[ནང་དོན་གནད་བསྡུས།] དུས་རབས་བཅུ་བཞི་པ་མན་ཆད་དུ་བརྩམས་པའི་བོད་ཀྱི་ཤེར་ཕྱིན་ཡིག་ཆ་ཕལ་མོ་ཆེར་མདོ་སྡུད་པ་ནི་ཁྲི་བརྒྱད་སྟོང་པའི་ལེའུ་གྱ་བཞི་པ་ལས་ལོགས་སུ་མེད་པར་བཤད་མོད། དཔྱད་རྩོམ་འདིར་རྒྱས་པ་འབུམ་ལའང་མདོ་སྡུད་པ་ཡོད་པར་རྒྱུ་མཚན་གསུམ་གྱི་ལམ་ནས་ཁུངས་སྐྱེལ་བྱས་ཡོད།
[གནད་ཚིག།] ཤེར་ཕྱིན། འབུམ། མདོ་སྡུད་པ།
དང་པོ། གླེང་བསླངས་བ།
དེ་ཡང་བདག་ཅག་གི་སྟོན་པས་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བ་དག་གི་གནད་འདུས་པ་ནི། ཡོན་ཏན་རིན་པོ་ཆེ་སྡུད་པ་འདི་ཉིད་ཡིན་ཞིང་། འདིས་དངོས་བརྒྱད་དོན་བདུན་ཅུའི་རྣམ་གཞག་ཚང་བར་སྟོན་ཅིང་གཞུང་གི་ཚིག་ཚོགས་ཉུང་བ་དང་། ཞལ་ནས་གསུངས་པའི་བཀའ་ཡིན་པས། འཇུག་བདེ་ཞིང་བྱིན་རླབས་ཆེ་བ་ལ་དགོངས་ནས། ཀུན་མཁྱེན་མི་ཕམ་པས་ཀྱང་མངོན་རྟོགས་རྒྱན་གྱི་བཤད་བྱ་རྩ་བའི་མདོ་དག་ལས་འདི་ཉིད་ཁོ་ན་རྩལ་འདོན་མཛད་པ་ཡིན་ཏེ། འདིའི་ཚིག་དོན་མཐར་ཆགས་སུ་འགྲེལ་བའི་གཞུང་《རྒྱལ་བའི་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད།》དང་། 《མདོ་རྒྱན་སྦྱར་ཚུལ་མ་ཕམ་ཞལ་ལུང་།》གཉིས་མཛད་དོ། །
དུས་རབས་བཅུ་བཞི་པ་མན་ཆད་དུ་བརྩམས་པའི་བོད་གངས་ཅན་གྱི་ཤེར་ཕྱིན་གྱི་ཡིག་ཆ་རྣམས་སུ་མདོ་སྡུད་པ་ཁྲི་བརྒྱད་སྟོང་པ་ལས་ལོགས་སུ་ཡོད་མེད་ཀྱི་དཔྱད་པ་མང་དུ་བྱས་མོད། འབུམ་དང་། ཉི་ཁྲི། ཤེས་རབ་ཁྲི་པ། བརྒྱད་སྟོང་པ་བཅས་ལ་མདོ་སྡུད་པ་ཡོད་མེད་ཀྱི་དཔྱད་པ་བྱས་པ་ཆེར་མི་སྣང་ཞིང་། གསེར་ཕྲེང་སོགས་ཀྱིས་སྡུད་པ་ནི་ཁྲི་བརྒྱད་སྟོང་པའི་ལེའུ་གྱ་བཞི་པ་ཡིན་པ་རྒྱུ་མཚན་དུ་བཀོད་ནས། དེ་ཉིད་ཁྲི་བརྒྱད་སྟོང་པ་ལས་གཞུང་ཚན་ལོགས་སུ་བགྲང་མི་རུང་བར་བཤད་དོ། །
དེ་ལྟ་ནའང་འབུམ་དང་། ཉི་ཁྲི། ཁྲི་བརྒྱད་སྟོང་པ། བརྒྱད་སྟོང་པ་བཅས་ནི་གདུལ་བྱ་ལ་ཚིག་གི་རྒྱས་བསྡུས་མི་འདྲ་བར་སྣང་བས་གཞུང་ཚན་སོ་སོར་བསྡུས་པ་ཡིན་གྱི། སྟོན་པས་དུས་སྔ་ཕྱི་སོ་སོར་གསུངས་པ་མ་ཡིན་ལ། ཁྲི་བརྒྱད་སྟོང་པ་དང་མཚུངས་པར་མདོ་གཞན་རྣམས་ལའང་མདོ་སྡུད་པ་ཡོད་པར་སྣང་བས། ཐོག་མར་ཡུམ་འབུམ་པ་ལ་མདོ་སྡུད་པ་ཡོད་མེད་དཔྱད་པར་བྱའོ། །
གཉིས་པ། གླེང་གཞི་ལ་བརྟེན་ནས་རྒྱས་པ་འབུམ་ལ་མདོ་སྡུད་པ་ཡོད་པར་སྒྲུབ་པ།
དེ་ཡང་མདོ་སྡུད་པ་ལ་གླེང་གཞི་མེད་ཅིང་། དེ་མེད་པའི་རྒྱུ་མཚན་ནི། བཀའ་བསྡུ་བྱེད་པ་པོས་བཀའ་བསྡུ་བྱེད་སྐབས་མདོ་སྡུད་པ་གཞུང་ཡན་གར་བར་མ་བསྡུས་པས་ཡིན་ཏེ། གལ་ཏེ་བཀའ་བསྡུ་བྱེད་སྐབས་གཞུང་ཡན་གར་བར་བསྡུས་ན། དེ་ལ་གླེང་གཞི་མི་འགོད་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །
དེ་ཡང་དཔེ་མཚོན་ཁ་ཤས་བཤད་ན། ལྷོ་རྒྱུད་ནང་བསྟན་གྱི་ལུང་རིང་མོའི་མདོ་ཚན་བཅུ་དྲུག་པ་མྱང་འདས་ཆེན་པོའི་མདོ་དང་། བོད་འགྱུར་ལུང་ཕྲན་ཚེགས་ཀྱི་བམ་པོ་ཞེ་དགུ་པ་མན་ཆད་དུ་གསལ་བའི་མྱང་འདས་ཀྱི་རྣམ་གཞག་གཉིས་གླེང་གཞི་ཡོད་མེད་ཀྱི་ཁྱད་པར་ཙམ་ལས་བརྗོད་དོན་མཐུན་པར་བྱུང་ཞིང་། གླེང་གཞི་ཡོད་མེད་ཀྱི་ཁྱད་པར་འབྱུང་རྐྱེན་ནི། ལྷོ་རྒྱུད་ནང་བསྟན་གྱི་མྱང་འདས་ཆེན་པོའི་མདོ་ནི་སྡུད་པ་པོས་མདོ་ཡན་གར་བར་བསྡུས་ཤིང་། བོད་འགྱུར་ཕྲན་ཚེགས་ཁྲོད་ཀྱི་མྱང་འདས་ནི་མདོ་ཡན་གར་བར་མ་བསྡུས་པར་ཕྲན་ཚེགས་ཀྱི་ཆ་ཤས་སུ་བསྡུས་པས་ཡིན། ཞེས་དེང་གི་ཞིབ་འཇུག་པ་[1]དག་གིས་སྨྲས་པ་ལྟར་རོ། །གཞན་ཡང་བོད་འགྱུར་ཤེར་ཕྱིན་བདུན་བརྒྱ་པ་དཀོན་བརྩེགས་ལེའུ་ཞེ་དྲུག་པ་[2]ཡིན་པའི་གནད་ཀྱིས་དེ་ལ་གླེང་གཞི་མི་འབྱུང་བ་ལྟར་རོ། །ཨར་བྱང་ཆུབ་ཡེ་ཤེས་ཀྱི་སྡུད་པའི་བཤད་སྦྱར་ལས་ཀྱང་། དེས་ན་འདི་ནི་འབུམ་ལ་སོགས་པའི་ལེའུ་ཐ་མ་ཡིན་ནོ། །དེས་ན་འདི་ལ་གླེང་སློང་བ་ལ་སོགས་པ་མེད་པ་ཡིན་ནོ། །[3]ཞེས་གསུངས་སོ། །དེས་ན་ད་ལྟའི་བཀའ་འགྱུར་ཁྲོད་དུ་མདོ་སྡུད་པ་གཞུང་ཡན་གར་བར་ཡོད་པ་ནི། ཕྱིས་ཀྱི་རྗེས་འཇུག་དག་གིས་ཁོལ་དུ་ཕྱུང་བ་ཡིན་ལ། འདི་ཁོལ་དུ་འབྱིན་པ་པོ་ནི་བོད་ཀྱི་ལོ་ཙཱ་བ་མ་ཡིན་གྱི། རྒྱ་གར་གྱི་པཎྜི་ཏ་ཡིན་ཏེ། འདི་ལ་རྒྱ་འགྲེལ་གསུམ་[4]ཡོད་པའི་ཕྱིར་རོ། ། འོན་ཀྱང་པཎྜི་ཏ་སུ་ཡིས་ཁོལ་དུ་ཕྱུང་བ་ཡིན་ད་དུང་དཔྱད་དགོས་སོ། །
དེ་ལྟར་སྡུད་པ་ལ་གླེང་གཞི་མེད་པ་ནི་སྡུད་པ་མདོ་གཞན་གྱི་ཆ་ཤས་སུ་སོང་བས་ཡིན་ལ། སྡུད་པ་གང་གི་ཆ་ཤས་སུ་སོང་བའི་ཆ་ཅན་གྱི་མདོའི་གླེང་གཞི་ནི་དོན་དུ་སྡུད་པའི་གླེང་གཞིར་ཡང་འགྱུར་ཞིང་། སྟོང་ཕྲག་བརྒྱ་པའི་གླེང་གཞི་ནི་དོན་ལ་སྡུད་པའི་གླེང་གཞིའང་ཡིན་པའི་ཕྱིར་སྡུད་པ་མདོ་གང་གི་ཆ་ཤས་སུ་སོང་བའི་ཆ་ཅན་གྱི་མདོ་ནི་ཡུམ་འབུམ་པ་ཡིན་ནོ། །
འོ་ན་སྟོང་ཕྲག་བརྒྱ་པའི་གླེང་གཞི་ནི། དོན་ལ་མདོ་སྡུད་པའི་གླེང་གཞི་ཡིན་པ་ཅི་ཡིས་ཤེས་ཤེ་ན། སློབ་དཔོན་སེང་གེ་བཟང་པོའི་གཞུང་གིས་ཤེས་ཏེ། སྡུད་འགྲེལ་རྟོགས་སླ་ལས། དེ་ལ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བའི་གླེང་གཞིའི་སྐབས་བསམ་པར་བྱ་སྟེ། ཞེས་པ་ནས། གང་བཅོམ་ལྡན་འདས་ཀྱིས་སྟོང་ཕྲག་བརྒྱ་པའི་རྩོམ་པར་གསུངས་པ་དེ་འདིར་ཡང་གཟུང་བར་བྱའོ། །[5]ཞེས་གསུངས་པའི་ཕྱིར་རོ། །
གསུམ་པ། ཡིག་རྙིང་ལ་བརྟེན་ནས་རྒྱས་པ་འབུམ་ལ་མདོ་སྡུད་པ་ཡོད་པར་སྒྲུབ་པ།
རང་རེའི་ཡིག་ཆ་གཞན་དུ་མི་གསལ་བའི་ལོ་རྒྱུས་དང་ཡིག་ཚང་གི་གནད་དོན་དུ་མ་ཞིག་ཏུན་ཧོང་ཡིག་རྙིང་ལ་བརྟེན་ནས་ཐག་ཆོད་དང་གྲུབ་དོན་འབྱུང་བཞིན་ཡོད་པ་ལྟར། འདིར་ཡང་རྒྱས་པ་འབུམ་ལ་མདོ་སྡུད་པ་ཡོད་པར་ཏུན་ཧོང་ཡིག་རྙིང་གིས་འགྲུབ་སྟེ། ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་ཡིག་རྙིང་ཨང་རྟགས་(Db.t.0317)ཅན་གྱི་མདོ་སྡུད་པ་ཆ་ཚང་བ་དང་།[6] ཨང་རྟགས་(Db.t.1108)ཅན་གྱི་མདོ་སྡུད་པ་མ་ཚང་བ།[7] ཨང་རྟགས་(Db.t.1852)ཅན་གྱི་མདོ་སྡུད་པ་མ་ཚང་བ།[8] ཨང་རྟགས་(Db.t.1930)ཅན་གྱི་སྡུད་པ་མ་ཚང་བ།[9] ཨང་རྟགས་(Db.t.1931)ཅན་གྱི་སྡུད་པ་མ་ཚང་བ།[10] ཨང་རྟགས་(Db.t.2480)ཅན་གྱི་སྡུད་པ་མ་ཚང་བ།[11] དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་ཡིག་རྙིང་ཨང་རྟགས་(IOL.Tib.J.VOL.17)ཅན་གྱི་སྡུད་པ་སྟེ།[12] མདོ་སྡུད་པའི་མ་དཔེ་བདུན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། སྡུད་པ་ཚིགས་སུ་བཅད་པའི་ལེའུ། ཞེས་འབྱུང་བའི་ཕྱིར་རོ། །
གལ་ཏེ་རྒྱས་པ་འབུམ་ལ་མདོ་སྡུད་པ་ཡོད་ན། མདོ་སྡུད་པ་རྒྱས་པ་འབུམ་གྱི་ལེའུའི་གྲངས་གང་ཞིག་ཡིན་ཞེ་ན། ལེའུ་གྱ་བཞི་པ་ཡིན་ཏེ། གོང་དུ་བཀོད་པའི་ཏུན་ཧོང་ཡིག་རྙིང་ཨང་རྟགས་(Db.t.0317) (Db.t.1852) (Db.t.2480) (IOL.Tib.J.VOL.17)བཅས་ཀྱི་མདོ་སྡུད་པའི་དཔེ་བཞི་ཆར་ལས། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། སྡུད་པ་ཚིགས་སུ་བཅད་པའི་ལེའུ་སྟེ་བརྒྱད་ཅུ་རྩ་བཞི་པའོ། །ཞེས་འབྱུང་བའི་ཕྱིར་རོ། །
འོ་ན་སྡེ་དགེའི་བཀའ་འགྱུར་ཁྲོད་དུ་བཞུགས་པའི་རྒྱས་པ་འབུམ་ལ་ལེའུ་བདུན་ཅུ་དོན་གཉིས་མ་གཏོགས་མེད་པས། མདོ་སྡུད་པ་དེའི་ལེའུ་གྱ་བཞི་པར་ཇི་ལྟར་འགྱུར་ཞེ་ན། དཔྱད་པར་བྱ་སྟེ། གཡུང་ལོའི་བཀའ་འགྱུར། ལི་ཐང་བཀའ་འགྱུར། པེ་ཅིང་བཀའ་འགྱུར། སྡེ་དགེའི་བཀའ་འགྱུར། ཅོ་ནེའི་བཀའ་འགྱུར། སོག་ཁུ་རེའི་བཀའ་འགྱུར་བཅས་ཀྱི་འབུམ་ལ་ལེའུ་དོན་གཉིས་མ་གཏོགས་མེད་ལ། སྣར་ཐང་བཀའ་འགྱུར་དང་། ལྷ་སའི་བཀའ་འགྱུར་གྱི་འབུམ་ལ་བྱམས་ཞུས། ཆོས་འཕགས། རྟག་ངུའི་ལེའུ་བཅས་བསྣན་ཏེ་ལེའུ་དོན་ལྔ་ཡོད་དོ། །
དེས་ན་ད་ཡོད་འབུམ་གྱི་མ་དཔེ་ཁག་ཀྱང་ལེའུའི་གྲངས་མི་མཐུན་པས། བཙན་པོའི་དུས་ཀྱི་འབུམ་ལ་ལེའུའི་གྲངས་ཇི་ཙམ་ཡོད་ད་ལྟའི་བཀའ་འགྱུར་དཔར་གཞི་ཁག་གིས་གསལ་བཤད་བྱེད་མི་ཐུབ་ལ། བཅོམ་ལྡན་རིག་རལ་གྱི་སྟོང་ཕྲག་བརྒྱ་པ་རྒྱན་གྱི་མེ་ཏོག་ལས། རྒྱ་ནག་གི་ལོ་ཙཱ་བ་འགོས་ཆོས་འགྲུབ་དང་རྣམ་པར་མི་རྟོག་པ་ལ་སོགས་པས་རྒྱ་ནག་ལས་བསྒྱུར་བ་ལ་ནི་ཏིང་ངེ་འཛིན་བརྒྱ་དྲུག་ཅུ་རྩ་གསུམ་རྒྱས་བཤད་དང་བཅས་པ་དང་། བྱམས་ཞུས་དང་། རྟག་ཏུ་ངུ་དང་། ཆོས་འཕགས་དང་། ཡོངས་གཏད་པའི་ལེའུ་དང་བཅས་པ་ཚིག་མང་པོས་ལྷག་པ་ཡོད་དོ། །[13]ཞེས་དང་། སྣར་ཐང་བཀའ་འགྱུར་དཀར་ཆག་རྒྱས་པ་ལས། དེང་སང་ཡོངས་སུ་གྲགས་པ་འབུམ་དུ་བརྗོད་པའི་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་བམ་པོ་སུམ་བརྒྱ་དང་ལེའུ་དོན་གཉིས། ཤོ་ལོ་ཀ་ཅིག་འབུམ་གྱི་བདག་ཉིད་ཅན་དུ་བཞུགས་ཤིང་དཀར་ཆག་འགའ་ཞིག་ནས་བམ་པོ་སུམ་བརྒྱ་དང་གསུམ། ལེའུ་བདུན་ཅུ་རྩ་ལྔར་བཤད་པའང་ཡོད།[14]ཞེས་གསུངས་པས། སྔོན་གྱི་བོད་འགྱུར་དག་ལའང་མི་མཐུན་པ་དུ་མ་ཡོད་པར་སྣང་ཞིང་། ཐང་བཙུན་པའི་རྒྱ་འགྱུར་ལ་ལེའུ་དོན་དགུ་ཡོད་དོ། །
ཁྱད་པར་དུ་འབུམ་གྱི་རྒྱ་དཔེ་རང་ལའང་རྒྱས་བསྡུས་དུ་མ་ཡོད་ངེས་ཏེ། ད་སྐབས་རྙེད་སོན་བྱུང་བའི་རྡོ་རྗེ་གཅོད་པའི་རྒྱ་དཔེ་གསུམ་པོའང་རྒྱས་བསྡུས་མི་འདྲ་ཞིང་། རྒྱ་ནག་ཏུ་འགྱུར་བའི་བརྒྱད་སྟོང་པའི་འགྱུར་དྲུག་པོ་རྒྱས་བསྡུས་མི་མཚུངས་པ་དང་། བོད་འགྱུར་ཉི་ཁྲི་ལ་ལེའུ་དོན་དྲུག་དང་། རྒྱ་ནག་གི་ལོ་ཙཱ་བ་ཀྲོང་ཧྲི་ཞེན་(朱士行)གྱི་རྒྱ་འགྱུར་ཉི་ཁྲི་[15]ལ་ལེའུ་དགུ་བཅུ། ཐང་བཙུན་པའི་རྒྱ་འགྱུར་ཉི་ཁྲི་[16]ལ་ལེའུ་གྱ་ལྔ་སྟེ། ཉི་ཁྲིའི་འགྱུར་གསུམ་པོའི་ལེའུའི་གྲངས་མི་མཚུངས་པ་དང་། རྒྱ་འགྲེལ་ཁག་ཏུ་དྲངས་པའི་ཉི་ཁྲིའི་མདོ་ཚན་དུ་མ་ཞིག་ད་ལྟའི་བོད་འགྱུར་ཉི་ཁྲིར་མི་སྣང་བའང་རྒྱ་དཔེ་ལ་རྒྱས་བསྡུས་ཡོད་པའི་དབང་གིས་ཡིན་པར་སྣང་ངོ་། །
གཞན་ཡང་གཞུང་ལ་རྒྱས་བསྡུས་མེད་ཀྱང་། ལེའུ་དབྱེ་བསྡུ་བྱེད་ཚུལ་གྱིས་ཀྱང་ལེའུའི་གྲངས་མི་མཐུན་པ་ཉི་ཁྲི་ལེའུ་མང་དང་ལེའུ་བརྒྱད་ལྟ་བུའང་ཡོད་པས། ད་ཡོད་བཀའ་འགྱུར་གྱི་དཔར་གཞི་ཁག་རྒྱུ་མཚན་དུ་བྱས་ཏེ་ཏུན་ཧོང་ཡིག་རྙིང་ལ་ཅོ་འདྲི་བ་ནི་མོན་ཡུལ་རྡོར་གཅོད་ཀྱི་དཔེ་དང་མཚུངས་སོ། །
བཞི་པ། ལུང་རིགས་གཞན་ལ་བརྟེན་ནས་རྒྱས་པ་འབུམ་ལ་མདོ་སྡུད་པ་ཡོད་པར་སྒྲུབ་པ།
མདོ་སྡུད་པ་ལས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དེ་དག་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཅིང་། ཞེས་གསུངས་ཤིང་། དེའི་དོན་སྡུད་འགྲེལ་རྟོགས་སླ་ལས། དེ་ནས་ཀྱི་སྒྲ་ནི་རྒྱས་པར་བསྟན་པའི་དེ་མ་ཐག་ཏུ་འམ། མན་ངག་མདོར་བསྡུས་ནས་བསྟན་པའི་སྐབས་ཡིན་ནོ། །[17]ཞེས་དང་། ཡང་ཞེས་བྱ་བ་ནི་རྒྱས་པར་བསྟན་པ་ལ་ལྟོས་ནས་ཡང་འདི་དེ་མ་ཐག་ཏུ་བསྟན་ཏེ།[18]ཞེས་དང་། སྤྲོས་པས་གསུངས་པ་གོ་བའི་སེམས་ཅན་རྒྱས་པ་ལ་དགའ་བས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རབ་ཏུ་དབྱེ་བ་སྤྲོས་ནས་མངོན་པར་རྟོགས་པ་བརྒྱད་གསལ་བར་བྱེད་པའི་ཡུམ་སྟོང་ཕྲག་བརྒྱ་པའི་དོན་ཐམས་ཅད་ཉེ་བར་བསྡུས་པའི་དགོས་པ་ནི། ཞེས་པ་ནས། སེམས་བསྐྱེད་པ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་བསྡུས་པའི་ངོ་བོ་ཙམ་ཕྱོགས་གཅིག་ཏུ་ཐམས་ཅད་ཀྱི་ཐ་མར་གྱུར་པའི་ལེའུ་བཅོམ་ལྡན་འདས་ཀྱིས་ཡུལ་དབུས་ཀྱི་སྐད་ཀྱིས་ཚིགས་སུ་བཅད་པས་མངོན་པར་བསྟན་ཏོ། །[19]ཞེས་གསུངས་པ་དག་གིས་ཀྱང་གྲུབ་སྟེ། མདོ་སྡུད་པའི་གཞུང་ཚིག །དེ་ནས་ཡང་ཞེས་པའི་དོན། འགྲེལ་པས་རྒྱས་པར་བསྟན་པའི་དེ་མ་ཐག་ཏུ། ཞེས་བཀྲལ་ཞིང་རྒྱས་པར་བསྟན་པའང་སྟོང་ཕྲག་བརྒྱ་པ་ལ་འདོད་པའི་ཕྱིར་རོ། །
འདི་ཉིད་རིགས་པས་ཀྱང་འགྲུབ་སྟེ། དེ་ནས་ཞེས་སོགས་ཀྱི་དོན་སྟོང་ཕྲག་བརྒྱ་པའི་གཞུང་ཧྲིལ་པོ་རྫོགས་རྗེས་སུ་ཞེས་པའི་དོན་མ་ཡིན་གྱི། སྟོང་ཕྲག་བརྒྱ་པས་དངོས་བརྒྱད་དོན་བདུན་ཅུ་རྒྱས་པར་བསྟན་ཟིན་པའི་དེ་མ་ཐག་ཏུ་སླར་ཡང་བསྡུས་ཏེ་བསྟན་པའི་དོན་ཡིན་པའི་ཕྱིར་ཏེ། །གཞན་དུ་ན་མདོ་སྡུད་པར། རྟག་ཏུ་ངུའི་ལེའུ་སོགས་ལེའུ་ཕྱི་མ་རྣམས་ཀྱི་བསྡུས་དོན་ཀྱང་འབྱུང་དགོས་པ་ལ་མི་འབྱུང་བའི་ཕྱིར་རོ། །དེས་ན་སྟོང་ཕྲག་བརྒྱ་པར་དངོས་བརྒྱད་དོན་བདུན་ཅུ་རྒྱས་པར་སྟོན་པའི་མདོ་རྫོགས་རྗེས་སུ། དེ་ཉིད་བསྡུས་ཏེ་སྟོན་པའི་སྡུད་པ་བྱུང་ཞིང་། དེའི་རྗེས་སུ་རྟག་ཏུ་ངུའི་ལེའུ་སོགས་བྱུང་བ་ཡིན་ལ། གོ་རིམ་འདི་ནི་མདོ་སྡུད་པ་དངོས་སུ་འཁོད་པའི་ཁྲི་བརྒྱད་སྟོང་པའི་གོ་རིམ་དང་ཡང་ཤིན་ཏུ་མཐུན་ནོ། །
དཔྱད་ཡིག་དང་ཞབས་མཆན།
[1] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། 3 གསང་སྔགས་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 99
[2] དཀོན་བརྩེགས་ལས། (སྡེ་བཀའ། དཀོན་བརྩེགས། ཆ། ཤོག་ལྡེབ།209 )འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། འཇམ་དཔལ་གྱིས་ཞུས་པའི་ལེའུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ཞེས་བྱ་སྟེ་ལེའུ་བཞི་བཅུ་རྩ་དྲུག་པ་རྫོགས་སོ།། །།ཞེས་གསུངས།
[3] ཨར་བྱང་ཆུབ་ཡེ་ཤེས་ཀྱི་གསུང་ཆོས་སྐོར། སྟོད་ཆ། མདོ་སྡུད་པའི་བཤད་སྦྱར། རྔ་བ་ཀིརྟི་དགོན་དཔེ་མཛོད་ཁང་། ཤོག་ངོས། 65
[4] སེངྒེ་བཟང་པོའི་སྡུད་འགྲེལ་རྟོགས་སླ། སངས་རྒྱས་ཡེ་ཤེས་ཞབས་ཀྱི་དཀའ་འགྲེལ། ཁ་ཆེ་དྷརྨ་ཤྲཱིའི་མཛོད་ཀྱི་ལྡེ་མིག།
[5] སྡེ་བསྟན། ཤེར་ཕྱིན། ཇ། སྡུད་འགྲེལ་རྟོགས་སླ། ཤོག་ལྡེབ། 2
[6] ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་ཡིག་རྙིང་ཨང་རྟགས་(Db.t.0317)ཅན་གྱི་མདོ་སྡུད་པ་ལས། (ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་། པོད་4པ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས། 7)བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། སྡུད་པ་ཚིགས་སུ་བཅད་པའི་ལེའུ།ཞེས་དང་། དེའི་མཇུག་བྱང་དུ། (ཤོག་ངོས། 18 )བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། སྡུད་པའི་ཚིགས་སུ་བཅད་པ་རྫོགས་སོ། །༄། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། སྡུད་པའྀ་ཚིགས་སུ་བཅད་པའི་ལེའུ་སྟེ་བརྒྱད་ཅུ་རྩ་བཞི་པའོ། ། །དགེ་སློང་ཤེས་རབ་འོད་ཀྱིས་བྲིས། ཞུས། ཞེས་གསུངས།
[7] ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་ཡིག་རྙིང་ཨང་རྟགས།(Db.t.1108)པའི་སྡུད་པ་ཤོག་ལྡེབ་གཅིག་ཅན་ལས། (ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་། པོད་6པ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས། 236) བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། སྡུད་པའྀ་ཚིགས་སུ་བཅད་པའྀ་ལེའུ། །ཞེས་གསུངས།
[8] ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་ཡིག་རྙིང་ཨང་རྟགས།(Db.t.1852)པའི་སྡུད་པ་ཤོག་ལྡེབ་གཅིག་ཅན་ལས། (ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་། པོད་14པ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས། 91 ) བཅོམ་ལྡན་འདས་མ་ཤེས་རབ་ཀྱྀ་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་སྡུད་པའྀ་ཚིགས་སུ་བཆད་ཕ་རྫོགས་སོ། །༄།ཿ།བཅོམ་ལྡན་འདས་མ་ཤེས་རབ་ཀྱྀ་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་སྡུད་པའྀ་ཚིགས་སུ་བཆད་ཕའྀ་ལེའུ་སྟེ་བརྒྱད་ཅུ་རྩ་བཞི་པའོ། །ཞེས་དང་།
[9] ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་ཡིག་རྙིང་ཨང་རྟགས།(Db.t.1930)པའི་སྡུད་པ་ཤོག་ལྡེབ་གཅིག་ཅན་ལས། (ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་། པོད་14པ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས། 265) བོད་སྐད་དུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའ། སྟོང་ཕྲག་བརྒྱའ་པ་ལས་སྡུད་པའི་ཚིགསུ་བཅད་པའི་ལེའུ། །ཞེས་གསུངས།
[10] ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་ཡིག་རྙིང་ཨང་རྟགས།(Db.t.1931)པའི་སྡུད་པ་ཤོག་ལྡེབ་གཅིག་ཅན་ལས། (ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་། པོད་14པ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས། 266)བོད་སྐད་དུ་བཅོམ་ལྡན་འདའས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱའ་པ་ལས་སྡུད་པའི་ཚིགས་སུ་བཅད་པའྀ་ལེའུ། །ཞེས་གསུངས།
[11] ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་ཡིག་རྙིང་ཨང་རྟགས།(Db.t.2480)པའི་སྡུད་པ་ཤོག་ལྡེབ་གཅིག་ཅན་ལས། (ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་། པོད་17པ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས། 233) བཅོམ་ལྡན་འདས་མ་ཤེས་རབ་ཀྱྀ་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་སྡུད་པའྀ་ཚིགས་སུ་བཆད་པ་རྫོགས་སོ།།ཿ།།ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་སྡུད་པའྀ་ཚིགས་སུ་བཅད་པའྀ་ལེའུ་སྟེ་བརྒྱ་ཅུ་རྩ་བཞྀ་པའོ།།ཿ།།ཞེས་གསུངས།
[12] དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་ཡིག་རྙིང་ཨང་རྟགས།(IOL.Tib.J.VOL.17)ཅན་གྱི་སྡུད་པ་ལས། (དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་བོད་ཡིག་ཡིག་ཚགས། པོད་3པ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས། 177)འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། །སྡུད་པ་ཚིགས་སུ་བཅད་པའི་ལེ་འུ་ཞེས་བྱ་སྟེ། །བརྒྱད་ཅུ་རྩ་བཞི་པ། །རྫོགས་སོ། །ཞེས་གསུངས།
[13] བཅོམ་ལྡན་རིག་པའི་རལ་གྲིའི་གསུང་འབུམ། པོད་4པ། སྟོང་ཕྲག་བརྒྱ་པ་རྒྱན་གྱི་མེ་ཏོག། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་བསྒྲིགས་ཁང་གི་ནང་ཁུལ་ཡིག་ཆ། ཤོག་ངོས། 228
[14] བཀའ་འགྱུར་དཔེ་བསྡུར་མ། པོད་106པ། འོལ་ཁ་སླེ་ལུང་བློ་བཟང་ཕྲིན་ལས། སྣར་ཐང་བཀའ་འགྱུར་དཀར་ཆག་རྒྱས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས། 225
[15] ཤེར་ཕྱིན་འོད་འཕྲོ་བ།(放光般若)
[16] ཤེར་ཕྱིན་ཚོགས་གཉིས་པ།
[17] སྡེ་བསྟན། ཤེར་ཕྱིན། ཇ། སྡུད་འགྲེལ་རྟོགས་སླ། ཤོག་ལྡེབ།4
[18] སྡེ་བསྟན། ཤེར་ཕྱིན། ཇ། སྡུད་འགྲེལ་རྟོགས་སླ། ཤོག་ལྡེབ། 4
[19] སྡེ་བསྟན། ཤེར་ཕྱིན། ཇ། སྡུད་འགྲེལ་རྟོགས་སླ། ཤོག་ལྡེབ། 1
– – – – –