བརྩམས་སྒྲུང་ནི་མིའི་གཉུག་གཤིས་འདོན་པའི་ཤེས་རབ་གཟུ་ལྡན་ཞིག་ཡིན། – འཆལ་མོ་དབང་མཚོ། གཉིད། ཤངས། འཆི་བདག་དམར་པོའི་སྒྱུ་མའི་སྤྲོ་ཚོགས་བཅས་བརྩམས་སྒྲུང་བཞི་ལས་འཕྲོས་ཏེ་དེང་རབས་བརྩམས་སྒྲུང་ལ་ཅུང་ཟད་དཔྱད་པ།
[ནང་དོན་གནད་བསྡུས།] འཆལ་མོ་དབང་མཚོ་དང་། 眠 གཉིད། 鼻子 ཤངས། འཆི་བདག་དམར་པོའི་སྒྱུ་མའི་སྤྲོ་ཚོགས་བཅས་ཀྱི་བརྩམས་སྒྲུང་མི་འདྲ་བཞི་ལས་འཕྲོས་ཏེ་དེང་རབས་རིང་ལུགས་པའི་བརྩམས་སྒྲུང་གི་ཁམས་དང་སྒྱུ་རྩལ་སྐད་ཆ། མཛེས་དཔྱོད། རྨི་ལམ་ཡོད་འཐབ་འགྲེལ་སོགས་ཀྱི་རྩ་དོན་བཅས་ལ་བདག་བློའི་མེ་ཏོག་ཟུམ་པོ་རུ་ཤོང་ཚད་ཙམ་གྱིས་དཔྱད་དེ་བརྗོད་ཡོད། གཙོ་བོ་ནུབ་ལུགས་བརྩམས་སྒྲུང་གི་ལྟ་གྲུབ་ཁག་དང་བསམ་བློའི་གནས་བབ་གཙོ་ཆེར་དུ་བཟུང་ནས་དཔྱད་ཞིབ་བྱས་ཡོད།
[ཐ་སྙད་གཙོ་བོ།] ཤེར་རྟོགས། མཛེས་དཔྱོད། སྐྱོ་བའི་སྙིང་པོ། བརྡ་མཚོན་སྲོག་ཆགས། མི་རིགས་རིག་པ།
སྔོན་འགྲོ།
འཇར་མན་སྐད་བརྡ་རིག་པ་བ་ཧཱིའེར་དྷི་ 赫尔德 ལགས་ཀྱིས་སྐད་ཆ་ནི་མིའི་རྩ་བའི་ཤེས་རབ་ཀྱི་ཆོས་ཉིད་ཀྱི་དབང་གིས་བྱུང་བར་འདོད་ལ། དེ་ནི་དཔེར་ན་སྡོམ་ནག་གིས་སྡོམ་དྲྭ་ཕུན་ཚོགས་འཐེན་པའི་ནུས་པ་དང་། སྦྲང་མས་སྦྲང་རྩི་སྤུས་བཟང་དུ་གསོག་པ་སོགས་རང་བྱུང་གིས་ནུས་པ་རུ་མངའ་བ་ཇི་བཞིན་མི་ཉིད་སྲོག་ཆགས་ལ་གྱུར་པ་ནས་སྐད་ཆའི་ས་བོན་དུ་གྱུར་པའི་རྒྱུ་ཚོགས་པར་འདོད། གྷི་རིགས་མཚན་ཉིད་རིག་པ་བ་苏斯米希 ལགས་ཀྱིས་སྐད་ཆ་ནི་རྗོད་པ་ཉོག་འཛིང་ཆེ་ཞིང་སྣ་མོད་པས་དཀོན་ཅོག་ལས་ལོག་པའི་ཚུར་སྣང་གི་མི་ཞིག་གིས་དེ་ཉིད་རང་སྟོབས་སུ་གསར་བཟོ་བྱེད་མི་ཐུབ་ཟེར། གཞན་ཁཱ་ཤེའེར་卡西尔 ལགས་ཀྱིས་མི་ནི་བརྡ་མཚོན་ཀྱིས་འཚོ་ཞིང་གནས་ལ། སྐད་ཆ་ནི་དེ་ལས་བརྡ་རྟགས་ཆེ་ཤོས་དེ་ཡིན་པར་བཞེད། གཞན་ཡན་ཧཱིའེར་དྷི་ལགས་ཀྱིས་མི་ལ་བླ་ན་མེད་པའི་ནུས་པ་ཞིག་ཡོད་པ་དང་། དེ་ནི་རྟོག་དཔྱོད་དང་ཤེས་རབ། ཚོར་སྣང་། བསམ་གཞིག་གི་ནུས་པ་སོགས་མདོར་ན་མིའི་ཤེས་པའི་ནུས་ཤུགས་ཐམས་ཅད་ཀུན་འདུས་ངོ་བོ་ཞིག་ཡིན་པར་གསུངས་གནང་། དེའི་མིང་ལ་(Besonnenhiet). ཞེས་བཏགས་ཤིང་དེ་ཉིད་རྒྱ་ཡིག་ཏུ་ 悟性 ཞེས་བསྒྱུར་འདུག་ལ། བོད་སྐད་དུ་ཕལ་ཆེར་ཤེར་རྟོགས་ཞེས་པའི་འབྲོང་བུ་ཚེ་རིང་རྡོ་རྗེའི་ཐ་སྙད་དེ་ལ་བསྒྱུར་ན་ཆོག་པའི་སྣང་བ་བྱུང་། དེས་ན་མི་དང་། འཚོ་གནས། བསམ་བློ། ལྟ་གྲུབ། སྒྱུ་རྩལ་སོགས་བསམ་བློས་གྲུབ་པའི་འཚོ་གནས་ཀྱི་གཞི་རྟེན་དང་། དཔལ་འབྱོར་དང་། ཆབས་སྲིད། སྤྱི་ཚོགས་ཀྱི་རིགས་ལམ། བཟོ་རྩལ་སོགས་མིའི་རིགས་ཀྱི་ཕྱི་ཡི་འཚོ་གནས་ཀྱི་གཞི་རྟེན་བཅས་མང་པོ་ལས་གྲུབ་ཡོད་ལ། དེ་ལས་སྐད་ཆ་ནི་ཀུན་དང་ཐམས་ཅད་ཀྱི་རྩ་བར་གྱུར་པ་འཛམ་གླིང་གི་མཁས་པ་ཀུན་ཀྱི་དགོངས་དོན་དུ་གྱུར་ཡོད་ལ། ལྷག་པར་དུ་ད་ཐེངས་བརྩམས་སྒྲུང་རིག་པ་ནི་སྐད་ཆ་ནང་གི་སྙིང་པོ་ལྟ་བུའི་ཚད་དུ་ཟིན་ལ། སྐད་ཆ་ལས་འདས་པའི་སྐད་ཆའི་ཐབས་རྩལ་གྱིས་སྒྱུ་རྩལ་གྱི་ཁྱུ་མཆོག་ཏུ་གྱུར་ཡོད། དེ་བས་སྐད་ཆ་ནི་ཀུན་ཀྱི་རྩ་བར་གྱུར་པ་དང་། སྒྱུ་རྩལ་ནི་དེའི་སྙིང་པོ་དང་བཅུད་དུ་སྣང་ཕྱིར། རྩོམ་རིག་གི་བརྡ་ཐབས་དང་སྐད་ཆའམ་རྗོད་པ་ནི་ཧ་ཅང་གནད་ཆེན་པོར་གྱུར་ཡོད་པའོ།།
གཅིག བརྩམས་སྒྲུང་གི་སྐད་ཆའམ་རྗོད་པ་དང་དེས་བརྗོད་བྱ་གསལ་ཐབས།
སྤྱིར་རྗོད་པ་ཞེས་པ་འདི་ནི་ཚིག་རྒྱན་རིག་པའི་སྐབས་སུ་གཏམ་དང་རྗོད་པ་ཞེས་འབྱུང་བ་དང་། སུམ་རྟགས་སྐབས་སུ་ཚིག་དང་རྗོད་པ་ཞེས་འབྱུང་ཡོད། དེ་མཚུངས་བོད་ཀྱི་རིག་གནས་སྤྱི་ཡི་སྣང་ཚུལ་གྱིས་རྗོད་པ་ཞེས་པ་འདི་ཉིད་དམིགས་བསལ་གྱིས་གོ་རྒྱ་ཆེ་ལ་དོན་ཟབ་པ་ཞིག་ལ་གོ་བ་ལེན་གྱི་འདུག མ་ཟད་དེང་རབས་རིག་གཞུང་ཁག་ཏུའང་རྗོད་པ་ཞེས་འདི་ཉིད་ཡང་ཡང་འབྱུང་གི་ཡོད་པ་མ་ཟད། བརྩམས་སྒྲུང་རིག་གཞུང་དུའང་ཡང་ཡང་འབྱུང་གིན་འདུག་པས། དེ་བས་རྗོད་པ་ཞེས་པ་འདི་ནི་དམིགས་བསལ་བརྩམས་སྒྲུང་གཞུང་ལུགས་དོན་ཚན་ལས་དམིགས་བསལ་གྱིས་དང་དོད་བྱེད་དགོས་ས་ཞིག་ཏུ་སྣང་། འོ་ན་གང་འདྲ་ཞིག་ལ་རྗོད་པ་ཟེར་རམ། སྐབས་འདིར་བརྩམས་སྒྲུང་གི་རྗོད་པ་ཞེས་པ་ནི། གཏམ་རྒྱུད་ཀྱི་བྱུང་རིམ་ཇི་བཞིན་དུ་བསྟར་བའི་གཏམ་གྱི་སྦྱོར་བ་ལ་གོ་ཞིང་། དེ་ལ་སྐད་ཆའི་རྗོད་པ་དང་མཆོར་འབྲི་ཡི་བརྗོད་པ་བཅས་གཉིས་དབྱེ་ཆོག་པར་སྣང་། དེ་བས་སྐབས་འདིར་བརྩམས་སྒྲུང་ལས་འབྱུང་བའི་བཤད་པ་དང་སྟོན་པ་ཞེས་པའི་བྱུང་རིམ་ངོས་འཛིན་སྟངས་མི་འདྲ་བ་གཉིས་འབྱུང་བ་རེད། དེ་དག་རིམ་གྱིས་འོག་འགྲེལ་བཤད་ཀྱིས་འབྱུང་བར་བྱ།
གཉིས། བརྩམས་སྒྲུང་བཞི་ཡི་བརྗོད་བྱ་འབེབ་པ།
༡ འཆལ་མོ་དབང་མཚོ།
འཆལ་མོ་དབང་མཚོ་ཞེས་པའི་བརྩམས་སྒྲུང་འདི་ནི་བོད་ཀྱི་དེང་རབས་སྙན་ངག་པ་དང་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་ལགས་ཀྱིས་བརྩམས་པ་ཡིན་ལ། བརྩམས་སྒྲུང་འདི་ནི་དབང་མཚོ་ཞེས་པའི་བུད་མེད་དཀྱུས་མ་ཞིག་གི་ལས་དབང་འགྱུར་ལྡོག་དང་། སྐྱོ་གར། འཆལ་མོར་གྱུར་པའི་བརྒྱུད་རིམ། ཆོབ་ཚ་བའི་གཤིས་ཀ བུད་མེད་སྤྱིར་བཏང་བ་ཞིག་གི་བསམ་བློའི་རྒུད་པ། ལང་ཚོའི་རྒུད་པ། མི་སམེས་ཀྱི་རྒུད་པ་བཅས་བརྗོད་བྱར་བཟུང་དགོས། མོ་ནི་ཁྱོ་ག་ཤི་ཟིན་པའི་ཡུགས་མོ་ཞིག་དང་། མི་ཀུན་ཀྱི་མཐོང་ལམ་ནས་ཡོངས་སུ་བོར་སྟོར་ཐེབས་པའི་བུ་མོ་ཞིག་ཡིན། ཡང་ན་ཁྱིམ་མེད། ཡུལ་མེད། བརྩེ་དུང་མེད་ལ། སེམས་ཁམས་ཡོངས་སུ་སྤྱི་ཚོགས་ཀྱི་སྦྱོར་རྩུབ་དྲག་པོས་གཞོམ་གཞིག་གཏོང་ཟིན་པའི་རྨ་ཤུལ་གྱིས་ཁེངས་པའི་མི་སྣ་སྣང་བརྙན་དེ་ནི་མི་སྒེར་བ་ཞིག་ལས་ལོག་མི་རབས་ཤིག་གི་སྐྱོ་གར་ལྟ་བུ་ཞིག་བརྗོད་ཀྱི་འདུག་སྙམ། སྤྱིར་དེང་སང་ང་ཚོའི་སྤྱི་ཚོགས་ཀྱི་ཟུར་རེ་རེ་རུ་འདི་འདྲའི་རིགས་གཏོགས་ཀྱི་བུ་དང་བུ་མོ་ཁྱད་མེད་དུ་ཡོད་ལ། སེམས་པ་འཁེན་ས་མེད། རྣམ་ཤེས་སྐྱོར་ས་མེད་པའི་སྐྱོ་གར་ཞིག་གི་འཁྲབ་སྟོན་པ་རེ་རེ་བྱས་ནས་ཡོད། དེ་བརྩམས་སྒྲུང་འདིའི་བརྗོད་བྱའི་སྤྱི་འདུས་ཤིག་རེད།
༢ གཉིད།
གཉིད་ཅེས་པའི་བརྩམས་སྒྲུང་འདི་ནི་ཉི་ཧོང་བརྩམས་སྒྲུང་པ་གྲགས་ཅན་མཱེ་རཱ་ཁཱ་མེ་ཧཱ་རའེ་ཁཱེ་ (むらかみ はるき 村上春树) ལགས་ཀྱིས་བརྩམས་པའི་སྒྲུང་འབྲིང་གི་ཚད་དུ་ལོན་པའི་བརྩམས་སྒྲུང་ཞིག་ཡིན། བརྩམས་སྒྲུང་མགོ་བཟུང་མ་ཐག་གཉིད་མ་ཡོང་བའི་བུད་མེད་ཅིག་གི་ཉིན་ཞག་བཅུ་བདུན་གྱི་བྱུང་བ་ཞིབ་མོ་མཆོར་འབྲི་བྱས་པའི་བརྩམས་སྒྲུང་ཞིག་ཡིན། འདིའི་ནང་མི་སྣ་གཙོ་བོ་བུད་མེད་དེ་ནི་འཚོ་བའི་དཀའ་ངལ་བྲལ་ཞིང་། སེམས་ཀྱི་གནོན་ཤུགས་ཀྱང་ཆུང་། མདོར་ན་འཚོ་བ་ཕུན་སུམ་ཚོགས་པ་རོལ་བཞིན་པའི་ཁྱིམ་ཚང་གི་བདག་མོ་ཞིག་ཡིན་སྟབས། རྒྱུན་པར་སེམས་ལ་གནོན་ཤུགས་དང་དཀའ་ལས་གང་ཡང་འབྱུང་གི་མེད། དེ་བས་རྒྱུན་པར་མོའི་ལས་ཀ་ཁྱིམ་ལས་ཙག་ཙིག་གིས་གྲུབ་པའི་ཚགས་ཡང་ཤོས་ཀྱིས་གྲུབ་ཡོད། འོན་ཀྱང་མོ་རང་གཉིད་མི་ཡོང་བའི་རྒྱུ་རྐྱེན་ནས་མགོ་བཟུང་སྟེ་སེམས་ལ་དཀའ་ཁག་སྣ་ཚོགས་འཕེལ་མགོ་ཚུགས་ཤིང་། རྨི་ལམ་དང་དངོས་ཡོད་ཀྱི་འགལ་འདུ་ལས་བརྩམས་སྒྲུང་འདིའི་བྱུང་རིམ་འཕེལ་རྒྱས་སུ་བསྟར་ཡོད། དེ་བས་བརྩམས་སྒྲུང་འདིའི་ནང་གི་བརྗོད་བྱ་ཆེས་གསོན་ཉམས་ལྡན་པ་ནི་གཉིས་མི་ཁུགས་པའི་སེམས་ཁམས་ཀྱི་ཉོག་འཛིང་དང་། སེམས་ནས་འདྲ་མིན་སྣ་ཚོགས་དྲན་མགོ་ཚུགས་པ་མ་ཟད། མ་མཐའ་འདི་འདྲ་དུས་ཡུན་རིང་པོ་གཉིད་མི་ཡོང་པས་ང་ལ་ནད་ངན་ཞིག་བྱུང་བ་ཡིན་ནམ། ང་རང་འཆི་བར་ཐག་ཇེ་ཉེར་འགྲོ་ཡི་ཡོད་དམ། ལྷག་པར་མོ་རང་གཉིད་མི་ཟིན་པའི་བརྐྱེན་ཏེ་བཀླགས་པའི་ཨུ་རུ་སུའི་བརྩམས་སྒྲུང་གྲགས་ཅན་安娜·卡列妮娜 ནང་གི་མི་སྣ་གཙོ་བོ་བུ་མོ་安娜·卡列妮娜 རང་སྲོག་གཅོད་པའི་བརྒྱུད་རིམ་ལས་འཆི་བ་དང་ཐག་ཉེ་རུ་ཕྱིན་པ་མཉམ་དུ་མོ་རང་ལ་ལྷག་པར་སེམས་འགལ་འཛོལ་ཇེ་ཆེར་ཕྱིན་པ་དང་། རྩ་བ་ནས་འདུག་མ་བཟོད་པའི་ཚོར་བས་བསྐུལ་ཏེ་བྱུང་བསམ་གཞིག་དང་མི་གཤིས་ཀྱི་འགྱུར་ལྡོག མནར་གཅོད་ཀྱི་བརྒྱུད་རིམ་དེ་ནི་བརྩམས་སྒྲུང་འདིའི་བརྗོད་བྱ་ཆ་ཚང་རེད་འདུག
༣ བརྩམས་སྒྲུང་། ཤངས། 鼻子
ཤངས་ཞེས་པའི་བརྩམས་སྒྲུང་འདི་ནི་ཉི་ཧོང་གི་བརྩམས་སྒྲུང་པ་གྲགས་ཅན་ཨ་ཁའེ་ཏཱ་ཀ་ཝཱ་ ཡོ་ནཱོ་སྲི་ཀཱེ་ 芥川龙之介(あくたがわ りゅうのすけ、 ལགས་ཀྱིས་བརྩམས་པའི་བརྩམས་སྒྲུང་ཞིག་ཡིན་ལ། བརྗོད་བྱ་ནི་བསམ་བསྟན་ལ་བཞུགས་པའི་རབ་བྱུང་པ་ཞིག་ལ་སྣའམ་ཤངས་རིང་པོ་ཞིག་ཡོད་པ་དང་། དེས་ནམ་རྒྱུན་ཁོང་གི་ཐུགས་མི་བདེ་བྱས་པའི་བརྒྱུད་རིམ་དང་། ལྷག་པར་ཕལ་བའི་སེམས་གཤིས་ཀྱི་འགྱུར་ལྡོག་དང་། སེམས་ཀྱི་ཚོར་འདུ་ནི་འགྱུ་བའི་བརྒྱུད་རིམ་གསལ་བོར་བྲིས་ཡོད། མ་ཟད་ཉིན་དགེ་ཕྲུག་གིས་སྣའམ་ཤངས་བསྟུང་པའི་ཐབས་རྙེད་པ་དང་ཐབས་དག་བེད་སྤྱོད་བྱས་ཏེ་སྣའམ་ཤངས་ཐུང་དུ་ཕྱིན་ཀྱང་། མིས་ཁོང་ལ་བཟུང་བའི་རྣམ་འགྱུར་ལ་ལྷག་པར་འགྱུར་ལྡོག་ཕྱིན་ཏེ། ཁོང་ཉིད་ཐུགས་ལྷག་པར་མི་བདེ་བ་བྱས་ཤིང་། མཐར་ཤངས་ཉིད་རང་བཞིན་དུ་སླར་མངོན་པར་གྱུར་ཏེ་ཁོང་གི་སེམས་ངལ་ན་ཟུག་སོགས་ཐམས་ཅད་རང་སེམས་ཀྱི་འདུ་འགོད་ལས་གྲུབ་པར་ངོ་ཤེས་པའི་བརྒྱུད་རིམ་ཞིག་གིས་བརྩམས་སྒྲུང་ཧྲིལ་པོ་གྲུབ་ཡོད། འདི་ནི་དོན་དག་ཆུང་ངུའི་མཐོང་སྣེ་བསྐྱེད་དེ་ནང་སེམས་ཀྱི་ཉམས་ལེན་གྱི་གནད་འགག་བརྗོད་པའི་བརྩམས་སྒྲུང་ཞིག་རེད་ཅེས་བརྗོད་ཆོག་པར་སྣང་།
༤ འཆི་བདག་དམར་པོའི་སྒྱུ་མའི་སྤྲོ་ཚོགས།
བརྩམས་སྒྲུང་འདི་ནི་ཨ་མེ་རི་ཁའི་དཔྱད་ཞིབ་བརྩམས་སྒྲུང་པ་གྲགས་ཅན་ཨའེ་ལུམ་ · བྷོར་ལགས་ཀྱིས་བརྩམས་པའི་སྒྲུང་རྩོམ་ཞིག་ཡིན་ལ། གཙོ་བོ་རྒྱལ་ཁབ་གཅིག་ལ་ནད་ཡམས་ཀྱི་རྒུད་པ་ཆེན་པོ་བསླེབས་པའམ་འཆི་བདག་གིས་མི་དམངས་དང་རྒྱལ་ཁབ་ལ་ཀུ་རེ་ཡིད་ལས་འགོངས་པ་བརྩེས་མོད། ཡིན་ན་ཡང་རྒྱལ་པོ་ཉིད་གྲོགས་པོ་བརྒྱ་ཡར་མར་ཁྲིད་དེ་ནད་ཡམས་སམ་འཆི་བདག་དེ་ཉིད་ལ་ཡོལ་བྱོལ་དུ་ཕེབས་པ་རྒྱུ་རྐྱེན་བྱས་ཏེ་ཉིན་རེ་རེ་ནས་འཆི་བའི་ཆོས་ཉིད་ནི་རྒྱལ་པོ་དང་ཁོང་གི་གྲོགས་པོ་དག་དང་ཁ་ཐག་ཉེ་ནས་ཉེ་རུ་འགྲོ་བའི་བྱུང་རིམ་ཞིག་བརྗོད་གཞིར་བཟུང་ཡོད། བརྩམས་སྒྲུང་འདིའི་བརྗོད་བྱ་ཐམས་ཅད་གཞི་གཅིག་ཏུ་འབབ་ས་ཞིག་ཡོད་པ་ནི་འཆི་བ་ཞེས་པའི་ཐ་སྙད་ཀྱིས་བཞག་ཅིང་མི་སེམས་ཀྱི་སྙི་ས་ལ་རྒྱས་བཏབ་པའི་ཆོས་ཉིད་ཀྱི་ཕྱག་རྒྱ་དེ་རེད། འཆི་བའི་སྔས་ནས་མི་ཐམས་ཅད་འདྲ་མཚུངས་སུ་གྱུར་ཅིང་། མ་མཐའ་རྒྱལ་པོའི་མངའ་ཐང་གིས་ཀྱང་གོ་གང་ཡང་མི་ཆོད་ལ། འཆི་བ་ནི་བརྩམས་སྒྲུང་ནང་གི་བར་མེད་དུ་གྲགས་པའི་དུས་ཚོད་འཁོར་ལོ་ནག་པོའི་ཅོང་བརྡས་སེམས་གཙེ་ཞིང་འཇིགས་བསླངས་པ་ཇི་བཞིན་མི་ཚོགས་གྲགས་འགུལ་བཅོམ། མི་སེམས་ཀྱི་རྒུད་པ་སྩོལ། འཚོ་མདངས་ཡལ། གླུ་པའི་ངག་འགག བྲོ་བའི་རྩལ་ཉམས་པའི་འཇིགས་སུ་རུང་བའི་དོན་དག་ཡང་ཡང་དྲན་སྐུལ་བྱས་ཏེ་བྲིས་གནང་ཡོད།
གསུམ། མཛེས་དཔྱོད་རིག་པའི་སྤྱི་ཁོག་འབེབས་ཚུལ།
སྤྱིར་མཛེས་དཔྱོད་ཅེས་པ་ནི་མིའི་རིགས་ཀྱི་བསམ་བློ་ལས་བྱུང་བའི་བདེ་དགེ་མཛེས་ཀྱིས་གྲུབ་པའི་རིག་གནས་སམ་འཚོ་བའི་ངོས་འཛིན་ཞིག་ལ་གོ་བ་ལེན་དགོས་ལ། འདི་ལ་མཛེས་སྣང་རིག་པ་དང་། མཛེས་དཔྱོད་རིག་པ་བཅས་རིག་ཚན་མི་འདྲ་བ་གཉིས་ཡོང་གི་འདུག དང་པོ་ཕྱི་དངོས་པོའི་ཆོས་ཉིད་དང་། གཉིས་པ་ནི་ནང་སེམས་ཀྱི་བདེ་དགེ་མཛེས་གསུམ་ལ་དཔྱད་ཞིབ་པའི་རིག་པ་ཞིག་ལ་གོ་ཡི་འདུག དང་པོ་དེ་ཉིད་ནི་ཆེས་ཐོག་མར་གླེང་མཁན་ནི་གྷི་རིག་མཚན་ཉིད་རིག་པ་བ་བྷེ་ཏྭ་གྷི་ལཱ་སྲི་དང་ཁོང་གི་གྲུབ་མཐའ་སྨྲ་བ་རྣམས་ཡིན། ཁོང་ཅག་གི་མཛེས་སྣང་རིག་པ་ནི་རང་བྱུང་ཁམས་ཀྱི་མཛེས་སྣང་ལ་འགྲེལ་བ་བསྐྱོན་མཛད་ལ། མཛེས་སྣང་རིག་པའང་རང་བྱུང་མཚན་ཉིད་རིག་པའི་ཆར་གཏོགས་སུ་བགྲང་གནང་། “[1]ཁོང་ཅག་གི་འདོད་ཚུལ་ལྟར་ན། མཛེས་སྣང་མཉམ་གནས་ཞེས་པ་དེ་ཡིན་ལ། འཇིག་རྟེན་ “小宇宙” འདིའི་སྟེང་གི་མི་དང་། འཇིག་རྟེན་ཁམས་ཆེན་མོའི་ “大宇宙” རང་བྱུང་ཁམས་གཉིས་པོ་གང་ཡིན་རུང་ཐམས་ཅད་གྲངས་རིག་དང་མཉམ་གནས་ཀྱི་ཆོས་ཉིད་དམ་རྩ་དོན་གྱིས་གྲུབ་ཅིང་གནས་ཡོད་པར་འདོད་ཀྱི་ཡོད།” དེ་རྗེས་མཛེས་ཞེས་པ་ནི་མིའི་རང་སྟེང་གི་འཛིན་སྟངས་དང་། ཀུན་སྤྱོད། ལྟ་གྲུབ། བསམ་བློ། སྒྱུ་རྩལ་སོགས་སྣ་ཚོགས་ལ་འགྲེལ་བཤད་བྱེད་མཁན་བྱུང་བ་རེད། རེད་དེ་དེང་རབས་མཚན་ཉིད་རིག་པའི་ཁྱབ་ཁོངས་ལས་མཛེས་སྡུག་གམ་མཛེས་སྣང་ནི་སྒྱུ་རྩལ་གྱི་མཐར་ཐུག་ལ་བཞག་ཅིང་། ལྟ་གྲུབ་དང་། བསམ་བློ། གཏན་ཚིགས། རིག་གཞུང་། མདོར་ན་གཏན་ཚིགས་དང་གནས་ལུགས་ཀྱིས་བསྒྲུབས་པའི་ཆོས་ཐམས་ཅད་ལས་ཚད་དང་གཏིང་བརྒལ་བའི་ཆོས་ཉིད་དང་གནས་ལུགས་ཀྱིས་གྲུབ་པའི་མིའི་ེསེམས་ཀྱི་རོལ་མྱོང་གི་ཡུལ་ཞིག་ལ་འགྲེལ་བཤད་བྱས་འདུག དཔེར་ན་མི་ལ་རས་པས་ཆོས་ཉིད་ལ་དབང་འབྱོར་བ་ལྟ་བུའི་མྱོང་བ་ཞིག་ལ་འགྲེལ་བཤད་བྱེད་དུ་མཆིས་སོ།།
དེ་ཉིད་མཚན་ཉིད་རིག་པའི་ལམ་ནས་མར་གསལ་བོར་གསལ་བཀྲོལ་མཛད་མཁན་ནི་ནུབ་ཀྱི་མཚན་ཉིད་རིག་པ་བ་ཁཱང་ཏེ་དང་ཧཱེ་གྷིའེར་རྣམ་གཉིས་ཡིན་པ་ཡོངས་སུ་གྲགས། དེ་བས་སྐབས་འདིར་ང་ཚོས་ངེས་པར་ཧཱེ་གྷིའེ་ལགས་ཀྱི་མཛེས་དཔྱོད་ཅེས་པ་གང་འདྲ་ཞིག་ལ་གོ་བ་དགོས་པར་ཅུང་ཙམ་བཤད་ན་འཚམ་པོ་འདུག ཁོང་གིས་མཛེས་དཔྱོད་དམ་མཛེས་སྣང་ལ་རང་བྱུང་ཁམས་ཀྱི་མཛེས་སྣང་དང་སྒྱུ་རྩལ་གྱི་མཛེས་སྣང་གཉིས་སུ་བཞག་འདུག་ལ། དེ་གཉིས་ལས་ཆེས་ཚད་མཐོ་བའི་མཛེས་སྣང་གི་སྒྱུ་རྩལ་གྱི་མཛེས་དཔྱོད་ཡིན་པར་བརྗོད་འདུག དེ་ནི་ཁོང་གི་མཛེས་དཔྱོད་རིག་པའིི་ཞེས་པའི་རྒྱ་འགྱུར་དཔེ་དེབ་ལས་ “ 不过我们可以肯定地说,艺术美高于自然。因为艺术美是由心灵 [5] 产生和再生的美,心灵和它的产品比自然和它的现象高多少,艺术美也就比自然美高多少” ཞེས་གསུངས་པ་བལྟས་ན་ཤེས་གསལ་ཡོང་ཐུབ། ཚིག་སྟབས་བདེ་བའི་སྒོ་ནས་བོད་འགྱུར་ཞུས་ན། ཡིན་ཡང་ང་ཚོས་བློས་ཐག་རྦད་ཆོད་ཀྱིས་བཤད་ཐུབ་པ་ནི། སྒྱུ་རྩལ་གྱི་མཛེས་སྣང་ནི་རང་བྱུང་གི་མཛེས་སྣང་ལས་ཀྱང་ཚད་མཐོ་བར་བཤད་ཆོག་སྟེ། དེ་ནི་སྒྱུ་རྩལ་གྱི་མཛེས་སྣང་སེམས་གཏིང་ནས་བསྐྱེད་ཅིང་སྨིན་པར་གྱུར་པའི་མཛེས་སྣང་ཡིན་པ་དང་། སེམས་ཚོར་དང་དེས་བསྐྱེད་པའི་དངོས་པོ་དེ་ཉིད་རང་བྱུང་དང་དེའི་སྣང་ཚུལ་ལས་ཅི་ཙམ་ཚད་གཞི་མཐོ་བ་ཡིན་ན། སྒྱུ་རྩལ་གྱི་མཛེས་སྣང་ཉིད་དེ་མཚུངས་ཀྱིས་རང་བྱུང་མཛེས་སྣང་ལས་ཚད་མཐོ་པོ་ཆགས་ཀྱི་ཡོད་ཅེས་བརྗོད་འདུག་པའོ།། མ་ཟད་ཁོང་གིས་མཛེས་སྣང་ཞེས་པ་ནི་སེམས་ཀྱི་ཚོར་འདུ་དང་འདུ་ཤེས་ཀྱིས་བསྐྲུན་ཅིང་བསྐྱེད་པའི་སྣང་ཚུལ་ཞིག་ལ་གོ་བ་ལེན་དགོས་པར་ནན་བརྗོད་བྱས་འདུག་ལ། “[2]ཁོང་གིས་སྒྱུ་རྩལ་ནི་ཚོར་བ་རྣམ་པ་ཅན་གྱི་སྒོ་ནས་གནས་ལུགས་འགྲེལ་བའི་སྣང་ཚུལ་ཞིག་ཡིན་” པར་འགྲེལ་བརྗོད་བྱེད་ཡོད་འདུག དཔེར་ན་མིའི་གཉུག་གཤིས་དང་། བསམ་བློའི་བདེན་པ། སྐྱོ་གར་གྱི་མཐར་ཐུག་སོགས་མདོར་ན་གནས་ལུགས་དང་གནས་ལུགས་ཀྱི་ངོ་བོར་གྱུར་པའི་དོན་དག་ཐམས་ཅད་ཀྱི་མཐར་ཐུག་ལ་མཛེས་པ་ཞེས་བརྗོད་ཅིང་། མཛེས་པ་དེ་ཉིད་བརྔོགས་པའི་“ སྒྱུ་རྩལ་ནི་མཚན་ཉིད་རིག་པ་དང་ཁྱམ་ར་གཅིག་ཏུ་གྱུར་པའི་གནས་ལུགས་བཀྲོལ་པའི་བྱེད་ལས་ཅན་ཞིག་”ལ་ངོས་འཛིན་བྱེད་ཀྱི་འདུག་ཅིང་། མདོར་ན་མཛེས་པ་དང་བདེན་པ་གཉིས་དོན་གྱི་གོ་བ་གཅིག་ཐོག་ཏུ་འགྲོ་དགོས་པ་བརྗོད་ཀྱི་འདུག གཞན་ཁཱང་ཏེ་ནས་མཛེས་པ་ནི་གནས་ལུགས་སམ་བདེན་པ་ལས་ཀྱང་ཚད་མཐོ་བའི་མིའི་འདུ་ཤེས་རོལ་མྱོང་ཞིག་ཡིན་པ་སྟེ། དེ་ཉིད་མིས་དོན་སྤྱི་དང་ཉམས་མྱོང་སོགས་གང་གིས་ཤེར་རྟོགས་བྱེད་མི་ཐུབ་པའི་བདེན་པར་གྲུབ་པའི་གནས་ལུགས་མཐར་ཐུག་ཅིག་ངོས་འཛིན་གནང་། མདོར་ན་དེ་ནི་ནང་བསྟན་པས་བཤད་པའི་དོ་དམ་བློ་ཡི་སྤྱོད་ཡུལ་མིན་ཞེས་བརྗོད་པ་ལྟ་བུའི་མཐའ་ཞིག་ངོས་འཛིན་གནང་གི་འདུག འདི་གཉིས་མཛེས་པ་ཞེས་དེ་ཉིད་ངོས་འཛིན་སྟངས་ལ་མི་འདྲ་བའི་ཁྱད་ཆེན་པོ་རྒྱུགས་ཀྱང་། དོན་ལ་འབབ་ཕལ་ཆེར་གཅིག་ལ་འབབ་ཀྱི་འདུག་སྟེ། དེ་ནི་གནས་ལུགས་ཞེས་པའི་མཐར་དོན་དེའི་སྟེང་འབབ་ཀྱི་འདུག་མོད། འོན་ཀྱང་གཅིག་གིས་མཛེས་པ་ནི་སོ་སྐྱེའི་ཤེར་རྟོགས་་བྱེད་མི་ནུས་པའི་མཛེས་པ། རྗེས་མས་གནས་ལུགས་ཙམ་ལ་འགྲེལ་བ་བྱེད་ཀྱི་འདུག མདོར་ན་ཁོང་རྣམ་གཉིས་ཀྱི་མཛེས་པ་ཞེས་པ་འདི་ཉིད་འགྲེལ་སྟངས་མ་འདྲ་རུང་རྩོམ་རིག་གི་བདེན་པ་དང་སྒྱུ་རྩལ་སྔར་བཞིན་ཐག་ཉེ་བོ་བརྗོད་ཀྱི་འདུག་སྟེ། ཧཱེ་གྷེའེ་ལགས་ཀྱིས་བཤད་ན། སྒྱུ་རྩལ་ནི་ཚོར་ཤུགས་ཀྱིས་གནས་ལུགས་(འདུ་ཤེས་)བརྔོགས་པའི་བྱེད་ནུས་ཅན་དང་། མཛེས་པ་ནི་གནས་ལུགས་དེ་ཉིད་རང་ལ་གོ་བ་བླངས་ཆོག་པར་བརྗོད་ཀྱི་འདུག དེ་བས་རྩོམ་རིག་ལས་བྱུང་བའི་བདེན་པ་དང་། ཆོས་ཉིད། གཏན་ཚིགས་ཀྱིས་འགྲུབ་པའི་མི་གཤིས་བཅས་ནི་རྩོམ་རིག་གི་མཛེས་པ་དང་། དེ་ཉིད་ཉམས་སུ་མྱོང་བའི་ཤེས་རྟོགས་ཀྱི་སྣང་བའམ་སེམས་ཚོར་ཞིག་ཆོ་འཇགས་མ་བསྙོམས་པ་ཞིག་ལ་མཛེས་དཔྱོད་ཅེས་གོ་བ་བླངས་ན་ཧ་ཅང་འཐུས་སུ་ཚོད་དོ།། གཞན་ཁཱང་ཏེའི་བསམ་བློའང་དེ་ལྟར་འགྲེལ་བཤད་བྱས་པས་ཆོག་པར་འདུག་པས་དེ་རིགས་སྒྲེ་ནས་གྲ་དང་དྲི་མ་ཞིག་པའི་སྒོ་ནས་གོ་བ་ལེན་དགོས།
བཞི། བརྩམས་སྒྲུང་བཞིའི་མཛེས་དཔྱོད་བསམ་བློ་བརྔོགས་པ།
༡ འཆལ་མོ་དབང་མཚོ་ཞེས་པའི་བརྩམས་སྒྲུང་།
བརྩམས་སྒྲུང་འདི་མགོ་བཟུང་མ་ཐག་ནས་མི་གཤིས་ལ་ཡང་ཡང་གཙེ་བའི་ཐ་སྙད་དང་བསམ་བློའི་མཐོང་སྣེ། མི་སེམས་ཀྱི་འགལ་འདུའི་གནས་བབ་བསྐྱེད་དེ་བྲིས་འདུག སྙིང་པོ་སྟོངས་ཟིན་པའི་མཛེས་པ་ཞིག་དཀྱིལ་ལ་བཞག་ནས་མི་གཤིས་ཀྱི་འཁོས་ཀ་དང་། སེམས་ནང་གི་སྐྱོ་སོབ་སོབ་པོ་དག་གིས་བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་དབང་མཚོ་ལགས་ཀྱི་ལས་དབང་ལ་དང་དོད་དམིགས་བསལ་བ་ཞིག་བྱས་འདུག བརྩམས་སྒྲུང་པ་གྲགས་ཅན་མའེ་ལཱང་ཁའུ་དྷི་ལ་ལགས་ཀྱིས་ ་[3]您一旦创造出一个想象的人,一个小说人物,您就自然而然要面对这样一个问题:白我是什么?通过什么可以把握自我?这是小说建立其上的基本问题之一。 ཁྱེད་ཀྱིས་འཆར་སྣང་གིས་མི་སྣ་ཞིག་བཞེངས་སྐྲུན་བྱེད་ཐུབ་པ་སྟེ། བརྩམས་སྒྲུང་ནང་གི་མི་སྣ་ཞིག་གསར་བཞེངས་གྲུབ་ཚེ། ཁྱོད་ཀྱིས་མ་གྲོས་ཆོས་ཉིད་ཀྱིས་གནད་དོན་འདི་དག་ལ་བསམ་བློ་གཏོང་དགོས་ཏེ། ང་འཛིན་འདུ་ཤེས་ཅི་ཞིག་ཡིན་ནམ། ཐབས་གང་ཞིག་ལ་བརྟེན་ནས་ང་འཛིན་ལ་ཚོད་འཛིན་བྱེད་དམ། གནད་འདི་ནི་བརྩམས་སྒྲུང་འགྲུབ་པའི་རྩ་བའི་རྨང་གདན་གྱི་དོན་དག་ཅིག་རེད་ཅེས་གསུངས་པ་ལྟར་འཆལ་མོ་དབང་མཚོ་ཞེས་པའི་བརྩམས་སྒྲུང་འདི་མགོ་ནས་བཟུང་སྟེ་སྐྱོ་བའི་སྟེང་དུ་སྐྱོ་བ་དང་། གོ་ཆག་གི་སྟེང་དུ་གོ་ཆག་བརྩེགས་པའི་མི་སྣའི་ལས་དབང་ཞིག་གི་སྟེང་དུ་མི་གཤིས་དང་འདུན་པ་ཡོངས་སུ་རྫོགས་པ་བྲིས་འདུག་ལ། གཞན་ཧྲུ་པུན་ཧཱ་ཡིས་[4]འཚོ་འདོད་ཀྱི་འདུན་པའམ་འཚོ་བའི་འདུན་པ་ནི་ཚེ་སྲོག་གི་འདུན་པ་ཡིན་ཞེས་པ་དང་། [5]མི་ནི་འདོད་སྲེད་ཀྱི་གཞན་དབང་དུ་གྱུར། འདོད་སྲེད་ནི་མཚམས་ཚད་མེད་ལ་ནམ་ཡང་ཚིམས་ཐབས་མེད་པ་ཞིག་ཡིན་པས་འདིས་སྡུག་བསྔལ་སྐྱེ་བར་བྱེད། མི་ཚེ་དེ་བས་ཐོག་མཐའ་བར་དུ་སྡུག་བསྔལ་གྱིས་ཁེངས་ཤིང་། སྐྱོ་གར་ལ་མ་འདས་པ་ཞིག་ལ་ངོས་འཛིན་ཞེས་བྲིས་གནང་བ་ཇི་བཞིན་འཆལ་མོ་དབང་མཚོའི་མི་གཤིས་དང་། ལས་དབང་། ཉམ་ཆུང་གིས་སྲུང་བའི་དམ་ཚིག་སོགས་ཐམས་ཅད་ནམ་ཡང་ཆོས་ཉིད་ཀྱིས་གཞོམ་གཞིག་གཏོང་བའི་སྣང་ཚུལ་དེ་དག་ལས་སྐྱོ་བའི་མཛེས་པའམ་མི་ཚེ་འདི་ལ་རྒུད་པ་འབྱུང་བའི་བརྒྱུད་རིམ་གསལ་བོ་མཐོང་ཐུབ། མ་ཟད་དེ་ལྟའི་སྐྱོ་བ་དང་མནར་གཅོད་ཇི་ལྟར་བྱུང་རུང་། སྔར་བཞིན་འཚོ་བའི་འདུན་པ་མ་ཞིག་ཅིང་། འཚོ་བའི་རེ་སྨོན་མ་ཆད་པར་བརྩེ་དུང་གི་རྒྱལ་ས་ཟིན་་པར་རེ་སྨོན་བྱེད་པའི་སྣང་ཚུལ་འདི་ནི་སྙིང་རྗེ་ལ་བརྩམས་སྒྲུང་འདིའི་མཛེས་སྡུག་གི་ཡང་རྩེར་ཐོན་པ་དེ་རེད། དེའི་སྟེང་གི་ང་ཚོ་མི་རེ་རེས་འཚོ་བ་ལ་གདོང་གཏད་པའི་སྣང་ཚུལ་དང་། བསམ་བློ། ལས་དབང་བཅས་གསལ་བོར་བསྟན་འདུག དེ་ནི་གོང་དུ་ཧཱེ་གྷེའེ་ལགས་དང་ཁཱ་ཏེ་གཉིས་ཀྱིས་མཛེས་པ་འགྲེལ་བཤད་ལ་ཐད་ཀར་འབྲེལ་ཆགས་པོ་མེད་ཀྱང་། ཧྲུ་པུན་ཧཱས་སྐད་ཆས་རམ་འདེགས་བྱས་ཏེ་སྐྱོ་བའི་སྙིང་པོ་དང་བདེན་པ་ལ་འདང་ཡང་བསྐོར་བྱས་ན་གོ་བ་གཞན་ཞིག་འབྱུང་ངེས་ཡིན་ལ། མ་གཞི་ནས་མི་ཚེ་ནི་འཛོམས་པའི་མཐའ་མ་གྱེས། གསོན་པའི་མཐའ་མ་ཤི། དགའ་བའི་མཐའ་མ་སྐྱོ། སྐྱོ་བའི་མཐའ་མ་དགའ་ལྟ་བུ་སྒོ་ནས་རྟེན་འབྲེལ་རེས་མོས་ཀྱིས་གྲུབ་པའི་ཆོས་ཉིད་འདི་ནི་མི་ཚེའི་ངེས་ཤེས་ཟབ་མོ་ཞིག་རེད་ལ། ཡང་ན་ཆོས་ཉིད་ངོ་མ་ཞིག་ཀྱང་རེད། དེ་བས་བརྩམས་སྒྲུང་འདིའི་འབྱུང་བའི་མཐར་ཐུག་གི་མཛེས་པའམ་ཆོས་ཉིད་འདི་ཉིད་ཡང་ནན་བརྗོད་བྱེད་ཀྱི་འདུག དེ་ནི་གནས་ལུགས་རེད་ལ། བདེན་པའང་རེད།
གཞན་བརྩམས་སྒྲུང་འདིའི་ནང་གི་མཛེས་པ་ནི་དབང་མཚོ་ཁྱོ་ག་ཤི་རྗེས་ཡུན་རིང་གྲོགས་མེད་ཁེར་རྐྱང་དུ་བསྡད་ཅིང་། མོ་རང་བསམ་བློ་དང་མི་གཤིས་ལ་ཐད་གཏོགས་བྱེད་པའི་སྣང་ཚུལ་དེ་ནི་སྙིང་རྗེ་བའི་མི་སྣ་གཤིས་ཀའི་སྟེང་གི་མཛེས་པ་ཞིག་རེད། སྐབས་དེར་ང་ཚོས་སེམས་ནས་དྲན་སྲིད་པ་ནི་ཉམ་ཆུང་བའི་མི་སེམས་དང་། དེའི་ཕག་ཏུ་སྦས་པའི་གསང་ཐ་དད་པ་དུ་མ་ཡོད་པ་དེ་ཡིན་ངེས་པར་འདོད། དེ་བས་བརྩམས་སྒྲུང་འདིའི་ནང་གི་མཛེས་པ་དང་མཛེས་དཔྱོད་ནི་ཕལ་བའི་མི་གཤིས་ལ་བགོས་པའི་ཆོས་ཉིད་དང་། དེ་ཉིད་སྤྱི་ཚོགས་དང་། མི་གཤིས། བདེན་པ་བཅས་དུ་མ་ལ་འཕྲད་སྦྱོར་བྱེད་པའི་འགྱུར་ལྡོག་བྱུང་བའི་བརྒྱུད་རིམ་གྱིས་གྲུབ་འདུག་པ་དེའོ།།
༢ བརྩམས་སྒྲུང་ཤངས།
སྤྱིར་རྩོམ་རིག་བརྗོད་གཞི་སྤྱི་བབ་ཞིག་བཤད་ན་མི་ཞེས་པའི་མིང་གཅིག་གི་ནང་དུ་འདུས་འོས་པ་ཞིག་རེད། ལྷག་པར་དུ་དེང་རབས་རྩོམ་རིག་གི་དགོངས་དོན་དེ་ལས་གཞི་ནས་འདའ་ཐབས་མེད། དེ་བས་དེང་རབས་བརྩམས་སྒྲུང་གི་ཁྱད་ཆོས་ཡོངས་སུ་རྫོགས་པའི་བརྩམས་སྒྲུང་འདི་ལ་དམིགས་བསལ་དུ་མི་ཕལ་བའི་སེམས་གཤིས་དང་ཉེ་བར་བཅར་བའི་བྱུང་རིམ་ཡང་ཡང་འབྱུང་གི་འདུག དེ་ནི་དངོས་དོན་གྱིས་བཤད་ན་བརྩམས་སྒྲུང་ལས་དམིགས་བསལ་དང་དོད་དང་དོན་སྙིང་དུ་བརྩི་དགོས་པར་མཐོང་། དེ་བས་བརྩམས་སྒྲུང་འདི་ལ་དམིགས་བསལ་གླེང་རིན་གཞན་ཞིག་ལྡན་པ་རེད། ཡང་ན་བརྩམས་སྒྲུང་འདིའི་ནང་དུ་མཐོང་སྣེ་དང་དངོས་པོ་ཕྲ་མོ་བེད་སྤྱོད་བྱས་ཏེ་གཏིང་ཟབ་པའི་བརྗོད་དོན་དང་བསམ་བློ་མཚོན་པར་བྱས་པར་དོན་སྙིང་གཞན་ཞིག་མཆིས།
དེས་ན་བརྩམས་སྒྲུང་འདིའི་མཛེས་པ་གང་དུ་ཡོད་དམ་སྙམ་ན། བརྩམས་སྒྲུང་འདི་མགོ་བཟུང་མ་ཐག་ནས་མཛེས་པའི་མཐོང་བསྐྱེད་དེ་བྲིས་འདུག་སྟེ། མགོ་བཟུང་མ་ཐག་ནས་རབ་བྱུང་པ་དེའི་སེམས་ཁམས་ཞིབ་འབྲི་བརྒྱུད་དེ་བྲིས་འདུག་ལ། དེ་ནི་ཤངས་རིང་ཞིང་ཆེ་བ་ཞིག་ཡོད་པའི་མི་སེམས་ཀྱི་མཐོང་སྣེ་བྱས་ཏེ་བྲིས་འདུག སྐབས་དེའི་ཁོང་གི་བློ་འཚུབ་བྱེད་སྟངས་དེ་ནི་དངོས་གནས་སྙིང་ལ་ཉེ་ཞིང་ང་ཚོ་མི་རེ་རེའི་སྟེང་དུ་མངོན་གསལ་གཏིང་ཟབ་ཀྱིས་ཡོད་པའི་སེམས་གཤིས་ཤིག་བརྔོགས་པ་ལྟ་བུར་ཞིབ་འབྲི་བྱས་འདུག འདི་ནི་བརྩམས་སྒྲུང་འདིའི་འབྲི་ཐབས་ཀྱི་ཞིབ་ཚགས་ལ་བརྗོད་བྱས་གནད་བརྔོགས་པའི་མཛེས་པ་མངོན་པ་རེད། དེ་ནི་དཔེར་ན་གནས་ལུགས་དང་ཆོས་ཉིད་ཀྱི་སྔས་ནས་མི་ནི་ཤིན་ཏུ་ཉམ་ཆུང་འཁོས་ཞན་དུ་གྱུར་ཅིང་། བདེན་པ་དང་སེམས་ཚོར་གྱི་མདུན་ནས་ཀྱང་མི་རྣམས་ཧ་ཅང་ནུས་ཟད་དུ་གྱུར་པའི་མི་སྣའི་སྣང་བརྙན་གསལ་བོར་སླང་ལ་ཕུད་འདུག་སྟབས། བྱུང་རིམ་དེ་བརྒྱུད་ནས་ཀློག་པ་པོ་ལ་གནས་ལུགས་ཀྱི་སྟོབས་ཤུགས་ཟེར་བ་གསལ་བོར་བསྟན་འདུག འདི་ནི་བརྩམས་སྒྲུང་གི་གཏིང་ལ་ཟབ་པའི་མཛེས་པ་ཞིག་རེད་ལ། ཡང་ན་གོང་དུ་ཁཱང་ཏེ་ལགས་ཀྱིས་བརྗོད་པའི་ལྡོག་མེད་པའི་གནས་ལུགས་སམ་སེམས་གཤིས་དང་མི་གཤིས་དེ་རེད།
སྤྱིར་མི་ཞིག་འཚར་ལོང་འབྱུང་བ་ལ་ནག་ཉེས་དང་རྒུད་པ་དུ་མ་བརྒྱུད་དེ་འཚར་ལོངས་འབྱུང་དགོས་པ་རེད། མིན་ལཱང་ཁུན་དྷི་ལིན་ལགས་ཀྱིས་་[6]འཚོ་བ་ནི་རྙི་ཞིག་ཡིན་ལ། གནས་བབ་དེ་ནི་མི་རྣམས་ཀྱིས་གནའ་ནས་རྟོགས་ཡོད། མི་རྣམས་སྐྱེས་པ་ཉིད་ནས་མོས་པ་ཡོད་མེད་འདྲི་མཁན་མེད་པར་རང་གིས་གདམ་གསེས་ལས་མ་བཟོས་པའི་ལུས་ཕུང་ཞིག་ལ་ཚུད་པར་གྱུར། མ་ཟད་འཆི་བའང་ཆོས་ཉིད་དུ་གྱུར་ཡོད། ཅེས་གསུངས་པ་ལྟར་མི་ནི་གནས་ལུགས་དང་ཆོས་ཉིད་ཀྱི་མདུན་ཐད་དུ་དེ་ལྟར་འཁོས་ཞན་དུ་གྱུར་ཡོད། དེ་བས་སེམས་ཐོག་གི་ཉམ་ཉེས་ལས་སེམས་ཁམས་འཕེལ་རྒྱས་འགྲོ་ཞིང་། ལུས་ཐོག་གི་མྱོང་བས་སེམས་དང་བྱ་སྤྱོད་ལ་འགྱུར་བ་འགྲོ། འདི་ནི་མི་ཞིག་གི་རྩ་བའི་གཤིས་ཀ་རེད། དེའི་ཕྱིར་བརྩམས་སྒྲུང་འདིའི་ནང་དུ་ལུས་ཐོག་གི་ཉམ་ཉེས་སམ་གཞན་དང་རིས་མི་མཐུན་པའི་ཆ་བྱད་ཀྱིས་མི་དང་མིའི་འབྲེལ་བ་དང་། མིས་ཁྱོད་ལ་བཟུང་བའི་སྣང་ཚུལ། རང་གི་ཡིད་རྟོན་དང་གདེང་སྤོབས་བཅས་ལ་ཉམ་ཉེས་ཚད་མེད་ཐེབས་པའི་བརྒྱུད་རིམ་གྱིས་འདང་རྒྱག་ནང་ཡང་ཡང་བསྟུང་བར་བྱེད་ཅིང་། འདང་རྒྱག་དེས་རིམ་གྱིས་མི་སྣ་གཙོ་བོའི་སེམས་ཁམས་ལ་འགྱུར་ལྡོག་དང་རྩལ་ཤུགས་རྒྱས་སུ་བཅུག་སྟེ་མཐར་ཉམས་རྟོག་ཕུན་སུམ་ཚོགས་པ་འཕེལ་བའི་གནས་བབ་གསལ་བོར་བརྗོད་ཡོད། འདིའི་བྱུང་རིམ་ལས་ཆེས་སྙིང་རྗེ་ཞིང་མཛེས་པས་ཕྱུག་པ་ནི་མི་སྣ་དེས་སེམས་ཁམས་ཀྱི་ཉམ་ཉེས་ལ་གདོང་གཏད་སྟངས་དེ་རེད། དེས་ཨ་རི་རྩོམ་པ་པོ་ལའོ་ལུའུ་སྲི་·བྷོར་ལའོ་ཁཱི་ལགས་ཀྱིས་“ཕུལ་དུ་བྱུང་བའི་མི་སྣས་ཀློག་པ་པོར་སྐྱིད་སྡུག་མཉམ་མྱོང་བྱེད་དུ་འཇུག་ལ། དང་འདོད་གཙང་མའི་མཉམ་གནས་དང་། མི་སྣའི་ལས་དབང་རང་ཤུགས་ཀྱིས་སེམས་ཁྲལ་བྱེད་དུ་འཇུག་” ཅེས་གསུངས་པ་ཇི་བཞིན་ཀློག་པ་པོ་ལ་སྐྱིད་སྡུག་མཉམ་མྱོང་དང་། མཉམ་མྱོང་དེས་བསྐྱེད་པའི་མི་ཚེའི་མྱོང་བ་མཉམ་བསྐྱོད་བྱས་ཡོད། མ་ཟད་བྷེར་ལའོ་རྩོམ་པ་པོ་མཱ་ལིན་ཨའོ་·པཱཨ་ཅཱ་སྲི་·ལའོ་སྲཱ་ལགས་ཀྱིས་“ཕུལ་བྱུང་བརྩམས་སྒྲུང་དང་རླབས་ཆེན་གྱི་བརྩམས་སྒྲུང་གིས་ང་ཚོ་ལ་གཏམ་རྒྱུད་བཤད་པ་ཙམ་མ་ཡིན་ལ། དོན་དངོས་བདེན་ཐོག་གིས་བཤད་ན། བརྩམས་སྒྲུང་སྒྱུ་རྩལ་ལ་བརྟེན་ནས་ང་ཚོ་ལ་གཏམ་རྒྱུད་ཀྱི་མྱོང་བ་དང་ལོངས་སྤྱོད་བརྩལ་གྱི་ཡོད་”ཅེས་གསུངས་པ་ལྟར་ཉི་ཧོང་གི་བརྩམས་སྒྲུང་འདིས་ང་ཚོ་མི་ཕལ་བ་རྣམས་ལ་ཉམ་ཞེན་ཐེབས་པའི་སེམས་གཤིས་ལ་སྦྱོང་བརྡར་གཏོང་བའི་མྱོང་བ་དང་འཚོ་བ་དངོས་མ་ཞིག་མཁོ་འདོན་བྱེད་ཀྱི་འདུག་པའོ།།
༣ བརྩམས་སྒྲུང་འཆི་བདག་དམར་པོའི་སྒྱུ་མའི་སྤྲོ་ཚོགས།
བརྩམས་སྒྲུང་འདི་ནི་མགོ་བཟུང་མ་ཐག་ནས་སྤྱི་དང་སྒེར་གྱི་འགལ་འདུ། སྤྱི་མཐུན་གྱི་བསམ་བློ་དང་སྒེར་གཅོད་པའི་འདུ་ཤེས་ཀྱི་འགལ་འདུ་བཅས་གསལ་བོར་མཚོན་པར་བྱས་ཡོད་ལ། འཆི་བ་ཞེས་པའི་དོན་སྙིང་ཞིག་གནད་ཀ་ལ་བཟུང་ཡང་ཡང་བསྐོར་ཏེ་བརྗོད་པ་དང་། བརྩམས་སྒྲུང་འདིའི་ནང་གི་མི་སྣ་དང་། ཁོར་ཡུག ཐ་སྙད། ཚིག་གྲུབ་རེ་རེ། ཞིབ་འབྲི་ཚིག་དུམ་རེ་རེ་བྱས་ཏེ་འཆི་བ་ཞེས་པ་དང་། འཇིགས་སུ་རུང་སྣང་ཚུལ་གྱི་བརྗོད་དོན་ལ་རྩ་བ་ནས་ཁ་མ་ཕྲལ་བའི་སྒོ་ནས་གྲུབ་འདུག དེ་བས་འཆི་བ་ལྡོག་མེད་ཀྱི་རྦབ་རྡོ་ཇི་བཞིན་མི་རེ་རེའི་མགོ་ཐོག་ལ་འགྲིལ་ཡོང་དུས། མི་རྣམས་ཀྱི་ཁོར་ཡུག་དང་བསམ་བློའི་ཁྲོད་དུ་རང་ཤུགས་ཀྱིས་སྤྱི་མཐུན་བསམ་བློ་དང་སྒེར་གཅོད་འདུ་ཤེས་ཀྱི་འགལ་རང་བབས་སུ་འགྱུར་ཡོང་ལ། འདི་ནི་གནད་འགག་གི་སྐབས་སུ་མི་དང་མི་ནི་བདག་སེམས་བདག་སྲུང་བའི་སྲུང་མ་ཞིག་ཡིན་པར་བརྗོད་ཀྱི་ཡོད་པ་གསལ་སྟོན་བྱས་འདུག དེ་ལས་རིན་ཐང་ལྟ་བ་འཆི་བའི་ཆོས་ཉིད་ལ་སྦྲེལ་ནས་ཞིབ་ཚགས་ཀྱིས་གཟབ་འབྲི་བྱས་འདུག དེ་བས་བརྩམས་སྒྲུང་འདི་ཀློག་སྐབས་ཆེས་མཛེས་པའམ་མཛེས་དཔྱོད་དུ་སྣང་བ་ནི་མིའི་ཕལ་གཤིས་ཀྱི་བསམ་བློ་དང་གཤིས་ཀའི་འགལ་འདུ། འཆི་བ་ཞེས་པ་ནི་ནང་སེམས་ལ་བཏབ་པའི་མཛེས་སྡུག་ཐེངས་ཤིག་ཡིན་པ། འཆི་བས་མིའི་རྩ་བའི་བསམ་བློ་དང་འདུ་ཤེས་གཤིས་སྤྱོད་བཅས་འགྱུར་བ་ཆེས་ཆེར་གཏོང་བར་བྱེད་པའི་སྣང་བརྙན་དང་བརྗོད་དོན་དེ་དག་མཛེས་དཔྱོད་ངོས་འཛིན་ཆོག་པར་འདོད་དོ།། ཡང་དེའང་བརྩམས་སྒྲུང་འདིའི་བསམ་བློའམ་རིན་ཐང་ལྟ་བའི་གནད་བཞག་པས་ཀྱང་ཆོག་པ་རེད།
༤ བརྩམས་སྒྲུང་གཉིད།
བརྩམས་སྒྲུང་འདིར་མིའི་རིགས་ཀྱི་འཚོ་བའི་ཕྱེད་དུ་སྣང་བའི་གཉིད་དམ་ཏི་མུག་ཅེས་པའི་སེམས་གཤིས་དང་ལྷན་གཤིས་བརྗོད་བྱར་བྱས་ཡོད། དེ་ཉིད་རྒྱུ་རྐྱེན་དུ་བྱས་ཏེ་མི་གཤིས་དང་བསམ་བློ་འགྱུར་ལྡོག་འགྲོ་བའི་སྣང་ཚུལ་གཟབ་མཆོར་གྱིས་བྲིས་ཡོད། བརྩམས་སྒྲུང་འདིའི་ནང་གི་མི་སྣ་ནི་ཆེས་སྤྱིར་བཏང་སྣང་ཚུལ་ལས་གྲུབ་པའི་གཤིས་ཀ་བྱས་ཡོད་དེ། འཚོ་བ་སྟབས་བདེ་ཞིང་། མི་སེམས་ལ་དམིགས་བསལ་དམིགས་བསལ་གོད་ཆག་དང་རྒུད་པ་ལྷུང་བའི་སྣང་ཚུལ་ཡང་བརྗོད་མེད། ཡང་ན་དམིགས་བསལ་གྱིས་བདེ་སྐྱིད་ལོངས་སྤྱོད་ལྷ་དང་མཉམ་པའི་སྣང་ཚུལ་ཡང་བྲིས་མེད། དེས་ན་ང་ཚོ་འདི་ལྟར་ལྷོད་བབས་ནས་བལྟས་ཡོང་ན། བརྩམས་སྒྲུང་འདིའི་ནང་གི་མི་སྣ་ནི་འཚོ་བ་དང་དོད་བྱས་ཏེ་སྟབས་བདེ་གུ་ཡངས་ལ་ལོངས་སུ་སྤྱོད་པའི་འཚོ་བའི་གཞིས་ལ་མི་གཤིས་ཀྱི་རྒྱས་བཏབ་འདུག འོན་ཀྱང་ནུབ་མ་གཅིག་གི་འགྱུར་ལྡོག་གིས་མི་སྣ་དེའི་སེམས་ཁམས་དང་འཚོ་བའི་སྒྲོམ་གཞི་ཡོངས་སུ་གཏོར་ཏེ། མི་ཚེའི་ཆག་འཇིག ནར་ཚོད་ཀྱི་སྨིན་པ། སྐྱེ་བ་འཆི་བའི་བར་ཐག ནད་ངན་དང་བདེ་ཐང་། རྒུད་པ་དང་འཕེལ་བ་བཅས་ཀྱི་འགལ་འདུ་སོར་བཞག་ཏུ་གྱུར་པའི་དྲན་ཚོར་མི་འདྲ་བའི་འགལ་འཛོལ་དུ་ལྷུང་པར་གྱུར། སྐབས་དེར་མོས་མོ་རང་ལ་རྟོག་ཅིང་དཔྱད་པའི་སྣང་ཚུལ་དེ་དག་ནམ་རྒྱུན་ང་ཚོས་འཚོ་བ་དང་སེམས་ཁམས་རྡེབ་སིག་འགྲོ་བའི་ཚེ་རྟོག་ཞིབ་བྱེད་སྟངས་དང་ཡོངས་སུ་མཚུངས། དེས་བརྩམས་སྒྲུང་འདིས་ཀློག་པ་པོོ་ལ་སྐྱིད་སྡུག་མཉམ་མྱོང་བྱེད་པའི་འདུན་པ་ཡང་ཡང་བསྐྱེད་ཡོོད། དེ་ནི་བརྩམས་སྒྲུང་འདིིའི་མཛེས་པ་ཞིག་རེད། གཞན་ཡང་བརྩམས་མགོ་འཛིན་རྗེས་ཆུ་ཡི་ནུས་པ་ལས་མིའི་ལུས་སེམས་དྭངས་ཤིང་དྭངས་པའི་རྐྱེན་དུ་བྱས་ཏེ་མིའི་སྣང་བ་དྭངས་དྭངས་པོར་ཞིབ་འབྲི་གནང་བའི་སྣང་བརྙན་དེ་ནི་དངོས་གནས་དམིགས་བསལ་གྱི་འབྲི་ཐབས་ཤིག་ལ་མཐོང་། ད་དུང་མི་སྣ་གཙོ་བོ་དེ་ཉིད་གཉིད་མ་ཡོང་བའི་བརྒྱུད་རིམ་རིམ་གྱིས་འཕེལ་ཞིང་། དུས་ཚོད་འགྲོ་ཐབས་སུ་བརྩམས་སྒྲུང་ཞིག་བཀླགས་པ་དང་། བརྩམས་སྒྲུང་དེེའི་ནང་གི་མི་སྣའི་ལས་དབང་གི་འགྱུར་འགྲོས་དང་བསྟུན་ནས་མི་སྣ་དེ་ཉིད་ཀྱི་སེམས་ཁམས་དང་བསམ་བློ་ལ་ཤུགས་རྐྱེན་ནམ་འགྱུར་ལྡོག་ཆེས་ཆེར་ཐེབས་པའི་བརྒྱུད་རིམ་དེ་ནི་དངོས་གནས་བརྩམས་སྒྲུང་ཞིབ་འབྲི་ལས་མཛེས་དཔྱོད་དུ་བརྩིས་ཆོག
མདོར་ན་བརྩམས་སྒྲུང་འདིའི་བརྗོད་དོན་ལས་འཕོས་པའི་བསམ་བློའམ་གནད་བཤད་པ་ལ་དམིགས་བསལ་གྱིས་ཁྱད་ཆོས་ལྡན་པ་ནི་མི་སེམས་ཀྱི་འགྱུར་ལྡོག་དང་མོའི་བསམ་བློ་གཏོང་བའི་བརྒྱུད་རིམ་དེ་རེད་སྙམ། བརྩམས་སྒྲུང་འདི་དེ་ལྟར་ཞིབ་ཀྱིས་བཀླགས་ཚེ་བུད་མེད་ཅིག་སེམས་ཁམས་དང་། ཡང་ན་དྲན་པ་མང་པའི་དུས་ཚོད་ཀྱི་མི་གཤིས་བཅས་གསལ་བོར་ཞིབ་འབྲི་གནང་བའི་སྣང་ཚུལ་ལས་མི་གཤིས་ཕལ་བ་དང་། ཕལ་བའི་སེམས་གཤིས་བཅས་བརྩམས་སྒྲུང་འདིའི་ཁྱད་ཆོས་སམ། མཛེས་པ། བསམ་བློ་བཅས་ཡིན་པར་བརྗོད་ཆོག་པར་སྣང་ངོ་།།
གསུམ་པ། མིའི་རིགས་རིག་པ་དང་བརྩམས་སྒྲུང་གི་སྙིང་པོ་ལ་འཁྱུད་པ།
མིའི་རིགས་རིག་པ་ནི་ (Literary anthpology) འགྲོ་བ་མི་དང་དེའི་རིག་གནས་ཀྱི་སྣང་ཚུལ་ལ་ཞིབ་འཇུག་ཞིབ་འཐག་ཏུ་བྱེད་པ་ལ་མིའི་རིགས་རིག་པ་ཟེར། དེ་ལ་དབྱེ་ན། སྐད་བརྡ་མིའི་རིགས་རིག་པ། རིག་གནས་མིའི་རིགས་རིག་པ།འཕེལ་འགྱུར་མིའི་རིགས་རིག་པ། གནའ་རྫས་མིའི་རིགས་རིག་པ། སྤྱི་ཚོགས་མིའི་རིགས་རིག་པ། རྩོམ་རིག་མིའི་རིགས་རིག་པ་བཅས་མིའི་རིགས་ཀྱི་རྩ་བའི་འཚོ་ཐབས་དང་འཆི་བའི་རིག་གནས་བཅས་ལ་ཞིབ་འཇུག་འཐུས་ཚང་བྱེད་པའི་རིག་གཞུང་དག་ལས་མིའི་རིགས་རིག་པའི་རིགས་དབྱེ་ཤིན་ཏུ་མང་། རིག་ཚན་འདི་ནི་དུས་རབས་བཅུ་དགུ་སྨད་དུ་དར་ཞིང་རིག་གཞུང་ཁག་ལའང་ཤུགས་རྐྱེན་ཤིན་ཏུ་ཆེན་པོ་ཐེབས་པ་བཤད། དེ་ལས་རྩོམ་རིག་མིའིི་རིགས་རིག་པ་ནི་དུས་རབས་ཉི་ཤུ་པའི་ནང་དུ་ལྷག་པར་ཆེས་ཆེར་རྒྱས་ཤིང་དར་བར་བཤད་འདུག དེ་ལས་ཆེས་ཤུགས་གྲུབ་མཐའ་མི་འདྲ་བའམ་མཁས་པ་ཤུགས་རྐྱེན་ཆེ་བ་གཉིས་འབྱུང་བ་སྟེ། དང་པོ་ཧྥེ་རའེ་ (james Geore frazer) དང་ཁཱ་ཤེའེར་卡西尔 གཉིས་ཀྱི་འདོད་མའི་མཐའ་དཔྱོད་རིང་ལུགས། གཉིས་པ་རྩོམ་རིག་ཏུ་འབྱུང་བའི་རིག་གནས་ཀྱི་བརྡ་ཐབས་དབྱེ་ཞིབ་བྱས་པ་བརྒྱུད་དེ་རྩོམ་རིག་བྱུང་བ། བྱེད་ནུས་སོགས་ལ་ཞིབ་བརྟག་བྱེད་པའི་སྣང་ཚུལ་གྱིས་གྲུབ་པ་གཉིས་ཡིན། ཁཱ་ཤེའེར་卡西尔 ལགས་ཀྱིས་“[7]མི་ནི་དངོས་ཡོད་ཀྱི་འཇིག་རྟེན་རྐྱང་པ་དེ་ནས་འཚོ་བ་མ་ཡིན་པར་བརྡ་ཐབས་ཀྱི་འཇིག་རྟེན་ཞིག་ཏུ་འཚོ་བ་རོལ་བཞིན་ཡོད། ”ཅེས་དང་། ཧྥི་རའེ་ཡིས་གདོད་རྣམ་ལ་དབྱེ་བ་གཉིས་སུ་དགར་ཆོག་སྟེ། གཅིག་ནི་ཆོ་གའི་ནང་དོན་འདུ་བ་ཅན་ཏེ། སྒྲིག་གཞིའི་རྣམ་པའི་བརྗོད་ཚུལ་དང་གྱི་གདོད་རྣམ་དང་། གཅིག་ཤོས་ནི་རྨི་འཕྲུལ་གྱི་ནང་དོན་ཅན་ཏེ། དཔེ་མཚོན་དང་བསྡུས་བརྗོད་ཀྱི་གདོད་རྣམ་མོ་[8]ཞེས་གསུངས་པ་ལྟར་དང་པོ་མི་ནི་བརྡ་མཚོན་གྱི་འཚོས་པའི་སྲོག་ཆགས་ཤིག་ཡིན་པར་བརྗོད་དེ་མི་དང་རྩོམ་རིག་བར་འབྲེལ་བཤད་པ་དང་། ཕྱི་མས་གདོད་མའི་རྣམ་པའམ་རང་བཞིན་གྱིས་འགྲེལ་ཏེ་མི་ནི་འཆར་ཡན་རྨི་འཕྲུལ་གྱིས་ཁེངས་ལ། སྒྲིག་ཚགས་དམ་གྱིས་བཟོས་པའི་སྣང་ཚུལ་དུ་གྲུབ་པར་བརྗོད་པ་རེད།
དེས་ན་ཧྥི་རའེ་ལགས་ཀྱིས་“རྩོམ་རིག་ལ་རྟོག་བཟོ་ཅན་དང་བརྗོད་དོན་ཅན་གཉིས་སུ་དབྱེ་ཞིང་། སྔ་མས་མི་སྣ་དང་གཏམ་རྒྱུད་བརྗོད་པ་གཙོ་བོར་བྱས་ལ། ཕྱི་མས་རྩོམ་པ་པོས་སེམས་ཅན་རྣམས་ལ་སྒྲ་ཇི་བཞིན་པ་མ་ཡིན་པའིི་དོན་སྒྲོག་པར་གཙོ་བོར་བྱེད།”ཅེས་པ་ལྟར་ཁོང་གིས་རྩོམ་རིག་ནི་མིའི་བསམ་བློ་འདུ་ཤེས་ཀྱི་འདུ་འགོད་ཆ་ཚང་ལ་ཐད་ཀར་འབྲེལ་ཡོད་པར་བརྗོད་པ་རེད་ལ། བརྗོད་ཚུལ་འདི་ལས་ང་ཚོས་གསལ་བོར་ཤེས་པ་ཐུབ་རྩོམ་རིག་ནི་མིའི་རིགས་ཀྱི་རྩ་བའི་འདུ་ཤེས་མཚོན་ཐབས་དང་བརྡ་མཚོན་ཞིག་ཡིན་པར་གནད་ཀ་འདོན་པར་སྣང་། མཁས་པ་ཁོང་ཉིད་གཙོ་བོར་མིའི་རིགས་རིག་པ་ལ་ཞིབ་འཇུག་བྱེད་མཁན་དེ་ཡིན་པ་སྟབས། སྐད་ཆའི་རྩལ་དང་གནད་འདི་དག་ལས་གསལ་བོར་ཤེས་རིག་དང་ཤེས་བྱ་ཀུན་གྱི་མ་མ་དང་རྩོམ་རིག་གི་རྩ་བའི་ས་བོན་མིའི་སེམས་ཚོར་རང་དུ་བཞག་པའི་ལྟ་ཚུལ་བཏོན་འདུག་པ་འདིའོ།།
ཁཱ་ཤེའེར་卡西尔ལགས་ཀྱིས་རྩོམ་རིག་ཉིད་མིའི་རིགས་རིག་པའི་འབྱུང་ཁུངས་དང་འཕེལ་རྒྱས་རིག་གཞུང་རྩ་དོན་དུ་བཞག་གནང་ལ། རྟོག་བཟོ་དང་འཆར་སྒོ་གཉིས་ནི་རྩོམ་རིག་དང་མིའི་རིགས་རིག་པ་གཉིས་ཆར་གྱི་རང་བཞིན་ནམ་ངོ་བོར་བཤད་ཀྱི་ཡོད། མ་ཟད་རྟོག་བཟོ་དང་། འཆར་སྒོ། རྒྱུ་གསུམ་གཅིག་དྲིལ་གསུམ་རྩོམ་རིག་གི་ངོ་བོ་དང་ཆ་ཤས་རེ་རེ་ལ་བཤད། དང་པོ་རྟོག་བཟོ་ཞེས་པ་ནི་ཡུལ་ཅན་གྱི་བློས་ཤན་ཐེབས་པ་ཆེ་ལ། འཆར་སྒོ་ནི་ཤེས་བྱེད་ཀྱི་ནུས་ཞིག་ལ་ངོས་འཛིན་གནང་བར་བཤད། དཔེར་ན་མི་སྣ་ཞིག་རྟོག་བཟོ་བྱེད་པ་ནི་གཙོ་བོ་རྟོག་པས་བསྐྲུན་ཅིང་རྒྱས་བཏབ་པ་ཤས་ཆེ་བའི་འགྲོ་ལ། འཆར་སྒོ་ནས་དེ་ཉིད་རྟོགས་བྱེད་ཀྱི་ནུས་པ་དང་ཡང་ན་དེ་ཉིད་བསྐྱེད་བྱེད་ཀྱི་ནུས་པར་འགྲོ། འདི་ལ་ཕལ་ཆེར་མངོན་སུམ་གྱི་ངོ་བོར་གནས་པ་དང་། རྟོག་པའི་ངོ་བོར་གནས་པ་གཉིས་ཡོད་འདུག་སྙམ། གསུམ་པ་རྒྱུ་གཅིག་དྲིལ་ནི། “རྒྱུ་གསུམ་ནི་མངོན་སུམ་དང་། རྟོག་བཟོ། འཆར་སྒོ་བཅས་ཏེ། རྩོམ་དང་བརྩམས་ཆོས་དག་ནི་རྒྱུ་དེ་གསུམ་གཅིག་དུ་དྲིལ་ཏེ་གྲུབ་པར་འདོད་ལ། རྒྱུ་དེ་གསུམ་གྱི་འབྲེལ་བ་ནི་བརྩམས་ཆོས་གཞི་གྲུབ་པའི་རྨང་གཞི་གཞིར་འདོད་[9]”ཅེས་བརྗོད་པ་ལྟར་རྩོམ་རིག་དང་མིའི་འབྲེལ་བ་དེ་ནི་དེ་ལྟར་ཁ་གསལ་གཏིང་ཟབ་ཅིག་ཡིན་པར་ཡང་ཡང་ནན་བརྗོད་གནང་འདུག
དེས་ན་གོང་དུ་དཔེར་མཚོན་དུ་བརྗོད་པའི་བརྩམས་སྒྲུང་བཞི་པོ་འདིའི་ཟུར་དང་གཞོག་ཐམས་ཅད་དུའང་མིའི་རིགས་རིག་པས་འཆད་པའི་འཆར་སྒོ་དང་རྟོག་བཟོ་ལྡན་ལ། མངོན་སུམ་ལྡན་པས། བརྩམས་སྒྲུང་དེ་དག་ལས་རྩོམ་རིག་དང་མིའི་འབྲེལ་བ་ཟུར་བལྟས་ལེབ་མཐོང་དུ་སྣང་བ་གདོན་མི་ཟ་བ་ཞིག་རེད། དེ་བས་ང་ཚོས་འདི་ནས་བརྩམས་སྒྲུང་དེ་དག་ཕྱིར་བལྟས་ཤིག་བྱས་ཏེ་མི་སྣའི་རྟོག་བཟོའི་ཆ་དང་། འཆར་སྒོའི་ཆ། མངོན་གྱི་ཆ། རྒྱུ་གསུམ་གཅིག་དུ་དྲིལ་བའི་སྒྱུ་རྩལ་དང་བརྗོད་དོན་གྱི་ཆ་བཅས་གསལ་བོར་བྱེད་གལ་ཆེན་མཐོང་། མདོར་ན་རྩོམ་རིག་ནི་མིའི་རིགས་ཀྱིས་སེམས་ཁམས་གནས་བབ་ལ་རང་བབས་ཀྱིས་བརྡོལ་སྣང་ཚུལ་ངོ་མ་གྱུར་པས་མིའི་རིགས་རིག་པས་དཔྱད་བརྡར་བའི་མཐའ་མ་ནི་རྩོམ་རིག་ལས་ཡོངས་སུ་བརྒལ་ཐབས་མེད་པ་ཆགས་ཡོད་སྟབས་མཁས་འདི་དག་གིས་དེ་ལྟར་བརྗོད་པ་ལགས།
ལྔ། སྐད་ཆའི་རྗོད་པ་དང་མཆོར་འབྲིའི་རྗོད་ངོས་འཛིན་ཏེ་མཇུག་བསྡུ་བ།
བརྩམས་སྒྲུང་ནི་སྣང་བརྙན་གཙོ་བོར་འདོན་པའི་སྒྱུ་རྩལ་གྱི་རྩོམ་རིག་གྲལ་ཡིན་ལ། བརྩམས་སྒྲུང་གིས་ཆེས་དང་དོད་བྱེད་པའི་གནད་ཀྱང་སྣང་བརྙན་དང་ཞིབ་འབྲི་ཡིན། དེ་ལས་རྗོད་པ་ནི་སྣང་བརྙན་འབེབ་བྱེད་རྩ་བའི་རྒྱུ་རེད། བརྩམས་སྒྲུང་གྲུབ་ཆ་སྟེ་མི་སྣ། ཁོར་ཡུག བྱུང་རིམ་གསུམ་པོ་གང་ཡིན་ཡང་རྗོད་པའི་སྟོབས་དང་བྱིན་གྱིས་གྲུབ་དགོས་པས་སྐད་ཆའི་རྗོད་པ་དང་འཆོར་འབྲི་ཡི་བརྗོད་པ། ཡང་ན་བཤད་པ་དང་སྟོན་པ་ཟེར་བའི་བཤད་སྟངས་མ་འདྲ་གཉིས་སྤྱི་སྡོམ་བྱེད་ནུས་པ་རེད།
བཤད་པའམ་སྐད་ཆའི་རྗོད་པ་ནི་བརྩམས་སྒྲུང་ལས་འབྱུང་བའི་་སྐད་ཆ་དང་ཁ་བརྡར་གྲུབ་པའི་ཞིབ་འབྲི་ཡི་ཆ་ཟེར་ཞིང་། དེ་ནི་དཔེར་ན་སྲོལ་རྒྱུན་བརྩམས་སྒྲུང་ཨང་དང་པོར་བརྩི། ཡིན་ཡང་དེང་རབས་པ་རྣམས་ཀྱིས་དེ་ཉིད་ཕལ་ཚུལ་དུ་བེད་སྤྱོད་བྱེད། གཉིས་པ་མཆོར་འབྲིའི་བརྗོད་པ་ནི། མི་སྣ་དང་ཁོར་ཡུག བྱུང་རིམ་བཅས་ཞིབ་ཅིང་ཕྲ་མོ་དང་རགས་ཤིང་རྩིང་པའི་སྒོ་ནས་གཞན་མིག་དང་རྣ་བ་སྣ་སྣང་བ་བཅས་གཤམ་པའི་ཚུལ་བའི་འབྲི་བའི་ཐབས་རྩལ་ཞིག་སྟེ། འདི་ནི་དེང་རབས་བརྩམས་སྒྲུང་ཤུགས་ཆེ་ལ། སྲོལ་རྒྱུན་བརྩམས་སྒྲུང་དུ་ཅུང་ཞན། དེ་བས་གོང་དུ་བརྗོད་བྱར་བྱས་པའི་བརྩམས་སྒྲུང་བཞི་པོ་གཙོ་བོ་བཤད་སྟོན་གཉིས་ལས་སྟོན་པ་དང་། རྗོད་པ་གཉིས་ལས་མཆོར་འབྲི་ཡི་རྗོད་པ་གནད་དུ་བཟུང་བའི་བརྩམས་སྒྲུང་དུ་གཏོགས། འོག་ཏུ་སྲོལ་རྒྱུན་བརྩམས་སྒྲུང་ངམ་རྗོད་པ་གཉིས་ལས་དང་པོ་བཤད་པའི་རྗོད་པ་གཙོ་བོར་བྱེད་པའི་བརྩམས་སྒྲུང་ངམ་སྒྲུང་རྩོམ་འགའ་མཁོ་སྤྲོད་ཞུ། གཅིག བྱ་སྤྲེལ་གཏམ་རྒྱུད། གཏམ་པདྨ་ཚལ་གྱི་བཟློས་གར། རྣམ་ཐར་ཆེན་མོ་བརྒྱད་སོགས་ཤིན་ཏུ་མང་པས་ཀློག་སྐུལ་ཞུས་པ་ཡིན།
མཇུག་མཐར་རྩོམ་ཡིག་འདི་བརྒྱུད་ནས་བོད་ཀྱི་བརྩམས་སྒྲུང་རིག་གནས་སམ་རྩོམ་རིག་ལ་ཕྱག་བ་གྲུ་འདེགས་ཀྱི་ནུས་པ་དང་ཕན་པ་ཅུང་ཙམ་འབྱུང་བའི་སྨོན་ལམ་ཡིད་བཏབ་པ་ལགས་སོ།།
མཇུག་ཏུ།
ཤེས་རབ་དྭངས་མ་དཀྲུག་པ་ལས།།
རིག་གཞུང་མཚོ་མོའི་མར་ལོ་སྐྱེས།།
ཚོར་བའི་རྒྱ་མཚོ་གསབ་པ་ལས།།
སྒྱུ་རྩལ་རྟོག་པའི་གར་སྟབས་ཚོགས།།
དཔྱད་ཡིག་དང་ཞབས་མཆན།
[1]《 美学与审美》 雷国梁编 p 18
[2]文学是什么 作者 傅道彬,于孚
[3]小说艺术 作者,米兰·昆德拉
[4]ནུབ་རྩོམ་རིག་དྲི་གཞི་ལྔ་བརྒྱ་པ། ཀུན་དགས་བསྒྱུར།
[5]ནུབ་རྩོམ་རིག་དྲི་གཞི་ལྔ་བརྒྱ་པ། ཀུན་དགས་བསྒྱུར།
[6]བརྩམས་སྒྲུང་གི་སྒྱུ་རྩལ། རྩོམ་པ་པོ། མིན་ལཱང་ཁུན་དྷི་ལིན། p 34
[7]བརྩམས་སྒྲུང་དང་རིག་གནས། རྩོམ་པ་པོ། ན་རོ། p ༡༦
[8]བརྩམས་སྒྲུང་དང་རིག་གནས། རྩོམ་པ་པོ། ན་རོ། p ༡༩
[9] བརྩམས་སྒྲུང་དང་རིག་གནས། རྩོམ་པ་པོ། ན་རོ། p ༢༨
– – – – –