དབྱར་མཆོད་གར་འཆམ་ཆེན་མོའི་བྱུང་བ་དང་དེའི་ཚུལ་ལ་ཅུང་ཟད་དཔྱད་པ།

0
453

ནང་དོན་གནད་བསྡུས།

རྩོམ་ཡིག་འདིའི་ནང་དུ་ཁམས་རི་བོ་ཆེའི་དགོན་པའི་ནང་གི་དབྱར་མཆོད་ཟེར་བའི་གནའ་བོའི་གར་འཆམ་དུས་ཆེན་ཞིག་གི་ལོ་རྒྱུས་འཕེལ་རིམ་དང་དུས་ཆེན་དེའི་ད་ལྟའི་གནས་ཚུལ་རྣམས། ཆོས་འབྱུང་དང་གདན་རབས་སོགས་ཡིག་ཆ་རྙིང་པའི་ནང་དུ་འཁོད་པ་དག་གཞིར་བཟུང་། རི་བོ་ཆེའི་དགོན་པའི་གནས་བརྟན་རྣམས་ཀྱི་ཞལ་རྒྱུན་གྱི་སྟེང་དུ་རང་གི་མིག་མཐོང་ལག་ཟིན་དུ་གྱུར་པའི་ངང་ཚུལ་དག་ཁ་གསབ་བྱས་ནས། དངོས་མིན་རིག་གནས་ཤུལ་བཞག་དེའི་བྱུང་ལུགས་ག་འདྲ་ཡིན་པ་དང་རིན་ཐང་ཅི་ཞིག་མཆིས་པ་སོགས་ལ་གླེང་བརྗོད་དང་དཔྱད་པ་བཏང་ཡོད།

གནད་ཚིག།
རི་བོ་ཆེ། དབྱར་མཆོད། གར་འཆམ། དུས་ཆེན།

སྟག་ལུང་མར་ཐང་རི་བོ་ཆེ་དགོན་པའི་དུས་མཆོད་ཆེན་མོ་བཞི་ལས། མིང་ལ“དབྱར་མཆོད”ཅེས་ཟེར་བའི་དུས་ཆེན་འདི་ཉིད་ལོ་རྒྱུས་ཡུན་རིང་དང་ལྡན་ཞིང་། དད་ལྡན་ལྷ་འབངས་རྣམ་པའི་སེམས་ཀྱི་གཏིང་རུམ་དུ་རྩ་བ་བརྟན་པོར་ཚུགས་ཟིན་པའི་གལ་ཆེན་རང་བཞིན་ཅན་གྱི་དངོས་མིན་རིག་གནས་ཤུལ་བཞག་ཅིག་སྟེ། ཆོས་ལུགས་དང་འབྲེལ་བའི་བོད་ཡུལ་གྱི་གནའ་བོའི་དུས་མཆོད་ཆེས་ཆེ་ཤོས་ཤིག་ཀྱང་ཆགས་ཡོད། དེང་སང་ཡིན་ན་དུས་མཆོད་འདི་ཉིད་བོད་ཟླ་ལྔ་པའི་ཚེས་པ་བདུན་ནས་བཅུ་གཅིག་གི་བར་དུ་ཁམས་རི་བོ་ཆེའི་དགོན་པར་འཚོགས་དགོས་ཤིང་། དབྱར་ཟླ་འབྲིང་པོའི་ནང་གི་དུས་མཆོད་འདི་ལ་མི་རྣམས་ཀྱིས་བརྗོད་བདེ་བའི་ཕྱིར་དུ་དུས་རྒྱུན་མིང་བསྡུས་ཏེ“དབྱར་མཆོད”ཅེས་འབོད་ཀྱིན་འདུག། ཆོས་འབྱུང་ངོ་མཚར་རྒྱ་མཚོའི་ཁ་སྐོང«དུ་ཀུ་ལའི་བ་དན་གསར་པ»ཡི་ནང་དུ་རྗེ་དྲུང་གྲགས་པ་རྒྱལ་མཚན་(༡༥༩༡-༡༦༤༢)གྱི་རྣམ་ཐར་འཆད་སྐབས་སུ་འདི་ལྟར། “ཆོས་སྐུ་ཨོ་རྒྱན་མགོན་པོའི་དུས་ཆེན་མེ་ཏོག་བཀྲ་མཆོད་ཀྱི་ཉིན་གདན་ས་ཆེན་པོར་ཕེབས” [1]ཞེས་གསལ་པོར་བྲིས་ཡོད་པས། དུས་ཆེན་འདིའི་མིང་རྒྱས་པ་ལ“དབྱར༵་ཟླ་འབྲིང་པོའི་ནང་གི་མེ་ཏོག་བཀྲ་མཆོད༵”ཅེས་འབོད་དགོས་པར་གསལ།

དེར་མ་ཟད་དུས་མཆོད་འདི་ཉིད་ཨོ་རྒྱན་མགོན་པོའི་(༡༢༩༣-༡༣༦༦)འདས་ཚིགས་ལ་ཏག་ཏག་ཁེལ་ཡོད་ན་ཡང“ཨོ་རྒྱན་མགོན་པོའི་འདས་མཆོད”ཅེས་མི་ཟེར་བར། “ཨོ་རྒྱན་མགོན་པོའི་དུས་ཆེན”ཞེས་འབོད་པ་འདི་ལའང་གལ་ཆེ་བའི་གནད་ཁ་ཤས་ཡོད་དེ། དུས་ཚིགས་འདིའི་ནང་དུ་ཆོས་སྐུ་ཨོ་རྒྱན་མགོན་པོ་སྐུ་བལྟམས་པ་དང་། རབ་ཏུ་བྱུང་བ། གཙུག་ལག་ཁང་ཆེན་མོ་ཁྲ་འཁྱིལ་མའི་ས་འདུལ་མཛད་པ། ཨོ་རྒྱན་མགོན་པོ་སྐུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བླ་མ་ཁོང་དང་འབྲེལ་བའི་དུས་ཆེན་བཞི་འཛོམས་ཀྱི་གལ་ཆེན་དུས་ཚིགས་ཤིག་ཡིན་པའི་རྒྱུ་མཚན་གྱིས་རེད། དེ་ཡང་ཡིན་ཏེ«ལྷོ་རོང་ཆོས་འབྱུང»ལས་ཨུ་རྒྱན་མགོན་པོའི་རྣམ་ཐར་འཆད་སྐབས་སུ“ཆུ་མོ་སྦྲུལ་གྱི་ལོ་དབྱར་ཟླ་འབྲིང་པོའི་ཚེས་བརྒྱད་ལ་ཤ་ར་ཐང་སྟོད་དུ་སྐུ་བལྟམས”[2]ཞེས་དང་། “དེ་ནས་དགུང་ལོ་བཅུ་གཉིས་ཤིང་ཕོ་འབྲུག་གི་ལོ་མེ་ཏོག་མཆོད་ཟླའི་ཚེས་བརྒྱད་ཀྱི་དུས་ལ་བབས་པའི་ཚེ…རབ་ཏུ་བྱུང”[3]ཞེས་དང་། ཡང“དེ་ནས་དགུང་ལོ་ཉི་ཤུ་རྩ་བརྒྱད་ཀྱི་ཐོག་ཏུ་ལྕགས་ཕོ་སྤྲེལ་གྱི་ལོ་སྤྲེལ་གྱི་ཟླ་བ་སྤྲེལ་གྱི་ཉི་མ་ལ་གཙུག་ལག་ཁང་ཆེན་པོ་བཀྲ་ཤིས་ལྷུན་གྲུབ་འཛམ་གླིང་རྒྱན་བཞེངས་པའི་ས་འདུལ་དང”[4] ཞེས་དང་། “དགུང་ལོ་བདུན་ཅུ་དོན་བཞི་མེ་ཕོ་རྟའི་ལོ་ཟླ་བ་ལྔ་པའི་ཚེས་བརྒྱད་ལ་གཞན་དོན་དུ་གཤེགས་པར་གྱུར”[5]ཅེས་སོགས་གསལ་བར་འཁོད་ཡོད་པས་དུས་ཆེན་བཞི་འཛོམ་ཡིན་པ་ཤེས་ནུས་སོ།།

དེ་ལྟར་སྟག་ལུང་མར་ཐང་རི་བོ་ཆེ་དགོན་པའི་ནང་དུ་སྤྲེལ་ཟླ་བའི་རྔ་འཆམ་བྱས་པའི་ལོ་རྒྱུས་ནི་ཧ་ཅང་གིས་རིང་བ་སྟེ། གསལ་ཐག་ཆོད་ཀྱིས་སྒོ་ནས་བཤད་པ་ཡིན་ན«ཆོས་འབྱུང་ངོ་མཚར་རྒྱ་མཚོ»ལས་“དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལྕགས་ཕོ་སྤྲེའུའི་ལོ་སྤྲེལ་ཟླ་བའི་སྤྲེལ་གྱི་ཉི་མ་ལ་གཙུག་ལག་ཁང་ཆེན་མོ་བཞེངས་པའི་ས་འདུལ་ལ་རྗེ་ཉིད(ཆོས་སྐུ་ཨོ་རྒྱན་མགོན་པོ)ཀྱིས་ཁྲོ་བོ་བཅུ་དྲུག་གི་འགྲོས་དང་། རྒྱལ་ཆེན་སྡེ་བཞིའི་འགྲོས་ལ་སོགས་པའི་རྔ་འཆམ་ཆེན་མོ་མཛད”[6]ཅེས་བྲིས་ཡོད་པས། དེ་ནི་བོད་རབ་བྱུང་ལྔ་པའི་ལྕགས་སྤྲེལ་ཏེ་སྤྱི་ལོ༡༣༢༠ལོའི་སྤྲེལ་ཟླ་བའི་རྔ་འཆམ་ཆེན་མོ་བྱས་པ་ནས་ད་ལོ་སྟེ་སྤྱི་ལོ༢༠༢༠ལོའི་སྤྲེལ་ཟླའི་གར་འཆམ་གྱི་བར་དུ་མི་ལོ་བདུན་བརྒྱའི་རིང་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་དོན་སྙིང་ལྡན་ཡོད་པ་རེད།

གོང་གི་ལུང་ཚིག་ནང་དུ་སྤྲེལ་ལོ་སྤྲེལ་ཟླའི་སྤྲེལ་ཚེས་ཤིག་ལ་ལྷ་ཁང་ཆེན་མོའི་ས་འདུལ་རྔ་འཆམ་བྱས་པར་འཁོད་ཡོད་ཀྱང་། སྤྲེལ་ཟླ་གཅིག་གི་ནང་དུ་སྤྲེལ་ཚེས་གཉིས་ནས་གསུམ་གྱི་བར་ཡོད་པས། ས་འདུལ་རྔ་འཆམ་སྐབས་ཀྱི་སྤྲེལ་ཚེས་དེ་ཚེས་གྲངས་གང་ལ་ཁེལ་ཡོད་པ་ནི་ཡིག་ཆ་གང་དུ་ཡང་ཁ་གསལ་མ་མཐོང་། འོན་ཀྱང་ཚོད་དཔོག་ཅིག་བྱས་ན། སྤྲེལ་ལོ་སྤྲེལ་ཟླའི་ཚེས་པ་བཅུ་ལ་ལྷ་ཁང་ཆེན་མོའི་ས་འདུལ་གར་འཆམ་དེ་བྱས་མེད་དམ་སྙམ་མོ།། རྒྱུ་མཚན་གང་ཡིན་ཟེར་ན། སྤྲེལ་ལོ་སྤྲེལ་ཟླའི་ཚེས་པ་བཅུ་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་(དུས་རབས་བརྒྱད་པའི་ནང་དུ་བྱོན)ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོ་རུ་སྐུ་འཁྲུངས་པའི་དུས་ཆེན་ཁྱད་པར་བ་དེ་ཡིན་པར་གྲགས་པ་དང་གཅིག།  ཆོས་སྐུ་ཨོ་རྒྱན་མགོན་པོ་ཁོང་རང་ཉིད་ཀྱང་ཨོ་རྒྱན་པདྨའི་སྤྲུལ་པ་ཡིན་པར་སྟག་ལུང་གི་བྲག་པ་རིན་ཆེན་རྡོ་རྗེ་ཟེར་བའི་བླ་མ་གྲུབ་ཐོབ་ཅིག་གིས་ལུང་གིས་བསྟན་ཡོད་པར་བཤད་པ་དང་གཉིས། གཙུག་ལག་ཁང་ཆེན་མོའི་ས་འདུལ་དུས་ཚོད་དེ་སྤྲེལ་ལོ་སྤྲེལ་ཟླ་ཞིག་ལ་ཆེད་དུ་བསྟུན་ཡོད་པ་དང་གསུམ་གྱིས་རྗེས་སུ་དཔོག་རུང་བར་འདོད་དོ།།

དབྱར་མཆོད་གར་འཆམ་འདི་ཉིད་ཀྱི་བྱུང་ཚུལ་ལ་རིག་འཛིན་ཀརྨ་ཉི་མས་(༡༧༤༧-༡༨༠༠)མཛད་པའི«དྲག་པོ་ཧོམ་ནག་གི་སྔགས་འཆམ་ཆེན་མོའི་རྣམ་བཤད་སྙན་གྲགས་ལྷ་ཡི་རྔ་ཆེན»ལས་འདི་འདྲ་ཞིག་གསུང་འདུག “བོད་ཡུལ་འདིར་བསྟན་པ་སྔ་དར་གྱི་སྐབས་སུ་འཇམ་དབྱངས་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་མོ་བཞེང་པའི་ས་འདུལ་ལ། ཟ་ཧོར་གྱི་མཁན་ཆེན་ཞི་བ་འཚོ་གདན་དྲངས་ནས་བྱང་ཆུབ་སེམས་ཀྱི་སྒོ་ནས་ས་བཏུལ་ཞིང་། ཕྱི་མདོ་ལྟར་ས་གཞི་བྱིན་གྱིས་བརླབས་ཀྱང་། བོད་ཀྱི་ལྷ་འདྲེ་ནག་ཕྱོགས་གདུག་པ་ཆེ་བས་ས་མ་ཐུལ་ཞིང་གཙུག་ལག་བརྩེག་ཏུ་མ་སྟེར་བས། སྔོན་གྱི་སྨོན་ལམ་དག་པས་མཚམས་སྦྱར་ཏེ། ཨོ་རྒྱན་ཡུལ་གྱི་གྲུབ་པའི་དབང་ཕྱུག་ཆེན་པོ་མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་གནས་གདན་དྲངས་ནས། ས་འདུལ་ཞིང་གཙུག་ལག་ཁང་འགྲུབ་པར་གསོལ་བ་བཏབ་པའི་ཚེ། སློབ་དཔོན་ཉིད་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་སྐུར་བཞེངས་ནས། དྲག་པོ་ཧོམ་ནག་གི་སྔགས་འཆམ་ཆེན་མོ་འདི་ཉིད་མཛད་ཅིང་ས་བཏུལ་བས། ལྷ་འདྲེ་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། གཙུག་ལག་ཁང་བར་ཆད་མེད་པར་གྲུབ། བོད་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད་པའི་རྟེན་འབྲེལ་གྱི་ཐོག་མ་ཡང་འཆམ་འདི་བྱས་པ་ལགས་སོ།།

དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་སུ་སློབ་དཔོན་རིན་པོ་ཆེའི་ཐུགས་ཀྱི་སྤྲུལ་པ་དངོས་སྐྱེས་མཆོག༸སངས་རྒྱས་དབོན་པོས་གདན་ས་ཆེན་པོ་དཔལ་གྱི་རི་བོ་ཆེའི་གྲུབ་གནས་འདི་ཉིད། ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། གཙུག་ལག་ཁང་བཀྲ་ཤིས་འཛམ་གླིང་རྒྱན་ཆེན་འདི་བཞེངས་པའི་དགོངས་པ་གཏད་པ་ལྟར། ཨོ་རྒྱན་ང་སྤྲུལ་ཨོ་རྒྱན་མཚན་ཅན་གྱིས།། མར་ཐང་རི་རྩར་བསྟན་པའི་རྒྱལ་མཚན་བཙུག། ཅེས་ལུང་བསྟན་པ་ལྟར་དང་། རྟོགས་ལྡན་ར་སྐྱེས་བྲག་ལ་ཡང་།། ཨོ་རྒྱན་པདྨའི་སྤྲུལ་པའོ།། མཚན་ཡང་ཨོ་རྒྱན་མགོན་པོ་གསོལ།། ཞེས་ཡེ་ཤེས་མཁའ་འགྲོས་མནལ་ལམ་དུ་ལུང་བསྟན་པ་ལྟར་མཚན་གསོལ་བའི་སྐྱེས་མཆོག་དེ་ཉིད་ཀྱིས། དཔལ་གྱི་གཙུག་ལག་ཁང་བཞེང་པའི་ས་འདུལ་དུ། དྲག་པོ་ཧོམ་ནག་གི་སྔགས་འཆམ་ཆེན་མོ་འདི་མཛད་ཅིང་། སྔོན་འགྲོ་སྟ་གོན་གྱི་འཆམ་སྣ་བརྒྱད་ཁ་གསབ་ཏུ་གནང་། གཙུག་ལག་ཁང་གེགས་མེད་དུ་གྲུབ་ཅིང་། སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་སྲིད་མཐའི་བར་དུ་ཚུགས་པའི་རྟེན་འབྲེལ་གྱི་ཐོག་མའང་འཆམ་འདི་ལགས་སོ།། རྗེ་བཙུན་དེ་ཉིད་ཀྱི་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཆེན་དབྱར་ཟླ་འབྲིང་པོ་སྣྲོན་གྱི་ཟླ་བའི་ཡར་ཚེས་བརྒྱད་ནས་ད་ལྟའི་བར་དུ་རྒྱུན་ལྡན་དམ་པའི་ཕྱག་བཞེས་རྒྱུན་མ་ཆད་པས་ཁུངས་བཙུན་པར་སྟོན་པ་ལགས་སོ།།”[7] ཞེས་གསུངས་ནས་དབྱར་མཆོད་གར་འཆམ་ཆེན་མོའི་བྱུང་ལུགས་དེ་ཅུང་ཟད་ཁ་གསལ་གྱི་སྒོ་ནས་སྤྲོས་བཤད་གནང་འདུག་པས་ན་གོ་སླ་ཞིང་། དེ་ཡང་འདི་ལྟ་བུའི་གར་འཆམ་བྱེད་དགོས་པའི་ཁུངས་ལུང་ནི«བདེ་གཤེགས་འདུས་པ་དྲེགས་པ་ཀུན་སྒྲོལ་གྱི་རྒྱུད»ལ་གཟིགས་པ་ཡིན་ན་དེ་རུ་མང་དུ་གསུངས་ཤིང་། «དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ»ལས་ཀྱང་། “བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས།། འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར།། གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས།། ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར།། རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས།། འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ།།”[8] ཅེས་བྲོ་གར་གྱི་ཕྱག་རྒྱ་དང་། གླུ་དབྱངས་ཀྱི་ཕྱག་རྒྱ། རྒྱན་ཆས་ཀྱི་ཕྱག་རྒྱ་སོགས་ཀྱི་ཕན་ཡོན་དང་བཅས་པ་གསལ་པོར་བསྟན་ཡོད།

འདིའི་ཐད་ཀྱི«གསང་འགྲེལ་ཕྱོགས་བཅུའི་མུན་སེལ»ལས “རྐང་པས་བྲོ་དང་ལག་པའི་གར་གྱི་ཕྱག་རྒྱ་རྣམ་པ་སྣ་ཚོགས་པའི་འདུ་འཕྲོ་དང་། སྒྱུ་འཕྲུལ་དྲྭ་བ་གཉིས་སུ་མེད་པ་ལྷའི་རྣམ་པ་དང་བདེན་མེད་དུ་ཤེས་པའི་ངང་ནས་འགྲོ་འདུག་དང་ལག་པའི་འདུ་བྱེད་སོགས་ཐམས་ཅད་ལྷའི་རང་བཞིན་ལས་མི་འདའ་བའི་ཕྱིར་ན། བྲོ་གར་ལ་སོགས་པའི་བྱ་བ་ཅི་བྱེད་ཐམས་ཅད་ཕྱག་རྒྱའི་སྒྲར་བརྗོད་དེ”[9]ཞེས་གསུངས་པ་ལྟར། བོད་ཡུལ་གྱི་དགོན་ཆེན་མང་ཆེ་བར་དར་སྲོལ་ཤིན་ཏུ་ཆེ་བའི་གར་འཆམ་གྱི་ལུགས་སྲོལ་འདི་དག་གི་ཁུངས་ལུང་ནི་གསང་བ་སྔགས་ཀྱི་ཕྱོགས་སུ་གཏོགས་པ་ཡིན་པར་གདའ། གར་འཆམ་གྱི་དགོས་པ་ནི། “སངས་རྒྱས་བསྟན་པ་དར་ཞིང་བསྟན་འཛིན་འཕེལ།། འཇིག་རྟེན་བདེ་སྐྱིད་ལོ་ལེགས་བསམ་དོན་འགྲུབ།། ནད་མུག་མཚོན་འཁྲུགས་མི་མཐུན་ཕྱོགས་ཞི་ནས།། ཕྱོགས་དུས་བཀྲ་ཤིས་དཔལ་དུ་འབར་བའི་ཕྱིར།།”[10] ཞེས་པའི་ཚིག་གི་ནང་དོན་ལྟར་སྐྱེས་ཆེན་དམ་པ་དག་གིས་གར་འཆམ་བཅང་པའི་ཐུགས་རེ་དང་ཡིད་ཆེས་ནི་དགོས་དོན་འདི་དག་གི་ཆེད་དུ་ཡིན་པར་འདུག། ད་དུང་གར་འཆམ་གྱི་བརྟུལ་ཞུགས་ཇི་ལྟར་སྐྱོང་ཚུལ་ལ། “སྣང་སྲིད་དབང་སྡུད་ལོག་འདྲེན་ཚར་གཅོད་པའི།། ལྷག་པའི་ལྷ་ཡི་ང་རྒྱལ་གཟི་བརྗིད་དང་།། སྟངས་སྟབས་འབར་བའི་ཕྱག་རྒྱའི་བརྟུལ་ཞུགས་ཀྱིས།། དྲག་པོ་སྔགས་ཀྱི་གར་འཆམ་བྱེད་པ་ལ།།” [11]ཞེས་རིག་འཛིན་ཀརྨ་ཉི་མ་སོགས་དམ་པ་སྔོན་མ་དག་གིས་མང་དུ་གསུང་ཡོད་ཀྱང་། སྐབས་འདིར་དེ་ཙམ་གྱིས་ཆོག་བྱེད་དགོས།

དེ་ནས་རི་བོ་ཆེའི་ཁྲི་རབས་བཅུ་གཉིས་པ་རྗེ་དྲུང་གྲགས་པ་ལེགས་གྲུབ་(༡༦༤༦-༡༧༡༡)ཀྱི་སྐབས་སུ“རྙིང་མ་གྲྭ་ཚང་ཚོགས་ཡོང་ལ་རྒྱལ་དབང་བདེ་ཆེན་རྡོ་རྗེའི་ཟབ་གཏེར་ཐུགས་སྒྲུབ་ཀྱི་སྒྲུབ་མཆོད་གར་འཆམ་དང་བཅས་པ་ཧོར་ཟླ་ལྔ་པའི་ཚེས་པ་བཅུ་ལ་རྒྱུན་བཙུགས་གནང”[12]བ་ཡིན་ཚུལ«དེབ་ཐེར་རྒྱ་མཚོའི་ཉིང་བཅུད»དུ་གསལ་བར་འཁོད་ཡོད་པ་བཞིན། སྔར་གྱི་དབྱར་མཆོད་རྔ་འཆམ་གྱི་སྟེང་དུ་སླར་ཡང“ཚེས་བཅུ་གར་འཆམ་ཆེན་མོ”ཞེས་པའི་སྒྲུབ་མཆོད་ཅིག་གསར་དུ་བསྣན་ཏེ། སྔར་ལས་ལྷག་པའི་གྲ་རྒྱས་ཕུན་སུམ་ཚོགས་པའི་དུས་མཆོད་ཅིག་ཏུ་ཡར་རྒྱས་བཏང་ཡོད་པར་མངོན། འོན་ཀྱང་ཕྱིས་སུ་རྒྱལ་དབང་བདེ་ཆེན་རྡོ་རྗེ་(དུས་རབས་བཅོ་བརྒྱད་པར་བྱོན)དང་རི་བོ་ཆེའི་བསྟན་སྲུང་དགེ་བསྙེན་ཆེན་པོ་གཉིས་ཀྱི་བར་ལ་འཁོན་པ་ཞེ་འགྲས་བྱུང་བའི་ལོ་རྒྱུས་གནས་ཚུལ་འོག་ནས། རྒྱལ་དབང་བདེ་ཆེན་རྡོ་རྗེའི་ཟབ་གཏེར«ཐུགས་སྒྲུབ»ཀྱི་སྒྲུབ་མཆོད་དེ་ཉིད་རི་བོ་ཆེའི་དགོན་པར་རྒྱུན་འཁྱོང་ཡུན་རིང་མ་བྱུང་བ་འདྲ་ཡང་། ད་ལྟའི་ཚེས་བཅུའི་གར་འཆམ་གྱི་ནང་གི་“རྒྱལ་དབང་ཤྭ་འཆམ”ཟེར་བ་འདི་ནི་དེའི་རྗེས་ཤུལ་ལྟ་བུ་ཞིག་ཡིན་པར་གསུང་གིན་འདུག་པས་བདེན་ཆ་ཆེ།

«ཀཾ་ཚང་བརྒྱུད་པའི་རྣམ་ཐར་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ»ལས་བསྟན་པ་ལྟར་ན། སི་ཏུ་པཎ་ཆེ་ཆོས་ཀྱི་འབྱུང་གནས(༡༦༩༩-༡༧༧༤)ཀྱིས་སྤྱི་ལོ༡༧༣༦ལོར་མཚུར་ཕུ་དགོན་པའི་ནང་དུ“ཚེས་བཅུའི་དབྱངས་འཆམ་བསླབས་པ་ཚུགས”པ་ནས་བཟུང་སྟེ། དཔལ་སྤུངས་དགོན་པ། སྡེ་དགེ་དགོན་ཆེན། ལྷ་ཐོག་གི་བྱེས་སྒར། ཀརྨ་དགོན་ཆེན་སོགས་སུ་རིམ་བཞིན་ཚེས་བཅུའི་གར་འཆམ་གྱི་ལུགས་སྲོལ་ཚུགས་པར་བཤད་ཅིང་། དེའི་ཤུགས་ལས་ཀཿཐོག་དང་དཔལ་ཡུལ་སོགས་བཀའ་རྙིང་གི་དགོན་ཆེན་རྣམས་སུ་ཚེས་བཅུའི་གར་འཆམ་ཆེན་མོ་རིམ་གྱིས་ཚུགས་ཡོད་པ་ལྟར་སྣང་ངོ་།། འོན་ཀྱང་རི་བོ་ཆེ་དགོན་པའི་ཚེས་བཅུའི་གར་འཆམ་ཆེན་མོ་འདི་རྗེ་དྲུང་གྲགས་པ་ལེགས་གྲུབ་ཀྱི་སྐབས་སུ་ཚུགས་པ་ཞིག་ཡིན་པ་དོན་ལ་གནས་ཚེ། རི་ཆེའི་ཚེས་བཅུ་གར་འཆམ་འདི་ནི་སི་ཏུ་པཎ་ཆེན་གྱིས་ཚེས་བཅུའི་གར་འཆམ་གསར་འཛུགས་ཀྱི་མཛད་ཆེན་དག་དང་འབྲེལ་བ་མེད་པར། དེ་ལས་ཀྱང་སྔ་བའི་དུས་སུ་རི་བོ་ཆེར་ཚེས་བཅུའི་གར་འཆམ་ཚུགས་ཟིན་པ་ཞིག་ཡིན་དགོས་འདུག། འོན་ཀྱང་“རྙིང་མ་གྲྭ་ཚང་ཚོགས་ཡོང་ལ་རྒྱལ་དབང་བདེ་ཆེན་རྡོ་རྗེའི་ཟབ་གཏེར་ཐུགས་སྒྲུབ་ཀྱི་སྒྲུབ་མཆོད་གར་འཆམ་དང་བཅས་པ་ཧོར་ཟླ་ལྔ་པའི་ཚེས་པ་བཅུ་ལ་རྒྱུན་བཙུགས་གནང”ཞེས་པའི་ལོ་རྒྱུས་འདི་རྗེ་དྲུང་གྲགས་པ་ལེགས་གྲུབ་ཀྱི་སྐབས་སུ་ཡིན་ཟེར་དགོས་ན་རྒྱལ་དབང་བདེ་ཆེན་རྡོ་རྗེ་དང་དུས་ཚོད་འགྲིག་པར་དཀའ་བས་ན། ཚིག་འདི་ལ་ད་དུང་དཔྱད་པ་གཏོང་དགོས་ངེས་རེད། དུས་རབས་བཅོ་བརྒྱད་པའི་ནང་དུ་བོད་ཀྱི་དགོན་ཆེན་དག་གིས་ཕར་ལྟ་ཚུར་ལྟ་བྱས་ནས་ཚེས་བཅུ་གར་འཆམ་བྱེད་པའི་ཚ་རླབས་དེ་འཕྱུར་བཞིན་ཡོད་པ་དང་། རླབས་རྒྱུན་དེའི་ལྟེ་བ་ནི་སི་ཏུ་ཆོས་འབྱུང་གིས་མཚུར་ཕུ་དགོན་པའི་ནང་དུ་སྤེལ་བའི་༡༧༣༦ལོའི་ཚེས་བཅུའི་དབྱངས་འཆམ་དེ་ཐུག་འདུག་པར་སྙམ། དེ་ལྟར་བྱས་ན་རི་བོ་ཆེའི་དགོན་པར་ཚེས་བཅུ་གར་འཆམ་ཚུགས་པའི་དུས་ཚོད་དེ་རྗེ་སྤྲུལ་རིན་ཆེན་ལེགས་གྲུབ(༡༧༤༥-༡༨༢༨)ཀྱི་སྐབས་ཙམ་ན་ཡིན་འོས་པ་ལྟ་བུ་མཐོང་།

དེའི་ཕྱིས་སུ་སྡོམ་སྟེང་ཁ་སྐྱ་བ་ཚང་དུ་སྐུ་འཁྲུངས་པའི་བླ་མ་སྐལ་བཟང་ལྷ་སྲས་(དུས་རབས་ཉི་ཤུ་པའི་ནང)ཀྱིས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས (༡༨༩༣-༡༩༥༩) ལ་བཀའ་འདྲི་ཐུགས་གྲོས་ཞུས་ཏེ། སྔར་གྱི་དབྱར་མཆོད་ཀྱི་སྟེང་དུ་གཏེར་སྟོན་ཨོ་རྒྱན་གླིང་པས་སྤྱན་དྲངས་པའི«བཀའ་འདུས་ཆོས་ཀྱི་རྒྱ་མཚོའི»དང་གུ་རུ་ཆོས་དབང་གི་ཟབ་གཏེར«གསང་འདུས་བླ་མའི་ལས་བྱང»གི་ལེའུ་བརྒྱད་པ་དང་འབྲེལ་བའི་སྒྲུབ་མཆོད་སྦྲག་མ་གར་འཆམ་དང་བཅས་པ་འདི་ཉིད། སྐྱ་བ་བླ་མས་སྦྱིན་བདག་བྱས་ཏེ་རབ་བྱུང་བཅུ་དྲུག་པའི་ས་བྱི་ལོར(༡༩༤༨)གསར་འཛུགས་མཛད་ཡོད། དེ་ཡང«དབྱར་མཆོད་གར་འཆམ་ཆེན་མོའི་འཆམ་རྩ»རུ་འཁོད་པ་ལྟར་ན། ཚེས་བཅུ་ཨོ་རྒྱན་གདན་འདྲེན་འདི་ནི། ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེའི་ཕྱག་བཞེས་དང་། ཁྱད་པར་འཇིག་རྟེན་དབང་ཕྱུག་ཀརྨ་པ་བཅུ་བཞི་པ་རྒྱལ་དབང་ཐེག་མཆོག་རྡོ་རྗེ(༡༧༩༧-༡༨༦༨)སྐུ་དངོས་ཀྱིས། རྒྱུད་ལུང་མན་ངག་ཚད་མའི་སྒོ་ནས་འཆར་འགོད་གཏན་འབེབས་གནང་བའི་གར་འཆམ་སྟེ། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཐུགས་རྗེ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་བའི་མཛད་པའི་ཆ་ཤས། ངོ་མཚར་ཚེས་བཅུའི་བཀོད་པ་འདི་ཉིད་རི་ཆེ་སྔ་འགྱུར་རྙིང་མ་གྲྭ་ཚང་གསང་སྔགས་བདུད་འདུལ་གླིང་དུ་གསར་སྣོན་འཛུགས་སྲོལ་གནང་བ་བཞིན། འོད་མིན་པདྨ་དྲྭ་བའི་ཞིང་ཁམས་འཛིན་མའི་ལྗོངས་འདིར་འཕོས་འདྲའི་མཐོང་གྲོལ་ཚེས་བཅུའི་གར་འཆམ་ཆེན་མོའི་འདི་ནི་རིག་འཛིན་གོང་མའི་མན་ངག་དང་། མཐོང་བ་བརྒྱུད་པའི་ཕྱག་བཞེས་ཇི་མ་ཇི་བཞིན་དུ་ཕྱག་བསྟར་བྱས་པ་ཡིན་ཚུལ་འཁོད་འདུག། ཨོ་རྒྱན་གདན་འདྲེན་འདི་ཉིད་སྤྱི་ལོ༡༩༤༨ནས༡༩༥༨ལོའི་བར་དུ་ལེགས་པར་ཚུགས། དེ་ནས་དམངས་གཙོ་བཅོ་བསྒྱུར་གྱི་སྐབས་སུ་རེ་ཞིག་མཚམས་འཇོག་བྱེད་དགོས་བྱུང་ན་ཡང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་སྲིད་ཇུས་ལྷོད་ཡང་གི་སྐབས་དང་བསྟུན་བཞིན། བླ་མ་གྲགས་པ་རྒྱལ་མཚན་(༡༩༣༡-༢༠༢༢)དང་དཔལ་ལྡན་མི་འགྱུར་(༡༩༢༤-༢༠༠༡)སོགས་ཀྱིས་གཙོར་བྱས་པའི་སྒོ་ནས་སྔར་གྱི་དབྱར་མཆོད་དང་ཚེས་བཅུའི་གར་འཆམ་ཆེན་མོ་སོགས་རིམ་བཞིན་རི་བོ་ཆེའི་དགོན་པ་རུ་སླར་གསོ་བྱེད་ཐུབ་པ་འདི་བྱུང་། འོན་ཀྱང་ཚེས་པ་བརྒྱད་ཀྱི་ཉིན་མོར་རྔ་འཆམ་ཤིན་ཏུ་རིང་མོ་ཞིག་འཆམ་སྲོལ་ཡོད་པ་དེ«འཆམ་རྩ»བོར་རླག་ཏུ་སོང་བའི་རྐྱེན་གྱིས་བསྐྱར་འཛུགས་གནང་མ་ཐུབ། དེ་ནི་དབྱར་མཆོད་ཀྱི་ལོ་རྒྱུས་ཐོག་བློ་ཕམ་སྐྱེ་དགོས་པའི་དོན་དག་ཆེ་ཤོས་དེ་ཆགས་ཡོད།

སྟག་ལུང་རི་བོ་ཆེ་དགོན་པའི་དབྱར་མཆོད་ཀྱི་བྱུང་རིམ་ལ་བལྟས་ན་དུས་ཆེན་སྔ་མའི་རྨང་གཞིའི་ཐོག་ཏུ་སྒྲུབ་མཆོད་ཕྱི་མ་དག་ཁ་སྣོན་བྱས་ཤིང་། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དག་གྲ་ཇེ་རྒྱས་སུ་སོང་བའི་འཕེལ་རིམ་ཡར་རྒྱས་དང་ལྡན་པ་ཞིག་ཏུ་མཐོང་ཡོང་བ་ཡིན། གོང་འཕེལ་གྱི་རིམ་པ་དང་ལྡན་པའི་དུས་མཆོད་ཆེན་མོ་འདི་ཉིད་དང་པོ་དགོན་པས་ཡིན་ལ། བར་དུ་སྡེ་དགོན་གཉིས་ཀས་ཡིན་པ། ཐ་མ་འཛམ་གླིང་གིས་ཡིན་པའི་འོད་སྟོང་འབར་བའི་དངོས་མིན་རིག་གནས་ཤུལ་བཞག་ཅིག་ཏུ་གྱུར་ཡོད།

དུས་ཆེན་གྱི་མིང་ལ“དབྱར་མཆོད”ཅེས་ཟེར་བའི་མདོ་ཁམས་རི་བོ་ཆེའི་དུས་མཆོད་འདི་ཉིད་དེང་སང་བོད་ཟླ་ལྔ་པའི་ཚེས་པ་བདུན་ནས་བཅུ་གཅིག་གི་བར་གྱི་ཉིན་ལྔ་ཡི་རིང་ལ་འཚོག་དགོས་ཤིང་། ཚེས་པ་དགུ་དང་། ཚེས་པ་བཅུ། ཚེས་པ་བཅུ་གཅིག་སྟེ་ཉིན་གསུམ་ལ་གར་འཆམ་མི་འདྲ་བ་དཔེར་ན། གསེར་སྐྱེམས། མཚམས་གཅོད། ཤྭ་འཆམ། ཀེང་རུས། གཏུམ་རྔམ། ཚོགས་ལེན། གིང་འཆམ། བྱིན་འབེབ། ཨོ་རྒྱན་གདན་འདྲེན་སོགས་ཚན་པ་དང་རིགས་མི་གཅིག་པའི་གར་འཆམ་ཉི་ཤུ་ལྷག་ཙམ་ཡོད་པ་མ་ཟད། དེ་དག་འབག་འཆམ་དང་དམག་འཆམ་རེས་མོས་སུ་སྤེལ་ཏེ་ཟད་མི་ཤེས་པའི་གཟིགས་མོ་ཕུན་སུམ་ཚོགས་པ་ཞིག་སྤྲོ་བཞིན་ཡོད་པ་རེད། དེ་ལ་མོས་གུས་དང་ལྡན་པའི་དད་ལྡན་རྣམས་ཀྱིས་མཇལ་ན་དང་འདོད་ཡིད་ཆེས་ཀྱི་དད་པས་མཆི་མ་འཁྲུག་ཅིང་བ་སྤུ་ཟིང་བར་བྱེད་ལ། དད་པ་མེད་པའི་མི་ཞིག་གིས་བལྟས་ན་ཡང་གར་གྱི་ཉམས་དགུ་ལ་སོགས་པའི་སྒྱུ་རྩལ་གྱི་བཟི་ཁ་བརྟེན་ནས་མི་སེམས་ཀྱི་རྒྱ་མཚོ་དྲག་ཏུ་སྐྱོམ་པར་བྱེད་ནུས། ནུས་པ་དེ་དང་དེ་དག་གིས་མི་མང་ཁྲི་ཕྲག་མང་པོ་ལྷན་གཅིག་ཏུ་སྡུད་པར་བྱེད་ཅིང་། ཚང་མས་དགའ་གུས་ཡི་རང་བར་བྱེད་དེ། བརྡ་ཁྱབ་དང་སྙན་སྦྱོར་མི་དགོས། ཁྱབ་བསྒྲགས་དང་འུད་སྒྲོག་སོགས་གང་ཡང་མི་དགོས་སོ།། མི་ལོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་ནས། ད་གཟོད་འདི་དང་འདི་འདྲ་བའི་ཤུལ་བཞག་གི་དངོས་མིན་རིག་གནས་འོད་སྟོང་འབར་བ་ཞིག་བསྐྲུན་པར་བྱེད་ནུས་ལ། སྐྱེས་བུ་ཁྲི་སྟོང་མང་པོའི་བློ་གྲོས་དང་འབད་འབུང་ལ་བརྟེན་པ་ཡིན་ན། འདི་ལྟར་ཤོག་སྒོར་ཐེར་འབུམ་གིས་ཀྱང་སྒྲུན་དུ་མེད་པའི་འཛུགས་སྐྲུན་བྱེད་ཐུབ་པ་རེད་འདུག།  འདི་ནི་དགོན་པ་དང་ལྷ་སྡེའི་བར་གྱི་དམ་པའི་ཆོས་དང་མཐུན་པའི་མཆོད་སྦྱིན་གསེར་གྱི་ཟམ་པ་ཞིག་ཡིན་པར་འདུག། འདི་ནི་ཆོས་དང་འཇིག་རྟེན་བར་གྱི་མི་འབྲལ་ལྷན་དུ་འགྲོགས་པའི་འབྲེལ་ཐག་ཅིག་ཀྱང་ཡིན་པར་འདུག་གོ།

དཔྱད་གཞིའི་ཡིག་ཆ་གཙོ་བོ་དག་གི་མཚན་ཐོ།

 

ཀུམ་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ།༼ཉ༽ ཀློང་ཆེན་རབ་འབྱམས་ཀྱིས་མཛད། ཀྲུང་གོ་བོད་རིག་པ་དཔེ་སྐྲུམ་ཁང་། ༢༠༢༠ལོར་སྤར་དུ་བསྐྲུན།

ཆོས་འབྱུང་ངོ་མཚར་རྒྱ་མཚོའི་ཁ་སྐོང་དུ་ཀུ་ལའི་བ་དན་གསར་པ། འཕགས་མཆོག་ཆོས་དབྱིངས་ལྷུན་གྲུབ་ཀྱིས་མཛད། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས།

སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། སྟག་ལུང་ངག་དབང་རྣམ་རྒྱལ་གྱིས་མཛད། བོད་ལྫོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོར་སྤར་དུ་བསྐྲུན།

སྟག་ལུང་བཀའ་བརྒྱུད་ཀྱི་ལོ་རྒྱུས་དེབ་ཐེར་རྒྱ་མཚོའི་ཉིང་བཅུད། རྗེ་དྲུང་འཇམ་དཔལ་ལུང་རྟོགས་ཀྱིས་མཛད། རི་ཆེ་བཀྲ་ཤིས་དཔལ་འབར་དཔེ་ཚོགས། ༢༠༡༧ ལོར་དཔར་དུ་བསྐྲུན།

དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ། རྙིང་རྒྱུད༼ཁ༽ སྡེ་དགེ་ཤིང་སྤར་བཀའ་འགྱུར།

དབྱར་མཆོད་གར་འཆམ་ཆེན་མོའི་འཆམ་རྩ། མགོ་ཚེམ་བྲིས་མ།

རིག་འཛིན་ཀརྨ་ཉི་མའི་གསུང་འབུམ་རིན་ཆེན་ནོར་བུའི་བང་མཛོད། པོད་གཅིག། ཀརྨ་ཉི་མའི་མཛད། ཆོས་རྫོང་དགོན་པས་སྤར་དུ་བསྐྲུན།

སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་བཀའ་འབུམ༼ན༽ སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་ཀྱིས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོར་སྤར་དུ་བསྐྲུན།

ལྷོ་རོང་ཆོས་འབྱུང་། རྟ་ཚག་ཚེ་དབང་རྒྱལ་གྱིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོར་སྤར་དུ་བསྐྲུན།

དཔྱད་ཡིག་དང་ཞབས་མཆན། 

[1] ཆོས་འབྱུང་ངོ་མཚར་རྒྱ་མཚོའི་ཁ་སྐོང་དུ་ཀུ་ལའི་བ་དན་གསར་པ། འཕགས་མཆོག་ཆོས་དབྱིངས་ལྷུན་གྲུབ་ཀྱིས་མཛད། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས། ལྡེབ་གྲངས༡༣༩༢ན་གསལ།

[2] ལྷོ་རོང་ཆོས་འབྱུང་། རྟ་ཚག་ཚེ་དབང་རྒྱལ་གྱིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོའི་སྤར་མ། ཤོག་ངོས༥༡༢ན་གསལ།

[3] ལྷོ་རོང་ཆོས་འབྱུང་། རྟ་ཚག་ཚེ་དབང་རྒྱལ་གྱིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོའི་སྤར་མ། ཤོག་ངོས༥༡༥ན་གསལ།

[4] གོང་མཚུངས་ཤོག་གྲངས། ༥༡༦ན་གསལ།

[5] གོང་མཚུངས་ཤོག་གྲངས། ༥༡༧ན་གསལ།

[6] སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། སྟག་ལུང་ངག་དབང་རྣམ་རྒྱལ་གྱིས་མཛད། བོད་ལྫོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོར་སྤར། ཤོག་གྲངས༥༧༢ན་གསལ།

[7] རིག་འཛིན་ཀརྨ་ཉི་མའི་གསུང་འབུམ། ཀརྨ་ཉི་མའི་མཛད། ཆོས་རྫོང་དགོན་པས་སྤར་དུ་བསྐྲུན། ཤོག་གྲངས༤༠༥-༤༠༧ན་གསལ།

[8] དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ། སྡེ་དགེ་བཀའ་འགྱུར། རྙིང་རྒྱུད་༼ཁ༽ལྡེབ་གྲངས་༩༨ན་གསལ།

[9] ཀུམ་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ།༼ཉ༽ ཀློང་ཆེན་རབ་འབྱམས་ཀྱིས་མཛད། ཀྲུང་གོ་བོད་རིག་པ་དཔེ་སྐྲུམ་ཁང་། ༢༠༢༠ལོར་སྤར་དུ་བསྐྲུན། ཤོག་གྲངས༣༩༡-༣༩༢ན་གསལ།

[10] རིག་འཛིན་ཀརྨ་ཉི་མའི་གསུང་འབུམ། ཀརྨ་ཉི་མའི་མཛད། ཆོས་རྫོང་དགོན་པས་སྤར་དུ་བསྐྲུན། ཤོག་གྲངས༤༠༢ན་གསལ།

[11] རིག་འཛིན་ཀརྨ་ཉི་མའི་གསུང་འབུམ། ཀརྨ་ཉི་མའི་མཛད། ཆོས་རྫོང་དགོན་པས་སྤར་དུ་བསྐྲུན། ཤོག་གྲངས༤༠༢ན་གསལ།

[12] དེབ་ཐེར་རྒྱ་མཚོའི་ཉིང་བཅུད། རྗེ་དྲུང་འཇམ་དཔལ་ལུང་རྟོགས་ཀྱིས་མཛད། རི་ཆེ་བཀྲ་ཤིས་དཔལ་འབར་དཔེ་ཚོགས། ཤོག་གྲངས༨༢ན་གས།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།