རྩ་དགུ་པ་ལྕགས་གླང་ (༡༣༦༡) ལོར་སྟག་ལུང་གི་གདན་སར་ཕེབས་ནས་ལོ་བཅོ་ལྔའི་རིང་ཚོགས་པ་བསྐྱངས། སྦྱོར་དྲུག་གི་ཁྲིད་ཡིག་ངོ་སྤྲོད། རྩིས་ཡིག་ལ་སོགས་པའི་བསྟན་བཅོས་མང་བོ་མཛད། ཟབ་མོའི་གདམས་པས་ཀྱང་གདུལ་བྱ་རྣམས་ལེགས་པར་བསྐྱངས། གཙོ་བོར་སྐུ་མཚམས་ཁོ་ན་ལ་བཞུགས། དགུང་ལོ་བཞི་བཅུ་ཞེ་གསུམ་བར་གདན་སར་བཞུགས་རིང་དགེ་འདུན་གྱི་སྡེ་འཕེལ་ཞིང་དར་རྒྱས་ཆེན་པོ་བྱུང་། དེ་ནས་རིན་པོ་ཆེ་བཀྲ་ཤིས་དཔལ་བརྩེགས་པ་གདན་སར་བཞུགས་སུ་གསོལ་ནས་སེ་གླེར་ལོ་བཞི་བཞུགས། བསྐྱེད་པའི་རིམ་པ་བདེ་མཆོག་དང་གཤེད་དམར་ལ་མཛད། རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་པ་ལ་མཛད། རྗེ་འདི་ཉིད་སྒྲ་ཚད་དུས་འཁོར་རྣམས་ལ་མཁས་ཤིང་། དུས་འཁོར། ཀ་ཙན། སྙན་ངག སྡེབ་སྦྱོར་སོགས་ལ་བཤད་པ་མང་དུ་མཛད། དེའི་བཤད་རྒྱུན་དབུས་སུ་ཆེས་ཆེར་དར། དགུང་ལོ་ཞེ་བདུན་བཞེས་པ་ ༡༣༧༩ལོར་གཤེགས་པར་བཤད།
ཁོང་གི་བླ་མ་གྲགས་ཅན་དག་ནི། བློ་གྲོས་བརྟན་པ་དང་། ལོ་ཆེན་བྱང་ཆུབ་རྩེ་མོ། སྙན་ངག་མཁན་སུ་མན་ཤྲཱི་སོགས་ཡིན་ལ། སློབ་མ་གྲགས་ཅན། བོ་དོང་པཎ་ཆེན་[13]དང་། ཐུགས་རྗེ་དཔལ་དང་། བཀྲ་ཤིས་དཔལ་བརྩེགས། ཤེས་རབ་དཔལ་བ་སོགས་ཡོད། རྗེ་རིན་པོ་ཆེས་འདི་ལ་སྙན་དངགས་གསན་པར་རྣམ་ཐར་དག་ཏུ་གསལ་བར་མ་ཟད། རྟག་ཏུ་ངུའི་རྟོགས་བརྗོད་ཀྱི་མཇུག་བྱང་དུའང་། ཇི་སྐད་དུ། “སྐད་གཉིས་སྨྲ་བའི་དབང་པོ་ནམ་མཁའ་བཟང་པོ་(པར༣[14])དང་། ཐམས་ཅད་མཁྱེན་པ་དཔལ་ལྡན་ས་སྐྱ་པ་གཞོན་ནུ་བློ་གྲོས་ཀྱི་དྲིན་ལས། སྙན་ངག་དང་ཚིག་རྒྱན་གྱི་བསྟན་བཅོས་ལས་བློའི་སྣང་བ་ཐོབ་པ། ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བའི་ཡི་གེ་པ་ནི་བློ་གྲོས་ཀྱི་བང་མཛོད་སྔགས་དང་མཚན་ཉིད་དུ་མའི་ནོར་བུས་གཏམས་པའི་སྙན་དངགས་མཁན་ཚྭ་ཁོ་ངག་དབང་གྲགས་པའོ།།”[15] ཞེས་གསལ་བ་བཞིན་ནོ།།
དེ་བཞིན་དུ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་མཛད་པའི་རྗེའི་རྣམ་ཐར་ལེགས་བཤད་ཀུན་འདུས་སུ། “འོལ་ཁ་ལ་སོགས་པར་བོ་དོང་བ་སྒྲ་པ་ནམ་བཟང་ལ་ཀ་ལཱ་པ་དང་།ཙནྡྲ་པ་སོགས་པ་ལ་གསན་ནས་མཁས་པར་མཁྱེན་ཀྱང་དངོས་སུ་ཞལ་གྱིས་མ་བཞེས་སོ།།”[16] ཞེས་དང་། ཡང་། “དེ་ཡང་དེ་ཉིད་ལ་མེ་ལོང་མ་ལ་སོགས་པ་སྙན་ངག་གི་གཞུང་ལུགས་རྣམས་གསན་ནས་ཐུགས་སྦྱོང་མཛད་པས་ཤིན་ཏུ་མཁས་པར་གྱུར་ནས། དེ་དུས་དབྱངས་ཅན་མ་ལ་བསྟོད་པ། པདྨའི་བཞིན་ལ་གཡོ་བའི་བུང་བའི་མིག།། ཅེས་སོགས་མཛད་པས། རྒྱན་གྱི་ཉམས་འཆར་ཞེས་གྲགས་སོ།། དེའི་ཕྱི་ལོ་སྤྱན་སྔ་གྲགས་བྱང་བ་སྐུ་གཤེགས་ནས་མི་དཔོན་བླ་དཔོན་རྣམས་ཀྱིས་རྣམ་ཐར་ཞིག་རྩོམ་པར་ཞུས་པར་རྟོགས་བརྗོད་ལྷུན་པོ་ཞེས་པ་བརྩམས་པས། འདི་ལས་ལྷག་པའི་སྙན་ངག་མེད་ཅེས་གྲགས་སོ།།”[17] ཞེས་སོགས་འབྱུང་བ་བཞིན་ནོ།།
གཉིས་པ། སྤྲིན་གྱི་ཕོ་ཉའི་ལོ་ཙཱའི་ལེགས་ཉེས་སྐོར་བཤད་པ།
དེ་ཡང་སྤྲིན་གྱི་ཕོ་ཉའི་སྙན་ངག་འདི་བྱང་གི་བདག་པོ་དཔོན་ཆེན་ནམ་མཁའ་བརྟན་པའི་བཀའ་ལུང་ལྟར། ལོ་ཆེན་བྱང་ཆུབ་རྩེ་མོ་དང་སྒྲ་བ་ནམ་མཁའ་བཟང་བོ། རྒྱ་གར་གྱི་པཎྜི་ཏ་སུ་མ་ན་ཤྲཱི་གསུམ་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་མོར་བསྒྱུར་བ་འགྱུར་བྱང་ལས་གསལ་བ་ལྟར་དང་། བོད་ཀྱི་ལོ་ཙཱ་བ་གཉིས་ཀྱིས་མཁས་པའི་མཛད་སྤྱོད་ཇི་ལྟར་བསྐྱངས་ཚུལ་ནི་གོང་དུ་ལོ་ཙཱ་བའི་ལོ་རྒྱུས་བཤད་པའི་ཚེ་སོང་བ་ལྟར་དང་། དེ་ལྟ་བུའི་མཁས་ཤིང་གྲུབ་པའི་ལོ་ཙཱ་བའི་འགྱུར་ལ་དཔྱད་པ་ནི་འོས་པ་དེ་ཙམ་མི་ཆེ་ཡང་། གཅིག་ན་འགྱུར་འདི་དུས་རབས་བཅུ་བཞི་བའི་དཀྱིལ་དུ་བསྒྱུར་ཚར་བའི་རྗེས་ནས་དེང་གི་བར་དུ་འགྱུར་བཅོས་ལ་སོགས་པའི་ཞབས་ཏོག་ཆེར་བསྒྲུབ་ཐུབ་མི་འདུག་པ་ལ་བརྟེན་ནས། འགྱུར་ནོར་བ་རེ་འགའ་སྣང་བ་དང་། དེ་བཞིན་ཞུ་ཆེན་པ་དང་ཡི་གེ་བ་དག་གིས་སྒྱུར་བཅོས་གང་འཚམས་བྱས་པ་ལྟ་བུར་སྣང་བ་དག་ལ་དཔྱད་པ་རེ་བྱེད་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་ལྟ་བུར་མཐོང་བའི་རྒྱུ་མཚན་དང་། གཉིས་ནས་སྔོན་གྱི་འགྱུར་དག་ལ་ལོ་ཆེན་དང་ཞུས་ཆེན་དག་གིས་དག་པར་བྱས་པ་དང་གཏན་ལ་ཕབ་པ་ཡིན་ལུགས་ཀྱིས་དག་སྣང་བྱེད་རྐྱང་བྱེད་པའི་ལུགས་ཀྱང་ཅུང་ཟད་བསྒྱུར་དགོས་པར་མཐོང་ལ། དེ་ལ་བརྟེན་ནས་དགོས་མེད་ཀྱི་མ་དག་རྒྱུན་འབྱམས་ཀྱི་རིགས་ཀྱང་སྤེལ་དང་འཕེལ་བཞིན་པ་ལྟ་བུར་མངོན་པ་དེ་དག་ལ་དགོས་ངེས་ཀྱི་འགྱུར་དཔྱད་རེ་བྱས་ཏེ་རིན་ཐང་གི་གདེང་འཇོག་བྱེད་དགོས་པའང་ཤིན་ཏུ་གལ་ཆེན་དུ་མཐོང་བས། གཞན་གྱིས་མ་བསྐུལ་བའི་ལས་འདི་དང་དུ་བླངས་པ་ལགས།
དེ་ལ་ལོ་ཆེན་བྱང་རྩེའི་སྤྲིན་གྱི་ཕོ་ཉའི་འགྱུར་གྱི་ཚིགས་བཅད་དང་བོར།
རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀའ་ལུང་དག་གིས་གཟི་བརྗིད་ཉམས་པར་བྱས་གྱུར་ཅིང་།།
གནོད་སྦྱིན་འགའ་ཞིག་ལ་ནི་རང་ཉིད་བག་མེད་དབང་གྱུར་མཛེས་མ་སྤངས་[18]ལ་ལོ་ཡི་བར།།
ཡིད་འོང་སྐྱེད་བྱེད་བུ་མོའི་ཁྲུས་བྱ་བསོད་ནམས་ཆེ་བ་རྣམས་དང་ཤིན་ཏུ་རབ་མཛེས་པའི།།
རབ་བཟང་ལྗོན་ཤིང་གྲིབ་མ་དང་ལྡན་རཱ་མའི་རི་བོར་[19]སོང་ལ་སྤྱོད་པས་གནས་པར་གྱིས།༡།
कश्चित्कान्ताविरहगुरुणा स्वाधिकारात्प्रमत्तः[20]
शापेनास्तंगमितमहिमा वर्षभोग्येण भर्तुः।
यक्षश्चक्रे जनकतनयास्नानपुण्योदकेषु
स्निग्धच्छायातरुषु वसतिं रामगिर्याश्रमेषु।।१।।
ཀཤྩིཏྐཱནྟཱབིརཧགུརུཎཱ སྭཱདྷིཀཱརཱཏྤྲམཏྟཿ ཤཱཔེནཱསྟཾགམིཏམཧིམཱ བརྵབྷོགྱེཎ བྷརྟུཿ།
ཡཀྵཤྩཀྲེ ཛནཀཏནཡཱསྣཱནཔུཎྱོདཀེཥུ སྣིགྡྷཙྪཱཡཱཏརུཥུ བསཏིཾ རཱམགིརྱཱཤྲམེཥུ།༡།
अस्तङ्गमित [ཨསྟངྒམིཏ] ཉམས་པར་གྱུར་བའམ་ནུབ་པར་གྱུར་བ༑ अधिकार [ཨདྷིཀཱར] ལས། སྐབས། བྱ་བ༑ उदक [ཨུདཀ] ཆུ༑ कश्चित् [ཀཤྩིཏ྄] འགའ་ཞིག སུ་ཞིག ༑कान्ता [ཀཱནྟཱ] མཛེས་མ༑ गुरु [གུརུ] ལྕི་མོ༑ कृ,(चक्रे) [ཀྲྀ། (ཙཀྲེ)] བྱེད་པ། བགྱི་བ༑ छाया [ཚཱཡཱ] གྲིབ་མ༑ जनकतनय [ཛནཀཏནཡ] སྐྱེད་བྱེད་བུ་མོ༑ तरु [ཏརུ] ལྗོན་པ༑ पुण्य [པུཎྱ།] བསོད་ནམས་ཀྱི༑ प्रमत्त [པྲམཏྟ།] བག་མེད༑ भर्तृ [བྷཏྲྀ] བདག་པོ༑ महिमन् [མཧིམན྄] ཆེ་བ། གཟི་བརྗིད༑ यक्ष [ཡཀྵ] གནོད་སྦྱིན༑ रामगिरि [རཱམགིརི] རཱ་མའི་རི་བོ། དགའ་བྱེད་རི་བོ༑ आश्रम [ཨཱཤྲམ] བསྟི་གནས༑ वर्ष [བརྵ] ལོ༑ भोग्य [བྷོགྱ] སྤྱད་བྱ། སྤྱད་པར་བྱ་བ༑ वसति [བསཏི] གནས༑ विरह [བིརཧ] བྲལ་བ། དབེན་པ༑ शाप [ཤཱཔ] དམོད་པ༑ स्नान [སྣཱན] ཁྲུས༑ स्निग्ध [སྣིགྡྷ།] སྣུམ་པོ༑ स्व [སྭ།] རང་ཉིད། རང་གི༑
དེ་ཡང་ཚིགས་བཅད་དང་བོ་འདི་ལྟ་བུར་མཚོན་ན། འདིའི་ནང་སྣོན་སྒྱུར་གནང་བ། ཁྲོས་པ། བཀའ་ལུང་ལྟ་བུ་དང་། འཕྲི་སྒྱུར་གནང་བ། དགའ་བྱེད་རི་བོའི་བསྟི་གནས་སུ་ཞེས་པའི་བསྟི་གནས་ཞེས་ཕྲིས་ཏེ་རཱ་མ་རི་བོ་ཙམ་ཞིག་སྨྲས་ཏེ་བསྟི་གནས་ཞེས་པའི་དོན་བོད་འགྱུར་ལ་ཐོན་མེད་པ་ལྟ་བུ་སོགས་སྤྱིའི་འགྱུར་གྱི་གནད་དོན་འདི་ལྟ་བུ་གཞུང་ཡོངས་སུ་རྫོགས་པར་རེ་འགའ་མཐོང་དུ་ཡོད་ཀྱང་། དེ་དག་ཆ་ཚང་བཤད་ན་མངས་པར་འགྱུར་བར་འདིར་གཙོ་བོར་གནད་ཆེ་བ་ཁག་བརྗོད་པར་བྱའོ། །
སྐབས་འདིའི་བྱང་རྩེའི་འགྱུར་དུ་ཚིགས་བཅད་དང་བོའི་ཚིགས་རྐང་མཐའ་མར་“གནས་པར་གྱིས་”ཞེས་ཡོད་པ་བསྟན་འགྱུར་གསེར་བྲིས་དང་། པེ་ཅིན་པར་མ། སྡེ་དགེ་པར་མ། སྣར་ཐང་པར་མ་སོགས་ལ་མགྲིན་དབྱངས་གཅིག་ལྟ་བུར་འབྱུང་བས། འདི་ནི་པར་མ་མི་མཐུན་པའི་དབང་གིས་མ་ཡིན་པར། ཐོག་མའི་ཚེ་བཀའ་བསྟན་བསྒྲིགས་པའི་སྐབས་ཞུ་ཆེན་པ་དག་གིས་དེ་ལྟར་བཅོས་པ་མིན་ན་ནི། ལོ་ཙཱ་བས་འདི་བཞིན་བསྒྱུར་བར་ཆགས་འཇོག་མི་བྱེད་ཐུ་མེད་ཡིན། དེ་ལྟ་ནའང་། སྐབས་འདིར་ལེགས་སྦྱར་དུ་མ་ཡིག་ཐམས་ཅད་ལ་གཅིག་མཚུངས་སུ་“བསཏིཾ ཙཀྲ་”ཞེས་ཡོད་ཅིང་། དེ་ནི་ལྐོག་གྱུར་གྱི་འདས་པ་ཡིན་པས། དོན་ལ་“གནས་པར་གྱུར་”ཞེས་ལྐོག་གྱུར་གྱི་འདས་པ་སྟོན་དགོས་པ་ཧ་ཅང་གསལ་ལ། བོད་འགྱུར་དུ་དེ་ལྟར་མ་བྱུང་བར་“གནས་པར་གྱིས་”ཞེས་བྱུང་བས། སྤྲིན་འགྲེལ་ཁག་ཕལ་མོ་ཆེར་ཡང་དོན་ཇི་བཞིན་མ་འཁྲོལ་བར་གནས་པར་གྱིས་ཤིག་པའི་དོན་དུ་བཀྲལ་ཏེ། སྙན་ངག་གི་དོན་དངོས་ལས་རྒྱང་དུ་ཁྲིད་[21]ཡོད།
བསཏིཾ ཙཀྲ་ཞེས་པ་གནས་པར་གྱུར་ཞེས་པ་འདི་ནི་སྤྲིན་གྱི་ཕོ་ཉའི་ཤོ་ལོ་ཀ་གཉིས་པའི་ཚིགས་རྐང་མཐའ་མར་“མཆོག་ཏུ་རོལ་ཅིང་མཛེས་པར་གྱུར་པའི་གླང་ཆེན་ཡིན་ནམ་སྙམ་དུ་རྟོག་ཅིང་མཐོང་བར་གྱུར།།”ཞེས་པའི་སྐབས་ཀྱི་“མཐོང་བར་གྱུར་”ཞེས་འབྱུང་བ་དང་མཚུངས་པར་ལེགས་སྦྱར་སྐད་དུ་དདརྴ་ཞེས་འབྱུང་བའང་ལྐོག་གྱུར་གྱི་དོན་སྟོན་པའི་བྱ་བའི་ཚིག་ཡིན་ལ། སྙན་ངག་འདིར་དེ་ལྟ་བུའི་བྱ་ཚིག་ཤིན་ཏུ་མང་བོ་སྤྱད་ཡོད་པ་ནི་དཔེར་ན། ཤོ་ལོ་ཀ་དང་བོའི་(चक्र)ཙཀྲ་དང་། ཤོ་ལོ་ཀ་གཉིས་པའི་(ददर्श)དདརྴ། ཤོ་ལོ་ཀ་གསུམ་པའི་(दध्यौ)དདྷྱཽ། ཤོ་ལོ་ཀ་བཞི་བའི་(व्याजहार)བྱཱཛཧཱར། དེ་བཞིན་ཤོ་ལོ་ཀ་ལྔ་བའི་(ययाचे)ཡཡཱཙེ། དེ་བཞིན་ཤོ་ལོ་ཀ་ང་གཅིག་པའི་(सिषेवे)སིཥེབེ་ཞེས་པ་ཐམས་ཅད་ལྐོག་གྱུར་གྱི་དོན་སྟོན་པའི་བྱ་བའི་ཚིག་ཡིན་ལ། དེ་ལ་བོད་སྐད་དུ་ཤོ་ལོ་ཀ་དང་བོར་“གནས་པར་གྱིས་”ཞེས་འབྱུང་ཡང་། ཡིན་པ་དངོས་ནི་“གནས་པར་གྱུར”ཡིན་དགོས་ཚུལ་གོང་དུ་བཤད་པ་ལྟར་དང་། ཤོ་ལོ་ཀ་གཉིས་པར་བོད་འགྱུར་དུ་“མཐོང་བར་གྱུར་”ཞེས་ཇི་བཞིན་འབྱུང་བ་ལྟར་དང་། ཤོ་ལོ་ཀ་གསུམ་པར་“ནང་དུ་ཡིད་ལ་རབ་ཏུ་གདུང་བའི་མཆི་མ་ཡུན་རིང་དག་ཏུ་ཅི་ཡང་བྱུང་གྱུར་ཏེ”ཞེས་འབྱུང་ཡང་། དོན་དུ་“ཡུན་རིང་བསམས་པར་གྱུར་”ཞེས་པའི་དོན་ཡོད་པ་དང་། དེ་བཞིན་དུ་ཤོ་ལོ་ཀ་བཞི་བར་“མཛའ་བ་མངོན་དུ་གྱུར་པའི་ཚིག་དེ་ལེགས་པར་འོངས་སམ་དགའ་བཞིན་བརྗོད་པ་བཞིན།།”ཞེས་འབྱུང་ནའང་། དོན་དུ་ནི་“བྱོན་པ་ལེགས་སོ་ཞེས་གསོལ་བར་གྱུར་”ཞེས་ལྐོག་གྱུར་གྱི་འདས་པའི་དོན་སྟོན་པ་དང་། ཤོ་ལོ་ཀ་ལྔ་བར་“འདོད་པའི་དོན་དུ་མཁས་དང་མི་མཁས་རྣམས་དང་སེམས་ལྡན་སེམས་མེད་རྣམས་ལ་ཞུ་བར་བྱེད།།”ཅེས་འབྱུང་ནའང་། དོན་དུ་ནི་“དེ་ལ་ཞུས་པར་གྱུར་”ཞེས་པའི་དོན་ཡིན་པ་དང་། ཡང་ཤོ་ལོ་ཀ་ང་གཅིག་པའི་ཚིགས་རྐང་གཉིས་པར་“རང་གི་གཉེན་ལ་དགའ་བར་འགྱུར་བས་ཡུལ་ལས་ཕྱིར་ཕྱོགས་སྟོབས་བཟང་གང་དེ་བལྟ་བར་བྱ།།”ཞེས་དེ་རུ་“བལྟ་བར་བྱ་”ཞེས་འབྱུང་ནའང་། དོན་གྱིས་དེ་ནི་“བསྟེན་པར་གྱུར་”ཞེས་པའི་དོན་ཡིན་ནོ། །
དེ་ཡང་གོང་དུ་བཀོད་པའི་ཚིག་འདི་ཐམས་ཅད་ལྐོག་གྱུར་གྱི་འདས་པ་ཡིན་ཏེ། སྙན་ངག་འདི་ཉིད་ལ་སྦྱོར་བའི་ཚེ་ཡང་། འདི་ཐམས་ཅད་སྔོན་བྱུང་བའི་བྱ་བའི་དོན་གང་ཞིག་རྗོད་པོའི་མངོན་སུམ་དུ་མ་གྱུར་བའི་རྣམ་པ་བརྗོད་པའི་ཚིག་ཡིན་པའི་ཕྱིར་རོ། ། འོ་ན་ལྐོག་གྱུར་གྱི་འདས་པ་ཟེར་བ་ཅི་ཞེ་ན། དེ་ནི། དབྱངས་ཅན་སྒྲ་མདོར། “ལྐོག་ཏུ་གྱུར་པ་ལ། ཎཔ྄། ཨཏུས྄། ཨུས྄། ཐཔ྄། ཨཐུས྄། ཨ། ཎཔ྄། བ། མ། ཨེ། ཨཱཏེ། ཨི་རེ། སེ། ཨཱ་ཐེ། དྷྭེ། ཨེ། བཧེ། མ་ཧེའོ། །[22]” ཞེས་འབྱུང་བ་ལྟར་དང་། དེའི་འགྲེལ་བ་དབྱངས་ཅན་སྒྲ་མདོའི་འགྲེལ་བ་ཉུང་ངུ་རྣམ་གསལ་དུ། “ལྐོག་ཏུ་གྱུར་པའི་དུས་རྗོད་པར་བྱེད་པའི་དོན་ལ། ནཔ྄་སོགས་རྣམ་དབྱེ་བཅོ་བརྒྱད་པོ་འདི་རྣམས་སྦྱར་བར་བྱའོ། །[23]” ཞེས་དང་། ཡང་ལྐོག་གྱུར་གྱི་དོན་འགྲེལ་བར། ཇི་སྐད་དུ། དེ་ཉིད་ལས། “བྱ་བ་བྱས་པ་གང་ཞིག་མངོན་སུམ་གྱི་སྤྱོད་ཡུལ་ལས་འདས་པས་ལྐོག་ཏུ་གྱུར་པ་སྟེ། དེ་ལ་ཡང་དུས་འདས་པ་དང་མ་འོངས་པ་གཉིས་ཡོད་པ་ལས། འདས་པ་དང་། དེ་ལའང་། རིང་ཐུང་གཉིས་ཡོད་པ་ལས་འདི་འདས་ནས་ཡུན་རིང་ལོན་པ་ལ་འཇུག་ཅིང་། འདས་པ་ཡུན་རིང་མ་ལོན་པ་ནི་ཆེས་ལྐོག་ཏུ་གྱུར་པའང་མིན་པ་དང་གོང་དུ་སྨོས་པའི་དེ་རིང་མ་ཡིན་པ་ཁོ་ནས་ཆོག་གོ།[24]” ཞེས་གསུངས་པ་ལྟར། ལྐོག་གྱུར་གྱི་འདས་པ་ཞེས་པ་ནི་བྱ་བ་བྱས་པ་གང་ཞིག་མངོན་སུམ་གྱི་སྤྱོད་ཡུལ་ལས་འདས་པར་གྱུར་བས་ལྐོག་གྱུར་ཞེས་བརྗོད་པ་ཡིན་ལ། དེ་བཞིན་དུ་ཀ་ལ་བར་ཡང་ལྐོག་གྱུར་གྱི་མདོ་སྟོན་པའི་ཚེ། ཇི་སྐད་དུ། “པ་རོ་ཉཀྵཱ། ཨཊ། ཨཏུས། ཨུས། ཐལ། ཨཐུས། ཨ། ཨཊ། བ། མེ། ཨེ། ཨཱཏེ། ཨིརེ། སེ། ཨཱཐེ། དྷྭེ། ཨེ། བཧེ། མཧེའོ།།[25]”ཞེས་འབྱུང་བ་དོན་གཅིག་གོ།
དེ་ལྟ་བས་ན་གོང་དུ་བཤད་པའི་སྤྲིན་གྱི་ཕོ་ཉར་འབྱུང་བའི་ལྐོག་གྱུར་གྱི་དོན་སྟོན་པའི་བྱ་བའི་ཚིག་དེ་རྣམས་ནི་ལྐོག་གྱུར་གྱི་དོན་སྟོན་པ་ཡིན་པས། སྙན་ངག་རྗོད་པ་བོས་སྙན་ངག་གི་གཞུང་གི་བརྗོད་བྱ་སྟོན་པའི་ཚེ། གནོད་སྦྱིན་གྱི་སྐོར་བཤད་པ་ན། བྱ་བ་དེ་དག་དེའི་མངོན་སུམ་གྱི་སྤྱོད་ཡུལ་དུ་མ་གྱུར་བའི་ཕྱིར། བརྡ་སྤྲོད་གཞུང་རྣམས་སུ་བཤད་པ་ལྟར་གྱི་ལྐོག་གྱུར་གྱི་དོན་སྟོན་པའི་བྱ་བའི་ཚིག་སྤྱད་པ་ཡིན་ལ། དེ་བས་ཚིགས་བཅད་དང་བོའི་ནང་གི་གནས་པར་གྱིས་ཞེས་པ་ནི་གནས་པར་གྱུར་ཡིན་དགོས་པ་དང་། དེ་ཡང་པར་མ་ཐམས་ཅད་དུ་མགྲིན་དབྱངས་གཅིག་གྱུར་ལྟ་བུར་གནས་པར་གྱིས་ཞེས་སྣང་བས། གཅིག་ཏུ་ན་ལོ་ཙཱ་བ་གཉིས་ཀྱིས་གནས་པར་བགྱིས་ཞེས་བསྒྱུར་ཡོད་སྲིད་ཀྱང་། ཞུ་ཆེན་པ་དང་སྒྲིག་པ་བོ་དག་གིས་བཅོས་སྐྱོན་བྱུང་བ་ཡིན་ཡང་སྲིད་སྙམ།
དེ་བཞིན་དུ་ཤོ་ལོ་ཀ་དྲུག་པའི་ཚིགས་རྐང་མཐའ་མར་“མཆོད་སྦྱིན་འབྲས་མེད་བདག་གི་རིང་གནས་གཉེན་འདུན་དག་ཏུ་ཡོན་ཏན་མཆོག་དབང་ཁྱོད་གཤེགས་མཛོད།།[26]”ཅེས་དང་། ཤོ་ལོ་ཀ་བདུན་པར་“གསང་བའི་བདག་པོའི་བསྟི་གནས་ཆེན་པོ་ལྕང་ལོ་ཅན་ཞེས་བྱ་བའི་གནས་སུ་ཁྱོད་གཤེགས་མཛོད།།[27]”ཅེས་འབྱུང་བའི་ཁྱོད་གཤེགས་མཛོད་ཅེས་པ་ཤོ་ལོ་ཀ་བདུན་པའི་རྒྱ་དཔེ་ལ་སྐད་དོད་ཡོད་ཀྱང་། དྲུག་པར་དེའི་སྐད་དོད་མེད་པས། ཞུ་དག་པས་སམ་ཡང་ན་ནི་ཡི་གེ་བ་འཁྲུལ་ནས་བཅུག་པར་སྣང་ངོ་།།
ཤོ་ལོ་ཀ་བཅུ་དགུ་བའི་ཚིགས་རྐང་མཐའ་མར་“འཆི་མེད་ཁྱོ་ཤུག་དག་ནི་ཡ་མཚན་ངེས་པ་ཐོབ་པའི་མིག་གིས་རབ་ཏུ་ལྟ་བར་བྱེད།།[28]”ཅེས་འབྱུང་བ་ནི། དོན་ལ་དེ་ནི་ཡོངས་སུ་སྨིན་པར་གྱུར་བའི་འབྲས་བུས་གསལ་བའི་ནགས་ཀྱི་ཨཱ་མྲས་རི་ངོས་རྣམས་གཡོགས་པར་གྱུར་བའི་རི་བོ་གང་དེའི་རྩེ་མོར། སྣུམ་པའི་སྐྲའི་ཁ་དོག་དང་མཚུངས་པའི་སྤྲིན་པ་ཁྱོད་ཉིད་འཛེག་པར་གྱུར་བའི་ཚེ། དབུས་ནི་ནག་ཅིང་ལྷག་མའི་ངོས་རྣམས་དཀར་བའི་ས་གཞིའི་ནུ་མ་ལྟ་བུ་གྱུར་བ་དེ། འཆི་མེད་དེ་ལྷའི་ཁྱོ་ཤུག་གིས་བལྟ་བར་འོས་ཤིང་ཤིན་ཏུ་མཛེས་པའི་གནས་སྐབས་དེ་འདྲ་བ་གདོན་མི་ཟ་བར་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཡིན་པས། བོད་འགྱུར་དུ་“ཡ་མཚན་ངེས་པ་ཐོབ་པའི་མིག་གིས་རབ་ཏུ་ལྟ་བར་བྱེད་”ཅེས་པ་དོན་གྱི་འགལ་བ་ཆེར་མེད་ཀྱང་འགྱུར་གྱི་དབང་དུ་བྱས་ན་མ་ཡིག་ལ་མ་བསྟུན་པས་འགྱུར་མི་ལེགས་པ་ཡིན་ནོ། ། དེ་ལ་བརྟེན་ནས་འགྲེལ་བ་ཁག་ལའང་། དེ་ལྟར་བཀྲལ་བ་བྱུང་སྟེ། དཔེར་ན། ཨ་ལགས་དོར་ཞིའི་སྤྲིན་འགྲེལ་དུ། “རི་དེ་ས་གཞིའི་མཛེས་མའི་ནུ་མ་རྒྱས་ཤིང་འབུར་བ་མཐའ་དཀར་ལ་དཀྱིལ་དུ་ཐིག་ལེ་སྔོན་པོས་མཛེས་པ་བཞིན་དུ་གྱུར་པ་ལ། འཆི་མེད་དེ་ལྷ་ཁྱོ་ཤུག་དག་ཡ་མཚན་པའི་མིག་གིས་ལྟ་བར་བྱེད་[29]”ཅེས་ཚིག་ཟུར་ཇི་བཞིན་བཞག་ཡོད་པ་བཞིན་ནོ། །
ཡང་ཤོ་ལོ་ཀ་ཞེ་བརྒྱད་པའི་ཚིགས་རྐང་གཉིས་པར། “ཆེན་པོ་ཡིན་ཡང་ཕྲ་མོ་དང་ནི་སྦྲང་རྩིའི་བུ་ཡི་ཁ་དོག་བསྐུས་པ་གྱུར་པ་དང་། །”ཞེས་པ་ནི་དོན་བརྐུས་པའི་དོན་ཡིན་ཏེ། མ་ཡིག་རང་དུ་“(शार्ङ्गिणो वर्णचौरे) ཤཱརྔྒིཎོ བརྞཙཽརེ་”ཞེས་འབྱུང་[30]བ་ནི་རྭ་གཞུ་ཅན་གྱི་ཁ་དོག་བརྐུས་པ་ཞེས་པ་སྟེ། རྭ་གཞུ་ཅན་ཀྲྀཥྞ་ནག་པོའི་ཁ་དོག་ནག་པོ་དེ་བརྐུས་པའམ་འཕྲོག་པ་ལྟ་བུའི་སྤྲིན་པ་ནག་པོ་ཁྱོད་ཅེས་སྤྲིན་པ་ནག་པོ་ཡིན་པ་དེ་ཀྲྀཥྞ་ནག་པོའི་ཁ་དོག་བརྐུས་པ་ལྟ་བུར་བཤད་པ་ཡིན་པ་ལས། དེའི་ཁ་དོག་ཁྱོད་ཀྱི་ལུས་ལ་བསྐུས་པ་ལྟ་བུར་གྱུར་བ་བཤད་པ་མ་ཡིན་པས། བདེན་བདེན་འདྲ་སྣང་ནའང་འདིར་ཡང་འགྱུར་གྱི་གནད་དོན་ཡོད་ལ། ཡི་གེ་བ་དང་ཞུ་དག་པའི་ལག་འགུལ་ཉེས་ཆེས་པའང་ཡིན་སྲིད་པ་གང་ལྟར་ཡང་། མ་ཡིག་དང་མི་མཐུན་པ་ཤེས་པར་བྱའོ། ། དེ་ལྟ་བས་ན་སྐབས་འདིར་ཨ་ལགས་དོར་ཞིའི་ཚིག་འགྲེལ་དུ་ཡང་། “སྦྲང་རྩི་བུ་ཡི་ཁ་དོག་སྟེ། བུང་བའི་ཁ་དོག་བསྐུས་པའི་སྟབས་ཀྱིས། ས་གཞི་ཡངས་པོའི་ཐོག་ཏུ་རིན་པོ་ཆེ་ཨིན་དྲ་ནཱི་ལ་དང་། འོད་དཀར་འཕྲོ་བའི་མུ་ཏིག་དོ་ཤལ་ལྷན་ཅིག་ཏུ་བཀོད་པ་བཞིན།[31]” ཞེས་བསྐུས་པ་རང་དུ་བཀྲལ་ཡོད་དོ། །
དེ་ཡང་ཨ་ལགས་དོར་ཞིའི་སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་དུ། ཤོ་ལོ་ཀ་ང་གསུམ་པའི་ཚིགས་རྐང་དང་བོར། “ཁྱོད་ནི་གལ་ཏེ་ཆུ་འཐུངས་བསམས་ནས་ལུས་ཕྱེད་ཕྱི་མ་མཁའ་ལས་འཕྱང་བ་ནི། །[32]”ཞེས་འབྱུང་ལ། ཚིགས་རྐང་འདིའི་ནང་གི་“ལུས་ཕྱེད་ཕྱི་མ་”ཞེས་པ་ནི་བསྟན་འགྱུར་པར་མ་བཞི་གར་“ལུས་ཕྱེད་སྔ་མ་[33]”མཁའ་ལས་འཕྱང་བ་ཞེས་ལུས་ཕྱེད་སྔ་མ་ཞེས་གསལ་ཡང་། ཨ་ལགས་དོར་ཞིས་ལུས་ཕྱེད་ཕྱི་མ་ཞེེས་བཅོས་པ་ནི་རྒྱ་འགྱུར་ལ་གཏུགས་ཏེ་བཅོས་པར་སྣང་སྟེ། རྒྱ་འགྱུར་དུ་ “如果你想神象一样后身靠着天要去饮用那蜿蜒的、透明水晶一般的清净河水[34]”ཞེས་འབྱུང་བ་ལྟར་ལུས་ཕྱེད་ཕྱི་མའམ་ཁོག་སྨད་ཅེས་རྒྱ་འགྱུར་དུ་འབྱུང་བ་ལྟར་བཅོས་པར་སྣང་ངོ་།། དེ་ཡང་རྒྱ་དཔེར་གཏུགས་པའི་ཚེ་ཀ་ལེས་བསྒྲིགས་པའི་མལླི་ནཱ་ཐའི་འགྲེལ་བར། པཤྩཱརྡྷ་ཞེས་ལུས་ཕྱེད་ཕྱི་མ་ཞེས་ཡོད་པ་དང་། འགྲེལ་བར་ཡང་། (पश्चार्धलम्बी सन्पश्चार्धभागेन व्योम्नि स्थित्वा)པཤྩཱརྡྷལམྦཱི སནྤཤྩཱརྡྷབྷཱགེན བྱོམྣི སྠིཏྭཱ་ཞེས་འབྱུང་[35]བ་དོོན་ནི། ཕྱེད་ཕྱི་མས་འཕྱང་བ་སྟེ། ནམ་མཁའ་ལ་ལུས་ཕྱེད་ཕྱི་མའི་ཆ་ཤས་ཀྱིས་བསྡད་དེ་ཞེས་བཀྲལ་ཞིང་། སྤྲིན་གྱི་ཁོག་སྨད་དམ་ལུས་ཕྱེད་ཕྱི་མ་ནམ་མཁའ་ལ་བརྟེན་པར་བྱས་ཏེ་ཁོག་སྟོད་མར་བསྣར་ཏེ་ཆུ་འཐུངས་བསམ་པར་བཀྲལ་བ་དང་། ཧྭ་ཆིས་བསྒྲིགས་པའི་བལླབྷ་དེ་བའི་རྒྱ་དཔེར་པཱུརྦཱརྡྷ་ཞེས་འབྱུང་ཞིང་། འགྲེལ་བར་ཡང་། (पूर्वार्धेनोत्तरभागेण यः स पूर्वार्धलम्बी)པཱུརྦཱརྡྷེནོཏྟརབྷཱགེཎ ལམྦཏེ ཡཿ ས པཱུརྦཱརྡྷལམྦཱི་ཞེས་འབྱུང་[36]བའི་དོན་ནི། ལུས་ཕྱེད་སྔ་མ་ཕྱི་མས་འཕྱང་བར་བྱེད་པ་གང་དེ་ལུས་ཕྱེད་སྔ་མས་འཕྱང་བ་ཞེས་སྣང་ལ། ཚིག་སྡུད་ཀྱི་དབང་གིས་མི་འདྲ་བ་མ་གཏོགས་དོན་དུ། མལླི་ནཱ་ཐ་ལྟར་ན་ལུས་ཕྱེད་ཕྱི་མ་ནམ་མཁར་བརྟེན་ནས་ལུས་ཕྱེད་སྔ་མ་ཆུ་བོའི་ཕྱོགས་སུ་འཕྱང་བ་ཞེས་པའི་དོན་ཡིན་པས་ལུས་ཕྱེད་ཕྱི་མས་འཕྱང་བ་ཞེས་འབྱུང་བ་དང་། བལླབྷ་དེ་བ་ལྟར་ན་ལུས་ཕྱེད་སྔ་མ་ལུས་ཕྱེད་ཕྱི་མས་འཕྱང་བར་བྱས་པས་ལུས་ཕྱེད་སྔ་མ་འཕྱང་བ་ཞེེས་འབྱུང་བའི་དོན། མལླི་ནཱ་ཐ་ལྟར་ན་ལུས་ཕྱེད་ཕྱི་མས་འཕྱང་བ་ཞེས་དང་། བལླབྷ་དེ་བ་ལྟར་ན་ལུས་ཕྱེད་སྔ་མ་འཕྱང་བ་ཞེས་བཀྲལ་ན། གཉིས་ཀ་འགལ་བར་མི་འགྱུར་བར་དོན་དུ་ལུས་ཕྱེད་སྔ་མ་སྟེ་ཁོག་སྟོད་མར་བསྲིངས་ཏེ་ཆུ་འཐུངས་པར་འདོད་པའི་དོན་སྟོན་པ་ཡིན་པས་འཆད་ཚུལ་མི་གཅིག་པ་ཙམ་དུ་མཐོང་བས། ཨ་ལགས་དོར་ཞི་རྒྱ་འགྱུར་ལྟར་བཅོས་པ་ནི་དགོས་པ་ལྷག་པོ་ཡོད་པར་མ་མཐོང་ངོ་། །
དེ་བཞིན་ཤོ་ལོ་ཀ་གོ་ལྔ་བའི་ཚིགས་རྐང་གཉིས་པར། “དེ་ཕྱིར་དེ་ལྟར་གྱུར་པ་རྣམས་ནི་དང་པོར་བྲལ་ལ་དེ་ནི་བདག་ལ་སེམས་པར་བྱེད། །”ཅེས་འབྱུང་བའི་“དང་པོར་བྲལ་བ”ཞེས་པ་ནི་མ་ཡིག་ཏུ་(प्रथमविरहे)པྲཐམབིརཧེ་ཞེས་འབྱུང་[37]བ་ཐོག་མའི་བྲལ་བའམ་བྲལ་བ་ཐོག་མ་ཞེས་པ་སྟེ། མཛའ་བོ་ཕན་ཚུན་བར་གྱི་ཆེས་ཐོག་མའི་བྲལ་བའི་གནས་ཚུལ་སྟོན་པ་ཡིན་ལ། བོད་འགྱུར་དུ་དང་པོར་བྲལ་བ་ཞེས་པ་དོན་སྤྱིར་འགྲིག་ཀྱང་། བྲལ་བ་དང་པོའམ་བྲལ་བ་ཐོག་མ་ཞེས་ན་ཤིན་ཏུ་འཚམས་ལ་འཁྲུལ་གཞི་འབྱུང་བར་མི་འགྱུར་ཏེ། ལོ་ཙཱ་བས་དང་པོར་བྲལ་བ་ཞེས་བསྒྱུར་བ་ཡིན་པས། ཨ་ལགས་དོར་ཞིའི་ཚིག་འགྲེལ་དུའང་། “ཀྭ་ཡེ་གྲོགས་པོ། ཁྱོད་ཀྱི་གྲོགས་མོ་བདག་གི་དགའ་མ་བཟང་མོ་དེས་བདག་ལ་མཛའ་བ་མང་པོ་སྟེ་བྱམས་ཤིང་ཡིད་ཤིན་ཏུ་སོང་བར་བདག་གིས་ཤེས། དེའི་སྟབས་ཀྱིས་དང་པོར་བདག་དང་བྲལ་བ་ནས་བཟུང་སྟེ། བདག་ལ་ཤིན་ཏུ་སེམས་ཤིང་གནས་ཚུལ་དེ་ལྟར་གྱུར་པ་རེད།[38]” ཅེས་དང་པོར་བདག་དང་བྲལ་བ་ནས་བཟུང་ཞེས་བདག་དང་ཁ་བྲལ་མགོ་བཙུགས་པ་ནས་བཟུང་ཞེས་པའི་དོན་དུ་བཀྲལ་ཡོད་པ་ལྟར་རོ། ། འདི་ལྟར་འགྱུར་གྱི་གནད་དོན་ཆུང་ཚེགས་ལའང་དགག་བཞག་བྱེད་དམ་ཞེ་ན། མ་ཡིན་ཏེ། འདི་ནི་སྙན་ངག་འདིའི་འགངས་ཆེ་ཤོས་ཤིག་ཡིན་པ་སྟེ། འདི་ནི་གནོད་སྦྱིན་དང་གནོད་སྦྱིན་མོ་གཉིས་ཕན་ཚུན་ཁ་བྲལ་བ་ནི་ཁ་བྲལ་ཐེངས་ཐོག་མ་དེ་ཡིན་པའི་ཚུལ་གསལ་བོར་བརྗོད་དེ། དེས་བསྐྱེད་པའི་སྡུག་བསྔལ་བཟོད་གླགས་མེད་པ་དེ་ཤུགས་ཀྱིས་འཕེན་པ་ཡིན་པས། གནད་དོན་ཆུང་ཚེགས་མ་ཡིན་པར་ཤེས་པར་བྱ་ཞིང་སྣང་ཆུང་བྱེད་མི་འོས་པའང་ཤེས་དགོས་སོ། །
ཤོ་ལོ་ཀ་བརྒྱ་བའི་ཚིགས་རྐང་དང་བོར། “ཀ་ཡེ་ཁྱོད་ལྡན་ཆུ་གཞོན་མིང་ཅན་བདག་ནི་རྗེ་ཡི་གྲོགས་བཟང་ཡིན་པར་ཤེས་པར་མཛོད།།”ཅེས་འབྱུང་བའི་“ཀྭ་ཡེ་ཁྱོད་ལྡན་”ནི་ལོ་ཙཱ་བས་བསྒྱུར་བ་ནོར་བར་ཐོག་མའི་མ་ཡིག་མེད་པས་ཁ་ཚོན་མི་ཆོད་ཀྱང་། ཞུ་དག་པའམ་ཡི་གེ་བས་ནོར་བར་བྱས་པ་ཤིན་ཏུ་གསལ་ཏེ། འདིར་ནི་(अविधवे)ཨབིདྷབེ་ཞེས་པ་སྟེ། ཝ་ཡེ་ཡུགས་ས་མར་མ་གྱུར་མ་ཞེས་གནོད་སྦྱིན་གྱི་ཆུང་མར་སྤྲིན་གྱི་ཕོ་ཉས་ཐོག་མར་འབོད་པའི་ཚེ་སྤྱད་པའི་འབོད་སྒྲ་ཡིན་ལ། བོད་འགྱུར་དུ་ཁྱོད་ལྡན་ཞེས་པ་ནི་དོན་མེད་དེ། ཨ་ལགས་དོར་ཞིའི་ཚིག་འགྲེལ་དུ། “ཀྭ་ཡེ་གྲོགས་མོ་ཆུ་འཛིན་མིང་ཅན་བདག་ནི་ཁྱོད་ཀྱི་རྗེ་བོ་དེ་ཡི་གྲོགས་བཟང་ཡིན་པ་ཤེས་པར་གྱིས་ཤིག”ཅེས་འབྱུང་ཞིང་། ཁྱོད་ལྡན་ཞེས་པའི་དོན་མ་བཀྲལ་བར་བསྐྱུར་ཡོད་ཅིང་། ནོར་བྲང་ཨོ་རྒྱན་གྱི་འགྲེལ་བ་ངོ་མཚར་དགའ་སྟོན་དུ། “ཀྭ་ཡེ་གྲོགས་མོ། ཁྱོད་ལ་བརྩེ་བ་ལྡན་པ་ཆུ་འཛིན་གཞོན་ནུའི་མིང་ཅན་[39]”ཞེས་ཁྱོད་ལྡན་ཞེས་པ་ཁྱོད་ལ་བརྩེ་བ་ལྡན་པ་ཞེས་བཀྲལ་ཡོད་ལ། ཆུ་གཞོན་ཞེས་པའང་ཆུ་འཛིན་གཞོན་ནུ་ཞེས་བཀྲལ་བར་བྱས་ཏེ། བོད་འགྱུར་གྱི་ཚིག་རིས་ཇི་བཞིན་དུ་བཀྲལ་ཐབས་བྱས་ཡོད། དེ་ལྟ་ནའང་། དེ་ནི་དོན་ལོག་པ་ཡིན་ཏེ། སྤྱིར་གོང་དུ་བཤད་པ་ལྟར་ཁྱོད་ལྡན་ཞེས་པ་དེ་ནི་ཁྱོ་ལྡན་ཞེས་ལོ་ཙཱ་བས་བསྒྱུར་ཡོད་པར་ངེས་ལ། ཡི་གེ་བའམ་ཞུ་ཆེན་པ་དག་གིས་དེའི་དོན་མ་རྟོགས་པར་ཁྱོད་ལྡན་ཞེས་བཅོས་པར་སྣང་ལ། ཡིན་པ་ནི་ལེགས་སྦྱར་སྐད་ཨབིདྷབེ་ཞེས་པ་ཡུགས་ས་མར་མ་གྱུར་མ་ཞེས་གནོད་སྦྱིན་མོ་ལ་ཐོག་མར་འབོད་པའི་ཚེའང་། མོའི་ཁྱོ་ག་ཚེ་དང་ལྡན་ཞིང་མ་ཤི་བར་རཱ་མ་རི་བོར་འཚོ་ཞིང་གཞེས་པའི་དོན་སྟོན་པ་ཡིན་པས། ཚིག་འདི་ཡང་ཧ་ཅང་གནད་ཆེ་བས་གལ་ཆུང་བྱེད་མི་རིགས་སོ། ། བོད་འགྱུར་དུ་ཆུ་གཞོན་ཞེས་འབྱུང་བ་སྤྲིན་འགྲེལ་ཅི་རིགས་པར་ཆུ་འཛིན་གཞོན་ནུ་ཞེས་འབྱུང་བའང་འཁྲུལ་བ་ཡིན་ལ། དོན་དུ་ཆུ་བཞོན་ཡིན་ཏེ་རྒྱ་སྐད་དུ་(अम्बुवाह)ཨམྦུབཱཧ་ཞེས་པ་ལྟར་ཆུ་ཡི་བཞོན་པ་སྟེ་སྤྲིན་གྱི་མངོན་བརྗོད་དོ། །
ཤོ་ལོ་ཀ་བརྒྱ་དང་དགུ་བའི་ཚིགས་རྐང་གཉིས་པར། “དེ་རྣམས་ཀྱི་ནི་འོ་མ་ཟགས་པའི་དྲི་བཟང་དང་ལྡན་ལྷོ་ཕྱོགས་[40]ཞུགས་པའི་དྲི་བཞོན་རྣམས། །”ཞེས་འབྱུང་བ་ལས། སྣར་ཐང་དང་པེ་ཅིན་དང་གསེར་བྲིས་པར་མ་རྣམས་སུ་“ལྷོ་ནས་ཞུགས་པ་”ཞེས་འབྱུང་བ་དང་། སྡེ་དགེ་བསྟན་འགྱུར་དུ་“ལྷོ་ཕྱོགས་ཞུགས་པ་”ཞེས་འབྱུང་[41]ལ། དེ་ལྟ་བུ་ལ་བརྟེན་ནས་སྤྲིན་འགྲེལ་རྣམས་སུའང་དོན་ཅི་རིགས་སུ་བཀྲལ་ཡོད་དེ། དཔེར་ན། ཨ་ལགས་དོར་ཞིའི་སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་དུ། “དེ་ཝ་དཱ་རུ་སྟེ་ཐང་ཤིང་གི་ལྗོན་པ་རྣམས་ཀྱི་ཡལ་གའི་འདབ་རྣམས་འཕྲལ་དུ་བཅད་པར་བྱས་ནས་(རླུང་གིས་བཅད་པ)དེ་ལས་ཟགས་པའི་ཐང་ཆུ་འོ་མ་ལྟར་དཀར་ཞིང་དྲི་ཞིམ་པོ་ཅན་འཁུར་བའི་ལྷོ་ཕྱོགས་ཀྱི་རླུང་དེ་བདག་གིས་སྔོན་བཅད་ནས་འཁྱུད་པར་བྱེད་ཀྱིན་ཡོད་དེ། ཀྭ་ཡེ་གྲོགས་པོ་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་རླུང་དེ་གངས་ཀྱི་རི་ལ་གལ་ཏེ་སོང་ཡོད་ན། ཁྱོད་ཀྱི་ལུས་ལ་རེག་ཡོད་ངེས་སྙམས་ནས་དེ་ལྟར་བྱས་སོ།།[42]”ཞེས་བཀྲལ་ཡོད་པ་དང་། ནོར་བྲང་ཨོ་རྒྱན་གྱི་སྤྲིན་གྱི་ཕོ་ཉའི་འགྲེལ་བ་ངོ་མཚར་དགའ་སྟོན་དུ་ཡང་། “དེ་ཝ་དཱ་རུ་སྟེ་ཐང་ཤིང་གི་ལྗོན་པ་རྣམས་ཀྱི་ཡལ་འདབ་རླུང་གིས་འཕྲལ་དུ་བཅད་པ་ལས་བྱུང་བའི་ཐང་ཆུ་འོ་མ་དང་འདྲ་བ་བསུང་ཞིམ་འཐུལ་བ་ལྷོ་ཕྱོགས་མ་ལ་ཡ་ནས་ཡོང་བའི་བསིལ་བའི་དྲི་བཞོན་རླུང་གིས་དེད་འགྲོ་བར་དང་པོར་བདག་གི་ལག་པས་རབ་ཏུ་འཁྱུད་པ་གང་ཞིག་བདག་གི་ལག་པས་རེག་པའི་ཡོན་ཏན་ཆ་ཚང་ལྡན་པ་དེ་དག་གལ་ཏེ་ཁྱོད་ཉིད་གནས་པའི་ཡུལ་བྱང་ཕྱོགས་གངས་ཀྱི་རི་ལ་སོང་ན་ཁྱོད་ཀྱི་ལུས་ལ་རེག་པས་བདེ་བ་ངེས་པར་འབྱུང་སྙམ་ནས་ཁྱོད་ཉིད་དྲན་པའི་གདུང་བས་རྟག་ཏུ་བདག་གིས་དེ་ལྟར་བྱས་སོོ། །[43]”ཞེས་བཀྲལ་ཡོད་པ་ལྟ་བུའོ། །
ཞེས་པ་འདི་ཡང་ལོ་ཙཱ་བས་བསྒྱུར་བ་ནོར་བ་ཡིན་མིན་མ་ཡིག་རང་ལག་ཏུ་མི་ཆུད་པས་བཤད་ཚོད་མི་ཐིག་ཀྱང་། ཚོད་དཔག་ལྟར་ན་ཞུ་ཆེན་པ་དང་ཡི་གེ་བ་དག་གི་ནོར་འཁྲུལ་དུ་ངེས་ཏེ། སྡེ་དགེ་བསྟན་འགྱུར་དུ་“ལྷོ་ཕྱོགས་ཞུགས་པ་”ཞེས་སྣང་བ་དོན་ལ་ཁེལ་ནའང་། ནོར་བྲང་དང་ཨ་ལགས་དོར་ཞི་གཉིས་ཀས་པར་མ་གཞན་དག་ལྟར་“ལྷོ་ནས་ཞུགས་པ་”ཞེས་བཀོད་ཅིང་། དེ་བཞིན་དུ་བཀྲལ་ཏེ། ལྷོ་ཕྱོགས་ནས་གཡུགས་པའི་རླུང་རྟིང་སོར་བྱང་ཕྱོགས་གངས་ཀྱི་རི་ལ་སོང་ན་ཁྱོད་ཀྱི་ལུས་ལ་རེག་ངེས་པར་འགྱུར་བས། བདག་གིས་རླུང་དེ་དག་ལ་རབ་ཏུ་འཁྱུད་པར་བྱས་སོ་ཞེས་བཀྲལ་ཡོད་ཅིང་། དེ་ལྟར་བཀྲལ་དོན་ཡང་ལོ་ཆེན་བྱང་རྩེའི་འགྱུར་གྱི་ཚིགས་བཅད་དེའི་རྐང་བ་གསུམ་པ་དང་བཞི་བ་གཉི་ག་འདི་ལྟར། “གང་ཞིག་བདག་གིས་[44]དང་པོར་རབ་ཏུ་འཁྱད་དོ་ཀྭ་ཡེ་ཡོན་ཏན་ལྡན་མ་[45]དེ་རྣམས་ནི། །གངས་ཀྱི་རི་ལ་གལ་ཏེ་སོང་ན་ཁྱོད་ཀྱི་ལུས་ལ་རེག་པ་ངེས་པར་འགྱུར་[46]རོ་ཅེའོ།།”ཞེས་འབྱུང་བས། དེ་ལྟར་མ་བཀྲལ་རང་བཀྲལ་ལྟ་བུར་ཆགས་པར་ངེས་ཏེ། བོད་འགྱུར་རང་གི་ཚིག་རིས་སུའང་། ཀྭ་ཡེ་ཡོན་ཏན་ལྡན་མ། རླུང་དེ་དག་ལ་བདག་གིས་རབ་ཏུ་འཁྱུད་པར་བྱས་སོ། གང་གི་ཕྱིར། རླུང་དེ་རྣམས་ཁྱོད་ཡོད་པའི་གངས་ཀྱི་རི་ལ་གལ་ཏེ་སོང་ན་ཁྱོད་ཀྱི་ལུས་ལ་རེག་ངེས་པར་འགྱུར་བའི་ཕྱིར་རོ་ཞེས་ཡོད་པས། བོད་འགྱུར་མ་ལེགས་པ་ལ་བརྟེན་ནས་འགྲེལ་བ་ཁག་འདི་ལྟར་བྱུང་བར་འདོད་དེ། དེ་ཡང་འདིའི་རྒྱ་དཔེར་པར་མ་མི་མཐུན་དམིགས་བསལ་མེད་ལ། འདི་ནི་ལོ་ཙཱ་བའི་འགྱུར་ཉེས་སུ་ངེས་པར་ཁས་ལེན་དགོས་ཏེ། ཚིགས་བཅད་འདིའི་དོན་དངོས་གནས་པ་ནི། ཀྱེ་ཡོན་ཏན་དང་ལྡན་མ། ཐང་ཤིང་ལྗོན་པ་རྣམས་ཀྱི་འདབ་མ་གསར་བ་འཕྲལ་དུ་བཅད་པ་དེ་ལས་འོངས་པའི་འོ་མའི་དྲི་ངད་འཐུལ་བའི་ཁ་བ་རི་བོ་སྟེ་གངས་ཅན་གྱི་སྐྱི་བསིར་རླུང་བུ་ལྷོ་ཡི་ཕྱོགས་འདིར་ཞུགས་པ་དེ། སྔོན་མར་ཁྱོད་ཀྱི་ལུས་ལ་རེག་པར་གྱུར་བར་ངེས་པར་བསམས་ནས། [བདག་ནི་དེ་ལྟ་བུའི་དགའ་བས་]བྱང་ནས་འོངས་པའི་རླུང་བར་འཐམས་པ་དང་འཁྱུད་པར་བྱེད་པ་ཡིན་ནོ་ཞེས་བྱང་ཕྱོགས་གནོད་སྦྱིན་མོའི་འདུག་གནས་ནས་འོངས་པའི་རླུང་བུ་ལྷོ་ཕྱོགས་གནོད་སྦྱིན་གནས་སའི་ཕྱོགས་སུ་ཞུགས་པ་དེ་སྔོན་མ་དགའ་མ་ཁྱོད་ཀྱི་ལུས་ལ་རེག་ཡོད་ངེས་སུ་སོང་། བདག་གིས་དེ་ལྟ་བུའི་བསམས་པ་དང་བཅས་ཏེ། རླུང་བུར་རབ་ཏུ་འཁྱུད་པར་བྱེད་པ་ཡིན་ནོ་ཞེས་པའི་དོན་སྟོན་པ་ཡིན་ནོ།། དེ་ལྟ་བས་ན་ཚིགས་བཅད་འདི་ནི་འགྱུར་ཉེས་འགའ་དང་བཅས་པ་རིག་པར་བྱའོ། །
དེ་བཞིན་དུ་ཚིགས་བཅད་བརྒྱ་དང་བཅུ་གཅིག་པའི་ཚིགས་རྐང་མཐའ་མ་གཉིས་སུ། “བདེ་བ་མཐའ་གཅིག་ལྡན་པ་སུ་ཡིན་རྟག་ཏུ་སྡུག་བསྔལ་མཐའ་གཅིག་པ་ཡང་སུ་ཞིག་ཡིན། །དེ་དག་འཁོར་ལོའི་རྩིབས་ནི་ཅུང་ཟད་འོག་ཏུ་འགྲོ་ཞིང་སྟེང་དུའང་རིམ་གྱིས་བསྐོར་བ་བཞིན། །”ཞེས་འབྱུང་བ་དེའི་ནང་གི་“འཁོར་ལོའི་རྩིབས་”ཞེས་པ་ནི་བསྟན་འགྱུར་པར་མ་ཕལ་ཆེ་བར་གཅིག་གྱུར་ལྟ་བུར་འབྱུང་[47]ལ། དེ་ནི་ལོ་ཙཱ་བའི་འགྱུར་ཇི་བཞིན་བཞག་པར་མངོན་ཏེ། སྤྱིར་འདིར་འཁོར་ལོའི་རྩིབས་སུ་བསྒྱུར་ནའང་རྩིབས་ཀྱང་མུ་ཁྱུད་དང་ལྷན་དུ་སྟེང་འོག་འཁོར་ནས་འགྲོ་བ་ཡིན་པས་དོན་ལ་དེ་ཙམ་མི་གནོད་ཀྱང་། རྒྱ་དཔེར་ཐམས་ཅད་ལ་(नेमि)ནེམི་ཞེས་ཡོད་པ་མུ་ཁྱུད་ཀྱི་དོན་ཡིན་པ་ལས། རྩིབས་ཀྱི་དོན་མིན་པ་གསལ་བས། འདི་ཡང་འགྱུར་ཉེས་སུ་བརྩི་དགོས་ངེས་སུ་མཐོང་ངོ་། །
དེ་ལྟར་ལོ་ཆེན་བྱང་རྩེའི་སྤྲིན་གྱི་ཕོ་ཉའི་འགྱུར་ལ་དཔྱད་པ་ཅུང་ཟད་བྱས་པ་འདིས་བོད་ཀྱི་འགྱུར་རྩོམ་དང་དམིགས་བསལ་གྱིས་བོད་འགྱུར་རྩོམ་རིག་གི་དཔྱད་པ་གསར་བའི་སྒོ་གླེགས་ཤིག་ཕྱེ་བར་འགྱུར་བའི་རེ་བ་དང་། དེ་བཞིན་འདིར་སྤྲིན་གྱི་ཕོ་ཉའི་བོད་འགྱུར་ལས་འགྱུར་གྱི་གནད་དོན་ཆེ་ཁག་ལ་དཔྱད་པ་རོབ་ཙམ་བྱས་པ་ཡིན་ལ། རྒྱས་པར་ཤེས་འདོད་ན་བདག་གིས་གསར་དུ་བསྒྱུར་བའི་སྤྲིན་གྱི་ཕོ་ཉའི་འགྱུར་ལ་གཟིགས་པར་ཞུའོ། །
ཤྲཱིརསྟུ།
དཔྱད་གཞིའི་དཔེ་ཐོ།
བོད་ཡིག
- ཀ་ལ་པའི་མདོ། སྡེ་བསྟན། སྒྲ་མདོ། ལེ།
- ཀུན་མཁྱེན་པདྨ་དཀར་པོ། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི། འབྲུག་པའི་ཆོས་ཚོགས། ༢༠༠༦།
- ཁྲོ་རུ་ཚེ་རྣམ། སྒྲ་གཞུང་ཕྱོགས་བསྒྲིགས། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༩༥།
- གྲགས་པ་རྒྱལ་མཚན། ཆོས་རྗེ་རིན་པོ་ཆེ་བྱང་ཆུབ་རྩེ་མོའི་རྣམ་པར་ཐར་པ་སྣང་བ་སྤེལ་བ། (དབུ་མེད་ལག་བྲིས)
- ངག་དབང་སྐལ་ལྡན་རྒྱ་མཚོ། ཤེལ་དཀར་ཆོས་འབྱུང་ལེགས་བཤད་ནོར་བུའི་མེ་ལོང་སྐལ་བཟང་མགྲིན་རྒྱན། (ཤེལ་དཀར་ཆོས་འབྱུང་།) ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༢།
- དཔའ་རིས་དོར་ཞི་གདོང་དྲུག་སྙེམས་བློ། སྙན་ངག་སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་གོ་བདེ་ངག་རིག་ཀུན་དའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ། ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༨།
- དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། པེ་ཅིང་། ༢༠༠༢།
- ནོར་བྲང་ཨོ་རྒྱན། སྤྲིན་གྱི་ཕོ་ཉའི་འགྲེལ་བ་ངོ་མཚར་དགའ་སྟོན། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤།
- བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་བཞུགས་སོ། ། སྡེ་བསྟན། སྒྲ་མདོ། སེ།
- མང་ཐོས་ཀླུ་སྒྲུབ་རྒྱ་མཚོ།བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། (གངས་ཅན་རིག་མཛོད། ༤) ༡༩༨༨།
- འཇིགས་མེད་འབངས། དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་པ་ངོ་མཚར་གྱི་དགའ་སྟོན་ཞེས་བྱ་བ། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ (གངས་ཅན་རིག་མཛོད། ༡༥)
- རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ། འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྣམ་ཐར། ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་ཁང་། ༢༠༡༧།
- རྗེ་ཙོང་ཁ་བ། བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་པ་བརྗོད་པའི་སྙན་དངགས་དཔག་བསམ་གྱི་ལྗོན་པ་ཞེས་བྱ་བ། གསུང་འབུམ། ཞོལ་པར། པོད། ༢།
- རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། རྗེ་བཙུན་ཙོང་ཁ་པའི་རྣམ་ཐར་ཆེན་མོའི་ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས་བཞུགས་སོ།། གསུང་འབུམ། ཞོལ་པར། པོད། ༡།
- རེད་མདའ་བ་གཞོན་ནུ་བློ་གྲོས། “ཆོས་ཀྱི་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་ལ་བསྟོད་པ།”གསུང་འབུམ། པོད། ༩། ཀཱ་ཋ་མཾཌཱུ། ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། ༡༩༩༩།
- ལོངས་ཁང་ཕུན་ཚོགས་རྡོ་རྗེ། བོ་དོང་པཎ་ཆེན་འཇིགས་མེད་གྲགས་པའི་རྣམ་ཐར་ངོ་མཚན་གྱི་ཕྲེང་བ། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༦ (གངས་ཅན་རིག་མཛོད། ༧༨)
- སྤྲིན་གྱི་ཕོ་ཉ། གསེར་བསྟན། ཤེ།
- སྤྲིན་གྱི་ཕོ་ཉ། པེ་བསྟན། མངོན་བརྗོད། ཤེ།
- སྤྲིན་གྱི་ཕོ་ཉ། སྡེ་བསྟན། སྒྲ་མདོ། སེ།
- སྤྲིན་གྱི་ཕོ་ཉ། སྣར་བསྟན། མདོ་འགྲེལ། སྒྲ་རིག་པ། པོད། ༢༠༥། ཤེ།
- སྤྲེལ་ནག་པ་དང་རྡོ་རྗེ་སྐྱབས། སྤྲིན་གྱི་ཕོ་ཉ་སྐད་བཞི་ཤན་སྦྱར་མ། རྡ་ས། ཕན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། ༢༠༡༩།
སྐད་གཞན།
- Hultzsch. Kālidāsa’s Meghadūta. New Delhi: Munshiram Manoharlal Pvt. Ltd., 1998.
- R. Kale. The Meghadūta of Kālidāsa. Delhi: Motilal Ranarasidass, 2018.
དཔྱད་ཡིག་དང་ཞབས་མཆན།
[1] དཔྱད་རྩོམ་༢༠༡༩ལོའི་སྤྱི་ཟླ་༧པར་ཕེ་རི་སིར་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་༡༥པའི་ཐོག་སྒྲོགས་སྦྱང་བྱས།
[2] རེད་མདའ་བ་གཞོན་ནུ་བློ་གྲོས། “ཆོས་ཀྱི་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་ལ་བསྟོད་པ།”གསུང་འབུམ། པོད། ༩། ཀཱ་ཋ་མཾཌཱུ། ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། ༡༩༩༩། ཤ ༢༢།
[3] ཀུན་མཁྱེན་པདྨ་དཀར་པོ། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི། འབྲུག་པའི་ཆོས་ཚོགས། ༢༠༠༦། ཤ༣༡༩།
[4] ཀུན་མཁྱེན་པདྨ་དཀར་པོ། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི། འབྲུག་པའི་ཆོས་ཚོགས། ༢༠༠༦། ཤ༣༡༩།
[5] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། པེ་ཅིང་། ༢༠༠༢། ཤ༡༩༧༡།
[6] གྲགས་པ་རྒྱལ་མཚན། ཆོས་རྗེ་རིན་པོ་ཆེ་བྱང་ཆུབ་རྩེ་མོའི་རྣམ་པར་ཐར་པ་སྣང་བ་སྤེལ་བ། (དབུ་མེད་ལག་བྲིས) ཤ༢ན༦-༢བ༤།
[7] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢། ཤ༢༢༩༤།
[8] མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། “’སུམ་སྟོང་བཞི་བརྒྱ་དང་སོ་ལྔ་འདས་པའི་སོ་དྲུག་པ་ཆུ་མོ་ཡོས་(སྤྱི་ལོ་༡༣༠༣)ལ་ལོ་ཆེན་བྱང་རྩེ་ལ་སྟོད་ལྷོ་ཟུར་ཚོར་དཔང་གི་ལྕམ་མོ་ཞིག་གི་སྲས་སུ་བལྟམས། (ཤ༡༨༤)’ ཞེས་དང་། ’དོན་བརྒྱད་པ་ཉ་ཟླའི་ཚེས་ཉེར་གཅིག་ལ་གཤེགས་སོ།། (ཤ༡༨༥)’” བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། (གངས་ཅན་རིག་མཛོད། ༤) ༡༩༨༨། ཤ༡༨༤-༡༨༥།
[9] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། པེ་ཅིང། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢། ཤ༢༢༩༥།
[10] གྲགས་པ་རྒྱལ་མཚན། ཆོས་རྗེ་རིན་པོ་ཆེ་བྱང་ཆུབ་རྩེ་མོའི་རྣམ་པར་ཐར་པ་སྣང་བ་སྤེལ་བ། (དབུ་མེད་ལག་བྲིས) ཤ༦༤བ༢-༤།
[11] ངག་དབང་སྐལ་ལྡན་རྒྱ་མཚོ། ཤེལ་དཀར་ཆོས་འབྱུང་ལེགས་བཤད་ནོར་བུའི་མེ་ལོང་སྐལ་བཟང་མགྲིན་རྒྱན། (ཤེལ་དཀར་ཆོས་འབྱུང་།) ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༢། ཤ༩༠།
[12] རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ། འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྣམ་ཐར། ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་ཁང་། ༢༠༡༧།
[13] འཇིགས་མེད་འབངས། “འཇིག་རྟེན་མིག་གྱུར་ནམ་མཁའ་བཟང་། །པྲ་ཛྙ་ཤྲཱི་ལས་བྱུང་བ་ཡི། །སྒྲ་རིག་རྒྱ་མཚོ་ཆེན་པོ་བསྟེན། །ཕལ་ཆེར་རང་གི་སྟོབས་ཀྱིས་བཀྲལ། ། ཞེས་བྱ་བ་ནི། རྗེ་རྣལ་འབྱོར་གྱི་དབང་ཕྱུག་ལོ་ཆེན་བྱང་ཆུབ་རྩེ་མོའི་གསུང་ལས་སྐྱེས་པ། སྐད་གཉིས་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ཆོས་སྤྱོད་བཅུ་པ་ལོ་ཆེན་ནམ་མཁའ་བཟང་པོ་དང་། ལོ་ཙཱ་བ་ཤེས་རབ་དཔལ་ལས་བརྡ་སྤྲོད་པའི་གཞུང་ལུགས་ཆེན་པོ་ཀཱ་ལ་པ་དང་། ཙནྡྲ་པ་ལ་སོགས་པ་ཆ་ལག་དང་བཅས་པ་གསན་ནོ། །” དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་པ་ངོ་མཚར་གྱི་དགའ་སྟོན་ཞེས་བྱ་བ། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ (གངས་ཅན་རིག་མཛོད། ༡༥) ཤ༨༥༑ ལོངས་ཁང་ཕུན་ཚོགས་རྡོ་རྗེ། བོ་དོང་པཎ་ཆེན་འཇིགས་མེད་གྲགས་པའི་རྣམ་ཐར་ངོ་མཚན་གྱི་ཕྲེང་བ། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༦ (གངས་ཅན་རིག་མཛོད། ༧༨) ཤ༤༨ལའང་གཅིག་མཚུངས་སུ་གསལ།
[14] རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ། འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྣམ་ཐར། ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་ཁང་། ༢༠༡༧།
[15] རྗེ་ཙོང་ཁ་བ། བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་པ་བརྗོད་པའི་སྙན་དངགས་དཔག་བསམ་གྱི་ལྗོན་པ་ཞེས་བྱ་བ། གསུང་འབུམ། ཞོལ་པར། པོད། ༢། ཤ ༤༤༤།
[16] རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། རྗེ་བཙུན་ཙོང་ཁ་པའི་རྣམ་ཐར་ཆེན་མོའི་ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས་བཞུགས་སོ།། གསུང་འབུམ། ཞོལ་པར། པོད། ༡། ཤ ༡༥༥།
[17] རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། རྗེ་བཙུན་ཙོང་ཁ་པའི་རྣམ་ཐར་ཆེན་མོའི་ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས་བཞུགས་སོ།། གསུང་འབུམ། ཞོལ་པར། པོད། ༡། ཤ ༡༥༥།
[18] “སྤོང་” སྤྲིན་གྱི་ཕོ་ཉ། པེ་བསྟན། མངོན་བརྗོད། ཤེ། ཤ༣༦༥བ༥༑ སྤྲིན་གྱི་ཕོ་ཉ། གསེར་བསྟན། ཤེ། ཤ༤༠༡བ༡༑ སྤྲིན་གྱི་ཕོ་ཉ། སྣར་བསྟན། མདོ་འགྲེལ། སྒྲ་རིག་པ། པོད། ༢༠༥། ཤེ། ཤ༣༠༧བ༦༑
[19] “དྲ་མའི་དྲི་པོར” སྡེ་དགེ་པར་མ། སྡེ་བསྟན། སྒྲ་མདོ། སེ། ཤ༣༤༡བ༢།
[20] “स्वाधिकारप्रमत्तः”. E. Hultzsch. Kālidāsa’s Meghadūta. New Delhi: Munshiram Manoharlal Pvt. Ltd., 1998, p. 1.
[21] ནོར་བྲང་ཨོ་རྒྱན། སྤྲིན་གྱི་ཕོ་ཉའི་འགྲེལ་བ་ངོ་མཚར་དགའ་སྟོན། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤། ཤ༥།
[22] བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་བཞུགས་སོ། ། སྡེ་བསྟན། སྒྲ་མདོ། སེ། ཤ༦ན༧-༦བ༡།
[23] ཁྲོ་རུ་ཚེ་རྣམ། སྒྲ་གཞུང་ཕྱོགས་བསྒྲིགས། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༩༥། ཤ༢༢༦།
[24] ཁྲོ་རུ་ཚེ་རྣམ། སྒྲ་གཞུང་ཕྱོགས་བསྒྲིགས། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༩༥། ཤ༢༢༦།
[25] ཀ་ལ་པའི་མདོ། སྡེ་བསྟན། སྒྲ་མདོ། ལེ། ཤ༧བ༥-༦།
[26] སྤྲིན་གྱི་ཕོ་ཉ། སྣར་བསྟན། མདོ་འགྲེལ། སྒྲ་རིག་པ། པོད། ༢༠༥། ཤེ། ཤ༣༠༨ན༧༑ སྤྲིན་གྱི་ཕོ་ཉ། སྡེ་བསྟན། སྒྲ་མདོ། སེ། ཤ༣༤༢ན༡༑ སྤྲིན་གྱི་ཕོ་ཉ། པེ་བསྟན། མངོན་བརྗོད། ཤེ། ཤ༣༦༦ན༧༑ སྤྲིན་གྱི་ཕོ་ཉ། གསེར་བསྟན། ཤེ། ༤༠༢ན༦༑
[27] སྤྲིན་གྱི་ཕོ་ཉ། སྣར་བསྟན། མདོ་འགྲེལ། སྒྲ་རིག་པ། པོད། ༢༠༥། ཤེ། ཤ༣༠༨བ༡༑ སྤྲིན་གྱི་ཕོ་ཉ། སྡེ་བསྟན། སྒྲ་མདོ། སེ། ཤ༣༤༢ན༢༑ སྤྲིན་གྱི་ཕོ་ཉ། པེ་བསྟན། མངོན་བརྗོད། ཤེ། ཤ༣༦༦བ༡༑ སྤྲིན་གྱི་ཕོ་ཉ། གསེར་བསྟན། ཤེ། ༤༠༢བ༡༑
[28] སྤྲིན་གྱི་ཕོ་ཉ། སྣར་བསྟན། མདོ་འགྲེལ། སྒྲ་རིག་པ། པོད། ༢༠༥། ཤེ། ཤ༣༠༩བ༥༑ སྤྲིན་གྱི་ཕོ་ཉ། སྡེ་བསྟན། སྒྲ་མདོ། སེ། ཤ༣༤༣ན༣༑ སྤྲིན་གྱི་ཕོ་ཉ། པེ་བསྟན། མངོན་བརྗོད། ཤེ། ཤ༣༦༧བ༦-༧༑ སྤྲིན་གྱི་ཕོ་ཉ། གསེར་བསྟན། ཤེ། ༤༠༤ན༤༑
[29] དཔའ་རིས་དོར་ཞི་གདོང་དྲུག་སྙེམས་བློ། སྙན་ངག་སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་གོ་བདེ་ངག་རིག་ཀུན་དའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ། ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༨། ཤ༡༦།
[30] M. R. Kale. The Meghadūta of Kālidāsa. Delhi: Motilal Ranarasidass, 2018, p. 84; E. Hultzsch. Kālidāsa’s Meghadūta. New Delhi: Munshiram Manoharlal Pvt. Ltd., 1998, p. 26.
[31] དཔའ་རིས་དོར་ཞི་གདོང་དྲུག་སྙེམས་བློ། སྙན་ངག་སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་གོ་བདེ་ངག་རིག་ཀུན་དའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ། ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༨། ཤ༣༥།
[32] དཔའ་རིས་དོར་ཞི་གདོང་དྲུག་སྙེམས་བློ། སྙན་ངག་སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་གོ་བདེ་ངག་རིག་ཀུན་དའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ། ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༨། ཤ༣༨།
[33] སྤྲིན་གྱི་ཕོ་ཉ། སྣར་བསྟན། མདོ་འགྲེལ། སྒྲ་རིག་པ། པོད། ༢༠༥། ཤེ། ཤ༣༡༣ན༦༑ སྤྲིན་གྱི་ཕོ་ཉ། སྡེ་བསྟན། སྒྲ་མདོ། སེ། ཤ༣༤༦ན༡༑ སྤྲིན་གྱི་ཕོ་ཉ། པེ་བསྟན། མངོན་བརྗོད། ཤེ། ཤ༣༧༡བ༥༑ སྤྲིན་གྱི་ཕོ་ཉ། གསེར་བསྟན། ཤེ། ༤༠༩ན༣༑ སྤྲེལ་ནག་པ་དང་རྡོ་རྗེ་སྐྱབས། སྤྲིན་གྱི་ཕོ་ཉ་སྐད་བཞི་ཤན་སྦྱར་མ། རྡ་ས། ཕན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། ༢༠༡༩། ཤ༡༠༧།
[34] སྤྲེལ་ནག་པ་དང་རྡོ་རྗེ་སྐྱབས། སྤྲིན་གྱི་ཕོ་ཉ་སྐད་བཞི་ཤན་སྦྱར་མ། རྡ་ས། ཕན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། ༢༠༡༩། ཤ༡༠༨།
[35] M. R. Kale. The Meghadūta of Kālidāsa. Delhi: Motilal Ranarasidass, 2018, p. 93.
[36] E. Hultzsch. Kālidāsa’s Meghadūta. New Delhi: Munshiram Manoharlal Pvt. Ltd., 1998, p. 29.
[37] M. R. Kale. The Meghadūta of Kālidāsa. Delhi: Motilal Ranarasidass, 2018, p. 155; E. Hultzsch. Kālidāsa’s Meghadūta. New Delhi: Munshiram Manoharlal Pvt. Ltd., 1998, p. 47.
[38] དཔའ་རིས་དོར་ཞི་གདོང་དྲུག་སྙེམས་བློ། སྙན་ངག་སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་གོ་བདེ་ངག་རིག་ཀུན་དའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ། ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༨། ཤ༦༩།
[39] ནོར་བྲང་ཨོ་རྒྱན། སྤྲིན་གྱི་ཕོ་ཉའི་འགྲེལ་བ་ངོ་མཚར་དགའ་སྟོན། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤། ཤ༡༨༧།
[40] “ལྷོ་ནས་ཞུགས་པ་” སྤྲིན་གྱི་ཕོ་ཉ། སྣར་བསྟན། མདོ་འགྲེལ། སྒྲ་རིག་པ། པོད། ༢༠༥། ཤེ། ཤ༣༡༩ན༣༑ སྤྲིན་གྱི་ཕོ་ཉ། པེ་བསྟན། མངོན་བརྗོད། ཤེ། ཤ༣༧༨བ༣༑ སྤྲིན་གྱི་ཕོ་ཉ། གསེར་བསྟན། ཤེ། ༤༡༧ན༦༑
[41] སྤྲིན་གྱི་ཕོ་ཉ། སྡེ་བསྟན། སྒྲ་མདོ། སེ། ཤ༣༥༠བ༢༑
[42] དཔའ་རིས་དོར་ཞི་གདོང་དྲུག་སྙེམས་བློ། སྙན་ངག་སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་གོ་བདེ་ངག་རིག་ཀུན་དའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ། ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༨། ཤ༧༩།
[43] ནོར་བྲང་ཨོ་རྒྱན། སྤྲིན་གྱི་ཕོ་ཉའི་འགྲེལ་བ་ངོ་མཚར་དགའ་སྟོན། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤། ཤ༢༠༢།
[44] “ལ” སྤྲིན་གྱི་ཕོ་ཉ། སྡེ་བསྟན། སྒྲ་མདོ། སེ། ཤ༣༥༠བ༢།
[45] “མ་ལུས” སྤྲིན་གྱི་ཕོ་ཉ། སྡེ་བསྟན། སྒྲ་མདོ། སེ། ཤ༣༥༠བ༢།
[46] “གྱུར” སྤྲིན་གྱི་ཕོ་ཉ། སྡེ་བསྟན། སྒྲ་མདོ། སེ། ཤ༣༥༠བ༢༑ སྤྲིན་གྱི་ཕོ་ཉ། པེ་བསྟན། མངོན་བརྗོད། ཤེ། ཤ༣༧༨བ༤༑ སྤྲིན་གྱི་ཕོ་ཉ། གསེར་བསྟན། ཤེ། ༤༡༧བ༡།
[47] “འཁོར་ལོ་རྩིབས” སྤྲིན་གྱི་ཕོ་ཉ། སྡེ་བསྟན། སྒྲ་མདོ། སེ། ཤ༣༥༠བ༥༑ “འཁོར་ལོའི་རྩིབས” སྤྲིན་གྱི་ཕོ་ཉ། པེ་བསྟན། མངོན་བརྗོད། ཤེ། ཤ༣༧༨བ༨༑ སྤྲིན་གྱི་ཕོ་ཉ། གསེར་བསྟན། ཤེ། ༤༡༧བ༤༑ སྤྲིན་གྱི་ཕོ་ཉ། སྣར་བསྟན། མདོ་འགྲེལ། སྒྲ་རིག་པ། པོད། ༢༠༥། ཤེ། ཤ༣༡༩ན༦༑
– – – – –