བཀའ་དྲུང་ཤེལ་དཀར་མི་འགྱུར་གླིང་པའི“རང་ཚུལ་བརྗོད་པའི་ཀ་བཤད་”ཀྱི་རྒྱབ་མདུན་ལ་དཔྱད་པ།

0
603

གནད་བསྡུས།  དཔྱད་རྩོམ་འདིའི་ནང་སྤྱིར་བོད་ཀྱི་ཐུན་མིན་རྩོམ་ལུགས་ཀ་བཤད་ཀྱི་སྐོར་ནས་འཕྲོས་ཏེ། ཁྱད་པར་བཀའ་དྲུང་ཤེལ་དཀར་མི་འགྱུར་གླིང་པས་གཞུང་ལ་སྲི་ཞུ་སྒྲུབ་རིང་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་ལ་ཐུགས་འགན་ཇི་ལྟར་བཞེད་ཚུལ་གང་གིས་ལྗགས་རྩོམ་གནང་བའི་བརྩམས་ཆོས་ཀ་བཤད་རང་ཚུགས་བརྗོད་པའི་འབེལ་གཏམ་ནས་འཐེར་འདོན་བྱས་ཡོད་ལ། ལྷག་པར་བརྩམས་ཆོས་དེའི་བརྗོད་བྱ་དང་རྗོད་བྱེད། འབྲི་ཐབས་བཅས་ཀྱི་ཐུན་མིན་ཁྱད་ཆོས་གང་ལྕོགས་བསྔོགས་འདོན་བྱས་ཡོད། 

 གནད་ཚིག  ཀ་བཤད། བརྗོད་བྱ། རྗོད་བྱེད། ཤེལ་དཀར་གླིང་པ། འབྲི་ཐབས།

ཀ་བཤད་དང་འབྲེལ་བའི་སྔོན་གླེང་། 

༡ བོད་ཀྱི་ཐུན་མིན་ཀ་བཤད་རྩོམ་ལུགས་ནི་དར་ཁྱབ་ཧ་ཅང་ཆེ་བའི་རྩོམ་ལུགས་རང་མཚན་པ་ཞིག་ཏུ་གྱུར་ཀྱང་དེའི་གོ་དོན་གཅིག་གྱུར་ད་བར་བྱུང་མེད། ཀ་རྩོམ་ལ་ནང་བྱན་ཆུབ་པའི་བོད་ལྗོངས་ཀྱི་རྩོམ་པ་པོ་ལྷུན་གྲུབ་རྣམ་རྒྱལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་ཀ་བཤད་ཅེས་པ་ནི། བོད་ཀྱི་གསལ་བྱེད་སུམ་ཅུ་རྣམས་གོ་རིམ་ལྟར་ལུགས་འབྱུང་དང་ལུགས་ལྡོག་གི་སྒོ་ནས་སྐབས་བབ་ཀྱི་བརྗོད་དོན་སྟོན་པའི་བརྩམས་ཆོས་ཤིག་ལ་གོ ། ཡིན་ཡང་། བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད་ལས།“ཚིགས་སུ་བཅད་པའི་ལུས་ལ་ལུགས་འབྱུང་ལུགས་ལྡོག་སོགས་ཀ་ཕྲེང་གི་གོ་རིམ་ངེས་པར་ལྡན་ཞིང་།རང་བཞིན་ནམ་འཁྱོག་བརྗོད་ཀྱི་སྒྱུ་རྩལ་ལམ་ནས་སྤྱི་ཚོགས་འཚོ་བ་གནད་བསྡུས་སུ་མཚོན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན།”[[1]]ཞེས་གོང་དང་མི་འདྲ་བ་རྩོམ་ལུས་བཅད་མ་དགོས་ཚུལ་འགྲེལ་བརྗོད་བྱས་ཡོད། དེའི་རྒྱབ་ལྗོངས་ནི་བོད་ཀྱི་ཀ་རྩོམ་བརྒྱ་ཆ་དགུ་བཅུ་གོ་བརྒྱད་ཙམ་ཞིག་རྩོམ་ལུས་ཚིགས་བཅད་ཀྱི་ལུས་ཡིན་ཙང་ཁྱབ་ཆེ་བའམ་གཙོ་བོའི་དབང་གི་ཡིན་ངེས།དེས་ན་སྤྱི་ཡོངས་ནས་ཀ་རྩོམ་གྱི་ལུས་དེ་ཚིགས་སུ་བཅད་པ་ཡིན་པའང་ཀ་རྩོམ་གྱི་གོ་དོན་གྱི་ཟུར་ཞིག་ཡིན་སྙམ། གལ་ཆེ་བ་ནི་བོད་ཀྱི་ཀ་རྩོམ་གྱི་ཆུ་མགོ་འགྲོ་མགོན་ཆོས་རྒྱས་འཕགས་པའི་<<ཀ་སོགས་སུམ་ཅུ་ལ་སྤེལ་བ།ཐེག་ཆེན་གསལ་བ་ཡི་གེ་མ་མོ་ལ་སྤེལ་བའི་རབ་བྱེད།>>ཅེས་པ་ནས་བཟུང་བོད་ཀྱི་མཁས་པ་རིམ་བྱོན་གྱིས་ཀ་བཤད་བརྩམས་ཆོས་ཧ་ཅང་མང་པོ་བརྩམས་ཡོད་པ་རྣམས་ལ་གཞིགས་ན། ཀ་བཤད་ལ་ཀ་མད་སུམ་ཅུའི་གོ་རིམ་ངེས་དགོས་པ་གཏན་འཁེལ་ལགས། དེ་མིན་བརྩམས་ཆོས་གཞན་དང་ཁྱད་པར་ཅང་མེད་པར་གྱུར་ཏེ། བོད་ཀྱི་བརྩམས་ཆོས་མཐའ་དག་ཀ་མད་སུམ་ཅུ་ལས་བརྩམས་པ་ཤ་སྟག་ཡིན་པའི་ཕྱིར། དོན་གནད་དེའི་ཐོག་བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད་དུ། “གསལ་བྱེད་ཡི་གེ་རྣམས་ཚིག་རྐང་གི་ཐོག་མཐའ་བར་གསུམ་དུ་ལུགས་འབྱུང་ལུགས་ལྡོག་ཅི་ལྟར་སྒྲིག་པ་དང་། དབྱངས་ཇི་འདྲ་ཞུགས་པ། བར་དུ་སྒྲ་རྒྱན་བཀོད་མ་བཀོད་སོགས་ཚུལ་ཇི་ལྟར་སྦྱར་རུང་གནད་འགག་ཆེ་ཤོས་ནི་ཀ་ཕྲེང་གི་གོ་རིམ་ངེས་པར་ལྡན་དགོས་པ་དེ་ཡིན། འདི་ནི་ཀ་རྩོམ་གྱི་ཁྱད་ཆོས་གཙོ་ཆེ་ཤོས་ཤིག་སྟེ། གལ་ཏེ་ཀ་ལིའི་ཕྲེང་བ་བཀོད་མེད་ན་ཁྱད་ཆོས་གཞན་ཚང་ཡང་དེ་ནི་སྙན་ངག་གི་རྩོམ་ལུས་ལྟ་བུ་ལས་ཀ་རྩོམ་དུ་ནམ་ཡང་འགྲོ་ཐབས་མེད།”[[2]]ཅེས་པ་དང་། དོན་གྲུབ་རྒྱལ་གྱིས། “གཙོ་བོ་ནི་ཀ་ནས་ཨ་བར་གོ་རིམ་ལྟར་་་།”[[3]]ཞེས་གསུངས་པ་ལྟར་ཀ་ཕྲེང་གི་གོ་རིམ་ངེས་དགོས་པ་དེ་ནི་རྩོམ་ལུགས་དེའི་རྣམ་པ་འབུར་དུ་འདོན་ཆེད་ཀྱི་ཁྱད་ཆོས་གཙོ་བོ་དེ་ཡིན་ལ་ཀ་རྩོམ་གྱི་སྲོག་ལྟ་བུ་དེ་ཡང་ཡིན། དེ་ལྟར་གོ་རིམ་གཙོ་བོར་ཟིན་ནས་གསལ་བྱེད་རྣམས་ཚིག་རྐང་གི་གནས་ཐོག་མཐའ་བར་གསུམ་གང་དུ་ངེས་ཀྱང་ཆོག

ཉེ་བའི་ཆར་བོད་ནས་དཔར་བཏབ་པའི་<<བོད་ཀྱི་རྩོམ་རིག་རྒྱུན་ཤེས།>>ཞེས་པའི་ནང་། ཡི་གེ་ཨ་ལི་དང་ཀ་ལི་གཉིས་ལས་ཀ་ལི་གཙོ་ཆེར་ཚིགས་བཅད་ཀྱི་ཐོག་མཐའ་བར་གསུམ་དུ་སྦྱོར་ཞིང་། ལུགས་འབྱུང་དང་ལུགས་ལྡོག་གི་ངག་སྦྱོར་ཀུན་གསལ་བར་བཤད་པ་ཞིག་ལ་ཀ་བཤད་ཟེར།[[4]]ཞེས་འཁོད་པར་གཞིགས་ན་གཙོ་ཕལ་གྱི་དབྱེ་བ་ཙམ་ལས་ཀ་བཤད་ལ་དབྱངས་ཀྱང་ངེས་དགོས་པའི་ཆ་རྐྱེན་བཏོན་འདུག  ཁོ་བོས་བརྟགས་ན་དབྱངས་ངེས་དང་མ་ངེས་ཀྱི་དབང་གིས་ཀ་བཤད་ཆགས་མིན་ལ་དོ་ཕོག་གཏན་ནས་འགྲོ་ཡི་མེད། དེ་ནི་ད་བར་གྱི་ཀ་རྩོམ་རྩོད་མེད་རྣམས་ཀྱི་ནང་། དབྱངས་གཅིག་ཀྱང་མ་བཞུགས་པའི་ཀ་བཤད་ཀྱང་ཡོད། དཔེར་ན། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་ཀ་ཕྲེང་གནས་བསྟོད་ལས།

ཀ་མ་ལ་ཡི་གེ་སེར་རྒྱས་པའི་བཅུད། །ཁ་ཡིས་འཐུང་བའི་རྐང་དྲུག་གཞོན་ནུ་ཁྱོད། །
ག་བུར་སྐྱེད་ཚལ་དག་ཏུ་མ་འཕུར་དང་། །ང་གཉིས་ཕན་ཚུན་གཏམ་གྱིི་གླེང་མོལ་བྱེད། །[[5]]

ལྟ་བུ་དབྱངས་ཞུགས་མེད་ཀྱང་ཀ་བཤད་རྣམ་དག་ཡིན། གོང་ཞུས་ལྟར་གསལ་བྱེད་རྣམས་གོ་རིམ་མ་ངེས་ཚེ། ཀ་བཤད་ཙམ་པོ་བ་ལས་རྣམ་དག་ཅིག་གཏན་ནས་ཆགས་ཐབས་བྲལ། གལ་སྲིད་གསལ་བྱེད་རྣམས་གོ་རིམ་ངེས་པའི་ཐོག་དབྱངས་ཀྱང་གོ་རིམ་ངེས་ན་དེ་ནི་གཡང་སྒྲོའི་ཁ་ལ་གཉིས་བརྩེགས་ཟེར་བའི་དཔེ་ཡིན། མདོར་ན། ཀ་རྩོམ་ལ་དབྱངས་ངེས་ན་སྒྱུ་རྩལ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་རྐྱེན་ལས། གོང་དུ་བཤད་པ་ལྟར་ཀ་རྩོམ་ཡིན་ན་དབྱངས་ངེས་དགོས་པའི་ཆ་རྐྱེན་གཏན་ནས་མིན། དེར་བརྟེན། ཀ་རྩོམ་གྱི་གོ་དོན་ལ་དབྱངས་ངེས་པའི་ཟུར་དགོས་པ་དམིགས་བསལ་ཅང་མི་སྣང་ངོ་། །

གོང་གསལ་ཀ་བཤད་ཀྱི་གལ་ཆེ་བའི་དོན་གནད་དག་ལ་གཞིགས་ཏེ་ཀ་བཤད་ཀྱི་གོ་དོན་ཞིག་བསྡོམས་བརྒྱབ་ན། ཀ་བཤད་ཅེས་པ་ནི། རྩོམ་ལུས་ཚིགས་སུ་བཅད་པའི་ལུས་ལ་ཀ་མད་སུམ་ཅུ་ལུགས་འབྱུང་ལུགས་ལྡོག་གི་གོ་རིམ་དང་། ཚིག་རྐང་སོ་སོའི་ནང་གསལ་བྱེད་ཀྱི་ཡི་གེ་རྣམས་གནས་ངེས་དགོས་པ། བརྗོད་ཚུལ་རང་བཞིན་དང་འཁྱོག་བརྗོད་ཀྱི་སྒྱུ་རྩལ་ལམ་ནས་སྐབས་བབ་ཀྱི་བརྗོད་བྱ་མཚོན་པར་བྱེད་པའི་སྒྱུ་རྩལ་རྩོམ་ཡིག་ལ་ཀ་བཤད་ཟེར། །


བཀའ་དྲུང་ཤེལ་དཀར་གླིང་པའི་ལྷ་ས་དྲན་གླུའི་ཕྱག་བྲིས་ཕྱག་བསྟར་མ།

༢ དེ་འདྲའི་བའི་ཀ་བཤད་ཀྱི་དར་རིམ་རགས་བསྡུས་ཤིག་ཞུས་ན། ལོ་ངོ་ཧྲིལ་པོ་གསུམ་ལྷག་ཙམ་རིང་ཁོ་བོས་ཀ་རྩོམ་གྱི་ཐོག་ཞིབ་འཇུག་བྱས་འབྲས་སུ། བོད་ཀྱི་ཀ་རྩོམ་གྱི་ཐོག་མ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཀ་རྩོམ་ཡིན་ཞིང་ཡོངས་གྲགས་སུ་ཁོང་གི་ཀ་རྩོམ་གཉིས་ཡོད་པ་ལས།<<ཀ་སོགས་སུམ་ཅུ་ལ་སྤེལ་བ།>>ཞེས་པ་དེ་ཡིན་སྐད་བརྗོད། བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་དུ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཀ་སོགས་སུམ་ཅུ་ལ་སྤེལ་བ་ཞེས་པའི་ཀ་བཤད་དེ་བོད་ཀྱི་ཀ་རྩོམ་གྱི་ཐོག་མ་ཡིན་པ་ཞེས་བཤད།[[6]]  བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་འགས་འགྲོ་མགོན་གྱི་ཀ་རྩོམ་ལས་སྔ་བ་སྟོན་པ་ཤེན་རབ་མེས་དཔོན་གྱི་<<མཛད་རྣམ་དྲི་མེད་གཟི་བརྗིད།>>ཅེས་པའི་ནང་ཡོད་པར་གསུངས། དེ་ལྟར་ཁོ་བོར་ཕྱག་དཔེ་དེ་ཉིད་དུ་འཚོལ་ཞིབ་བྱེད་དུས་ཀ་རྩོམ་ཞིག་ལག་གསོན་མ་བྱུང་། དེ་བཞིན་ལ་ལ་ཞིག་གིས་ཀ་རྩོམ་ཐོག་མ་ཀརྨ་པ་རང་བྱུང་རྡོ་རྗེ་དང་སྡེ་པ་རིལ་སྤུངས་པ་སོགས་ཀྱིས་ལྗགས་རྩོམ་གནང་བའི་ཀ་རྩོམ་ཡིན་སྐད་བརྗོད་པ་དག་ནི་འགྲོོ་མགོན་གྱི་རྗེས་སུ་ཡིན་པས་རྒྱུ་མཚན་དུ་མ་སྣང་།

སྤྱིར་འགྲོ་མགོན་གྱི་སྔོན་ལ་ཀ་རྩོམ་གྱི་རྣམ་པ་ཅན་གྱི་བརྩམས་ཆོས་མེད་པ་མིན་ཏེ། ས་པཎ་གྱི་ང་བརྒྱད་མར་མཚོན་ན། གསལ་བྱེད་ང་གཅིག་པུ་ངེས་པའི་ཀ་རྩོམ་ཡིན། དེ་དང་རིགས་མཐུན་པ་སྤྱི་ལོ་༡༠༡༦ལོར་འཁྲུངས་པའི་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་རྣམ་ཐར་ནང་།

ང་ནི་རྡོ་རྗེ་འཇིགས་བྱེད་དེ། །ང་ལས་ཆེ་བ་སུ་ཡང་མེད། །
ང་ལ་གསོལ་བ་འདེབས་ནུས་ན། །ང་ཡིས་འདྲེན་པར་མི་ནུས་མེད། །[[7]]

ཅེས་རང་ཉིད་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་རོལ་དུ་བྱོན་པས། མཐུ་དང་རྫུ་འཕྲུལ་རང་ཉིད་ལས་ཆེ་བ་མེད་ཚུལ། དེ་འདྲ་བའི་མཐུ་ནུས་ཅན་ཞིག་ལ་དུས་རྟག་ཏུ་གསོལ་བ་དང་སྨོན་ལམ་འདེབས་ནུས་ན། ཕྱི་མ་དག་པའི་ཞིང་དུ་འདྲེན་མི་ནུས་པའི་གདུལ་བྱ་སུ་ཡང་མེད་པར་གདམས་པའི་ཞལ་ཆེམས་དང་བཅས་འཇའ་འོད་དུ་ཡལ་བར་གསུངས་པའི་ཚིགས་བཅད་དེ་གོང་དང་མཚུངས་པའི་ཀ་བཤད་ཀྱི་འགྲོས་ལྡན།  ད་དུང་རྔོགས་ལོ་དང་བོད་བཙན་པོའི་སྐབས་ཀྱི་ཡིག་ཆ་སོགས་སུ་ཀ་རྩོམ་གྱི་རྣམ་པ་ཕྲན་བུ་ལྡན།བརྒྱུད་རིམ་དེ་དག་བརྒྱུད་ནས་འགྲོ་མགོན་གྱི་སྐབས་གཞི་ནས་ད་ལྟའི་ཀ་བཤད་ཀྱི་རྣམ་པ་མཚན་ཉིད་པ་དེ་དར་བ་ཡིན། དེར་བརྟེན་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཀ་རྩོམ་ནི་བོད་ཀྱི་ཀ་རྩོམ་མཚན་ཉིད་པ་ཐོག་མ་དེ་ཡིན། གོང་ཞུས་ལྟར་ཁོང་གིས་ཀ་རྩོམ་གཉིས་ལྗགས་རྩོམ་གནང་ཡོད་པ་ལས། ཐོག་མ་གང་ཡིན་ཤོད་ཚོད་དཀའ་ཏེ་<<ཐེག་ཆེན་གསལ་བ་ཡི་གེ་མ་མོ་ལ་སྤེལ་བའི་རབ་བྱེད།>>ཅེས་པ་ཕྱི་ལོ་༡༢༦༠ལོར་བརྩམས་པ་ཁ་གསལ་འཁོད་ཡོད།[[8]] འོན་ཀྱང་ཀ་སོགས་སུམ་ཅུ་ལ་སྤེལ་བ་ཞེས་པ་དེ་ནམ་ཞིག་ལ་བརྩམས་མིན་གསལ་ཆ་གང་ཡང་མེད། ད་བར་གྱི་དཔྱད་བརྗོད་པ་མང་ཆེ་བས་ཀ་སོགས་སུམ་ཅུ་ལ་སྤེལ་བ་ཞེས་པ་དེ་ཐོག་མ་ཡིན་པ་བཞག་འདུག་ཀྱང་རྒྱུ་མཚན་ཡང་དག་ཅིག་གཏན་ནས་མིན། དེས་ན་ཀ་རྩོམ་དེ་གཉིས་གང་སྔ་བ་ཡིན་མིན་ནི་ད་དུང་ཡང་དྲི་གཞི་ཡིན་ནོ། །

དང་པོ། <<རང་ཚུལ་བརྗོད་པའི་ཀ་བཤད།>>ཀྱི་སྤྱི་བཤད།

༡ རྩོམ་པ་པོ་བཀའ་དྲུང་ཤེལ་དཀར་མི་འགྱུར་ལྷུན་གྲུབ་ཀྱི་སྐུ་ཚེའི་ལོ་རྒྱུས་ནང་ཁོང་གིས་ལྗགས་རྩོམ་ཇེ་སྙིད་ཅིག་མཛད་པ་ད་ལྟ་དངོས་སུ་མཇལ་མིན་ལ་མ་བལྟོས་པར་ལོ་རྒྱུས་ཀྱི་གླེགས་བམ་དག་ལས་གསལ། ལྷག་པར་ཁོང་གི་སྙན་རྩོམ་མང་ཆེ་བ་དུས་རབས་བཅུ་དགུའི་དུས་མཇུག་ཕྱི་ལོ་༡༩༡༠-༡༩༡༢བར་ཏེ། བོད་་ཤོར་ནས་༧རྒྱལ་དབང་འཁོར་དང་བཅས་པ་ཕྱི་ཡུལ་རྒྱ་གར་དུ་གནས་བྱོལ་ལ་ཕེབས་སྐབས་ལྗགས་རྩོམ་གནང་འདུག གོང་གི་ཀ་རྩོམ་དེ་ཡང་ཕྱི་ལོ་༡༩༡༡ལོར་ལྗགས་རྩོམ་གནང་བ་གསལ། དེ་ཡང། ཁོང་གི་ཚ་བོ་ཤེལ་དཀར་ཚེ་དབང་རྣམ་རྒྱལ་གྱི་རང་གི་མྱོང་ཚོར་ངོ་མའི་དྲན་ཐོ་ལས། དེའི་རིང་མི་འགྱུར་ལྷུན་གྲུབ་ནས་བཀའ་ཤག་ལས་འཁུར་ཞབས་ཞུ་ཧུར་བརྩོན་ཆེ་ཞིང་ཡིག་རྩོམ་སྙན་ངག་སོགས་ལ་འགྲན་ཟླ་དང་བྲལ་བ་བྱུང་ནས་རབ་བྱུང་བཅོ་ལྔ་པའི་ལྕགས་ཕག་(སྤྱི་ལོ་༡༩༡༡)ལོའི་དབོ་ཟླར་རྒྱ་གར་རྡོ་རྗེ་གླིང་དུ་སྲིད་བློན་བཤད་སྒྲ་བས་ནན་སྐུལ་གནང་བ་ལྟར། ཁོང་གིས་<<རང་ཚུལ་བརྗོད་པའི་འབེལ་གཏམ།>>ཞེས་པ་བཅད་ལྷུག་སྤེལ་མའི་སྙན་རྩོམ་ཞིག་བརྩམས་གནང་བ་མ་ཟད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་སྐུལ་མ་གནང་བ་ལྟར། སྤྱི་ལོ་༡༩༡༡ལོར་ཁོང་གིས་རྒྱ་གར་རྡོ་རྗེ་གླིང་དུ་ <<དཔལ་གྱི་ཆོས་འཁོར་ལྷ་ས་དྲན་གླུ།>>ཞེས་པ་བརྩམས་གནང་མཛད་པར་སྐུ་ཕྲེང་བཅུ་གསུམ་པས་དགྱེས་ཚོར་ཆེན་པོས་བསྔགས་བརྗོད་གནང་ཞིང་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཐོབ། ད་དུང་སྐབས་དང་ཡུལ་དེ་རང་དུ་སྲིད་བློན་བཤད་སྒྲ་བས་ཡང་བསྐྱར་ནན་སྐུལ་གནང་བ་ལྟར། ཀ་ཕྲེང་རེར་ཚིགས་བཅད་བརྒྱད་རེ་བསྒྲིགས་པའི་ <<རང་ཚུལ་བརྗོད་པའི་ཀ་བཤད།>>ཅེས་པ་ཞིག་ཀྱང་བརྩམས་གནང་མཛད་ནས་རྩོམ་འབྲིའི་གྲགས་པ་ཆེས་ཆེར་ཁྱབ།[9]ཅེས་པ། གཞན་ཡང་། འབའ་བུ་མཐར་ཕྱིན་ལགས་ཀྱིས་ཕྱི་ལོ་༡༩༦༥ལོར་ “གསར་འགྱུར་མེ་ལོང་”གསར་ཁང་ནས་དཔར་དུ་བཏབ་པའི་དེབ་ཆུང་ཁ་བྱང་ལ་<<༧གོང་ས་༧རྒྱལ་དབང་སྐུ་འཕྲེང་༡༣་པ་ཆེན་པོ་མཆོག་སྔོན་སྤྱི་ལོ་༡༩༡༡ལོར་རྡོར་གླིང་དུ་སྐུ་བཞུགས་སྐབས་༧མི་དབང་ཤེལ་གླིང་མཆོག་ནས་བརྩམས་མཛད་ལྷ་ས་དྲན་གླུ་དང་ཀ་བཤད་བཅས་བཞུགས་སོ། །>>ཞེས་བཀོད་པ་ལས་བརྩམས་ཆོས་དེ་ཕྱི་ལོ་༡༩༡༡ལོར་བརྩམས་པ་གཅིག་མཚུངས་ཡིན་མོད་ཀྱང་། ལུང་འདྲེན་སྔ་མའི་ནང་དམིགས་བསལ་གསལ་ཁ་ཞིག་ནི་དབོ་ཟླ་སྟེ་བོད་ཟླ་གཉིས་པར་བརྩམས་གནང་བའང་ལྷག་ཏུ་གསལ། དེ་ལྟར་རང་ཚུལ་བརྗོད་པའི་ཀ་བཤད་དེ་ཕྱི་ལོ་༡༩༡༡ལོར་བརྩམས་པར་དོགས་པ་ཅང་མེད། དེ་ནི་ཁོང་གི་ཀ་བཤད་ནང་།

ཚ་ལུམ་ཤིང་འབྲས་སྐྱེད་ཡུལ་འདི། །ཚ་ཟེར་ཅན་གྱིས་བསྐྱངས་པ་ལ། །
ཚ་བའི་ལུང་པ་ཞེས་སྨྲས་ཞིང་། །ཚ་སྡུག་ཕྲ་མོའང་མ་བཟོད་ན། །[10]

ཞེས་པའི་ནང་བརྩམས་ཆོས་དེ་ལྗགས་རྩོམ་གནང་སྐབས་ཡུལ་ལུང་གང་འདྲ་ཞིག་ན་བཞུགས་ཡོད་མིན་གྱི་སྣང་བརྙན་ཐན་ཐུན་ཞིག་བྲིས་གནང་ཡོད་པས་ཀྱང་ཤེས་ཐུབ། ཡིན་ཡང་ཁོང་གི་གྲགས་ཆེན་བཀའ་རྩོམ་<<དཔལ་གྱི་ཆོས་འཁོར་ལྷ་ས་དྲན་གླུ་ནོར་བུའི་དོ་ཤལ།>>གྱི་རྩོམ་དུས་ལ་དཔྱད་བརྗོད་ཁག་དང་དཔར་མ་ཁག་གི་ནང་ཅུང་ཟད་མི་འདྲ་ཐོན་གྱི་ཡོད་ཀྱང་འདིར་སྐབས་དོན་མ་ཡིན།

༢ གོང་གི་ལུང་འདྲེན་སྔ་མ་ལས་སྲོལ་རྒྱུན་མཁས་པའི་འགྲོ་ལུགས་ལྟར་རྩོམ་སྐུལ་གནང་མཁན་ཡང་སྐབས་དེར་དམ་པ་ཁོང་དང་མཉམ་དུ་ཕྱི་བྱོལ་ལ་ཕེབས་པའི་བཀའ་བློན་བཤད་སྒྲ་པ་ཡིན་པ་གསལ་པོར་བསྟན། གཞན་ཡང་ཁོང་གི་ཀ་བཤད་ཀྱི་དབུར།

ཀ་ཡེ་མི་དབང་ལྷ་ཡི་སྲས། །ཀ་རའི་རོ་ལྟར་མངར་ཁྱོད་གསོན། །
ཀ་ཁའང་ཇི་བཞིན་མ་ཤེས་པར། །ཀ་བཤད་རྩོམ་འདོད་རྨོངས་པ་ངས། །[11]

ཞེས་མི་དབང་གི་ཐ་སྙད་སྤྱད་ཡོད། སྤྱིར་མི་དབང་ཞེས་པ་རྒྱལ་པོའི་མངོན་བརྗོད་ཡིན་ཡང་། སྐབས་དེར་རྒྱལ་པོ་དང་དོན་མཚུངས་པའི་བཀའ་བློན་བཤད་སྒྲ་པར་གོ་དགོས་ཏེ། ཁོང་ནི་དེའི་སྐབས་ཀྱི་བཀའ་བློན་ནང་ནས་ཆེས་གཙོ་གྲས་དེ་ཡིན། དེ་ལྟར་རྩོམ་པ་པོས་རྩོམ་སྐུལ་གནང་མཁན་གྱི་བཀའ་བློན་ཁོང་ལ་རང་ཉིད་ནི་ཀ་ཁའི་འགྲོ་སྟངས་ཀྱང་ཡག་པོ་མི་ཤེས་པའི་མི་ཞིག་ཡིན་པས།མི་དབང་གང་གིས་རྩོམ་སྐུལ་གནང་བ་ལྟར་ཡོང་ཐབས་བྲལ་ཞེས་ཁེངས་པ་སྐྱུངས་ཡོད། ད་དུང་ཀ་བཤད་དེ་ཉིད་ཀྱི་མཇུག་ཏུ།

ཨརྱའི་རྣམ་རོལ་ལྷ་སྲས་ཀྱིས། །ཨ་འཐས་བཀའ་ནན་མ་ལྡོག་པར། །
ཨ་ཇོའི་ངང་ཚུལ་ཀུན་འཆར་བའི། །ཨ་དར་ཤ་འདི་ཕུལ་བའི་གོས། །[12]

ཞེས་སྐབས་འདིར་ཡང་ལྷ་སྲས་དང་། གོང་དུ་མི་དབང་ཞེས་པ་བཀའ་བློན་ཆེ་གྲས་ལ་གཏོང་བ་ལས་དཀྱུས་མར་དེ་ལྟར་བཀོལ་བ་མེད། མ་ཟད་༧གོང་ས་མཆོག་ལ་བོད་ཀྱི་ཡི་གེའི་ཆེད་འབུལ་གྱི་ནང་དུ་ལྷ་སྲས་དང་མི་དབང་ཞེས་པ་བཀོལ་སྲོལ་མེད་པར་མང་ཆེ་བ་བཀའ་བློན་གཙོ་གྲས་ལ་འབུལ་སྲོལ་ཡོད། སྐབས་དེར་བཀའ་བློན་གྱི་གཙོ་བོ་བཤད་སྒྲ་པ་ཕེབས་ཡོད་པས་ཤེལ་གླིང་ཚེ་དབང་རྣམ་རྒྱལ་གྱིས་བྲིས་པ་ལྟར་རྩོམ་སྐུལ་གནང་མཁན་བཀའ་བློན་བཤད་སྒྲ་པ་ཡིན་པར་ངེས། དེའི་སྐོར་བོད་རྩོམ་ཤེལ་དཀར་ཚེ་དབང་རྣམ་གྱི་རྩོམ་ཡིག་དང་དེ་མིན་རེ་ཟུང་ནང་གསལ་བ་ལས་དབྱིན་ཡིག་གི་ནང་གཅིག་ཀྱང་མི་སྣང་།

 ༣ བཀའ་དྲུང་ཁོང་གིས་སྐུ་ཚེ་མཇུག་གམ་རྒྱ་གར་རྡོ་རྗེ་གླིང་དུ་བཞུགས་རིང་ཡོངས་གྲགས་ལ་གོང་དུ་སྨོས་པ་གཉིས་ཙམ་མིན་པར་<<རང་ཚུལ་བརྗོད་པའི་འབེལ་གཏམ་དཔྱིད་ཀྱི་ཉི་རིང་ཕུད་ཐབས།>>དང་། <<ཡོད་འདོན་དྲང་ཐིག་མཐོང་བ་འཛུམ་ཤོར།>>བཅས་ཀྱང་ལྗགས་རྩོམ་གནང་ཡོད་སྐད་འདུག་ཀྱང་དེང་སང་དཔེ་རྒྱུན་ཤིན་ཏུ་དཀོན།[13] ཡིན་ཡང་སྐབས་བབ་གླེང་བར་བྱ་བའི་ཀ་རྩོམ་དེ་ཕྱི་ལོ་༡༩༦༥ལོར་གསར་འགྱུར་མེ་ལོང་ཚགས་ཁང་ནས་བྷ་བྷུ་ཐར་ཕྱིན་གྱིས་ལྷ་ས་དྲན་གླུ་དང་མཉམ་སྦྱར་བྱས་ཏེ་དེབ་ཆུང་ཤོག་གྲངས་བཅུ་དྲུག་གི་བདག་ཉིད་ཅན་ཞིག་དཔར་སྐྲུན་གནང་། དེ་ནི་ད་བར་བརྩམས་ཆོས་དེ་དཔར་སྐྲུན་བྱས་པ་ཐོག་མ་དེ་རེད་འདུག

(From; Journal of Tibetan literature. vol 2. Issue 1. Spring 2023 )

ལྷ་ས་དྲན་གླུ་ལྟར་གྲགས་ཡོད་མིན་ལ་མ་ལྟོས་པར་བརྩམས་ཆོས་དེ་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ནང་རྒྱུས་མངའ་ཡོད་མཁན་མཛུབ་རྩེར་གྲངས་གཤེར་བྱེད་ཐུབ། དེ་ནི་བོད་མི་རིགས་ཀྱི་ཁོང་དང་ཁོང་གི་བརྩམས་ཆོས་ལ་འདུ་ཤེས་འཛིན་སྟངས་དང་རིན་ཐང་སྤྲོད་སྟངས་ཤིག་ཡིན། ལྷག་པར་བོད་ཀྱི་རྩོམ་རིག་སྡིངས་ཆའི་སྟེང་ནས་དོན་ཟབ་ཅིང་ལྟ་བས་མི་ངོམས་པའི་ལེ་ཚན་ཞིག་རྒྱང་དུ་བསྐྲད་པ་དང་གཅིག་མཚུངས་ལགས།

༤ སྤྱིར་བཏང་བརྩམས་ཆོས་འདིའི་སྐོར་ལ་ཆེད་དུ་གླེང་བ་ནི་རེ་ཟུང་ཙམ་ཡིན་ཡང་། ལྷ་ས་དྲན་གླུ་གླེང་ཞོར་དུ་དེའི་སྐོར་ཡང་ཟུར་ཙམ་གླེང་བ་འགའ་རེ་ཡོད། དེ་དག་གི་ནང་ཀ་བཤད་འདིའི་ཁ་བྱང་མི་འདྲ་བ་འཁོད་མོད་ཀྱང་། ད་བར་དེའི་སྐོར་གཏན་ནས་གླེང་མི་འདུག་པས་འདིར་ཁོ་བོས་གང་ཐུབ་དཔྱད་གླེང་སྤེལ་ན།

དེ་ཡང་ཤེལ་གླིང་ཚེ་དབང་རྣམ་རྒྱལ་གྱི་དཔྱད་རྩོམ་[14]དང་དཔེ་དེབ་གཉིས་ཀའི་ནང་དུ་བརྩམས་ཆོས་དེའི་ཁ་བྱང་ལ་ “རང་ཚུལ་བརྗོད་པའི་ཀ་བཤད།”[15]ཅེས་བཀོད་འདུག་ལ། དེ་མིན་ཁོང་གི་ལོ་རྒྱུས་ཀྱི་དང་འབྲེལ་བའི་ཡིག་ཚགས་མི་ཉུང་བ་ཞིག་དང་།[16] ལྷག་པར་ཕྱི་རྒྱལ་བོད་རིག་པའི་ཞིབ་འཇུག་པ་ཨནཌརའུ་ཁུནཊམཱན་(Andrew Quintman)[17]སོགས་ཀྱིས་ཀྱང་གོང་དང་གཅིག་མཚུངས་བཀོད་པ་ལས་དོགས་གཅོད་གང་ཡང་མི་སྣང་། རྗེས་སུ་ཁོ་བོས་ཡིག་ཚགས་དེ་དག་རིམ་པས་ལྟ་ཀློག་བྱེད་དུས་ཀ་རྩོམ་དེའི་མིང་བྱང་ལ་དོགས་པ་ཞིག་ངང་གིས་སྐྱེས།  དེ་ཡང་དགེེ་རྒྱས་པ་བསྟན་འཛིན་རྡོ་རྗེའི་དཔྱད་བརྗོད་ཀྱི་ནང་དུ། རང་གཞན་སྐྱེ་བོའི་སྤྱོད་ཚུལ་མཚོན་པའི་ཀ་ཕྲེང་སོ་སོ་ནས་ཚིག་རྐང་བརྒྱད་རེ་ཡོད་པའི་ཀ་བཤད་ཆ་ཚང་<<ཉམས་ལེན་གནད་དུ་བསྡུས་པའི་བསྐྱེད་རྫོགས་ཀྱི་གོ་དོན་གསལ་བར་བཀྲལ་བའི་སྙིང་པོ།>><<ས་བྱི་ཡོད་འདོན་དྲང་ཐིག་མཐོང་བ་འཛུམ་ཤོར།>>སོགས་རྩོམ་འབྲི་གནང་འདུག[18] ཅེས་འཁོད། ལུང་འདྲེན་འདིའི་འབྲི་སྟངས་ལ་གཞིགས་ན་<<ཉམས་ལེན་གནད་དུ་བསྡུས་པའི་བསྐྱེད་རྫོགས་ཀྱི་གོ་དོན་གསལ་བར་བཀྲལ་བའི་སྙིང་པོ།>>ཞེས་པ་འདི་ཀ་བཤད་དེའི་ཁ་བྱང་ཡིན་པར་ངེས། ལུང་དེའི་སྔོན་དུ་མི་ཡུལ་དུ་སྡོད་བག་མི་ཕེབས་པས།ཞེས་གང་བརྗོད་པར་འདོད་པའི་བརྩམས་ཆོས་དེའི་སྙིང་པོ་བརྗོད་མཚམས་གུག་རྟགས་ཀྱི་ནང་དུ་ལྷ་ས་དྲན་པའི་གླུ་དབྱངས། ཞེས་བརྩམས་ཆོས་ཀྱི་བཅུག་ཡོད་པ་ལྟར་མཚམས་འདིར་ཡང་རང་གཞན་སྐྱེ་བོའི་ཚུལ་ཆོས་མཚོན་པ་སོགས་བརྩམས་ཆོས་དེའི་སྙིང་དོན་བྲིས་ནས་དེ་མུར་གོང་ལྟར་གུག་རྟགས་ནང་གོང་གི་ཀ་བཤད་ཀྱི་མིང་དེ་བླུགས། ད་དུང་དགེ་རྒྱས་ཀྱིས་དཔྱད་རྩོམ་དེའི་ཤོག་ངོས་དེ་རང་དུ་མི་འགྱུར་གླིང་པའི་བརྩམས་ཆོས་གསུམ་གྱི་མིང་བྱང་དྲངས་པ་དག་ཀྱང་ཀ་བཤད་ཀྱི་མིང་བྱང་ལྟར་དམིགས་ཀར་གུག་རྟགས་ནང་བླུགས་ཡོད་པ་གཅིག་མཚུངས་ཡིན། ཕྱོགས་གཞན་ནས་ཀ་བཤད་བརྩམས་ཆོས་ཧྲིལ་པོའི་བརྗོད་བྱ་སྟོན་སྟངས་ཀྱང་བསྐྱེད་རྫོགས་ཀྱི་ཉམས་ལེན་བཀྲལ་བ་ཞིག་ཡིན་ཙང་། ཁོ་བོས་བསམས་ན་ཀ་བཤད་དེའི་མིང་དངོས་ནི་དགེ་རྒྱས་པ་བསྟན་འཛིན་རྡོ་རྗེལགས་ཀྱིས་བྲིས་གནང་བ་དེ་ཡིན་པར་ངེས།

༥ བརྩམས་ཆོས་འདིའི་གཞུང་ཚད་སྐོར་ལ་དཔྱད་ན། སྤྱིར་ཀ་བཤད་ལ་གཞུང་ཚད་འདི་དང་འདི་ཞེས་ཚོད་དཔག་བྱེད་དཀའ་ཡང་། ཡོངས་གྲགས་སུ་ཀ་མད་སུམ་ཅུ་ཆ་ཚང་ཐེངས་རེ་བཀོལ་ཏེ་ཤླཽཀ་བརྒྱད་དང་ཡང་ན་བདུན་དང་ཕྱེད་ཡོད། དེ་ཡང་ཀ་མད་སུམ་ཅུ་རྣམས་སྡེ་པ་བརྒྱད་དང་ཕྱེད་ཡོད་པའི་དབང་གི་ཡིན། གཞུང་ཚད་དེ་རིགས་ཀྱི་ཀ་རྩོམ་ནི་ཤིན་ཏུ་མང་བས་དམིགས་བསལ་དཔེར་བརྗོད་འདྲེན་མི་དགོས། སྐབས་འགར་ཀ་མད་སུམ་ཅུ་ལུགས་འབྱུང་དང་ལུགས་ལྡོག་གཉིས་གཅིག་མཇུག་གཉིས་མཐུད་དུ་བྲིས་པས། ཀ་རྩོམ་ཆ་ཚང་བ་ཞིག་ལ་ཁྱོན་ཤླཽཀ་བཅུ་དྲུག་ཙམ་ཡོད་དེའི་རིགས་ཀྱང་གང་འཚམ་མང་པོ་ཡོད། དཔེར་ན། རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་ཀ་རྩོམ་སོགས།  གཞན་ཡང་ཀ་མད་སུམ་ཅུ་རེ་རེས་ཤླཽཀ་རེ་སྒྲུབ་པར་བྱས་ཏེ། ཁྱོན་ཤླཽཀ་སུམ་ཅུ་ཐམ་པའི་བདག་ཉིད་ཅན་གྱི་ཀ་རྩོམ་ཡང་མེད་པ་མིན།  དཔེར་ན། ལྷུན་གྲུབ་རྣམ་རྒྱལ་གྱིས་བརྩམས་པའི་<<སྣང་འཆར་ལྷུག་བྲིས།>>[19]ལྟ་བུ།དེ་རིགས་ནི་བོད་ཀྱི་ཀ་རྩོམ་གྱི་ཁྲོད་དུ་ཅུང་ཉུང་། དེ་ལྟ་བུའི་ཀ་རྩོམ་དེ་སླར་ཡང་ལུགས་ལྡོག་ཏུ་འབྲི་ན་ཀ་རྩོམ་གཅིག་ལ་ཤླཽཀ་དྲུག་ཅུ་ཡོང་ངེས་པས་འབྲི་སྲོལ་དེའི་ཀ་བཤད་ཁོ་བོར་ད་བར་མཇལ་མྱོང་མེད།

ད་བར་གཞུང་ཚད་རིང་ཤོས་ཀྱི་ཀ་བཤད་ནི་བཀའ་བློན་ཤེལ་དཀར་མི་འགྱུར་གླིང་པའི་རང་ཚུལ་བརྗོད་པའི་ཀ་བཤད་ཡིན། ཁོང་གིས་ཀ་མད་རེར་ཤླཽཀ་གཉིས་རེ་བྱས་ཏེ་ཀ་ནས་ཧ་བར་དང་། གསལ་བྱེད་ཨ་ལ་ཤླཽཀ་བཞི་བཟོས་པས་ཁྱོན་བསྡོམས་ཀ་བཤད་དེར་ཤླཽཀ་དྲུག་ཅུ་རེ་གཉིས་ཙམ་གྱི་བདག་ཉིད་ཅན་ཞིག་ཡིན་པས་ད་བར་གྱི་བོད་ཀྱི་ཀ་བཤད་བརྩམས་ཆོས་ཁྲོད་ཆེས་གཞུང་ཚད་རིང་ཤོས་ཤིག་ཡིན་པས་དམིགས་བསལ་གྱི་ཁྱད་ཆོས་ཡིན་སྙམ། ཡིན་ཡང་བོད་ཀྱི་ཀ་བཤད་རྩོམ་རིག་གི་ནང་དེའི་སྐོར་ཚིག་གཅིག་ཀྱང་གྲགས་འགུམ་མེད་པ་ནི་ཡིད་ཕམ་གྱི་རང་བཞིན་ལས་མ་འདས།

གཉིས་པ། ཀ་བཤད་དེའི་བརྗོད་བྱ་བརྗོད་སྙིང་གི་སྐོར་ལ་དཔྱད་པ།

ད་ནི་ཀ་བཤད་དེའི་བརྗོད་དོན་སྐོར་ལ་རགས་བསྡུས་ཤིག་ཞུས་ན། བརྩམས་ཆོས་གང་དང་གང་ཡིན་རུང་བརྗོད་བྱ་གཅིག་དང་དུ་མ། ཡང་ན་བརྗོད་བྱ་དངོས་དང་ཟུར་གཏོགས་ཀྱི་བརྗོད་བྱ། དེ་མིན་བརྗོད་བྱ་གཙོ་བོ་དང་ཕལ་པ་ལ་སོགས་པའི་ཐ་སྙད་ཀྱི་རྣམ་པར་དབྱེ་ནས་བསྟན་པ་ལྟར།  བརྩམས་ཆོས་འདིའི་བསྟན་བྱ་གཙོ་བོར་མཚོན་ན་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་དང་། ནང་བཅུད་ཀྱི་སེམས་ཅན་སྐྱེ་རྒ་ན་འཆིའི་རང་བཞིན་ཅན་དུ་གྲུབ་ཙང་། དམ་པའི་ལྷ་ཆོས་ཀྱི་འཁར་བར་ཁེན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གྲོང་བཟང་འགྲིམ་རྒྱུ་དེ་གནད་གྱི་དམ་པ་ཞིག་ཏུ་བསྟན་འདུག དེ་དང་ཟུར་གཏོགས་སུ་ཡ་རབས་དམ་པའི་ངང་ཚུལ་དང་།ལྷག་པར་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་སོགས་བསྟན།

གོང་གསལ་བསྟན་བྱ་གཙོ་བོ་ཕལ་དེ་དག་ཀྱང་སྤྱི་ཡོངས་ནས་བརྗོད་བྱ་ཆེན་པོ་གཉིས་ཀྱི་ལམ་ནས་ཀློག་པ་པོའི་སྣང་ཡུལ་དུ་བཤམས་པ་ནི། ཐོག་མར་འཁོར་བའི་རང་བཞིན་སྡུག་བསྔལ་བ་དང་མི་རྟག་སྒྱུ་མའི་རང་བཞིན་ཡིན་ཙང་། དེ་ལས་ཐར་ཆེད་དུ་དམ་པའི་ལྷ་ཆོས་རྣམ་དག་ཅིག་ཕྱི་བཤོལ་མེད་པར་ད་ལྟ་ཉིད་ནས་སྒྲུབ་དགོས་པ་དང་། གཉིས་པ། གལ་སྲིད་འཁོར་བའི་གནས་ངན་ནས་ཐར་ཆེད་བརྩོན་མ་ཐུབ་ཀྱང་། ཚེ་འདིའི་འགྲོ་བའི་སྤྱི་ཚོགས་སུ་ཡ་རབས་བཟང་སྤྱོད་དང་། གཅིག་ཕན་གཅིག་རོགས། ཐ་ན་སྨྲ་བ་ངག་གི་ཚིག་མདའ་ཙམ་ལ་ཡང་ཐུགས་འཇགས་གནང་དགོས་པ་སྟེ། མདོར་ན། འཇིག་རྟེན་པའི་བྱ་གཞག་ཆེ་ཕྲ་ཆུང་གསུམ་གང་ཡིན་ཡང་མི་ཆོས་ཀྱི་ཚུལ་དང་མཐུན་པ་གནང་གལ་ཆེ་ཚུལ་གྱི་བརྗོད་བྱའི་ལམ་ནས་བསྟན་ཡོད།

༡ ཕྱོགས་གཞན་ཞིག་ནས་ཞུས་ན། བརྗོད་བྱ་དེ་གཉིས་ཀྱང་རང་ཉིད་ཀྱི་ཚེ་འདིའི་བྱ་གཞག་སྒྲུབ་ཚུལ་གཞུང་རྟར་བསླངས་ནས་བསྟན་ཡོད་ཅེས་བཤད་ཀྱང་བསྙོན་འདོར་ཅི། དེ་ཡང་ཅུང་ཟད་རྒྱས་སུ་བཏབ་ན། ཀ་རྩོམ་དུ།

གེ་རེ་བགྱིས་ཀྱང་ལམ་མི་འགྲོ། །ག་རུ་བསྡད་ཀྱང་སྡུག་བསྔལ་ལྡང་། །
ག་བྱས་སྡིག་པ་འབའ་ཞིག་ལས། །ག་ཤེད་དམྱལ་བ་ལྷུང་ཉེན་གདའ། །
ག་བརྡར་སེམས་ལ་ལེགས་བྱས་ནས། །ག་བུར་ལྟར་དཀར་ཐར་པའི་གྲོང་། །
ག་ལ་བ་དེར་མ་ཕྱིར་པས། །ག་ཙམ་འཚོ་ཡང་སྡུག་འདི་མྱོང་། །[20]

ཞེས་རྩོམ་པ་པོ་རང་ཉིད་ཀྱིས་གཙོས་པའི་འགྲོ་བ་རྣམས་ཀྱིས་འཇིག་རྟེན་གྱི་བྱ་གཞག་གང་ལ་འབད་ཀྱང་བགེགས་བར་ཆད་མང་བ། དེ་ལ་བརྟེན་ནས་འབྲས་བུ་གནས་གང་ལ་སྤོས་ཀྱང་སྡུག་བསྔལ་ཡིན་པ། མ་ཟད་གནས་སྐབས་ཀྱི་བདེ་བ་ཙམ་གྱི་ཆེད་དུ་བརྩོན་ཡང་མཐར་དེ་དག་ཀྱང་ཐམས་ཅད་སྡིག་པའི་རྒྱུ་འབའ་ཞིག་ཡིན་པ། ད་དུང་དེ་ལྟར་ཇི་ཙམ་འཚོ་ཡང་འབྲས་བུ་མཐར་སྡུག་བསྔལ་ལས་གཞན་འཐོབ་རྒྱུ་མེད་པས། འཇིག་རྟེན་འཁོར་བ་ནི་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ཐོག་མར་བསྟན་ཡོད། དེ་ལྟར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་ཡང་རྩོམ་པ་པོ་རང་ཉིད་ནས་གཙོས་པའི་འཇིག་རྟེན་པ་རྣམས་འཇུག་པའམ་འཁོར་འགྲོ་བ་ནི། མ་རིག་པའི་དབང་གིས་ངར་ཞེན་པ་ལས་བྱུང་པ་བསྟན། དེ་ཡང་།

ང་ཞེས་གདོད་ནས་མ་གྲུབ་ཀྱང་། །ང་ཡིར་འཛིན་པ་འཁྲུལ་ལོ་ཞེས། །
ང་བདག་གཟུང་འཛིན་བྲལ་བའི་ལམ། །ང་ལ་བླ་མས་མ་སྟན་ཀྱང་། །
ང་མོ་ཡང་བས་མི་བརྟན་པ། །ང་ཅག་འཁོར་བར་ཐོག་མེད་ནས། །
ང་རྒྱལ་ལ་སོགས་ཉོན་མོངས་པས། །ང་ཡིད་ལན་བརྒྱར་བཅིངས་འདི་སྐྱོངས། །[21]

ཞེས་གསུངས། ད་དུང་དེ་ལྟར་འཁོར་བར་བཅིངས་ནས་ཉིན་ཞག་ཕྲུགས་གཅིག་ནང་སྒོ་གསུམ་གྱི་སྡིག་པ་མི་དགེ་བ་ཇི་ལྟར་གསོག་བཞིན་པ་དང་། དེ་ལྟར་ཐོག་མེད་ནས་ཐོག་མེད་དུ་འཁོར་ན་མི་འགྲིག་པར་བརྟེན། དེ་ལས་ཐར་ཐབས་འཁོར་བའི་ཉེས་དམིགས་མི་རྟག་པའམ་དངོས་པོའི་གཤིས་ལུགས་བསྟན་ཡོད། དེ་ལ་བརྟེན་ནས་ངེས་འབྱུང་གི་བློ་སྐྱེས་ཏེ་དམ་པའི་ལྷ་ཆོས་ད་ལྟ་ཉིད་ནས་སྒྲུབ་དགོས་པ་སོགས་སྐྱེ་རིམ་དང་རྫོགས་རིམ་གྱི་རྣམ་གཞག་མི་དམན་པ་ཞིག་གི་དམ་པའི་ལྷ་ཆོས་ཀྱི་བརྗོད་བྱ་བསྟན་ཡོད།

༢ གཅིག་ཤོས་ནས་བསམས་ན་ཚུར་མཐོང་འཇིག་རྟེན་སྤྱི་དང་བྱེ་བྲག་སྐབས་དེའི་སྤྱི་ཚོགས་ཀྱི་མི་ཆོས་བསྟན་པ་ནི།ཀ་རྩོམ་ལས།

ཞ་འོན་འཐིང་སོགས་ཉམ་ཐག་པར། །ཞྭ་གོས་ལྷམ་བཅས་སྦྱིན་པ་བཏང་། །
ཞ་ཞོར་གཞན་དོན་སྤྱོད་དགོས་ཀྱང་། །ཞ་བོ་མིག་མེད་འདྲ་བ་བདག །
ཞྭ་མོ་ཟུར་གོན་སློག་སློག་བྱེད། །ཞ་ལོང་མཐོང་ན་རྡོག་པས་བརྫིས། །
ཞྭ་འབུད་ཞུ་མིར་དགའ་མགུ་ཆེ། །[22]

ཞེས་པ་ཞ་འོན་འཐིང་སོགས་ཉམ་ཆུང་ཉམ་ཐག་པ་རྣམས་ལ་མཐོང་ཆུང་དང་། ཐ་ན་ཁོ་ཚོ་མཐོང་དུས་ཞྭ་མོ་ཟུར་གོས་བརྒྱབ་ནས་མ་མཐོང་ཁུལ་བྱེད་པ། ལམ་འགྲམ་ལ་ཡོད་དུས་རྡོག་པས་མ་བརྫིས་ཙམ་བྱེད་པ། ད་དུང་། རང་ཉིད་ལ་གུས་གུས་ཞུམ་ཞུམ་བྱེད་མཁན་ཡོད་ཚེ། དེར་མཐོང་ཆེན་དང་དགའ་བ་བྱེད་ཅིང་གཞན་ལ་དེ་ཙམ་མི་བྱེད་པའི་མི་བུའི་བྱ་སྤྱོད་དག་འཇིག་རྟེན་མུན་ནག་པོའི་ལུགས་གཞིར་བཞག་ནའང་ཐལ་དྲགས་པས། སྐྱེ་བུ་དེ་རིགས་ནི་ཐ་ཤལ་གྱི་སྐྱེས་བུ་ཡིན་པས་རྗེས་སུ་འཇུག་མི་ཉན་པའི་བསླབ་བྱ་དང་ཟུར་ཟ་གནང་ཡོད།

༣ མཚམས་རེ་བརྩམས་ཆོས་འདིའི་བརྗོད་དོན་འགའ་ཞིག་ནས་སྐབས་དེའི་སྤྱི་ཚོགས་ཀྱི་ནག་ཉེས་སམ་བུད་མེད་ལ་འདུ་ཤེས་འཛིན་སྟངས་ཤིག་ཀྱང་བསྟན་འདུག་སྙམ། དཔེར་ན།

ཟ་མ་བུ་མེད་འགའ་ཞིག་ཀྱང་། །ཟ་ཟིར་འདུ་འཛི་སྤངས་ནས་རིར། །
ཟ་ཚོད་པད་ཚལ་ལ་སོགས་པའི། །ཟ་མ་བསྟེན་ནས་རང་སེམས་འདུལ། །[23]

ཞེས་པའི་ནང་ཟ་མ་བུད་མེད་ཡིན་ཡང་རང་སེམས་འདུལ་ནས་དམ་པའི་ལྷ་ཆོས་ལ་བརྩོན་གྱི་འདུག་པས་སྐྱེས་པ་བུ་ང་ཏག་བརྩོན་དགོས་དང་དགོས་ཞེས་པ་ཤུགས་སུ་ཡོད། དེའི་ཐོག་ནས་རྒྱུན་ལྡན་བོད་པའི་སྤྱི་ཚོགས་སུ་ཟ་མ་བུད་མེད་ཅེས་པ་འཁོར་བའི་ཆོས་དང་བྱེ་བྲག་ཐབ་གཡོག་དང་། བུ་ཕྲུག་གཉོར་སྐྱོང་ལས་དམ་པའི་ལྷ་ཆོས་མི་འཇོན་པའི་བུད་མེད་ལ་ལྟ་སྟངས་ཀྱི་བརྗོད་བྱ་གནད་ཆེ་པོ་ཞིག་ཀྱང་བསྟན་ཡོད།བརྗོད་དོན་དེ་ནི་སྔ་མོ་བོད་ཀྱི་སྤྱི་ཚོགས་ནང་མཐོ་དམན་བར་གསུམ་དུ་འདུ་ཤེས་ཧ་ཅང་སྟུག་ལ། དེང་གི་ཕོ་མོ་འདྲ་མཉམ་དང་ལྷག་པར་བུད་མེད་ནུས་སྟོབས་གོང་སྤེལ་གྱི་དུས་རབས་ལ་ཤིན་ཏུ་གནད་ཆེ་བའི་བརྩམས་ཆོས་ཀྱི་བརྗོད་དོན་ཞིག་ཡིན།

ད་དུང་རྩོམ་པ་པོས་རང་ཉིད་ཀྱི་མི་གཤིས་སམ་བསམ་བློའི་ལངས་ཕྱོགས་རྣམས་གསལ་པོར་བསྟན་ཡོད། ལྷག་པར་འཇིག་རྟེན་མི་ཆོས་སྟོན་པའི་སྐབས་དེ་བས་རང་ཉིད་གཉོམ་ཆུང་ཡ་རབས། ང་རྒྱལ་དྲེགས་པ་ཅན་མིན་པ། དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་སོགས་རབ་དང་རིམ་པས་བསྟན། དཔེར་ན།

ལ་ལར་འཁོར་ཡིད་སྐྱོ་ནས། །ལ་འུར་ཐར་པ་དོན་དུགཉེར། །
ལ་ལ་མི་ཆོས་གཙང་མར་སྤྱད། །ལ་ཀླུང་མ་ང་པོ་བདེ་བར་སྐྱོང་། །
ལ་ལ་སྤྱང་གྲུང་འཛོམས་ཆེ་བས། །ལ་ཆ་བཞིན་དུ་ཀུན་ལ་འབྱར། །
ལ་ཕུག་རིད་པོ་འདྲང་བདག །ལ་ལ་ཞུམ་ཞུམ་ཙམ་མི་ཤེས། །[24]

ཞེས་པའི་རང་ཉིད་མི་ཁ་རེ་ཁ་ཐུག་ཅིག་ཡིན་པ་དང་། གཞན་ལ་འབྱར་མཁས་པོ་མེད་པ། ལ་ལ་བཞིན་ལ་ཀླུང་ཀུན་བདེ་བར་སྐྱོང་བའི་ནུས་པ་མེད་པ་སོགས་གཉོམ་ཆུང་དམའ་ས་ཅན་ཞིག་ཡིན་པ་སོགས་རྒྱ་ཆེ་བ་དང་གཏིང་ཟབ་པའི་ཚད། སྣ་ཁ་འཛོམས་དུས་རབས་ཀྱི་རང་བཞིན་ལྡན་པ་བཅས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་ཡང་མངོན།

གསུམ་པ། འབྲི་ཐབས་སོགས་ཀྱི་སྒྱུ་རྩལ་ལ་དཔྱད་པ།

༡ བརྩམས་ཆོས་ཧྲིལ་པོ་ལྡོག་ཕྱོགས་སམ་ཕྱོགས་གཉིས་ཀྱི་ལམ་ནས་བྲིས་ཡོད་དེ། བརྗོད་བྱ་འཁོར་བའི་མི་ཆོས་དང་དམ་པའི་ལྷ་ཆོས་གཉིས་ཟུང་དུ་བྱས་ནས་བྲིས་པ་དང། དེ་ཡང་འཁོར་བ་ནི་སྡུག་གི་རྒྱ་མཚོ་ཞིག་ཡིན་ཁུལ་དང་། དེ་ལས་ཐར་ཐབས་སམ་གྲོལ་ལ་དམ་པའི་ལྷ་ཆོས་རྨད་དུ་བྱུང་བའི་ལམ་བུ་གཉིས་ཀྱི་ཐོག་ནས་བསྟན་ཡོད་ལ། དེ་གཉིས་ཀྱང་ཕན་ཚུན་འགལ་བའམ་ལྡོག་ཕྱོགས་ཀྱི་ཚུལ་དུ་བཀོལ་ཡོད།

ཕྱོགས་གཞན་ཞིག་ནས་སྤྱི་ཡོངས་ཀྱི་བརྗོད་བྱ་རང་ཉིད་ཀྱི་རང་ཚུལ་བརྗོད་པའི་ཟོལ་ལ། སྤྱིར་སྤྱི་ཚོགས་ཡོངས་དང་བྱེ་བྲག་ཏུ་སྐབས་དེའི་སྐུ་དྲག་མི་ཆེན་དཔོན་ཆེན་ཧམ་བཟུང་ཅན་དག་གི་སྤྱི་ཚོགས་བཅས་རྣམ་པ་གཉིས་ཕན་ཚུན་འགལ་བའི་ཐོག་ནས་ཀྱང་བྲིས་ཡོད། ཆུང་ས་ནས་གང་ཟག་སྒེར་བ་ཞིག་གི་མི་ཚེའི་བརྒྱུད་རིམ་ཀློང་བཤད་ན། དམ་པའི་ལྷ་ཆོས་སམ་འཇིག་རྟེན་མི་ཆོས་གང་དང་གང་ལ་བཙོན་ཡང་ཆུང་དུས་ནས་བྱེད་དགོས་པ་ལས་ཆེན་པོ་ཆགས་དུས་ཅུང་ཟད་འཕྱི་དྲགས་པའི་དྲན་སྐུལ་ཡང་བྱས་པའི་ཐོག་ནས་ཆུང་དུས་དང་རྒན་དུས་ཞེས་པའི་ལོ་ཚོད་ཀྱི་ཕྱོགས་གཉིས་དང་དེ་གཉིས་ཀྱང་འགལ་བ་བསྟན་ཡོད། དེ་དག་སྤྱི་ཡོངས་ཀྱི་དབང་དུ་བྱས་ནས་དཔེ་མཚོན་ཙམ་ཞིག་དྲངས་ན། ཁོང་གི་ཀ་བཤད་ལས།

ཡ་རབས་དམ་པ་བཟོད་བརྩོན་གྱིས། །ཡ་ལད་བཙན་པོའི་གོ་བགོས་ནས། །
ཡ་མཚན་མཛད་བསྐྱངས་སྣ་ཚོགས་པས། །ཡ་མེད་འགྲོ་བ་ཐབས་ཀྱིས་འདུལ། །
ཡ་ལུད་ལྐུག་རྟགས་ཆེ་བ་བདག །ཡ་ལ་བསྙོན་དཀྲིས་གཞན་མི་བསྒྲིགས། །
ཡ་རབས་མཐོང་ན་གཞན་དུ་བྱོལ། །ཡ་མ་བརླ་བའི་སྤྱོད་པ་འབྲིད། །[25]

ཅེས་པའི་ནང་ཡ་རབས་བཟང་སྤྱོད་ལྡན་པའི་སྐྱེ་བོ་དག་ལ་བསྔགས་པ་དང་། རྩོམ་པ་པོ་རང་ཉིད་ནི་ཡ་ལུད་ལྐུག་རྟགས་ཅན་ཞིག་ཡིན་པའི་སྨད་ར་བཏང་བ་སྟེ། ཡ་རབས་དང་མ་རབས་ཕྱོགས་གཉིས་ཀྱི་ཐོག་ནས་བྲིས་ཡོད། མདོར་ན། བོད་ཀྱི་བརྩམས་ཆོས་ནང་༸པཎ་ཆེན་བསོད་གྲགས་ཀྱི་དགེ་ལྡན་ལེགས་བཤད་བཞིན་ཕན་ཚུན་མཚུངས་སྡུར་ངམ་ཕྱོགས་གཉིས་ཐོག་ནས་བརྩམས་གནང་ཡོད་པ། ཕྱོགས་གཉིས་པོ་དེ་ཡང་ལྡོག་ཕྱོགས་ཀྱི་གནས་བབ་ཏུ་བཞེངས་ཡོད་པ་བཅས་མཚུངས།

༢ གཞན་ཡང་རྗོད་བྱེད་ངག་གི་ཕྲེང་བའི་ཐོག་ནས་ཞུས་ན། ཀ་བཤད་དེར་ཀ་རྩོམ་གཞན་དང་མི་འདྲ་བ་ཀ་མད་དམ་གསལ་བྱེད་ཀྱི་ཡི་གེ་རེས་ཚིག་རྐང་བརྒྱད་རེར་བྱས་ཏེ། ཀ་མད་གཅིག་གིས་ཚིགས་བཅད་ཤླཽཀ་གཉིས་སྒྲུབ་པ་བྱས་ཡོད།དེ་ཡང་དེ་ཉིད་ཀྱི་ཀ་བཤད་ལས།

ཁ་སང་རང་ཚུལ་ཞུས་དེས་ཀྱང་། །ཁ་ཤས་དགོངས་འགལ་བྱུང་འདུག་སྟེ། །
ཁ་རོག་འདོད་པ་རང་ལེགས་ཞེས། །ཁ་སྤུ་ཡིན་ཀྱང་ཁ་བཀག་རུང་། །
ཁ་དོག་ནག་ལ་ཤ་རིད་པ། །ཁ་ཟས་མེད་མིན་བློ་གྲོས་དམན། །
ཁ་ཐབས་ཞན་འདིའི་ཚུལ་བསམས་ཤིང་། །ཁ་ལ་སྤར་མོའི་རྒྱས་མ་ཁེབས། །[26]

ལྟ་བུ་དཔེ་མཚོན་དུ་བཀོད།  འབྲི་སྟངས་དེ་ནི་བོད་ཀྱི་ཀ་བཤད་འབྲི་སྟངས་ནང་བཀོལ་བྱེད་གནང་མཁན་ཐོག་མ་དེ་ཡིན། དེའི་གོང་གི་ཀ་བཤད་མང་ཆེ་བ་ཀ་མད་ཀྱི་སྡེ་བ་རེའི་ཚིགས་བཅད་ཤླཽཀ་རེ་བྱེད་པའི་སྲོལ་ཡིན། དེར་བརྟེན་ཁོང་གི་འབྲི་ཐབས་འདི་བོད་ཀྱི་ཀ་བཤད་རྩོམ་རིག་གི་སྡིངས་ཆའི་སྟེང་འབྲི་ཐབས་ཀྱི་བྲོ་གར་གསར་མ་ཞིག་ཡིན། ཕྱིས་བྱུང་གི་རྩོམ་པ་པོ་མང་པོ་ཞིག་གིས་ཀ་མད་ཡི་གེ་གཅིག་གིས་ཤླཽཀ་རེ་བྲིས་པ་མི་ཉུང་བ་ཞིག་མཆིས།དཔེར་ན། བོད་ལྗོངས་ཀྱི་རྩོམ་པ་པོ་ལྷུན་གྲུབ་རྣམ་རྒྱལ་གྱི་ཀ་བཤད་བུང་བ་དགའ་ཚལ་དང་། ཕྱི་ལོ་༡༩༨༠གཡས་གཡོན་གྱི་སྦྲང་ཆར་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སོགས་སུ་མངོན་རྒྱུ་ཡོད། མ་ཟད་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་དོན་གྲུབ་རྒྱལ་གྱིས་གསལ་བྱེད་ཡི་གེ་ཀ་ཁོ་ནས་ཤླཽཀ་ཁ་ཤས་བྱས་པའི་ཀ་བཤད་བརྩམས་ཆོས་ཤིག་ལྗགས་རྩོམ་གནང་ཡོད།

༣ ནམ་རྒྱུན་མཇུག་གི་གསལ་བྱེད་ཧ་དང་ཨ་གཉིས་ལ་འབྲི་སྟངས་ཅུང་མི་འདྲ་སྤེལ་མའི་སྒོ་ནས་བཀོལ་བ་སོགས་འགའ་ཡོད་ཀྱང་། ཁོང་གི་དེ་ལས་ལྡོག་ཏེ། གསལ་བྱེད་ཨ་ཡིག་ཁོ་ནས་ཤླཽཀ་བཞི་བྱས་པས་ཀ་རྩོམ་ཧྲིལ་པོར་ཁྱོན་ཤླཽཀ་དྲུག་ཅི་རེ་གཉིས་ཀྱི་བདག་ཉིད་ཅན་ཞིག་བརྩམས་ཡོད། དེ་ནི་དེའི་བར་གྱི་ཀ་བཤད་ནང་གཞུང་ཚད་ཆེ་ཤོས་ཡིན་པའི་གསར་གཏོད་ཀྱི་འབྲི་ཐབས་ཀྱང་ལྡན།

དེས་ན་ཁོ་བོས་བསམ་གཞིགས་ཤིག་བྱས་ཚེ། བཀའ་དྲུང་ཤེལ་གླིང་པ་ནི་ཀ་བཤད་རྩོམ་ཡིག་གི་ཐོག་གལ་ཆེ་བའི་འབྲི་ཐབས་བཀོལ་མཁན་ཞིག་ཡིན། ཁོང་གིས་འབྲི་ཐབས་དེ་ལྟར་སྤྱད་པས་ཕྱིས་བྱུང་པ་རྣམས་ཀྱང་སྲོལ་རྒྱུན་མེ་ལོང་མའི་ཚིགས་བཅད་རྐང་པ་བཞི་ཅན་གྱི་འབྲི་ཐབས་དེ་ལས་འགོངས་ཐུབ་ཡོད།

མཇུག་གི་སྐད་ཆ།

དེ་ལྟར་ཁོ་བོས་བོད་ཀྱི་གྲགས་ཅན་རྩོམ་པ་པོའི་བརྩམས་ཆོས་ནང་ནས་ཆེས་དཀོན་ཤོས་དང་། དེའི་དབང་གིས་བོད་ཀྱི་རྩོམ་རིག་དཔྱད་བརྗོད་ཀྱི་གླེང་སྟེགས་སུ་གླེང་སློང་རེ་ཟུང་དང་ཕྲན་བུ་ལས་མེད་པའི་བཀའ་དྲུང་ཤེལ་དཀར་མི་འགྱུར་ལྷུན་གྲུབ་ཀྱི་གྲགས་ཆེན་བརྩམས་ཆོས་འགའ་ཤས་ཡོད་སྐད་ལས། དངོས་སུ་<<རང་ཚུལ་བརྗོད་པའི་ཀ་བཤད།>>ཅེས་པའི་སྐོར་ལ་ལུང་རིགས་ཀྱི་རྒྱབབརྟེན་དང་། བརྩམས་ཆོས་དངོས་ལ་ཉམས་ཞིབ་མི་དམན་པ་བྱས་འབྲས་སུ་དཔྱད་བརྗོད་འདི་གྲུབ་པ་ལགས་ན། ཕྱིས་འབྱུང་ཉམས་ཞིབ་པ་མི་ཉུང་བ་ཞིག་དང་། ལྷག་པར་བོད་ཀྱི་རྩོམ་རིག་དཔྱད་བརྗོད་ཀྱི་གླེང་སྟེགས་སུ་ཕན་འབྲས་གང་ཐུབ་ཡོང་བའི་རེ་སྙེག་མཐོན་པོ་བཅངས་ཡོད། ད་དུང་འདིར་ཞུ་འདོད་པ་ཞིག་ནི། གོང་དུ་ཟུར་ཙམ་ཞུས་པ་ལྟར་དཔྱད་བརྗོད་འདི་ནི་ཁོང་གི་བརྩམས་ཆོས་སྤྱི་དང་བྱེ་བྲག་ཀ་བཤད་རང་ཚུལ་བརྗོད་པའི་སྐོར་ལ་གླེང་བའི་གནས་ཚུལ་རྒྱས་ཤོས་ཆགས་ཡོད་ལབ་ཀྱང་བསྙོན་དོར་ཅང་མི་སྣང་། འོན་ཀྱང་དེ་ཙམ་ཞིག་གིས་ཁོང་གི་བརྩམས་ཆོས་དེའི་སྐོར་ལ་མཐིལ་ཕྱིན་པ་ཞིག་ཤེས་ཐབས་བྲལ་རྐྱེན། ཕྱིས་བྱུང་རྣམས་ཀྱིས་བརྩམས་ཆོས་དེའི་སྒྱུ་རྩལ་གྱི་རིན་ཐང་དང་དེའི་སྐབས་ཀྱི་ཆབ་སྲིད་ཀྱི་གནས་བབ། དེ་བཞིན་བརྩམས་ཆོས་དེ་ཕྱི་ཡུལ་དུ་ལྗགས་རྩོམ་གནང་བ་ཞིག་ཡིན་ཙང་ཕྱི་ཡུལ་རྩོམ་རིག་གི་རྣམ་གཞག་( Theory of Diaspora Literature)ཐོག་ནས་དཔྱད་བརྗོད་སྤེལ་དགོས་གལ་ཆེའོ།། །།

བོད་ཡིག་གི་དཔྱད་གཞིའི་ཡིག་ཆ།

༡ ཀ་བཤད་བུང་བ་དགའ་ཚལ། ལྷུན་གྲུབ་རྣམ་རྒྱལ།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༥ ཤོག་ངོས།༨༧

༢ ༧གོང་ས་རྒྱལ་དབང་སྐུ་འཕྲེང་༡༣པ་ཆེན་པོ་མཆོག་སྔོན་ཕྱི་ལོ་༡༩༡༡ལོར་རྡོར་གླིང་དུ་སྐུ་བཞུགས་གནང་སྐབས་༧མི་དབང་ཤེལ་དཀར་གླིང་མཆོག་ནས་བརྩམས་མཛད་ལྷ་ས་དྲན་གླུ་དང་ཀ་བཤད་བཅས་བཞུགས་སོ། ། བཀའ་དྲུང་ཤེལ་དཀར་གླིང་པ། Printed and Published by G.THARCHEN.  AT THE TIBET MIRROW PRESS, KALIMPONG.1965 ཤོག་གྲངས།༩ནས་༡༦

༣ རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་སྙན་རྩོམ་ཕྱོགས་བསྒྲིགས། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན། གཙོ་སྒྲིག་པ་སངས་རྒྱས་མཁར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ།༢༠༡༤

༤ གསུང་འབུམ་པོད་གསུམ་པ་དཔྱད་རྩོམ་ཕྱོགས་བསྒྲིགས། དོན་གྲུབ་རྒྱལ། བན་ཁོ་དང་བཀྲ་རྒྱལ་གྱིས་དག་བསྒྲིགས་བྱས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ།༡༩༩༧

༥ མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྭ་ལོ་ཙཱ་བའི་རྣམ་པར་ཐར་པ་ཀུན་ཁྱབ་སྙན་པའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། ། རྭ་ཡེ་ཤེས་སེངྒེས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ།༡༩༩༧

༦ བོད་ཀྱི་ཉེ་དུས་ཀྱི་གྲགས་ཆེན་སྙན་ངག་པ་ཤེལ་དཀར་མི་འགྱུར་ལྷུན་གྲུབ་ཀྱི་སྙན་ངག་རྩོམ་ལས་སྐོར་ཅུང་ཟད་གླེང་བ། ཚེ་དབང་རྣམ་རྒྱལ།  བོད་ཀྱི་རྩོམ་རིག་སྒྱུ་རྩལ། འདོན་ཐེངས་༥ བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཚོགས་ཆུང་། ཕྱི་ལོ།༡༩༨༣ ཤོག་ངོས།༦༡ནས་༧༢བར།

༧ བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་རྣམ་བཤད། ཀུན་དགའ།   བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ།༡༩༩༩

༨ བོད་ཀྱི་རྩོམ་རིག་རྒྱུན་ཤེས། དཔའ་རིས་བསོད་ནམས་ཚེ་རིང་གིས་བསྒྲིགས་པ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ།༢༠༢༠

༩ བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་ཞེས་བྱ་བ། དགེ་འདུན་རབ་གསལ། ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། སྤྱི་ལོ།༢༠༠༡

༡༠ བོད་ཀྱི་ཉེ་དུས་གྲགས་ཅན་སྙན་ངག་པ་ཤེལ་གླིང་མི་འདྱུར་ལྷུན་གྲུབ་ཀྱི་སྙན་ངག་རྩོམ་ལས་སྐོར་ཅུང་ཟད་གླེང་བ། ཚེ་དབང་རྣམ་རྒྱལ། <<བོད་ཀྱི་རྩོམ་རིག་སྒྱུ་རྩལ།>> འདོན་ཐེངས།༥ ཕྱི་ལོ།༡༩༨༣ ཤོག་ངོས། ༦༡ནས་ ༧༡བར།

༡༡ བོད་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ། དོན་རྡོར་དང་བསྟན་འཛིན་ཆོས་གྲགས་གཉིས་ཀྱིས་བསྒྲིགས།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ།༡༩༩༣ ཤོག་ངོས།༩༨༥ནས་༩༨༦བར།

༡༢ རང་གི་མྱོང་ཚོར་ངོ་མའི་དྲན་ཐོ། ཤེལ་གླིང་ཚེ་དབང་རྣམ་རྒྱལ། ཆོས་སྤྱོད་དཔེ་སྐྲུན་ཁང་། ཕྱི་ལོ། ༢༠༠༩

༡༣ ཤེལ་དཀར་གླིང་པའི་བཀའ་བློན་མི་འགྱུར་ལྷུན་གྲུབ་རྒྱུད་བཅས་ཀྱི་ལོ་རྒྱུས་མདོར་བསྡུས། དགེ་རྒྱས་པ་བསྟན་འཛིན་རྡོ་རྗེ། བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། ༨ སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས།༡༧༥ནས་༡༨༣བར།

༡༤ ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ་ལས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསུང་འབུམ་པོད་བཞི་པ།འགྲོ་མགོན་ཆོས་རྒྱལ་འཕགས་པ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ།༢༠༠༧ ཤོག ༡༠༨ནས་༡༠༩ བར།

English material

Founding Editors Andrew Quintman,  Kurtis R. Schaeffer, journal of Tibetan literature, Volume 2. Issue 1. Spring 2023.  is supported by the Tsadra Foundation and published in cooperation with the Buddhist Digital Resource Center

དཔྱད་ཡིག་དང་ཞབས་མཆན། 

[1] བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་རྣམ་བཤད། ཀུན་དགའ།   བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༡༩༩༩ ཤོག ༢༣༧

[2] གོང་མཚུངས། ཤོག ༢༣༧–༢༣༨

[3] དཔྱད་རྩོམ་ཕྱོགས་བསྒྲིགས།གསུང་འབུམ་པོད་གསུམ་པ། དོན་གྲུབ་རྒྱལ། བན་ཁོ་དང་བཀྲ་རྒྱལ་གྱིས་དག་བསྒྲིགས་བྱས།  མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༡༩༩༧ ཤོག ༥༣༩

[4] བོད་ཀྱི་རྩོམ་རིག་རྒྱུན་ཤེས། དཔའ་རིས་བསོད་ནམས་ཚེ་རིང་གིས་བསྒྲིགས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༢༠ ཤོག་ངོས།༡

[5] རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་སྙན་རྩོམ་ཕྱོགས་བསྒྲིགས། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༡༤ ཤོག་ངོས།༢༡༤

[6] བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་ཞེས་བྱ་བ། དགེ་འདུན་རབ་གསལ། ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། ཕྱི་ལོ།༢༠༠༡  ཤོག་ངོས།༡༤༣

[7] མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྭ་ལོ་ཙཱ་བའི་རྣམ་པར་ཐར་པ་ཀུན་ཁྱབ་སྙན་པའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། ། རྭ་ཡེ་ཤེས་སེངྒེས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་༡༩༩༧ ཤོག་ངོས།༣༤༢ “དེ་ཡང་ ལོ་ཙཱ་བ་ཁོང་དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་ལོ་ཙཱ་བ་རྭ་ཆོས་རབ་ཀྱིས་དབུ་མཛད་པའི་སློབ་མ་རྣམས་ཀྱིས་ཟླ་གཅིག་བར་དུ་མཆོད་པ་བཤམས་ཏེ་གསོལ་བ་བཏབ། དེ་ནས་ཞག་བཅུའི་རྗེས་ཀྱི་མཆོད་པ་གྲུབ་པའི་ནུབ་མོ་ཞིག་ལ་དམ་པ་དེ་ཉིད་བླ་མ་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་བྱོན་ཏེ་གསུངས།”

[8] ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ་ལས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསུང་འབུམ་པོད་བཞི་པ།འགྲོ་མགོན་ཆོས་རྒྱལ་འཕགས་པ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།ཕྱི་ལོ།༢༠༠༧ ཤོག ༡༠༨–༡༠༩ བརྩམས་ཆོས་དེའི་མཇུག་བྱང་དུ་རྩོམ་པ་པོས།  “ལྕགས་ཕོ་སྤྲེའུའི་ལོ་དཔྱིད་ཟླ་ར་བའི་ཚེས་ཉི་ཤུ་གཅིག་ལ། རྒྱ་ནག་པོ་ཅོང་ཏོའི་མཁར་དུ་སྦྱར་བ་རྫོགས་སོ། །”ཞེས་བྲིས་པའི་ལྕགས་ཕོ་སྤྲེའུ་ལོ་དཔྱིད་ཟླ་ར་བའི་ཚེས་ཉི་ཤུ་གཅིག་ནི། ཕྱི་ལོ་༡༢༦༠ཧོར་ཟླ་༡པོའི་ཚེས་༢༡ལ་འཁེལ་གྱི་ཡོད།

[9] བོད་ཀྱི་ཉེ་དུས་ཀྱི་གྲགས་ཆེན་སྙན་ངག་པ་ཤེལ་དཀར་མི་འགྱུར་ལྷུན་གྲུབ་ཀྱི་སྙན་ངག་རྩོམ་ལས་སྐོར་ཅུང་ཟད་གླེང་བ། ཚེ་དབང་རྣམ་རྒྱལ།  བོད་ཀྱི་རྩོམ་རིག་སྒྱུ་རྩལ། འདོན་ཐེངས་༥ བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཚོགས་ཆུང་། ཕྱི་ལོ་༡༩༨༣ ཤོག་ངོས།༦༣

[10] ༧གོང་ས་རྒྱལ་དབང་སྐུ་འཕྲེང་༡༣པ་ཆེན་པོ་མཆོག་སྔོན་ཕྱི་ལོ་༡༩༡༡ལོར་རྡོར་གླིང་དུ་སྐུ་བཞུགས་གནང་སྐབས་༧མི་དབང་ཤེལ་དཀར་གླིང་མཆོག་ནས་བརྩམས་མཛད་ལྷ་ས་དྲན་གླུ་དང་ཀ་བཤད་བཅས་བཞུགས་སོ། ། བཀའ་དྲུང་ཤེལ་དཀར་གླིང་པ། Printed and Published by G.THARCHEN.  AT THE TIBET MIRROW PRESS, KALIMPONG.1965 ཤོག་ངོས།༡༢

[11]  གོང་མཚུངས། ཤོག་ངོས། ༩

[12]གོང་མཚུངས།ཤོག་གྲངས།།༡༥

[13] བོད་ཀྱི་ཉེ་དུས་ཀྱི་གྲགས་ཆེན་སྙན་ངག་པ་ཤེལ་དཀར་མི་འགྱུར་ལྷུན་གྲུབ་ཀྱི་སྙན་ངག་རྩོམ་ལས་སྐོར་ཅུང་ཟད་གླེང་བ། ཚེ་དབང་རྣམ་རྒྱལ།  བོད་ཀྱི་རྩོམ་རིག་སྒྱུ་རྩལ། འདོན་ཐེངས་༥ བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཚོགས་ཆུང་། ཕྱི་ལོ་༡༩༨༣ ཤོག་ངོས།༦༣ནས་༦༤ནང་དེའི་སྐོར་ཅུང་ཟད་གསལ།

[14] བོད་ཀྱི་ཉེ་དུས་གྲགས་ཅན་སྙན་ངག་པ་ཤེལ་གླིང་མི་འདྱུར་ལྷུན་གྲུབ་ཀྱི་སྙན་ངག་རྩོམ་ལས་སྐོར་ཅུང་ཟད་གླེང་བ། ཚེ་དབང་རྣམ་རྒྱལ། <<བོད་ཀྱི་རྩོམ་རིག་སྒྱུ་རྩལ།>> འདོན་ཐེངས།༥ ཕྱི་ལོ།༡༩༨༣ ཤོག་ངོས། ༦༡ནས་ ༦༣གསལ།

[15] རང་གི་མྱོང་ཚོར་ངོ་མའི་དྲན་ཐོ། ཤེལ་གླིང་ཚེ་དབང་རྣམ་རྒྱལ། ཆོས་སྤྱོད་དཔེ་སྐྲུན་ཁང་། ཕྱི་ལོ། ༢༠༠༩ ཤོག་ངོས། ༩

[16]བོད་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ། དོན་རྡོར་དང་བསྟན་འཛིན་ཆོས་གྲགས་གཉིས་ཀྱིས་བསྒྲིགས།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ།༡༩༩༣ ཤོག་ངོས།༩༨༦

[17] Founding Editors Andrew Quintman, Kurtis R. Schaeffer, journal of Tibetan literature, Volume 2. Issue 1. Spring 2023.  is supported by the Tsadra Foundation and published in cooperation with the Buddhist Digital Resource Center

[18] ཤེལ་དཀར་གླིང་པའི་བཀའ་བློན་མི་འགྱུར་ལྷུན་གྲུབ་རྒྱུད་བཅས་ཀྱི་ལོ་རྒྱུས་མདོར་བསྡུས། དགེ་རྒྱས་པ་བསྟན་འཛིན་རྡོ་རྗེ། བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། ༨ སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས།༡༨༠

[19] ཀ་བཤད་བུང་བ་དགའ་ཚལ། ལྷུན་གྲུབ་རྣམ་རྒྱལ།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༥ ཤོག་ངོས།༨༧

[20] ༧གོང་ས་རྒྱལ་དབང་སྐུ་འཕྲེང་༡༣པ་ཆེན་པོ་མཆོག་སྔོན་ཕྱི་ལོ་༡༩༡༡ལོར་རྡོར་གླིང་དུ་སྐུ་བཞུགས་གནང་སྐབས་༧མི་དབང་ཤེལ་དཀར་གླིང་མཆོག་ནས་བརྩམས་མཛད་ལྷ་ས་དྲན་གླུ་དང་ཀ་བཤད་བཅས་བཞུགས་སོ། ། བཀའ་དྲུང་ཤེལ་དཀར་གླིང་པ། Printed and Published by G.THARCHEN.  AT THE TIBET MIRROW PRESS, KALIMPONG.1965 ཤོག་ངོས།༩

[21] གོང་མཚུངས། ཤོག་ངོས།༡༣

[22] གོང་མཚུངས། ཤོག་ངོས།༡༣

[23] གོང་མཚུངས།

[24] གོང་མཚུངས། ཤོག་ངོས། ༡༤

[25] གོང་མཚུངས།

[26] གོང་མཚུངས། ཤོག་ངོས། ༩

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།