མཐོ་སྒང་བོད་ཀྱི་བཟའ་བཏུང་རིག་གནས་ངོ་སྤྲོད།

0
767

ནང་དོན་གནད་བསྡུས།》དེ་ཡང་མཐོ་སྒང་བོད་ཡུལ་དུ་འགྲོ་བ་མིའི་རིགས་འཚོ་སྡོད་བྱས་པའི་དཔང་རྟགས། ད་ཡོད་ལྟར་ན་མི་ལོ་ཁྲི་ཉི་ཤུ་ཙམ་ཞིག་བྱུང་ཡོད་ལ།   མིའི་འགྲོ་བ་བྱུང་ནས་བཟུང་རང་བྱུང་ཁམས་ནས་འཚོ་ཐབས་ཀྱི་འབད་བརྩོན་བྱས་ཡོད།  དེ་ཡང་ཐོག་མའི་མེས་པོ་པྲ་མ་མི་ནས་རིམ་གྱིས་རྣམ་དཔྱོད་ལྡན་པའི་མིར་གྱུར་པའི་བརྒྱུད་རིམ་རིང་མོའི་ནང་།  རིམ་གྱིས་ཕྱིའི་འཚོ་བའི་མཐུ་རྐྱེན་ཇེ་ལེགས་སུ་ཕྱིན་པས། ནང་ཀླད་པའི་རྩ་འདབ་ཀྱང་ཇེ་རྒྱས་དང་རྣམ་རིག་ཇེ་གསལ་དུ་སོང་།  བཟའ་བཏུང་གཡོས་སྦྱོར་གྱི་ཡོ་ཆས་ཀྱང་ཇེ་ལེགས་སུ་ཕྱིན་པ་དང་ཆབས་ཅིག་བཟའ་བཏུང་གི་རྣམས་གྲངས་དང་། རོ་བྲོ་བ། འཚོ་བཅུད།  བདེ་ཐང་། མཛེས་སྤྱོད་སོགས་བར་མ་ཆད་པར་འཕེལ་རྒྱས་སུ་ཕྱིན་ཡོད་པ་རེད།  རང་ཅག་མདོ་དབུས་མཐོ་སྒང་གི་ས་ཆ་འདིར་ཡང་མི་ལོ་སྟོང་ཕྲག་ལྷག་གི་གོང་ནས་བཟུང་བཟའ་བཏུང་ནི་གསོ་བ་རིག་གཞུང་གི་རྨང་གཞི་ཅན་ཞིག་རིམ་གྱིས་གྲུབ་ནས་འཕེལ་རྒྱས་ཕྱིན་ཡོད།   འོན་ཀྱང་ཉེ་བའི་ལོ་བརྒྱ་ཕྲག་འགའ་ཤས་ཀྱི་ནང་དུ་བཟའ་བཏུང་རིག་གནས་གཙོ་བོར་གྱུར་བའི་དཔལ་ཡོན་དུ་མ་ཞིག་ཉམས་དམས་སུ་སོང་ནས།  ད་ལྟའི་ཆར་བཟའ་བཏུང་ནི་རིག་གནས་ཞིག་ཏུ་ངོས་འཛིན་ཙམ་ཡང་མི་ཤེས་པའི་ཚད་དུ་ལྷུང་སྟེ།   གོ་བ་དཔེ་ཐོག་ཏུ་ལུས་པས་ལག་ལེན་དཀའ། ཞེས་པ་ལྟར་གྱུར་པའི་རྐེད་མཚམས་འདིར་མཐོ་སྒང་བོད་ཀྱི་བཟའ་བཏུང་ལོ་རྒྱུས་ལ་བསྐྱར་ཞིབ་བྱ་རྒྱུ་དེའོ། །དང་པོ།  བོད་ཀྱི་བཟའ་བཏུང་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་པའི་སྐོར་དང་།  གཉིས་པ་དམངས་ཁྲོད་ངག་རྒྱུན་དང་ལག་ལེན་དུ་ཡོད་པའི་བཟའ་བཏུང་རིག་གནས་ལོ་རྒྱུས།  གསུམ་པ་གནའ་རྫས་རྙིང་པ་ལ་དཔྱད་པའི་བཟའ་བཏུང་གི་བྱུང་བ་ལོ་རྒྱུས་ཏེ། རྩ་བའི་ས་བཅད་གསུམ་གྱི་ཐོག་ནས་མདོར་བསྡུས་ཙམ་ཞིག་གླེང་མོལ་ཞུ་རྒྱུ་ཡིན། 

རྒྱུག་ཆེ་བའི་ཐ་སྙད།》  མཐོ་སྒང་། བཟའ་བཏུང་། གཡོས་སྦྱོར། རོ་བྲོ་བ།  ཞིང་འབྲོག  ། རྒྱུ་ཆ། འཚོ་བ་ཟས།  སྦྱོར་བ་སྨན། གསོ་རིག ། རྒྱུད་བཞི། 

    བརྗོད་བྱ་དངོས།

སྤྱིར་འགྲོ་བ་མིའི་རིགས་ཀྱི་བཟའ་བཏུང་ཤེས་རིག་གི་འཕེལ་རིམ་ནི་མི་ལོ་ཁྲི་འབུམ་དུ་མའི་ཉམས་མྱོང་བསགས་པ་ལས་རིམ་གྱིས་བྱུང་བ་ཞིག་ཡིན་ཞིང་། མདོ་དབུས་མཐོ་སྒང་ལ་མཚོན་ན། གཅིག་ནས་ཁོར་ཡུག་གི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གྱུར་པ་དང་ལྷན་དུ། མི་རྣམས་ཀྱང་ཀླད་པའི་འཁོར་རྒྱ་ཇེ་ཡངས་དང་། རྣམ་རིག་ཇེ་གསལ་དུ་སོང་ནས། འཚོ་བཅུད་ཀྱི་དགོས་མཁོ་དང་། རོ་བྲོ་བ། བདེ་ཐང་། མཛེས་སྤྱོད་སོགས་འཚོ་བའི་འདོད་འདུན་ཇེ་ཆེར་ཕྱིན་པ་དང་ཆབས་ཅིག །འཚོ་བ་བཟའ་བཏུང་གི་ཉམས་མྱོང་ལས་གསོ་བ་སྨན་གྱི་རིག་པ་ཡང་བྱུང་ནས་རིམ་གྱིས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ངེས་ཅན་ཞིག་གི་ནང་། ཉེ་འཁོར་གྱི་ཡུལ་གྲུ་དུ་མ་ནས་གསོ་རིག་གི་ཤེས་བྱ་མི་ཉུང་བ་ཞིག་ནང་འདྲེན་བྱས་པ་བརྒྱུད། མཐོ་སྒང་གི་ཡུལ་གྲུ་འདིར་ཟས་སྨན་ཟུང་དུ་འབྲེལ་ཞིང་། བདེ་ཐང་གཙོ་བོར་འཛིན་པ་འཚོ་ཐབས་ཀྱི་རིག་གཞུང་རྒྱ་ཆེན་ཞིག་དར་རྒྱས་བྱུང་ཡོད།

དེ་ཡང་འགྲོ་བ་མིའི་སྤྱི་ཚོགས་སུ་བཟའ་བཏུང་རིག་གནས་ཀྱི་མ་ལག་མི་འདྲ་བ་དུ་མ་ཡོད་པ་ཐམས་ཅད། རང་བྱུང་ཁོར་ཡུག་གི་ཆོས་ཉིད་ལ་བསྟུན་ནས་ས་གནས་སོ་སོའི་མེས་པོའི་རྣམ་དཔྱོད་ཀྱི་བློ་གྲོས་ལས། ཡུལ་ལུང་སོ་སོའི་ཁམས་དང་མཐུན་པར་རིམ་གྱིས་དར་བ་ཞིག་ལས། དབང་དང་སྟོབས་ཤུགས་གཅིག་པུས་བཟོ་ཐུབ་པ་ཞིག་མིན་ལ། ལྷག་པར་དུ་བོད་ཀྱི་བཟའ་བཏུང་ནི་ས་མཐོའི་ཁོར་ཡུག་གི་ཆོས་ཉིད་དང་མཐུན་ཞིང་། ལུས་ཁམས་གསོ་བར་བྱེད་པའི་རིག་གཞུང་གི་ལམ་ནས་དར་འཕེལ་བྱུང་བ་ཞིག་རེད། མི་ལོ་བརྒྱད་བརྒྱའི་ཡར་སྔོན་ཙམ་ལ་བོད་ཀྱི་བཟའ་བཏུང་རིག་གནས་འཕེལ་རྒྱས་ཆེ་བ་དང་ཚད་མཐོན་པོ་ཞིག་དར་ཡོད་རུང་ཕྱིས་སུ་རིམ་གྱིས་ཉམས་རྒུད་དུ་ཕྱིན་པ་དེ་རེད།

བོད་ཀྱི་བཟའ་བཏུང་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་པ།

མདོ་དབུས་མཐོ་སྒང་གི་བཟའ་བཏུང་ཡང་མིའི་འགྲོ་བ་བྱུང་ནས་བཟུང་། རིམ་གྱིས་འཕེལ་བའི་བརྒྱུད་རིམ་ཡོད་དེ། མདོ་དྲི་མེད་གཟི་བརྗིད་ལས་འབྲོག་པའི་ལུག་མར་དང་ཞིང་པའི་ནས་སྔོན་གྱི་རྩམ་པ་བསྲེས་པའི་ཕྱེ་མར་བཟའ་བ་དང་།[1] འབྲུ་སྔོན་བསྙལ་བའི་ནས་ཆང་དང་ལུག་གི་འོ་མའི་བཏུང་བ་གཉིས་ཐོག་མར་སྲིད་པ་ཆགས་པའི་དུས་ནས། སྲིད་པ་ཡེ་སྨོན་རྒྱལ་པོའི་སྨོན་ལམ་གྱི་མཐུ་ལས་སྒོ་ཟོག་ལུག་དང་ནས་སྔོན་ཆང་བཅས་པ་བྱུང་བའི་ལོ་རྒྱུས་ཀྱི་སྒྲུང་རིང་མོ་ཞིག་བཀོད་ཡོད།[2] འདི་ནི་བོད་མིའི་ཞིང་འབྲོག་གི་རྒྱུ་ཆ་གཡོས་སྦྱོར་ལས་བྱུང་བའི་བཟའ་བཏུང་གི་ཐོག་མ་དེ་ཡིན་པའང་གསལ་ཡོད། དེ་བཞིན་ད་ལྟའི་བར་དུ་བོད་མི་རྣམས་ཀྱིས་ལོ་གསར་དང་འདུ་འཛོམས་སོགས་ཀྱི་དུས་སུ་རྗེས་དྲན་གྱི་སྒོ་ནས་བཀྲ་ཤིས་རྟེན་འབྲེལ་གྱི་ཞིམ་ཟས་མེད་ཐབས་མེད་པ་ཞིག་ཏུ་བརྩིས་ནས། ཕྱེ་མར་དང་ནས་སྔོན་མོའི་ཆང་གི་བཏུང་བ་གཉིས་བཤམས་མཆོད་བྱས་ཏེ་ལོངས་སུ་སྤྱོད་པ་ནི། གཅིག་ནས་མེས་པོ་གོང་མའི་བཀའ་དྲིན་དྲན་པ་དང་། གཉིས་ནས་ཕྱི་རབས་བུ་ཚ་རྒྱུད་པ་དང་བཅས་པར་བཀྲ་ཤིས་པའི་སྨོན་འདུན་གྱི་ལམ་སྲོལ་ཞིག་ཏུ་ཆགས་པ་ནི་ངག་གི་སྨོན་ཚིག་དག་ལས་ཤེས་ནུས་སོ། །

བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཁྲི་ལ་བཀོད་པའི་གཏམ་རྒྱུད་ཏུན་ཧོང་ཡིག་རྙིང་ལས། ཕྱྭ་ཡིས་ཕོ་ཉ་དམུ་ཡུལ་དུ་བཏང་བའི་ཚེ་དམུ་རྗེས་ཕྱྭ་ཡི་ཕོ་ཉར་དྲི་བའི་ནང་།  འབྲུ་བདུན་ལ་ཁལ་དགུ་ཡོད་དམ་མེད། སྔོན་མོ་ལྡིང་ལྡིང་འབྲས་ཀྱི་ཁལ་དགུ་ཡོད་དམ་མེད། མཐུད་གོང་གོང་མོ་ཙམ་མཆིས་སམ་མ་མཆིས། མར་གྱི་བསྲེགས་ཤ་སྲེག་པ་ཙམ་མཆིས་སམ་མ་མཆིས། གདར་བྲེ་ཁ་ཙམ་མཆིས་སམ་མ་མཆིས།3 ཞེས་པ་དྲི་བའི་ནང་གི་མཐུད་ནི། ཐུད་དེ་ཕྱུར་ཐུད་དང་། རྩམ་ཐུད་གང་ཡིན་རུང་རྒྱུ་ཆ་དང་ལག་རྩལ་གྱི་གོ་རིམ་ངེས་ཅན་ཞིག་བརྒྱུད་དེ་བྱུང་བའི་བཟའ་བྱ་ཞིག་ཡིན། དེ་མཚུངས་སུ་མར་གྱིས་བསྲེགས་མའི་ཤ་ནི་རྒྱུ་ཆ་དང་། བྲོ་རྫས། སྲེག་སྣོད། ལག་རྩལ་སོགས་གཡོས་སྦྱོར་ལག་རྩལ་གྱི་གོ་རིམ་ཚད་ལྡན་ཞིག་བརྒྱུད་དགོས་པ་དང་། གདར་ནི་འོ་མའི་སྤྲི་སྟེ། དེ་ནི་གནའ་ནས་ད་ལྟའི་བར་དུ་བོད་ཟས་གཡོས་སྦྱོར་གྱི་རྒྱུ་ཆ་གལ་ཆེན་ཞིག་ཡིན། ལྷག་པར་དུ་གོ་རེ་སྟེ། གྲོ་ཕྱེ་དང་ལྷན་དུ་སྡེབ་སྦྱོར་བྱེད་པའི་བྲོ་ལྡན་གྱི་ཟ་མ་བཟོ་བྱེད་མེད་ཐབས་མེད་པ་ཞིག་ཡིན་པས། རྒྱུ་ཆ་དེ་གཉིས་ཟུང་དུ་བསྡེབས་ཏེ་བཟོས་པ་ཡིས་ཞིང་འབྲོག་འདྲེས་མའི་གཡོས་སྦྱོར་གྱི་ལག་རྩལ་མཚོན་གྱིན་ཡོད། ཡང་ཡིག་རྙིང་དེ་ལས་གསལ་བ་ལྟར་ན་བཟའ་བཏུང་གཡོས་སྦྱོར་ལག་རྩལ་བ་ཕྱག་ཚང་པ་ལ་མཐོང་ཆེན་པོ་ཡོད་པ་སྟེ། ཁྲི་བར་ལ་བདུན་ཚིགས་ཤེས་བགྱི། གནམ་གྱི་ལྷ་ལས། ས་ག་དོག་དྲུག །འགྲེང་མགོ་ནག་གི་མི་རྗེ་མེད་གི་རྗེ། དུད་རྔོག་ཆགས་བླ་མེད་ཀྱི་བླར། བློན་པོ་ལྷོ་རྔེགས། བོན་པོ་མཚེ་ཅོ། ཕྱག་ཚང་ཤ་སྦུག་མི་རྗེ་ལྷ་དང་བདུད། དུ་བརྒྱིས་ནས། ཡུལ་བོད་ཀ་གཡག་དྲུག་དུ་བྱོན་ཞེས་མཆི། ཞེས་རྗེ་གཉའ་ཁྲི་བཙན་པོའི་སྐུ་དུས་བློན་པོ་ལ་ལྷོ་རྔེགས་གཉིས་དང་། སྐུ་རིམ་སྒྲུབ་མི་ལ་བོན་པོ་མཚེ་ཅོ། བཟའ་བཏུང་གཡོས་སྦྱོར་བ་ལ་ཕྱག་ཚང་ཤ་སྦུག་བཅས་བཞི་རུ་བཤད་པ་ནི་རྒྱལ་པོའི་ཕོ་ཕྲང་ནང་གི་གལ་ཆེའི་མི་སྣ་བཞིའི་གྲལ་དུ་ཡོད་པ་དེ་ནི་བོད་ཀྱི་གཡོས་སྦྱོར་ལག་རྩལ་པ་ཞིག་རྒྱལ་པོའི་ཕོ་བྲང་ནང་གི་གལ་ཆེའི་མི་སྣའི་གྲལ་དུ་བགྲང་བ་དང་པོ་དང་། མ་ཆེན་ལ་ཡིག་རྙིང་གི་ལམ་ནས་མཐོང་ཆེན་པོར་འཁོད་པའང་ཐེངས་དང་པོ་དེ་རེད། བོད་ཀྱི་ལོ་རྒྱུས་ཡིག་ཆ་དབའ་བཞེད་ནང་ལ་བཙན་པོའི་སྐབས་སུ་ལོ་ཙཱ་བ་རྣམས་ལ་འཚོ་བ་ཐམས་ཅད་བླ་དཔོན་གྱིས་སྦྱར་ཏེ། ཚང་མང་ཀེ་རུ་གླིང་ནས་གཡོས་པར་བྱས་ཏེ་རབ་བྱུང་བ་སུམ་བརྒྱ་ལ་ཟས་སྣ་བཅུ་གསུམ་འདྲེན་པའི་ལག་དཔོན་ཇོ་མོ་བྱང་ཆུབ་རྗེས་མཛད།4 ཅེས་གསལ།

ཡང་རྒྱའི་ཐང་ཡིག་ཏུ་བོད་ཀྱི་ལོ་རྒྱུས་བྲིས་པ་དེབ་དཀར་གྱི་ལུང་དྲངས་པ་ལས། བོད་མི་རྣམས་ཚེ་རིང་ཞིང་འགའ་རེ་ལོ་བརྒྱ་ལོན་པ་ཡང་ཡོད། བོད་མི་རྣམས་པགས་པའི་གོས་གྱོན་ཞིང་། བུད་མེད་རྣམས་ཀྱི་གདོང་ལ་ཚོན་དམར་བྱུགས། ཤིང་གི་སྣོད་མཐིལ་ཀོ་བས་གཡོགས་པ་ཞིག་ཏུ་ཟས་ཟ། སྡེར་མའི་དོད་དུ་ཕྱིང་བ་ས་ལ་བཏིང་ནས་བྱེད།5 ཅེས་དང་། དེར་མཆན་བཏབ་པ་ལས། ད་ལྟ་ཡང་གཞུང་གི་མཛད་ཆེན་ཁག་ལ་གདན་ཤ་ཞེས་གོས་གདན་གྱི་སྟེང་ལ་གསོལ་ཚིགས་འབུལ་སྲོལ་ཡོད་འདུག་ཅེས་གསལ་བ་དང་།6 ཡང་དཀར་ཡོལ་གྱི་དོད་དུ་བག་ཕྱེ་ལས་སྐྱོ་ར་ཞིག་བྱས་པ་བསྐམས་ཏེ་ནང་དུ་འོ་མ་སོགས་བཏུང་ཞིང་། མཐར་ཀ་ཡོལ་དེ་ཡང་ཟ། ཆང་ཁྱོར་བའི་ནང་དུ་བླུགས་ནས་བཏུང་7ཞེས་པ་སོགས་བོད་ཀྱི་བཟའ་བཏུང་གོམས་སྲོལ་ངོ་སྤྲོད་བྱས་ཡོད། དེའི་མཆན་དུ་གོ་རེ་ཞེས་པ་བག་ལེབ་ཕོར་པའི་དབྱིབས་ཅན་ཆབ་ཞུགས་སོགས་ཀྱི་མཛད་སྒོའི་རིགས་ལ་གོང་ས་མཆོག་གི་གསོལ་ཐབ་ནས་སྩོལ་མུས།8 ཞེས་མཆན་བཏབ་ཡོད། དེ་ལྟར་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཐང་ཡིག་ཏུ་བཤད་པ་དེ་ནི་སྤུ་རྒྱལ་བཙན་པོ་གང་གི་སྐུ་དུས་ཡིན་པ་ཁ་གསལ་མ་བཤད་རུང་སྲོང་བཙན་སྒམ་པོའི་གོང་དུ་ཡིན་པ་ལྟ་བུ་ཞིག་བཤད་ཡོད།

བཀའ་ཆེམས་ཀ་ཁོལ་མ་ལས། ཤར་ཕྱོགས་ཐང་རྒྱལ་རབས་ཀྱི་སྲས་མོ་ཝུན་ཁྲེང་ཀོང་ཅོ་བོད་དུ་བསུ་སྐབས་ཟས་ཀྱི་གཡོས་སྦྱོར་སུམ་བརྒྱ་དྲུག་ཅུ་དང་། བཏུང་བ་སྐོམ་གྱི་སྦྱར་ཐབས་མང་པོ་ཀོང་ཅོའི་སྐྱེས་སུ་བརྫངས།9ཞེས་རྒྱ་ལུགས་བཟའ་བཏུང་གཡོས་སྦྱོར་གྱི་ལག་རྩལ་ཡང་བོད་དུ་ཅི་རིགས་ཤིག་དར་བ་ལྟར་བཤད།

རྒྱལ་པོ་བཀའ་ཐང་ལས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། །དམ་པ་ཆོས་ཀྱི་བཀའ་སྲོལ་ཕྱེས་ནས་ནི། །སྐུའི་བཀོད་པ་སྤྲུལ་པ་ལྔ་སྟོང་སྤྲུལ། །ཟས་རིགས་མི་གཅིག་སུམ་བརྒྱའི་སྤྱན་གཟིགས་རོལ། །10 ཞེས་ཟས་རིགས་སུམ་བརྒྱ་ཙམ་གྱི་གཡོས་སྦྱོར་བྱེད་སྲོལ་ཡོད་པར་བཤད། བོད་བཙན་པོའི་སྐབས་ཀྱི་དམག་དོན་དཔེ་རྙིང་དུ་གསལ་བ་ལྟར་ན། ཟ་མ་ལ་ཚལ་མ་ཞེས་མིང་འཁོད་ཡོད་ལ། ཚལ་མ་ནི་ཚོད་མ་ལྟ་བུ་བྱེ་བྲག་ཞིག་གི་མིང་མ་ཡིན་པར་ཟས་སྤྱིའི་མིང་ལ་ཚལ་མ་ཞེས་འདོགས་ཀྱིན་ཡོད་པ་སྟེ། གནངས་ལས་ཚལ་མར་སྩོལ་བའི་ཁྲིམས་ལས། རུ་དཔོན་གྱིས་གནངས་ལ་བབ་སྟེ། ཚལ་མར་སྩོལ་ན། ཚལ་མའི་ཐང་ནི། བཤན་ལུག་གི་མུལ་ཆད་དུ་སྩོལད་ཅིག །རྩང་ནས་མཆིས་ན། ལུག་གི་སུམ་དུམ་རུ་སྩོལད་ཅིག །ཕག་ཤ་དང་ཡིབ་ཤ་མཆིས་ན། བཤན་ལུག་མ་དགུམ་ཞིག །11ཅེས་དང་། ཡང་ཕག་མཆིས་ན། ཁུམ་སྟེ་ཚལ་མར་སྩོལ་ཅིག །ཅེས་སོགས་མང་། ཡང་ཕོ་ཉ་དང་གློ་ཉེ་བ་ལ་སྩོགས་པ། ཚལ་མ་བརྒྱགས་ཆད་ན། །ཚལ་མ་སྩོལ་ཅིག །ཚལ་མ་མ་སྩལད་ཏམ། །གཡར་སྩལད་ན། །ཚལ་མའི་སྐྱིན་པ་དང་། །གཡར་གྱི་རྒྱབ་སྐྱིན་བླ་ནས་སྩལད་ཏོ། །12 ཞེས་པ་སོགས་འཁོད་ཡོད་པ་ལྟར་ན་ཟ་མ་ལ་ཚལ་མ་ཞེས་འབོད་པ་དང་། ཡིབ་ཤ་ཞེས་རྙིང་དུ་གཞུག་པའི་ལག་རྩལ་ཡོད་པ་13གསལ་ཡོད། རྒྱལ་པོ་བཀའ་ཐང་ལས་རྒྱལ་པོའི་ཐུགས་དམ་ཇི་ལྟར་བཞེངས་ཚུལ་ཞེས་པ་ལས། ཡུམ་ལས་སྐྱེ་འཕོས་རྒྱལ་བོའི་ཁབ་ཏུ་བཞེས། །ཐུགས་དམ་གསེར་ཁང་དགའ་ལྡན་བྱང་ཆུབ་སྒྲོན། །གཙུག་ལག་ལྷ་ཁང་བཞེངས་པའི་བཀོད་པ་ནི། །ཟས་གཡོས་དགུ་དྲངས་བཟོ་ཁྱད་དགུ་ཡིས་འཕགས། །14 ཞེས་ཟས་སྣ་དགུ་རུ་བཤད་པ་དང་། སྦ་བཞེད་ལས་ཟས་སྣ་བཅུ་གསུམ་བཤད་པ་སྟེ། ཕོ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་དབུ་ཚལ་གསེར་ཁང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བཞེངས་སུ་གསོལ་སྐབས་ལྷ་བཟོ་བ་ལ་ཟས་སྣ་བཅུ་གསུམ་དྲངས་པས་བཟོ་སྣ་བཅུ་གསུམ་15དྲངས་པའི་ནང་གི་ཕོ་ཡོང་པྲི་ཁུར་དང་། རྒྱལ་བཙུན་ཤ་བསྲེགས་སོགས་ཟས་སྣ་ལྔ་ཙམ་གྱི་བཟོ་རྒྱུན་ད་ལྟའི་ཆར་ཡང་ཡོད།

རྒྱལ་པོ་བཀའ་ཐང་ལས། བསམ་ཡས་རབ་གནས་ཀྱི་གསོལ་སྟོན་སྐབས་སུ། གཡག་རྒོད་ཤ་རློན་བཙོས་དང་བསྲེགས་ཡིབ་དང་། །མར་བཀོལ་ཕྲུམ་དང་ཞོ་མར་ཐུད་དང་ནི། །སྤྱན་གཟིགས་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། །སྤོས་དཀར་སྨན་གྱི་དུད་པས་ལུང་པ་ཁེངས། །བུ་རམ་སྦྲང་རྩི་བཙོས་དང་རྗེན་པ་དང་། །འབྲས་ཆང་དྭངས་མ་རྟ་ཆང་རྒུན་ཆང་དང་། །ནས་ཆང་གོ་ལ་རྒྱ་ནག་ཞལ་བསིལ་དང་། །བཏུང་བའི་ཚོགས་དང་ཞལ་ཟས་གང་དགྱེས་རོལ། །16 ཞེས་གསལ་བ་ལྟར་གཡག་རྒོད་ཤ་རློན་ཏེ་རྗེན་པ་དང་། བཙོས་མ། བསྲེགས་པ། ཡིབ་པ་སྟེ་རྙིང་དུ་གཞུག་པ་བཅས་ཤ་ལ་གཡོས་སྦྱོར་གྱི་ཐབས་ཤེས་བཞི་དང་། མར་དང་། བཀོལ་ཕྲུམ་ནི་བསྐོལ་བ་དང་། ཞོ་ནི་བསྙལ་བ་དང་། མར་ཐུད་ནི་སྡེབ་པ་དང་། བུ་རམ་སྦྲང་རྩི་ལ་བཙོས་དང་རྗེན་གཉིས། འབྲས་ཆང་དྭངས་མ། རྟ་ཆང་། རྒུན་ཆང་། ནས་ཆང་། གོ་ལ་སོགས་ནི་བསྙལ་བའི་ལག་རྩལ་ལས་བྱུང་བ་བཅས་གཡོས་སྦྱོར་ལག་རྩལ་དྲུག་ཙམ་གྱིས་བཟོས་པའི་བཟའ་བཏུང་གསལ་ཡོད། རྒྱ་ནག་ཞལ་བསིལ་གང་ཡིན་གསལ་ཁ་མ་ཤེས་རུང་བཏུང་བ་ཞིག་རྒྱ་ཡུལ་ནས་ནང་འདྲེན་བྱས་ཡོད་པ་དེ་ཕལ་ཆེར་ཇ་མིན་ནམ་སྙམ། རྒྱལ་པོ་བཀའ་ཐང་ལས། པེ་དཀར་དཀོར་མཛོད་གླིང་གི་མཛོད་ཁང་ནང་དུ་ནོར་སྣ་མང་པོ་ཡོད་པའི་གྲལ་དུ་བཟའ་བཏུང་རྒྱུ་ཆའི་སྐོར་ནི། སྦྲང་དང་བུ་རམ་མངར་བའི་དོས་རྣམས་དང་། །17ཞེས་དང་། ཤ་མར་ཐུམ་བག་སྣ་ཚོགས་ཟས་ཀྱི་མཛེས། །ལུག་ཚིལ་ར་ཚིལ་རྟ་མར་གཡག་ཚིལ་མཛེས། །གཡག་རྒོད་རྟ་ལུག་ཤ་གསུམ་གསར་རྙིང་མཛེས། །འབྲས་ཆང་ནས་ཆང་གོ་ལ་ཞོ་དཀར་མཛེས། །18ཞེས་གསལ་བ་ལྟར་ན་སྐབས་དེར་ད་ལྟའི་ཆར་བོད་ཡུལ་དུ་ཟ་སྲོལ་མེད་པའི་རྟ་མར་དང་རྟ་ཤ་ཡང་ཟ་སྲོལ་ཡོད་པར་གསལ་ལོ། །རྒྱལ་པོ་བཀའ་ཐང་ལས། རྒྱལ་པོ་ཡབ་སྲས་བློན་ཆེན་རྣམས། །ཞལ་བསིལ་བཏུང་བའི་གསོལ་སྐྱེམས་ལ། །མོན་ཡུལ་འབྲས་ཆང་སིང་མ་དང་། །ཚ་བ་ཡུལ་གྱི་རྒུན་ཆང་དང་། །གཉའ་ནམ་མང་ཡུལ་གོ་ལེའི་སྐྱེམས། །མདོ་ཁམས་སྟོད་ཀྱི་ཞལ་བསིལ་རྣམས། །རྐང་མགྱོགས་ཁོར་ཡུག་ལག་བརྒྱུད་བསྐོས། །19 ཞེས་པའི་བཏུང་བ་དང་མདོ་ཁམས་སྟོད་ཀྱི་ཞལ་བསིལ་འབྲིའི་འོ་ཞོ་སོགས་རྐང་མགྱོགས་ལག་བརྒྱུད་བྱས་ཏེ་བོད་བཙན་པོའི་ཕོ་བྲང་དུ་ལོངས་སུ་སྤྱོད་ཀྱིན་ཡོད་པར་བཤད་དོ། །བོད་སིལ་བུའི་སྐབས་སྤྱི་ལོ་༡༢༠༨ལ་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་འཇམ་དབྱངས་མགོན་པོས་བུར་ཇ་བཟོ་སྲོལ་གཙོ་བོར་གྱུར་པའི་བོད་ཀྱི་བཟའ་བཏུང་བཟོ་ཚུལ་གྱི་རྩོམ་ཡིག་བརྒྱ་དང་ཉི་ཤུ་བརྩམས་པ་20གསལ་བ་ལྟར་ན། མཐོ་སྒང་བོད་ཀྱི་བཟའ་བཏུང་གཡོས་སྦྱོར་གྱི་ལག་རྩལ་མ་ལག་ལྡན་པར་འཕེལ་རྒྱས་བཏང་ཡོད་ཀྱང་། བློ་ཕམ་པ་ཞིག་ལ་གཡོས་སྦྱོར་ལག་རྩལ་གྱི་ཡིག་ཆ་དེ་ཚོ་ད་ལྟ་ཆ་ཚང་ཞིག་མཇལ་མ་ཐུབ་པས་ཞིབ་ཕྲ་གསལ་བཤད་མ་ཤེས་སོ། །

དེ་ཡང་དུས་རབས་བཅུ་གསུམ་ནང་བྱོན་པའི་སྙེ་མདོ་ཀུན་དགའ་དོན་གྲུབ་དང་། དེའི་རྗེས་སུ་ཟུར་མཁར་བློ་གྲོས་རྒྱལ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། འབེ་ལོ་ཚེ་དབང་ཀུན་ཁྱབ་སོགས་བོད་ཀྱི་གསོ་རིག་ལོ་རྒྱུས་ཆེད་མཁས་པ་རྣམས་ཀྱིས། རྒྱལ་པོ་གནམ་རི་སྲོང་བཙན་ཡན་ཆད་དུ་བོད་ལ་སྨན་དཔྱད་ཀྱི་གཞུང་ལུགས་གསོ་ཐབས་ཤེས་པའི་སྨན་པ་མེད་ཀྱང་སྤྱོད་ལམ་དང་བཟའ་བཏུང་གི་ཕན་གནོད་རགས་པ་ཤེས་པ་དང་། དེ་ལྟ་བུའི་རིགས་པས་རྗེས་སུ་དཔགས་པས་རྫས་རེ་གཉིས་ཙམ་དང་དཔྱད་ཕྲ་མོའི་སྒོ་ནས་ཕན་འདོགས་པར་བྱེད་པ་བྱུང་། དེའི་སྐབས་གསོ་བ་རིག་པའི་གཞུང་ལུགས་ཆགས་མེད་ནའང་། ཟས་ཀྱི་ཉམས་མྱོང་གི་ཕན་གནོད་ལ་བརྟེན་ནས་བདེ་ཐང་སྨན་བཅོས་ཀྱི་ཐབས་ལམ་གཉེར་གྱིན་ཡོད།21 ཅེས་པ་སོགས་བོད་ཡུལ་དུ་མི་བྱུང་བ་ནས་ཟས་ཀྱི་ཕན་གནོད་ཉམས་མྱོང་ལས་རིམ་གྱིས་སྨན་གྱི་རིགས་པ་དང་སྨན་གྱི་རིག་གཞུང་གྲུབ་པར་བཞེད་པ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ལོ་ཏོག་ཟོས་པས་དེ་ཉིད་མི་རུ་གྱུར། །མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། །ནགས་ན་རི་དྭགས་ལྟ་བུར་གནས་པ་ཡི། །ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང་། །22ཞེས་མ་བཅོས་པའི་ཁ་ཟས་ལ་སྤྱོད་པ་དང་། བཅོས་མ་ཁ་ཟས་ཀྱི་སྨན་ལ། དམངས་ཁྲོད་ངག་རྒྱུན་དུ། དུག་ལ་ཆོ་ལེ་གཡེར་མ་མཆོག །རླུང་ལ་ཤ་གསར་གོ་སྙོད་མཆོག །མཁྲིས་པར་མར་གསར་ཁུར་མོང་མཆོག །བད་ཀན་ཕྲུམ་གསར་ལྕུམ་སྡོང་མཆོག །23 ཅེས་བཤད་སྲོལ་ཡོད། ད་ལྟའི་བཟའ་བཏུང་གི་གཞི་འཛིན་ས་གཙོ་བོ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ནི། མདོ་དབུས་མཐོ་སྒང་གི་ཤེས་རབ་དང་དཔལ་ཡོན་གྱི་གཞི་ལྟ་བུའི་གཞུང་ལུགས་ཤིག་ཏུ་ཆགས་ཡོད། འདིའི་ནང་དངོས་བསྟན་ལ་མི་ན་བར་གནས་པ་དང་ན་བ་གསོ་བ་གཉིས། མི་ན་བར་གནས་པ་ལ་ཟས་དང་སྤྱོད་ལམ་གཉིས། ན་བ་གསོ་བ་ལ་སྨན་དང་དཔྱད་གཉིས་ཏེ་བཞི་ཡོད། ཐོག་མར་ཟས་ཀྱི་ཕན་ནུས་ཉམས་མྱོང་ལ་གཞི་བྱས་ཏེ་རིམ་གྱིས་ན་བ་གསོ་བར་སྨན་གྱི་རིག་གཞུང་བྱུང་། དེའི་རྗེས་སུ་རིག་གཞུང་མ་ལག་ལྡན་པ་ཆགས་ནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཟས་ཀྱིས་མི་ན་བར་གནས་པ་གཙོ་བོ་དང་ན་བ་གསོ་བ་ཞོར་དང་། སྨན་གྱིས་ན་བ་གསོ་བ་གཙོ་བོ་དང་མི་ན་བར་གནས་པ་ཞོར་འདེགས་བྱེད་པའི་རིག་གཞུང་ལམ་ལུགས་ཆགས་ཡོད།

སྤྱི་ལོའི་དུས་རབས་ལྔ་པའི་ནང་ཙམ་ལ་རྒྱ་གར་གྱི་སྨན་པ་བི་ཇི་དགའ་བྱེད་དང་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྲས་མོ་ལྷ་ལྕམ་ཡིད་ཀྱི་རོལ་མཚོ་གཉིས་ཀྱི་སྲས། སྨན་པ་དུང་གི་ཐོར་ཅོག་ཅན་གྱི་དུས་སུ་སྨན་དཔྱད་འཚོ་བའི་མདོ་ལྔ་24སྟེ། རེག་པ་རྩའི་མདོ། འཚོ་བ་ཟས་ཀྱི་མདོ། སྦྱོར་བ་སྨན་གྱི་མདོ། གཏར་བསྲེགས་དཔྱད་ཀྱི་མདོ། རྨ་ཆས་བཟོའི་མདོ་བཅས་ཡོད་པར་གསལ། ད་ལྟ་དངོས་སུ་བཞུགས་པའི་ཡིག་ཆ་དཔལ་ལྡན་རྒྱུད་བཞི་ལས་འཚོ་བ་ཟས་ཀྱི་མདོ་དང་སྦྱོར་བ་སྨན་གྱི་མདོ་གཉིས་ཀྱིས་རྨང་གཞིར་བྱས་པའི་མདོ་ལྔའི་ནང་དོན་ཆ་ཚང་བ་གསལ། མདོ་ལྔ་དང་གཉིས་བརྩམས་པར་བཤད་པ་ནི་གྲངས་ཀྱི་དབྱེ་བ་ཙམ་ལས། མདོ་དབུས་མཐོ་སྒང་གི་ས་ཆར་སྤྱི་ལོའི་དུས་རབས་ལྔ་པ་ཙམ་ནས་འཚོ་བ་ཟས་ཀྱི་མདོ་ཡོད་པར་གསལ། དེ་ནས་བཟུང་སྤྱི་ལོའི་དུས་རབས་བརྒྱད་པའི་ཡན་མན་ཙམ་ལ་ལོ་ཆེན་བེེ་རོ་ཙ་ན་དང་རྗེ་གཡུ་ཐོག་པ་སོགས་ཀྱིས་དཔལ་ལྡན་རྒྱུད་བཞི་རྩོམ་སྒྲིག་གནང་25བའི་བར་དུ་འཕེལ་རྒྱས་དང་བརྒྱུད་འཛིན་བྱས་མཐར། རྩ་བའི་བསྟན་དོན་མི་ན་བ་གནས་པར་བྱེད་པའི་ཟས་སྤྱོད་གཉིས་དང་། ན་བ་གསོ་བར་བྱེད་པའི་སྨན་དཔྱད་གཉིས་ཏེ་བཞི་ལས་གྲུབ་ཅིང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་རིང་ཞིང་བརྗོད་བྱའི་ནང་དོན་ཆེ་ལ་གཏིང་ཟབ་པ་ནོར་བུ་དགོས་འདོད་ཀུན་འབྱུང་ལྟ་བུ་དཔལ་ལྡན་རྒྱུད་བཞིའི་གཞི་རྩ་དེའི་དུས་ནས་འགོ་ཚུགས་ཡོད་པ་ཤེས་ནུས། ཡང་ཀརྨ་པ་རང་བྱུང་རྡོ་རྗེའི་དགོངས་པ་ལྟར་ན་ཟས་སྨན་གཉིས་གཅིག་ཏུ་བཞེད་26དེ། མང་བ་རྒྱུན་སྤྱོད་དེ་ཟས་དང་ཉུང་བ་དུས་སུ་སྤྱོད་པ་དེ་སྨན་དུ་བཞེད་པ་སོགས་ནི་ཡིག་ཐོག་ཏུ་འཁོད་པའི་སྐོར་མདོར་བསྡུས་ཙམ་ཞིག་རེད།

དམངས་ཁྲོད་ངག་རྒྱུན་གྱི་བཟའ་བཏུང་རིག་གནས་བྱུང་ཚུལ།

དམངས་ཁྲོད་གཏམ་རྒྱུད་ལ། མ་རྨོས་ས་སྟེང་གི་ལོ་ཏོག་ཕ་རམ་བུ། མ་བཏབ་ས་འོག་གི་འབྲུ་རིགས་མ་གྲོ་མ། རམ་བུ་ཡིས་བུ་སྟེ་ཕོ་མཚོན་པ་དང་། གྲོ་མ་ནི་སྐྱེ་དངོས་ཀྱི་མ་སྟེ་མོ་དང་། གྲོ་མ་དང་རམ་བུ་གཉིས་ཀྱིས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རྣམས་བསྐྱེད་པ་27བཤད་སྲོལ་ཡོད། ཡང་གདོད་མའི་དུས་ཀྱི་རི་དྭགས་བརྔོན་པ་དང་རྒུམ་བུ་འཐུ་བའི་འཚོ་བ་དེ་རིམ་གྱིས་འཕེལ་རྒྱས་བྱུང་ཚུལ་གྱི་གནའ་གཏམ་སྟེ། གནའ་སྔ་མོར་བུ་ཤ་བ་སྐྱབས་དང་བུ་མོ་གྲོ་ལོ་སྨན་ཞེས་པ་གཉིས་མཉམ་དུ་འཚོ་བ་རོལ་བའི་ཚེ། ཉིན་བཞིན་བུ་ཤ་བ་སྐྱབས་རི་དྭགས་བརྔོན་ནས་ཤྭ་བའི་ཤ་ཁུར་ནས་ཡོང་ཞིང་། བུ་མོ་གྲོ་ལོ་སྨན་གྱིས་གྲོ་མ་བརྐོས་ནས་ཁྱེར་ཡོང་བ་ཐད་ཀར་རྡོ་ལེབ་ཐོག་ཏུ་མེར་བསྲེགས་ནས་འཚོ་བ་རོལ་གྱིན་ཡོད། ཉིན་ཞིག་བུ་མོ་གྲོ་ལོ་སྨན་གྱིས་གྲོ་མའི་གཏེར་ཆེན་པོ་ཞིག་རྙེད་ནས་སྔར་གྲ་སྒྲིག་ཡོད་པའི་རྩྭ་ཁུག་ནང་དུ་གྲོ་མ་མ་ཤོང་པས། སའི་གཞོང་པ་ཞིག་བཟོས་ཏེ་དེའི་ནང་བླུགས་ནས་ཁྱེར་ཡོང་བའི་ས་གཞོང་དེ་ཐད་ཀར་མེ་ཐོག་ཏུ་བཞག་ནས་གྲོ་མ་བསྲེགས་པས། གྲོ་མ་ཚིག་ཐག་ཆོད་པ་དང་ལྷན་དུ་ས་གཞོང་དེ་རྫ་གཞོང་དུ་གྱུར་ནས་རྫ་བཟོའི་ལག་རྩལ་རྙེད་དེ་སྣོད་ཆས་ཀྱི་ལག་རྩལ་དར། བུ་ཤ་བ་སྐྱབས་ཉིན་བཞིན་བརྔོན་ལ་འགྲོ་བའི་ལམ་ནས་རི་དྭགས་ཀྱི་ཕྲུ་གུ་སྐྱེས་མ་ཐག་པ་རྣམས་བཟུང་ནས་ཁྱིམ་དུ་གསོས་པས་སྒོ་ཕྱུགས་དར་ཏེ་འཚོ་བ་བདེ་སྐྱིད་ལྡན་པར་རོལ། ཤ་ཞེས་པ་ཐོག་མར་ཤ་བའི་ཤའི་མིང་ཡིན་རུང་ཕྱིས་སྲོག་ཆགས་ཚང་མའི་ཤའི་སྤྱི་མིང་དུ་གྱུར་པ་བཤད་སྲོལ་ཡོད།28ཤ་བ་དང་གྲོ་མའི་མིང་ཡང་། ན་གཞོན་དེ་གཉིས་ཀྱི་མིང་ལས་བྱུང་བར་འདོད་པ་སོགས་གཏམ་རྒྱུད་མང་པོ་ཡོད་པ་དེ་རེད།

ཐང་ཡིག་ལས། དཀར་ཡོལ་གྱི་དོད་དུ་བག་ཕྱེ་ལས་སྐྱོ་ར་ཞིག་བྱས་པ་བསྐམས་པའམ་བསྲེགས་ཏེ་ནང་དུ་འོ་མ་སོགས་བཏུང་ཞིང་མཐར་དཀར་ཡོལ་དེ་ཡང་ཟ་29ཞེས་པ་ནི། གནའ་ནས་ད་ལྟའི་བར་དུ་བོད་ཀྱི་དམངས་ཁྲོད་དུ་རྒྱུན་ལྡན་གྱི་གཡོས་སྦྱོར་ལག་རྩལ་ཞིག་ཡིན། གཞན་ཡང་དབུས་གཙང་ཕྱོགས་སུ་ཁུ་ར་ཞེས་གྲོ་གོར་བསྲེགས་མ་དང་། གཙང་གཉའ་ནང་ནས་ཁྲག་ཁུ་ར་ཞེས། རྡོ་ལེབ་མོའི་ཐོག་འབྲི་གཡག་གི་ཁྲག་དང་། ནས་རྗེན་བསྲེས་པ་བག་ལེབ་ཕོར་པའི་དབྱིབས་ཅན་མེ་ལ་བསྲེགས་པའི་ཐོག་ཏུ་འོ་མའི་སྤྲིའམ། ཡང་ན་ཕྲུམ་བླུགས་ནས་ཟ་སྲོལ་ད་ལྟ་ཡང་ཡོད། དེབ་དཀར་ལས་དབུས་ཕྱོགས་སུ་གོང་ས་མཆོག་གི་གསོལ་ཐབ་ནས་བག་ལེབ་ཕོར་པའི་དབྱིབས་ཅན་ཞིག་བཟོ་སྲོལ་ཡོད་པར་གསལ་བ་དང་།30 ད་ལྟ་ཡང་བླུག་ཀོང་མོག་མོག་ཅེས་པ་གྲོ་ཕྱེ་ཕོར་པའི་དབྱིབས་ཅན་ཞིག་བཟོ་སྲོལ་ཡོད། སྤོ་བོ་དང་། ཀོང་པོའི་ཕྱོགས་སུ་ཟོ་གོར་ཞེས་འབོད་ཅིང་། དེང་སང་ཟོ་བ་གྲོ་བཀྲགས་ཞེས། མིང་དང་ལག་རྩལ་ལ་འགྱུར་བ་ཕྱིན་ཡོད་རུང་གནའ་བོའི་དམངས་སྲོལ་ལ་མཚོན་ན། རྡོ་གཡའ་ལེབ་དང་། རྫ་སླང་། ལྕགས་སླང་སོགས་གང་རུང་གི་ནང་དུ་བག་ལེབ་གོར་གོར་མཐའ་ནས་ར་བ་ཡོད་པ་ཞིག་མེར་བསྲེགས་བཏང་བའི་ནང་དུ། ཟོ་བ་དང་། མར་ཁུ། སུར་པན། ཟྭ་ལྡུམ་སོགས་རང་བྱུང་སྔོ་ཚོད་མཉམ་དུ་བསྐོལ་བ་ཞིག་བླུགས་ཏེ་སྐུ་མགྲོན་གལ་ཆེན་ལ་སྣེ་ལེན་བྱེད་སྲོལ་ཡོད་པ་དེ་ནི། ད་ལྟའི་ནུབ་ལུགས་ཀྱི་ཕེས་བཟའ་(Pizza)དང་འདྲ་བོ་ཞིག་རེད། ནག་ཆུ་སྦྲ་ཆེན་སོགས་སུ་རྡིག་རྒྱག་ཅེས། རྫ་སྣོད་སོགས་ཀྱི་ནང་དུ་གྲོ་བརྫིས་ནས་སྡེར་མའི་དབྱིབས་འདྲ་བཟོས་པའི་ནང་། ཆུ་དང་། ཚྭ། ཚིལ་སྐམ་ཞིབ་མོ་བཅས་བླུགས་ཏེ་མེ་ལ་བསྲེགས་རྗེས་ཟ་སྲོལ་ཡོད་དོ། །ཁམས་རི་བོ་ཆེའི་འབྲོག་ཁུལ་དུ་གྲོ་ཕྱེའི་བག་ལེབ་ཕོར་པའི་དབྱིབས་ཅན་ཞིག་ཕྱུར་ཁུ་ནང་དུ་བཙོས་རྗེས། དེའི་ནང་དུ་དབྱར་ཁར་ཟོག་ཁྲག་བཙོས་མ་དང་། སོས་ཀར་སྤྲི་བླུགས་ཏེ་ཟ་སྲོལ་ཡོད། ཡང་ཁམས་ཁུལ་སྡེ་དགེ་རྨེ་ཤོད་དང་། དཔལ་ཡུལ་དང་ཧོར་པོ་རག་ཆབ། ཉག་རོང་སོགས་སུ་ཡང་། བག་ལེབ་དཀྱིལ་དུ་ཤ་དང་། ཚོད་མ་སོགས་བཏུམས་པ་མེ་ལ་བསྲེགས་ཏེ་ཟ་སྲོལ་ཡོད་པ་དེ་དག་ཀྱང་། གོང་གི་གནའ་བོའི་བག་ལེབ་ཕོར་པའི་དབྱིབས་ཅན་གྱི་རྨང་གཞིའི་ཐོག་འགྱུར་བ་ཅུང་ཟད་བཏང་བ་དང་།  ད་དུང་བོད་ཡུལ་དུ་ཤ་མོག་དང་ཚོད་མའི་མོག་མོག་ཕྱུར་རའི་མོག་མོག་སོགས་ནང་སྙིང་མི་འདྲ་བའི་མོག་མོག་སྣ་ཚོགས།  དེ་དག་རླངས་བཙོས་བྱས་པ་དང་། མེར་བསྲེགས་པ།  ཆེ་ཆུང་དང་བཟོ་དབྱིབས་མི་འདྲ་བ་སྣ་ཚོགས་པ།  བྲོ་བ་ཞིམ་ལ་འཚོ་བཅུད་འཛོམས་པ། ལས་སྟབས་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བ་གཡོས་སྦྱོར་གྱི་ལག་རྩལ་རྒྱ་བསྐྱེད་བྱུང་ཡོད།

བོད་ཡུལ་དུ་བཟའ་བ་འདིའི་ལམ་ལུགས་བྱུང་ཚུལ་ཐང་ཡིག་ལྟར་ན་ལོ་༡༥༠༠ཡན་མན་གྱི་ལོ་རྒྱུས་ཡོད་པ་རེད། ནུབ་ལུགས་ཀྱི་ཕེས་བཟའ་ཡི་ལོ་རྒྱུས་ལ་མཚོན་ན། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་མཇུག་ཏུ་དབྱི་ཐ་ལིའི་ཡུལ་སྐོར་བ། མ་ཁི་པོ་ལོས་རྒྱ་ནག་བྱང་ཕྱོགས་ཀྱི་ཙོང་སྣུམ་བག་ལེབ་ལས་བྱུང་བ་རེད་ཟེར་བའི་བཤད་སྲོལ་གཅིག་དང་། ཡང་བཤད་སྲོལ་གཞན་ཞིག་ལ་དབྱི་ཐ་ལིའི་མ་རྒན་ཞིག་གིས་ཕྲུ་གུའི་ཆེད་ཕྱུར་བ་དང་གྲོ་ཕྱེ་ལྡུམ་སྒོང་སོགས་ལས་བཟོས་པར་བཤད་པ་དང་གཉིས། སྔ་མོ་ནས་གྷི་རི་སིའི་ལུང་པ་ནང་དུ་གྲོའི་བག་ལེབ་ཆེན་པོ་ཞིག་གི་ཐོག་ཏུ་སྐྱུ་རུའི་ཚིལ་སྣུམ་དང་ཞོག་ཁོག །བྲོ་རྫས་སོགས་མཉམ་དུ་བླུགས་པའི་ཟ་མ་ཞིག་བཟོ་སྲོལ་ཡོད་པ་དེ་ཉིད་དུས་རབས་བཅོ་བརྒྱད་པའི་ནང་དུ་དབྱི་ཐ་ལི་ནས་ལྡུམ་སྒོང་སོགས་བླུགས་ནས་བསྲེགས་པའི་ཕེས་བཟའ་ཡི་ལག་རྩལ་འདི་བྱུང་བར་བཤད་སྲོལ་ཡོད་པར་གྲགས། ད་སྐབས་རྙེད་པའི་ཆ་འཕྲིན་ལྟར་ན་ལོ་ཉིས་བརྒྱའི་གོང་ཙམ་ནས་དབྱི་ཐ་ལི་ནས་དར་སྤེལ་བྱུང་བར་བཤད་པ་དང་། མདོ་དབུས་མཐོ་སྒང་གི་ས་ཆ་འདིར་ལོ་༡༥༠༠གོང་ནས་དར་སྲོལ་ཡོད་པ་གཉིས་ཀྱི་བར་འབྲེལ་བ་ཡོད་པའི་སྐོར་གྱི་ཆ་འཕྲིན་གང་ཡང་མ་རྙེད། འོན་ཀྱང་རྒྱུ་ཆ་གྲོ་ཕྱེ་དང་འོ་མའི་ཐོན་རྫས་གཙོ་བོ་ཡིན་པ་དང་། བཟོ་ལུགས་ཀྱི་ལག་རྩལ་ནི་ཧ་ཅང་འདྲ་པོ་ཡོད། གནའ་དུས་བོད་ཀྱི་ཁུ་ར་བཟོ་སའི་རྫ་སྣོད་ལ་ཡང་ཧ་ཅང་སྤྲོས་པ་ཆེ་བའི་རིག་གནས་ཀྱི་རྣམ་པ་ཆགས་ཡོད་དེ། སྲེག་སྣོད་རྫ་སྡེར་གྱི་འོག་གཞི་ལ་འཚོ་བཅུད་མི་འགྱུར་བའི་མཚོན་བྱེད་ས་གཞིའི་རི་མོ་འདབ་མ་བཞི་པ་དུ་མ་བཀོད་ཡོད་ལ། མེ་ལ་བསྲེགས་ནས་ཟ་ཆོག་པའི་དུས་སུ་མ་ཆེན་གྱིས་ཟས་རྟགས་རྒྱག་པའི་ལུགས་སྲོལ་ཡོད་པ་ནི་ཟ་མ་དེར་དུག་སོགས་གནོད་པ་མེད་པ་དང་ཚོས་ཟིན་ནས་ཟ་རུང་བའི་རྟགས་སུ་བཀོད་པར་བཤད། ཟས་རྟགས་རྒྱག་བྱེད་ཤིང་གི་ཐམ་ཀ་ལ་མ་ཆེན་སོ་སོའི་དགའ་ཕྱོགས་དང་རིགས་རུས་སོགས་མཚོན་པའི་ཡིག་རིས་སྣ་ཚོགས་ཡོད་པ་ཞིག་རྒྱུན་ལྡན་ལུས་ལ་འཆང་སྲོལ་ཡོད་པར་བཤད། གལ་སྲིད་ཐམ་ཀ་མེད་ན་ཐུར་མ་སོགས་གང་རུང་གིས་ཟས་རྟགས་རྒྱག་སྲོལ་ཡོད། དམངས་ཁྲོད་ཀྱིས་བཤད་རྒྱུན་ལ། ཟས་རྟགས་རྒྱལ་པོ་ཡིན་ཡང་བརྩི་ཤེས་དགོས། །ཟས་རྟགས་སྤྲང་པོ་ཡིན་ཡང་སྒུག་ལོང་ཡོད་དགོས། །ཞེས་ཟེར་སྲོལ་ཡོད་པ་ནི་ཟ་མ་ཚོས་ཟིན་མིན་དང་། མ་ཚོས་པའི་ཟ་མས་གནོད་པ་ཆེ་བས་མཐོ་རྒྱལ་པོ་དང་ལྟོགས་པ་སྤྲང་པོ་ཡིན་རུང་ཟ་མའི་ཕན་གནོད་ལ་བསམ་གཞིག་ཡོད་པའི་ཐོག་ནས་མ་ཆེན་གྱི་ཆོག་མཆན་ལ་བརྩི་དགོས་ཚུལ་བསྟན་ནོ། །

ཕྱེ་མར་བཤམས་མཆོད་ཀྱི་ལོ་རྒྱུས། 

མདོ་དྲི་མེད་གཟི་བརྗིད་ལས། ད་སྲིད་པ་ལུག་ལུགས་ལུག་ལ་ལུགས། །ལུག་ལྷ་བ་བལ་ཆེན་བཞོས་པ་ལས། །འོ་མའི་སྙིང་པོ་མར་དུ་བྱུང་། །སྔོན་མོ་ནས་ཀྱི་ཕྱེ་མ་དང་། །སྙིང་པོ་མར་གྱི་བཅུད་བསྡེབས་པས། །ཕྱེ་མར་འོལ་སྐོམ་གསོས་སུ་བྱུང་། །དེ་མདུད་ལྷ་སུམ་བརྒྱའི་གསོལ་ཟས་བྱས། །སྔོན་མོ་ནས་ཀྱི་ཉིང་ཁུ་དང་། །རྩི་བཅུད་འོ་མ་སྲིད་པ་ལས། །ཨརྒ་ཕུད་ཀྱི་མཆོད་པ་བྱུང་། །དེ་མདུད་ལྷ་སུམ་བརྒྱའི་སྐྱེམས་སུ་བྱས། །31 ཞེས་པ་དང་། ཟས་དང་སྐྱེམས་མཆོད་པའི་དགྱེས་ཉམས་ཀྱི་སྒྲ་སྐད། ཨ་ལ་ལ་32ཞེས་པ་བྱུང་ཚུལ་སོགས་དམངས་སྲོལ་གྱི་གཏམ་རྒྱུད་རྒྱ་ཆེ་ལ་རྒྱུན་རིང་བ་མང་པོ་བཤད་རྒྱུ་ཡོད། མགོན་པོ་དགྲ་བླ་བཅུ་གསུམ་གྱི་མཆོད་བསྡུས་ལས། ཀྱེ་ཕྱེ་མར་འདི་ནི་གཉེན་པོ་སྟེ། །རླུང་སྔོན་ཐོག་རྒོད་འབར་བ་སྟེ། །ཕྱེ་མར་འདི་ཡི་གཉེན་པོ་སྟེ། །གཉན་གང་དོག་མོ་ས་གཉན་ཡིན། །དེ་གཉིས་རྫུ་འཕྲུལ་སྡེབ་པ་ལ། །བུ་ནི་ལོ་ཏོག་འབྲས་བུ་སྨིན། །དགུན་ཟླ་གསུམ་ལ་བསོགས་བསོགས་ནས། །དཔྱིད་ཟླ་གསུམ་ལ་རྨོས་རྨོས་ནས། །དབྱར་ཟླ་གསུམ་ལ་སྐྱེས་སྐྱེས་ནས། །སྟོན་ཟླ་གསུམ་ལ་འཁྲུངས་འཁྲུངས་ནས། །དེ་ལྟར་འབྲས་དྲུག་ཡ་མཚན་ཅན། །འཛམ་གླིང་ཡོངས་ཀྱི་བསྟེན་ས་བྱས། །ཡ་མཚན་ཅན་གྱི་འབྲས་དྲུག་ནས། །རྒྱལ་པོ་དགུའི་རོགས་ཀྱི་བྱས། །སེམས་ཅན་ཡོངས་ཀྱི་གསོས་ཀྱི་གསོས་ཀྱང་བྱས། །ཕྱེ་མར་འདི་ནི་གངས་རི་སྤུངས་པ་འདྲ། །ཕྱེ་མར་འདི་ལ་ཉི་ཟླ་འཁོར། །ཕྱེ་མར་འདི་ལ་ཆོས་སྐྱོང་འཁོར། །ཕྱེ་མར་འདི་ལ་ཞིང་སྐྱོང་འཁོར། །ཕྱེ་མར་འདི་ལ་ཕོ་ལྷ་འཁོར། །ཕྱེ་མར་འདི་ལ་དགྲ་བླ་འཁོར། །ཕྱེ་མར་འདི་ལ་ཡུལ་ལྷ་འཁོར། །དེ་ལྟར་ཕྱེ་མར་ཡ་མཚན་ཅན། །ཡ་མཚན་ངོ་མཚར་རྨད་དུ་བྱུང་། །རྨད་དུ་བྱུང་བའི་མཆོད་པ་བཞེས། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཅེས་གསལ། ཕྱེ་མར་མདའ་དར་རབས་སོ། ཀྱེ་གཡང་རྟེན་བཀྲ་ཤིས་སྔོན་མོའི་ནས། །གཡང་ལྷ་རྣམས་ཀྱི་རྟེན་པར་མཛོད། །གཡང་རྟེན་བཀྲ་ཤིས་ཕྱེ་མར་འདི། །གཡང་ལྷ་རྣམས་ཀྱི་རྟེན་པར་མཛོད། །བསྲུང་མདའ་དཔག་བསམ་ལྗོན་ཤིང་འདི། །མཚན་མགོན་རྣམས་ཀྱི་རྟེན་དུ་འཛུགས། །ཀྱཻ་དུང་ཁྱུང་དཀར་པོའི་ཕྱོགས་པ་འདི། །སྐྱེས་འཕེལ་སྲོང་ཤིང་ཐམས་ཅད་ཀུན། །དམུ་དག་བསྲུང་མདའ་འདི་ལ་རྟེན། །འཇིག་རྟེན་དཔལ་མགོན་ཐམས་ཅད་རྣམས། །དམུ་དག་བསྲུང་མདའ་འདི་ལ་རྟེན་མཛོད་ཅིག །ས་བདག་ཀླུ་གཉན་ཐམས་ཅད་ཀྱིས། །བཙན་ཕྱུག་འཕེལ་བའི་དངོས་གྲུབ་རྣམས། །བསྲུང་མདའ་འདི་ལ་རྟེན་མཛོད་ཅིག །ཕ་མྱེས་རྒྱུད་ཀྱི་བསྲུང་མ་རྣམས། །མ་ཕྱེ་སྔ་མའི་སྨིན་བཙན་རྣམས། །བསྲུང་མདའ་འདི་ལ་རྟེན་མཛོད་ཅིག །ཚེ་ཡི་ལྷ་དང་སྲོག་གི་ལྷ། །འགོ་བའི་ལྷ་དང་སྐྱོབས་པའི་ལྷ། །བསྲུང་མདའ་འདི་ལ་རྟེན་མཛོད་ཅིག །མགོན་པོ་ལེགས་ལྡན་ལྷ་ཚོགས་རྣམས། །བསྲུང་མདའ་འདི་ལ་རྟེན་མཛོད་ཅིག །ནོར་ལྷ་གཡང་ལྷ་ཕྱུག་ལྷ་རྣམས། །བསྲུང་མདའ་འདི་ལ་རྟེན་མཛོད་ཅིག །ཡོན་བདག་འདི་ལ་སྐྱབས་མཛོད་ཅིག །ཕྱེ་མར་འདི་ལ་གཡང་རྟེན་མཛོད། །གཡང་རྟེན་འདི་ལ་གཡང་སྐྱོབས་ཤིག །གཡང་ནས་འདི་ལ་རྟེན་མཛོད་ཅིག །གནམ་གྱི་དམུ་ཐག་མ་ཆད་ཅིག །ས་ཡི་རྟེན་ཕུར་མ་བུད་ཅིག །དཔལ་གྱི་རི་བོ་མ་འགྱེལ་ཅིག །ཚེ་ཡི་ཉི་མ་མ་ནུབ་ཅིག །སྲུང་མའི་མཐུ་རྩལ་མ་ཆུང་ཞིག །ཀ་བཞི་མ་འགྱེལ་གདུང་བརྒྱད་མ་ཆག་ཅིག །བཀྲ་ཤིས་སྨོན་ལམ་ཕུན་སུམ་ཚོགས་པར་ཤོག །ཅི་བསམ་དོན་རྣམས་འགྲུབ་གྱུར་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །33ཅེས་གསལ། མདོར་བསྡུས་ན་སྲིད་པ་ཐོག་མར་ཆགས་པའི་སྐབས་སུ་འགྲོ་བ་མིའི་ཟས་ཀྱི་ཐོག་མ་ཕྱེ་མར་དང་། བཏུང་བའི་ཐོག་མ་ཆང་དང་འོ་མ། འབྲོག་པའི་སྒོ་ཕྱུགས་ཀྱི་ཐོག་མ་ལུག་ཡིན་པ་དང་། ཞིང་པའི་འབྲུ་རིགས་ཀྱི་ཐོག་མ་ནས་སྔོན་མོ་ཡིན་ཞིང་། དེ་གཉིས་གཡོས་སྦྱོར་ལག་རྩལ་གྱིས་བསྡེབས་པ་ལས་ཟས་ཀྱི་ཐོག་མ་ཕྱེ་མར་དང་། སྐོམ་སེལ་སྐྱེམས་ཀྱི་ཐོག་མ་ཆང་དང་འོ་མ་བྱུང་ཚུལ་སོགས་བཤད་པ་ནི་འཚོ་བ་དངོས་ཀྱི་བྱུང་བ་ཡིན། དེ་ནས་བཟུང་གནའ་མིའི་འཚོ་གནས་ཀྱི་བརྒྱུད་རིམ་དུ། ཡབ་མེས་བདུན་བརྒྱུད་ཀྱི་མཚུན་ལྷ་ནི་ཕྱི་རབས་མིའི་མགོན་སྐྱབས་དང་དཔུང་གཉེན་དུ་གྱུར་པ། ཕྱི་རབས་ཀྱི་བུ་ཚ་རྣམས་དང་། ཡབ་མེས་བདུན་བརྒྱུད་ཚུན་ཆད་ཀྱིས་བཟའ་བཏུང་གི་ཕུད་མཆོད་དེ། མཆོད་ཡུལ་དང་མཆོད་བྱེད་ཀྱི་འབྲེལ་བ་བྱུང་ལ། དེ་གཉིས་ཀྱི་བར་ན་མཆོད་ཡོན་འབྲེལ་མཐུད་མཁན་གྱི་ཕྱྭ་བོན་བྱུང་བ་སྟེ། ཕྱྭ་བོན་གྱི་ཞལ་ནས། ཞལ་དུ་ཕྱེ་མར་འོ་སྐོམ་འདྲེན། །མགུལ་དུ་ནས་ཆང་སིང་མ་ཞུ། །དབུ་ལ་བལ་དཀར་སྟོན་མོ་བྱེད། །ཅེས་པ་སོགས་ཀྱི་བཤད་པ་མང་པོ་ཡོད། ད་ལྟའི་དབུས་ཁུལ་གྱི་གྲོ་སོགས་ཕྱེ་མར་བཤམ་ཚུལ་དང་ཅུང་ཟད་མི་འདྲ་བ་ནི་གནའ་བོའི་ཕྱེ་མར་བཤམས་སྲོལ་དེ་ཡར་རྒྱས་ཀྱིས་འགྱུར་བ་ཕྱིན་པ་ཡིན་ཚོད་རེད། དེ་འདྲའི་དམངས་སྲོལ་དག་གནའ་ནས་ད་ལྟའི་བར་མི་ལོ་སྟོང་ཕྲག་མང་པོར་བརྒྱུད་འཛིན་བྱས་ཡོད་རུང་། ད་ལྟའི་ཆར་དེ་དག་ལོ་རྒྱུས་དང་ཁ་བྲལ་ནས་ཁུངས་མེད་ཀྱི་འགྲེལ་བཤད་མང་བའི་སྐབས་འདིར། གདོད་མའི་མེས་པོ་དག་གི་ལོ་རྒྱུས་དངོས་ལ་ཕྱི་མིག་བལྟ་བའི་འདུན་པ་ཅན་དག་གིས་ཚད་ལྡན་གྱི་ཡིག་ཆ་དང་། ཁུངས་ལྡན་གྱི་དམངས་སྲོལ་ལ་ཕྱིས་དར་མིའི་རིགས་རིག་པའི་དཔྱད་ཐབས་བེད་སྤྱད་དེ་བལྟ་ཤེས་ན་གནའ་བོའི་ཤེས་རིག་ལོ་རྒྱུས་ཀྱི་དོན་དངོས་མང་པོ་མཐོང་ཐུབ་པ་ནི་བཤད་མ་དགོས་སོ། །

ལུག་མགོ་བཤམས་མཆོད་ཀྱི་ལོ་རྒྱུས། 

ལུག་མགོ་ནི་གནའ་བོའི་བོད་ཀྱི་ཕ་མེས་བདུན་བརྒྱུད་ཀྱི་མཚུན་ལྷ་མཆོད་པའི་ཡོ་བྱད་བཟང་པོ་ཞིག་ཏུ་བརྩི་སྲོལ་ཡོད་པ་སྟེ། ལྷ་མཚུན་གསོལ་ཐབས་ལས། དེ་རིང་ཕ་མེས་ཀྲ་ཚུན་ཁ་མ་ཕྱེ་བ། །མཚུན་བཤུས་ཨུ་ཀྱུ་དང་། །གསོལ་ཟས་མདའ་དགུ་སྣ་ཚོགས་དང་། །གསེར་གྱི་ལུག་མགོ་ཁ་ཕྱེ་ནས་གསོལ། །གསེར་གྱི་ལུག་མགོ་ལྷུ་དགུ་ལ། །དོན་དང་ཡོན་ཏན་དགུ་དང་ལྡན། །༡སྤྱི་བོ་འཐིལ་ཆེན་རྒྱལ་པོ་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །མི་མགོ་དགུང་ལས་མཐོ་བ་དང་། །ཀུན་གྱིས་གཙུག་ཏུ་བཀུར་བར་ཤོག །༢མིག་སྣང་གསལ་སྒྲོན་མ་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །མིག་སྒོར་མཆི་མ་མི་འདོན་ཅིང་། །སྡུག་བསྔལ་མྱ་ངན་མེད་པར་ཤོག །༣རྣ་བ་ཀུན་གསང་རྒྱལ་པོ་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །ཀུན་ལ་སྙན་པར་གྲགས་པ་དང་། །སྙན་དགུ་རྣ་བས་ཐོས་པར་ཤོག །༤སྣ་དྲི་ཚོར་རྒྱལ་པོ་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །བྱེས་ཡུལ་མདོ་རྩང་གར་འགྲོ་ཡང་། །སྣ་སྣོམ་བྱེས་དཔལ་འཕྲོད་པར་ཤོག །༥ལྕེ་རོ་ཚོར་རྒྱལ་པོ་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །མཁས་པའི་ལྕེ་ཡང་གྲོལ་བ་དང་། །སྨྲང་རྒྱུད་ལྗགས་ལ་ཁྲེམས་པར་ཤོག །༦འགྲམ་པ་ཕྱི་འགྲམ་གཡས་གཡོན་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །དུར་གྱི་སྐྱོན་རྣམས་མི་ལྡང་ཞིང་། །ཐབས་ཤེས་དོན་དང་ལྡན་པར་ཤོག །༧སོ་འགྲམ་བྱེད་གཅོད་པའི་རྟ་གྲི་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །དུར་བདུད་ནག་པོའི་ཞལ་བསྒྱུར་ནས། །དུར་སྲིན་དུར་རྐྱེན་ཐུབ་པར་ཤོག །༨ངོ་གདོང་བཟང་པོ་ལྷའི་གཡེར་པ་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །མི་ངོ་གངས་ལས་དཀར་བ་དང་། །རིགས་བཟང་སྡོང་གྲོགས་ལྡན་པར་ཤོག །༩མཚུལ་པ་ཟས་ཀྱི་གཡབ་མོ་འདི། །མཚུན་ལ་ཕུལ་བ་ཡིས། །ངའི་བུ་དང་ཚ་ཡུག་རྣམས། །སྡིག་སྒྲིབ་ཟས་རྣམས་སྤངས་ནས་ཀྱང་། །བདུད་རྩིའི་ཟས་ཐོག་སྙབ་པར་ཤོག །34 ཅེས་ཕ་མཚུན་མ་མཚུན་བདུན་བརྒྱུད་ལ་ལོ་གསར་སོགས་གལ་ཆེའི་དུས་ཆེན་རྣམས་སུ་མཆོད་འབུལ་ཞུ་ནས། རང་ཉིད་ཀྱི་བུ་རབས་ཚ་རྒྱུད་བཅས་པར་མཚུན་ལྷས་མགོན་སྐྱབས་དང་སྡོང་གྲོགས་མཛད་དེ། ཕ་མེས་ཀྱི་མཚུན་ལྷ་རྣམས་ལ་ཡང་རྒྱུན་མི་འཆད་པར་ཕྱི་རབས་བུ་དང་ཚ་རྒྱུད་བཅས་པས་མཆོད་ནས། རིགས་རྒྱུད་ཀྱི་རྒྱུན་མི་འཆད་པར་བཀྲ་ཤིས་ཕུན་སུམ་ཚོགས་པའི་སྨོན་ལམ་ཞུ་སྲོལ་ཡོད། ལུགས་སྲོལ་དེ་གནའ་ནས་ད་ལྟའི་བར་དུ་བོད་ཀྱི་ཡུལ་དབུས་ནས་བཟུང་ཤར་མཐའ་རྒྱལ་མོ་ཚ་བ་རོང་སོགས་ཀྱི་བར་རྒྱུན་མ་ཆད་པར། དམངས་སྲོལ་དུ་ལོ་གསར་སོགས་དུས་ཆེན་རྣམས་སུ་ལུག་མགོ་བཤམས་མཆོད་བྱེད་སྲོལ་ཡོད་པ་དང་། ཡིག་ཐོག་ཏུའང་བོད་ཀྱི་ལོ་རྒྱུས་དང་། མཚུན་ལྷ་མཆོད་པའི་ཆོ་ག །བླ་བསླུའི་ཆོ་ག །ཡུལ་ལྷའི་རྟེན་འཛུགས། ལྷ་སྒྲུང་། དམངས་ཁྲོད་ཀྱི་ངག་རྒྱུན་སོགས་སུ་ལུག་མགོ་དང་འབྲེལ་བའི་བཤད་སྲོལ་སྣ་མང་ཡོད་ཅིང་། བྱུང་རིམ་ལ་གཞིག་ན། དང་ཐོག་ལུག་མགོ་དངོས་དང་། དེ་ནས་སྤྲོས་པ་ཆེ་རུ་ཕྱིན་ཏེ་གསེར་ལས་བཟོས་པའི་ལུག་མགོ་ཡང་བཤམས་མཆོད་བྱེད་སྲོལ་ཡོད་པར་མངོན་ཏེ། ལྷ་མཚུན་གསོལ་ཐབས་ལས་གསེར་གྱི་ལུག་མགོ་ཞིག་ཡིན་ཚུལ་བཤད་པ་35མ་ཟད་དམངས་ཁྲོད་ངག་རྒྱུན་དུའང་། གསེར་ལུག་མགོ་ཙམ་ཞེས་པའི་དཔེ་འཇོག་སྲོལ་ཡོད་པའང་འབྲེལ་བ་ཡོད་པར་སེམས། ཉེ་ཆར་ལུག་མགོ་སྐམ་པོ་ལ། གསེར། དངུལ། ཟངས། ལྕགས་སོགས་ཀྱི་རི་མོའི་མཛེས་རྒྱན་དང་གཡུ་བྱུར་གྱིས་ཕྲ་བརྒྱན་པའི་མཛེས་སྤྲོས་ཅན་ཡང་མང་པོ་མཐོང་རྒྱུ་ཡོད། ཡང་བོད་ཀྱི་ཤར་མཐའི་ས་ཁུལ་ཁག་ཏུ་སྡོད་ཁང་ཕུག་གི་ཀ་བའི་ངོས་སུ་ལོ་རེ་བཞིན་ལུག་མགོ་སྐམ་པོ་རེ་བཤམས་མཆོད་བྱས་པ་བརྒྱུད། ལོ་མང་པོའི་རིང་བསགས་མཐར། ཀ་བའི་ངོས་ཆ་ཚང་ལུག་མགོ་སྐམ་པོའི་གང་བ་ཞིག་ཀྱང་བྱ་སྲོལ་འདུག །36 དབུས་གཙང་ཁུལ་དུ་ལུག་མགོ་སྐམ་པོ་རྭ་ཡོད་ཅིག་ལ་མར་ཚོན་གྱིས་བརྒྱན་ནས་ལུག་གསོན་པོ་ལས་རྔམ་བརྗིད་ཆེ་བ་ཞིག་བྱས་ནས་བཤམས་མཆོད་བྱེད། ཁམས་ཕྱོགས་ཀྱི་ས་ཆ་ཕལ་ཆེ་ས་ནས་ལུག་མགོ་བཙོས་ཏེ་སྡེར་མ་ཞིག་གི་ཐོག་ཏུ་བཞག་སྟེ་ལོ་སར་ཉིན་བཤམས་མཆོད་བྱ་སྲོལ་ཡོད། དེ་འདྲའི་ལུགས་སྲོལ་ནི་གནའ་བོའི་ཕ་མེས་ཀྱི་མཚུན་ལྷ་མཆོད་པའི་སྲོལ་ཞིག་མུ་མཐུད་དེ་དམངས་ཁྲོད་ནས་བརྒྱུད་འཛིན་བྱས་པ་ཞིག་རེད། ལུག་མགོ་གལ་ཆེ་བའི་རྒྱུ་མཚན་ཡང་འཚོ་གནས་ཀྱི་ངོས་ནས་བཤད་ན་བོད་ཡུལ་དུ་ལུག་ནི་སྐྱེ་འཕེལ་མགྱོགས་པ་དང་། གསོ་ཚགས་བདེ་བ། གྲང་རླུང་བཟོད་ཅིང་མཐོ་སྒང་དུ་འཚོ་གནས་ཐུབ་པ། གཤིས་རྒྱུད་འཇམ་པ་བཅས་ཁྱད་ཆོས་དུ་མ་ལྡན་པའི་སྒོ་ཕྱུགས་ཤིག་ཡིན་པས། མདོ་དབུས་མཐོ་སྒང་གི་ས་ཆར་མི་ལོ་ཁྲི་སྟོང་མང་པོར་བོད་མི་རྣམས་ཀྱིས་མི་རབས་ནས་མི་རབས་བརྒྱུད་དེ་འཚོ་བའི་རྟེན་གཞི་གལ་ཆེན་དུ་གྱུར་ཡོད། གྲང་རླུང་སེར་གསུམ་ཆེས་ཆེ་བའི་མཐོ་སྒང་བོད་ཀྱི་ཡུལ་ཁམས་འདིར། གདོད་མའི་མེས་པོ་རྣམས་ཀྱི་རང་སའི་ཁོར་ཡུག་ཏུ་རང་ཉིད་ཀྱི་བློ་གྲོས་དང་འབད་བརྩོན་ལ་བརྟེན་ནས། ས་མཐོའི་ཁོར་ཡུག་དང་འཚམ་པའི་འཚོ་གནས་ཀྱི་ཤེས་རིག་མང་པོ་ཞིག་གསར་གཏོད་བྱས་ཡོད་པའི་ནང་ནས། ལུག་ལྟ་བུ་ལ་མཚོན་ན་ཟས་དང་གོས། ཉེར་མཁོའི་ཡོ་བྱད། མཚུན་ལྷ་མཆོད་པའི་རྫས། བླའི་རྟེན་སོགས་བོད་ཀྱི་ཆོ་ག་དང་ལྷ་སྒྲུང་སོགས་བསམ་བློའི་ཤེས་རིག་མི་ཉུང་བ་ཞིག་ལ་བཀོལ་སྤྱོད་བྱས་ཡོད། ཟས་ལ་མཚོན་ན། ལུག་གི་འོ་མ་དང་། ཞོ། མར། ཕྱུར་བ་དང་ཐུད་བཅས། ཤ་ལ་མཚོན་ན། ཕྱི་ཤ། ནང་ཤ་གཉིས་ཆར་བསྡོམས་པས་བོད་ཟས་སྣ་ཁ་སུམ་ཅུ་སོ་དྲུག་ཙམ་བཟོ་བའི་ལུགས་སྲོལ་ཡོད་ལ། གོས་ལ་མཚོན་ན། ལུག་བལ་དང་། ལུག་ལྤགས་གཉིས་ལ་གོས་སྣ་མི་འདྲ་བ་བཅོ་ལྔ་ལྷག་ཙམ་བཟོ་སྲོལ་ཡོད། ཉེར་མཁོ་ལ་མཚོན་ན། ལུག་གི་རིལ་མ་འབུད་ཤིང་ཡག་ཤོས་ཡིན་པ་དང་། ཞིང་ལུད་མཆོག་ཏུ་གྱུར་པ། ལུག་གི་རྭ་ཅོའི་གྲི་ཡུ་དང་། འབིག་ཡུ། གོས་ཀྱི་སྒྲོག་ཆར་བཟོ་བ་སོགས་ཕར་གསོ་སྐྱོང་ལ་འགྲོ་སོང་ཆུང་ཞིང་། ཚུར་མི་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་མཐོ་སྒང་བོད་མིའི་སྒོ་ཟོག་ཅིག་ཡིན། བསམ་བློའི་རིག་གནས་ལ་མཚོན་ན། ལུག་ནི་མཐོ་སྒང་བོད་མིའི་འཚོ་གནས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་གཞིར་བྱས་ཏེ། རིམ་བཞིན་སྤྱི་ཚོགས་ཤེས་དཔལ་གྱི་ལམ་ལ་བགྲོད་པའི་འགྲོས་དང་སྤྱི་ཚོགས་ཀྱི་དགོས་མཁོར་བསྟུན་ནས། དཔལ་ཡོན་མཚོན་པའི་ཤེས་རིག་མང་པོ་ཞིག་གསར་གཏོད་བྱས་པའི་ནང་ནས་ལུག་ནི་ལྷ་དང་མིའི་བླ་རྟེན་དུ་འཛིན་ཏེ་གལ་ཆེན་དུ་བརྩི་སྲོལ་ཡོད་པ་ཞིག་བྱུང་37འདུག །ཞིང་ཁའི་ལོ་ཏོག་གི་ཐོག་མ་སྔོན་མོ་ནས་དང་། འབྲོག་པའི་སྒོ་ཟོག་གི་ཐོག་མ་ལུག །གཡོས་སྦྱོར་ཟས་ཀྱི་ཐོག་མ་ཞིང་ཁའི་ནས་སྔོན་མོའི་ཕྱེ་མ་དང་། འབྲོག་པའི་ལུག་གི་འོ་མ་ལས་ཐོན་པའི་མར་གཉིས་སྦྱོར་བའི་ཕྱེ་མར་བྱུང་ཚུལ་སོགས་འབྲེལ་ཆགས་ཤིང་གོ་རིམ་ལྡན་པ། གནའ་བོའི་ཡུལ་སྲོལ་ལ་བཅོས་བསྒྱུར་གྱིས་ཤས་ཆུང་བ། གདོད་མ་མིའི་འཇིག་རྟེན་ལྟ་ཚུལ་དང་། སྤྱི་ཚོགས་ཀྱི་གནས་བབ། འཚོ་བའི་གོམས་གཤིས་སོགས་མཚོན་པའི་ཤེས་རིག་མང་པོ་ཞིག་ལོ་སྟོང་ཕྲག་མང་པོའི་རིང་དམངས་ཁྲོད་དུ་གཅེས་ཉར་དང་བརྒྱུད་འཛིན་བྱས་དང་བྱ་མུས་ཡོད་ལ། དེ་མཚུངས་ཡིག་ཐོག་ཏུའང་དམངས་སྲོལ་གྱི་གཏོ་ཆོག་དང་། ལྷ་སྒྲུང་། འབེལ་གཏམ། སྒྲུང་ཡིག །གནས་ཡིག །ལོ་རྒྱུས། རྣམ་ཐར་སོགས་སུ་དེ་དག་གི་བཤད་པ་མི་འདྲ་བ་སྣ་ཚོགས་མཐོང་དུ་ཡོད། ངག་ཐོག་ཏུའང་གནའ་སྒྲུང་གཏམ་བཤད་སོགས་ཀྱི་ལམ་ནས། གདོད་མའི་དུས་སུ་མེས་པོ་གོང་མ་རྣམས་ཀྱིས་རང་བྱུང་ཁམས་འདིར་འཚོ་གནས་ཀྱི་ཁྱིམ་གཞིས་བསྐྲུན་པའི་བརྒྱུད་རིམ་གྱི་ལོ་རྒྱུས་རིག་གནས་སྣ་མང་ཞིག །ཐོག་མར་དམངས་སྲོལ་དང་ངག་ཐོག་ནས་བརྒྱུད་འཛིན་བྱས་པ་རྣམས། རྗེས་སུ་འགའ་ཤས་ཡིག་ཐོག་ཏུ་བཀོད་པ་དང་། འགའ་ཤས་སྔར་བཞིན་ངག་ཐོག་ནས་བརྒྱུད་འཛིན་བྱས་པ་ཞིག་ཡིན་རུང་། ད་ལྟའི་ཆར་དམངས་སྲོལ་དང་དེའི་བཤད་པ་གཉིས་ཁ་བྲལ་དུ་སོང་བ་མང་བས། དེ་དག་གི་ཁུངས་ལྡན་ལོ་རྒྱུས་ཀྱི་རྒྱུ་མཚན་ཤེས་པ་དང་། སྔོན་བྱུང་ལོ་རྒྱུས་ལ་མི་རྨོངས་པའི་དགོས་པ་ཆེ་བར་སེམས་སོ།། །།

གནའ་རྫས་རྙིང་པ་ལ་དཔྱད་པའི་བཟའ་བཏུང་གི་བྱུང་བ།

མདོ་དབུས་མཐོ་སྒང་དུ་ད་ལྟའི་ཆར་རྙེད་པའི་གནའ་རྫས་ཀྱི་དཔང་རྟགས་ལས་མངོན་པ་ལྟར་ན། ནག་ཆུ་ཉ་དེའུ་ཡི་རྡོ་ཆས་38ལ་ལོ་ཁྲི་བཞི་ཡན་མན་དང་། ཨ་མདོ་རྒན་གྱའི་མིའི་འགྲམ་རུས་ཀྱི་འགྱུར་རྡོ་39ལྟར་ན་ལོ་ཁྲི་བཅུ་དྲུག་ནས་བཅུ་བདུན་བར། ཁམས་འདབ་པ་ཡི་རྡོ་ཆས་40ལ་ལོ་ཁྲི་བཅུ་གསུམ་གྱི་ལོ་རྒྱུས་ཡོད། ལྷ་ས་སྟོད་ལུང་ཆུ་བཟང་གྲོང་ཚོའི་མིའི་རྐང་ལག་གི་རྗེས་41ལ་ལོ་ཁྲི་ཉི་ཤུ་ཙམ་ཡོད་པར་བཤད་པ་སྟེ། ད་ལྟའི་ཆར་རྙེད་པའི་དཔང་རྟགས་སྔ་ཤོས་ལོ་ཁྲི་ཉི་ཤུ་ཡན་མན་ལ་མདོ་དབུས་མཐོ་སྒང་གི་ས་ཆར་ང་ཚོའི་མེས་པོ་རྣམས་འཚོ་སྡོད་བྱེད་ཀྱི་ཡོད་ན་ཡང་། བཟའ་བཏུང་གཡོས་སྦྱོར་གྱི་རྒྱུ་ཆ་ཞིང་འབྲོག་གཉིས་ཀྱི་ཡ་གྱལ་འབྲོག་ལས་བྱུང་ནས་ལོ་༨༨༠༠ཙམ་དང་། ཞིང་ལས་འབྲུ་རིགས་ཀྱི་དངོས་པོ་གཞིས་ཀ་རྩེའི་ས་འོག་ནས་ཐོན་པའི་སོལ་འགྱུར་ནས་42དང་། ཆབ་མདོ་མཁར་རོ་ནས་ཐོན་པའི་ཁྲེ་43སོགས་ལ་ལོ་༣༥༠༠ཡན་མན་ཙམ་གྱི་ལོ་རྒྱུས་ལས་ད་ལྟའི་ཆར་རྙེད་མེད་ནའང་། མཚོ་སྔོན་མཱེན་ཧུ་རྫོང་ལཱ་ཀྱཱ་སྡེ་བ་ནས་ཐོན་པ་རྒྱུ་ཁྲེ་ཆུང་ལས་བཟོས་པའི་ཐུག་པ་44ལ་ལོ་བཞི་སྟོང་གི་ལོ་རྒྱུས་ཡོད་པ་དང་། ཆབ་མདོ་མཁར་རོ་ནས་ཐོན་པའི་གནའ་རྫས་དང་། བཟའ་བཏུང་གཡོ་སྣོད་ཀྱི་རྫ་ཆས་45དེ་དག་རྒྱུ་སྤུས་བཟང་ཞིང་། སྣ་ཁ་མང་ལ་ལོ་༥༠༠༠གི་ལོ་རྒྱུས་ཡོད་པ་མ་ཟད་རི་མོའི་མཛེས་དཔྱོད་ཀྱིས་མཚོན་དོན་རྒྱ་ཆེ་ལ་གཏིང་ཟབ་པ་དང་། ལྷ་ས་ཆོས་གོང་ནས་ཐོན་པའི་སྣོད་ཆས་46ལ་༣༥༠༠ཙམ་གྱི་ལོ་རྒྱུས་ཡོད་ཅིང་། སྐབས་དེར་སྤྱི་ཚོགས་འཚོ་བའི་ཆུ་ཚད་དང་མཛེས་དཔྱོད་ལྟ་བ་སོགས་རིག་གནས་ཚད་གཞི་ངེས་ཅན་ཞིག་ལ་ཐོན་ཡོད་པས། སྣོད་ཀྱི་སྤུས་ཚད་ལས་ནང་གི་བཟའ་བཏུང་གཡོས་སྦྱོར་ལག་རྩལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པ་ཤེས་ཐུབ་བོ། །ལྷག་པར་དུ་མཚོ་སྔོན་ཙོང་རིའི་གནའ་རྫས་ལ་ལོ་༥༠༠༠གི་ལོ་རྒྱུས་ཡོད་པ་དང་། རྫའི་ཁོག་མ་དང་། རྫ་ཕོར། རུས་པ་ལས་བཟོས་པའི་ཁེམ་བུ། ཐུར་མ་རྩེ་གསུམ། གཏུབ་གྲི་47བཅས་དེང་སང་ནུབ་ཟས་ཀྱི་ཡོ་བྱད་ནང་བཞིན་ཐོན་པ་ལ་མཚོན་ན། ད་ནས་ཡར་བརྩིས་པའི་མི་ལོ་ལྔ་སྟོང་ཡན་མན་ལ་བོད་ཡུལ་དུ་བེད་སྤྱོད་ཀྱིན་ཡོད་པ་བཤད་མ་དགོས་པ་དང་། ལྷོ་ཁ་འཕྲེང་སྒོ་ལུང་ཤུལ་ཁོངས་ཀྱི་རིག་གནས་རྗེས་ཤུལ་ལས་རྡོ་ཆས་གསར་མའི་དུས་རབས་ཀྱི་ལོ་རྒྱུས་ལྡན་པའི་སོལ་འགྱུར་ནས་ཀྱི་ས་བོན་(炭化青稞种子)ཐོན་ཡོད།48

དེས་ན་ཕྱི་སྣོད་ཆས་ཀྱི་སྤུས་ཚད་དང་། རྟེན་འབྲེལ་མཚོན་དོན་གྱི་རི་མོ་སོགས་ལས་ནང་གི་བཟའ་བཏུང་ལག་རྩལ་གྱི་ཆུ་ཚད་ཀྱང་དཔོག་ཐུབ། ཡང་མཚོ་སྔོན་ནས་ཐོན་པ་ཐུག་པའི་འགྱུར་རྡོ་ལ་ལོ་༤༠༠༠ལྷག་གི་ལོ་རྒྱུས་ཡོད་པ་སོགས་དང་། དཔལ་ལྡན་རྒྱུད་བཞིའི་ནང་དུ་བསྟན་པའི་ཟས་སྨན་གྱི་རིག་གནས་འདི་དག་ཀྱང་མཐོ་སྒང་གི་ས་ཆ་ནས་མི་ལོ་ཁྲི་འབུམ་མང་པོའི་ཉམས་མྱོང་ལས་རིམ་གྱིས་གྲུབ་པ་ཞིག་ལས་བབ་སྒྲུང་ནང་བཞིན་གློ་བུར་དུ་བབ་ཡོང་བ་དང་། སྙན་རྩོམ་ནང་བཞིན་བརྩམས་བཞག་པ་ཞིག་མིན་ལ། ས་གནས་ག་གེ་མོ་གཞན་ཞིག་ལ་འདྲ་དཔེ་བལྟས་ནས་ཁྱེར་ཡོང་བ་ཡང་མ་རེད། བོད་ཀྱི་བཟའ་བཏུང་རིག་གནས་ནི་ཞིང་འབྲོག་ཡུལ་གྲུ་སོ་སོའི་ས་ཁམས་དང་མཐུན་ཞིང་འཚོ་བའི་ཉམས་མྱོང་དངོས་ལས་རིམ་གྱིས་གྲུབ་པ་ཞིག་རེད། དེས་ན་རིག་གནས་དེ་མཐར་ཕྱིན་པ་ཤེས་པར་བྱེད་པ་ལ། གཏམ་རྒྱུད་གསེར་ཐང་ལས། ཐོས་མཐོང་དབང་པོའི་ཡུལ་དུ་མ་གྱུར་པར། །ཁྱིམ་གྱི་མལ་དུ་དཔྱད་པས་མི་ཤེས་པ། །ཞེས་དང་། ལག་ལེན་མྱོང་གོམས་ཟབ་མོའི་མ་སྦྱངས་པར། །ཐོས་མཐོང་འདྲ་བཟོ་ཙམ་གྱིས་ཤེས་དཀའ་བ། །ཞེས་པ་སྟེ། རིག་གཞུང་མ་ལག་དང་བཅས་པར་ནན་ཏན་གྱིས་སྦྱངས་པ་མེད་ན་འདྲ་བཟོ་ཙམ་གྱིས་ཤེས་མི་ཐུབ་པའི་གོ་དོན་ཡང་རྟོགས་དགོས་སོ། །

གསོ་བ་ཟས་སྨན་གྱི་རིག་གཞུང་གི་གཞི་འཛིན་སའི་ཡིག་ཆ་གཙོ་བོ། 

ད་སྐབས་བོད་ཀྱི་བཟའ་བཏུང་རིག་གཞུང་གི་གཞི་འཛིན་ས་གཙོ་བོ་དེ་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་ཙམ་ལ་ཕྱོགས་བསྡུས་གནང་ནས་དུས་རབས་བཅུ་གཉིས་པའི་རྗེས་ནས་འཕེལ་རྒྱས་བྱུང་བའི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་49འདི་ཡིན་ཞིང་། དེ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ཡན་མན་ཙམ་ལ་ལོ་ཆེན་བེེ་རོ་ཙ་ན་སོགས་ཀྱིས་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་བརྩམས་བསྒྱུར་གནང་། དུས་རབས་བཅུ་གསུམ་པའི་སྟོད་ཙམ་ལ་གཡུ་ཐོག་མགོན་པོ་སོགས་ཀྱིས་དཔལ་ལྡན་རྒྱུད་བཞི་རྩོམ་སྒྲིག་གནང་བའི་བར་དུ་འཕེལ་རྒྱས་དང་རྒྱུད་འཛིན་བྱས་པའི་མཐར་རྩ་བའི་བསྟན་དོན་མི་ན་བར་གནས་པར་བྱེད་པའི་ཟས་སྤྱོད་གཉིས་དང་ན་བ་གསོ་བར་བྱེད་པའི་སྨན་དཔྱད་གཉིས་ཏེ་བཞི་ལས་གྲུབ་ཅིང་། ལོ་རྒྱུས་རྒྱབ་ལྗོངས་རིང་ཞིང་བརྗོད་བྱའི་ནང་དོན་ཆེ་ཞིང་གཏིང་ཟབ་པ། ནོར་བུ་དགོས་འདོད་ཀུན་འབྱུང་ཞིག་ཡིན་པ་དེ་རེད། །

ད་ལྟའི་ཆར་ཡིག་ཐོག་ཏུ་འཁོད་པའི་བཟའ་བཏུང་རིག་གཞུང་རྙིང་ཤོས་དང་། ཆ་ཚང་ཤོས་དེ་གསོ་རིག་རྒྱུད་བཞིའི་ལེའུ་གཉིས་པ་བཤད་རྒྱུད་རེད། རྒྱུད་བཞིའི་ལེའུ་དང་པོ་རྩ་རྒྱུད་དང་། བཤད་རྒྱུད་གཉིས་ནི་གསོ་བ་ཟས་སྨན་གཉིས་ཀྱི་སྤྱི་གཞུང་ཡིན་ལ། གསུམ་པ་མན་ངག་རྒྱུད་དང་། བཞི་པ་ཕྱི་མ་རྒྱུད་གཉིས་ནི་གཙོ་བོ་གསོ་བ་སྨན་སྟོན་པའི་གཞུང་རེད། བཤད་རྒྱུད་ལ་མཚོན་ན་ཁྱོན་བསྡོམས་ལེའུ་སུམ་ཅུ་རྩ་གཅིག་ཡོད་པ་ལས། ལེའུ་དང་པོའི་སྡོམ་ཚིག་དང་། ལེའུ་གཉིས་པ་ནས་བདུན་པའི་བར་ལེའུ་དྲུག་གིས་མིའི་ལུས་ཆགས་ཚུལ་དང་། ལུས་ཀྱི་འདྲ་དཔེ། ལུས་ཀྱི་གནས་ལུགས། ལུས་ཀྱི་མཚན་ཉིད། ལུས་ཀྱི་ལས་དང་དབྱེ་བ། ལུས་ཀྱི་འཇིག་ལྟས་བཅས་གསོ་བྱ་མིའི་ལུས་ཁམས་ཀྱི་གནས་བབ་ཞིབ་པར་བཤད། ལེའུ་བརྒྱད་པ་ནས་ལེའུ་བཅུ་གཉིས་པའི་བར་ལེའུ་ལྔ་ཡིས་ནད་ཀྱི་རྒྱུ་དང་རྐྱེན། ནད་འཇུག་ཚུལ། ནད་ཀྱི་མཚན་ཉིད། ནད་ཀྱི་དབྱེ་བའི་སྐོར་བཅས་བཤད།

ལེའུ་བཅུ་གསུམ་ནས་བཅོ་ལྔའི་བར་གསུམ་གྱིས་རྒྱུན་སྤྱོད། དུས་སྤྱོད། གནས་སྐབས་ཀྱི་སྤྱོད་ལམ་སྐོར་བཅས་བསྟན་ཡོད། ལེའུ་བཅུ་དྲུག་ནས་བཅུ་དགུ་པའི་བར་ལེའུ་བཞི་ཡིས་བཟའ་བཏུང་སྐོར་བསྟན། ལེའུ་ཉི་ཤུ་ནས་སུམ་ཅུའི་བར་གསོ་བ་སྨན་གྱི་སྐོར་བསྟན། ལེའུ་སོ་གཅིག་པས་གསོ་བ་པོ་གང་ཟག་གི་མཚན་ཉིད་དམ་འགན་འཁྲིའི་སྐོར་བསྟན། ལྷག་པར་དུ་ལེའུ་བཅུ་དྲུག་པ་ཟས་ཀྱི་ཚུལ་ཤེས་པར་བྱ་བ་ལས། འཚོ་བ་ཟས་ཀྱི་གནས་ལ་བསླབ་པ་ནི། །ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་། །དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། །དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས། །50ཞེས། འདི་ལ་སྤྱི་སྡོམ། ཟས་ཚུལ་ཤེས་པ་དང་། ཟས་བསྡམ་པ། ཟས་ཚོད་རན་པར་བཟའ་བ་གསུམ། ཟས་ཀྱི་ཚུལ་ཤེས་པ་ལ། ཟས་དང་། སྐོམ་གཉིས། ཟས་ལ། འབྲུ་དང་། ཤ། སྣུམ། ངད། གཡོས་སྦྱོར་ལྔ། ཞེས་མདོ་དབུས་མཐོ་སྒང་གི་དམིགས་བསལ་ས་ཁམས་ཁོར་ཡུག་དང་མཐུན་པའི་བཟའ་བཏུང་གི་རྒྱུ་ཆ། ཕན་ནུས། གཡོས་སྦྱོར་ལག་རྩལ་དང་བཅས་པ་སྤྱིའི་སྒྲོམ་གཞི་ཁ་གསལ་པོར་བསྟན་ཡོད། བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ལས་བཤད་པའི་རྒྱུད་འདི་རྩོམ་སྒྲིག་གི་ཉེ་དུས་སུ་གཙང་གི་མཁས་པ་འཇམ་དབྱངས་མགོན་པོས་ཟས་གཡོས་སྦྱོར་གྱི་བསྟན་བཅོས་བརྒྱ་དང་ཉི་ཤུ་བརྩམས་པའི་ལོ་རྒྱུས་ཡོད་51ཀྱང་། ད་ལྟའི་ཆར་ཡིག་ཆ་དེ་ཚོ་མཇལ་རྒྱུ་མེད་རྐྱེན་བཟའ་བཏུང་གཡོས་སྦྱོར་གྱི་བསྟན་བཅོས་ཕོན་ཆེན་དེ་རྣམས་ལ་ཚོད་དཔག་བྱེད་དཀའ། འོན་ཀྱང་རྣམ་ཐར་ལས་གསལ་བ་ལྟར་ན་ཁོང་ནི་མདོ་སྔགས་གཞུང་ལུགས་ཀུན་ལ་ཧ་ཅང་མཁས། ལྷག་པར་དུ་གསོ་བ་སྨན་གྱི་གནས་ལའང་མཁས་པ་ཞིག་ཡིན་པར་བཤད་འདུག །བོད་སྨན་གྱི་ཁོག་དབུབ་རྣམས་སུ་གསོ་བ་ཟས་ཀྱི་ཕན་གནོད་ལ་བརྟེན་ནས་གསོ་བ་སྨན་གྱི་རིག་པ་རྙེད་པར་བཤད་པ་ལྟར་ན། ཐོག་མར་གསོ་བ་ཟས་ལ་བརྟེན་ནས་རིམ་གྱིས་བོད་ལུགས་གསོ་བ་སྨན་གྱི་རིག་གཞུང་གྲུབ་སྟེ། དུས་རབས་བཅུ་གསུམ་པའི་ཡར་སྔོན་དུ་གསོ་བ་ཟས་སྨན་གྱི་རིག་གཞུང་གཉིས་མཉམ་འགྲོས་ཀྱིས་དར་སྲོལ་ཡོད་རུང་། ཕྱིས་སུ་གསོ་བ་སྨན་གྱི་རིག་གཞུང་འཕེལ་རྒྱས་ཆེན་པོར་སོང་ཚེ། ཟས་ནི་སྨན་གྱི་གཞོག་འདེགས་ཙམ་ལས་རིག་གཞུང་མ་ལག་ལྡན་པ་ཞིག་འཕེལ་རྒྱས་མ་སོང་པར། མི་ལོ་ཁྲི་འབུམ་དུ་མའི་ཉམས་མྱོང་ལས་བྱུང་བའི་བཟའ་བཏུང་གཡོས་སྦྱོར་ལག་རྩལ་དང་གོམས་སྲོལ་རྣམས་དམངས་ཁྲོད་དུ་གནས་པ་ཙམ་དུ་ཟད།

གསོ་རིག་རྒྱུད་བཞི་ལ་མཚོན་ན་ད་ལྟ་ལེའུ་བཞིའི་བདག་ཉིད་ཅན་འདི་རིམ་གྱིས་སྤྱི་ཚོགས་འཕེལ་འགྱུར་གྱི་བརྒྱུད་རིམ་དང་འགྲོགས་ནས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་སྟེ། རྒྱུད་བཞིའི་རྩ་རྒྱུད་ནི་བེེ་རོ་ཙ་ན་སོགས་ཀྱིས་བརྩམས་བསྒྱུར་གང་རུང་གནང་བའི་གཞུང་ཞིག་ལ་ཕྱིས་སུ་ཕྲི་བསྣན་ཅུང་ཟད་བྱས་པ་དང་བཤད་རྒྱུད་ནི་གཡུ་ཐོག་མགོན་པོས་རྩ་རྒྱུད་ཀྱི་འགྲོས་ལྟར་བརྩམས། མན་ངག་རྒྱུད་དང་ཕྱི་མ་རྒྱུད་གཉིས་ནི་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་གཙོ་བོ་གཡུ་ཐོག་མགོན་པོའི་གསུང་དང་གནའ་བོའི་གསོ་རིག་མང་པོའི་སྙིང་དོན་རྣམས་གོ་རིམ་བསྒྲིགས་ཏེ་ཡན་ལག་བརྒྱད་པའི་མིང་བསྣན། གླེང་གཞི་སོགས་རྩ་རྒྱུད་ལྟར་བཀོད་རྗེས་སྔར་ཡོད་ཀྱི་རྩ་རྒྱུད་དང་བཤད་རྒྱུད་གཉིས་བསྣན་ཏེ་ལེའུ་བཞིའི་བདག་ཉིད་ཅན་གྱི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་པའི་གླེགས་བམ་གཅིག་ཏུ་བསྒྲིགས་ནས་དར་བ་རེད། སྙེ་མདོ་ཀུན་དགའ་དོན་གྲུབ་སོགས་ཀྱིས་གཡུ་ཐོག་མཁས་པའི་སྐབས་ལ་ཉམས་ཡིག་ཟིན་བྲིས་དར་ཞེས་པ་ནི། གནའ་དུས་མདོ་དབུས་མཐོ་སྒང་གི་ས་ཆར་མི་ལོ་ཁྲི་འབུམ་དུ་མའི་རིང་གི་འཚོ་བའི་ཉམས་མྱོང་ལ་ཁྱིམ་མཚེས་ཡུལ་གྲུ་དུ་མའི་གསོ་རིག་གི་ལེགས་ཆ་མང་པོས་ཟུར་བརྒྱན། མདོ་སྔགས་རྒྱུད་སྡེ་ཟབ་མོའི་མན་ངག་དང་ནང་བསྟན་མཚན་ཉིད་རིག་པའི་རིག་གཞུང་གི་འགྲོས་དང་སྦྱར་ནས་རྩོམ་སྒྲིག་གནང་བའི་དོན་ཡིན། རྒྱུད་བཞི་རྩོམ་སྒྲིག་གི་བརྒྱུད་རིམ་ལ་མཚོན་ན་མི་ལོ་ཆིག་སྟོང་ཡན་མན་གྱི་བརྒྱུད་རིམ་ཡོད་ལ། རྒྱུད་བཞིའི་རྩ་རྒྱུད་དང་བཤད་རྒྱུད་གཉིས་ནི་གནའ་དུས་རིག་གཞུང་གི་འགྲོས་ལྟར་རྩ་བ་དང་འགྲེལ་པ་ལྟ་བུའམ། མདོར་བསྟན་དང་རྒྱས་བཤད་ཀྱི་ཚུལ་ཏེ། རྩ་རྒྱུད་དུ་མི་ན་བ་གནས་པར་འདོད་པ་དང་ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཞེས་མདོར་བསྟན་པ་དེར་བཤད་རྒྱུད་དུ་མི་ན་བ་གནས་པ་ལ་ཟས་དང་སྤྱོད་ལམ་གཉིས། ན་བ་གསོ་བའི་སྐོར་ལ་སྨན་དཔྱད་གཉིས་ཏེ་བཞི་རུ་ཕྱེས་ནས་རྒྱས་བཤད་བྱས་པ་ནི་ཐོག་མར་ལུས་ཀྱི་གནས་ལུགས་ཞིབ་ཕྲ་ཤེས་པའི་ཐོག་ཟས་སྤྱོད་གཉིས་ཀྱིས་མི་ན་བར་གནས་པར་བྱེད་པའི་ཐབས་བསྟན། དེའི་རྗེས་སུ་ན་བ་བྱུང་ན་སྨན་དཔྱད་གཉིས་ཀྱིས་གསོ་ཐབས་ལ་མན་ངག་རྒྱུད་དང་ཕྱི་མ་གཉིས་བྱུང་བ་ཡང་གོ་རིམ་ལྡན་པ་ཞིག་རེད། ད་ལྟའི་རྒྱུད་བཞིའི་ཡིག་ཆ་ཕྱོགས་གཅིག་ཏུ་མ་བསྒྲིགས་གོང་དུ་བདུད་རྩི་སྙིང་པོ་གསང་བ་མན་ངག་རྒྱུད་ཀྱི་སྐོར་ཡིག་ཆ་རྒྱས་བསྡུས་མང་པོ་ཞིག་ཡོད།

གསོ་རིག་རྒྱུད་བཞིའི་དཔེ་དང་ལུང་རྒྱུན་ནི་སྤྱི་ཚོགས་ཐོག་ཡོངས་གྲགས་ཀྱིས་སྤེལ་མཁན་དེ་སུམ་སྟོན་ཡེ་ཤེས་གཟུངས་གཅིག་པུ་ཡིན་པར་བཤད། སུམ་སྟོན་གྱིས་སྐུ་ལྔ་ལྷུན་གྲུབ་མར། མཁས་པ་གཡུ་ཐོག་མགོན་པོ་ཡིས། །དོན་གོ་ཁོག་དབུབ་སྟོང་ཐུན་མཛད། །བསྡུས་དོན་གཞུང་ལ་ས་མཚམས་ཕྱེས། །དཀའ་འཕྲང་འབྲུ་འབྲེལ་ཡིག་ཆུང་བཀོད། །མ་ཚང་གབ་འཁྲུགས་གསལ་བར་བསྡེབས། །སྔོན་ཆད་ཐོས་ཚོར་མཐོང་བ་མེད། །ཅེས་དང་། ཡང་དེ་ལས། རེ་འགའ་རི་བོའི་རྩེ་རུ་བྲིས། །རེ་འགའ་གྲོགས་པོའི་ཕུག་ཏུ་བྲིས། །རེ་འགའ་ཞིང་གསེབ་རྩིག་ཕག་བྲིས། །དེ་ནས་མི་ལོ་བཅུ་གསུམ་ནས། །གནམ་ལོ་རྒྱལ་པོ་སྟག་ལོ་ལ། །གཡས་རུ་པ་འཁོར་ལྷ་ཁང་དུ། །ཕྱི་མོ་ཟིན་བྲིས་དཔེ་ལས་བཤུས། །སྔོན་ཆད་ཐོས་ཚོར་མཐོང་བ་མེད། །ཅེས་པ་ལྟར་མི་ལོ་བཅུ་གཉིས་སུ་གཞན་ལ་གསང་ནས་བྲིས་པར་བཤད་པ་དེ་རྩོམ་སྒྲིག་གི་བརྒྱུད་རིམ་ཞིག་ཡིན་པར་སྣང་། བསྒྲིགས་ཟིན་རྗེས་གཡས་རུ་པ་འཁོར་ལྷ་ཁང་དུ་མ་དཔེ་ལས་བུ་དཔེ་དངོས་སུ་བྲིས་བཤུས་བྱས་པ་ནས་ད་ལྟའི་རྒྱུད་བཞི་འདི་དངོས་སུ་བྱུང་བ་ཞིག་ཏུ་མངོན། གཡུ་ཐོག་མགོན་པོའི་ཞལ་ནས་གྲོགས་མཆེད་གཞན་གྱིས་མ་མཐོང་བར་ཟིན་བྲིས་ཐོབས་ཞེས་པ་ནི། ཁོང་གིས་རྩོམ་སྒྲིག་གནང་ཟིན་པའི་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་སོགས་ཡིག་ཆ་དེ་རྣམས་ཕྱོགས་སྒྲིག་ཆོག་པའི་ཞལ་བཞེས་སུམ་སྟོན་ལ་ཐོབ་ཡོད་པ་ལྟ་བུ་ཞིག་ཏུ་མཐོང་བ་ལས་གཡུ་ཐོག་མགོན་པོའི་སྐུ་ཚེ་སྟོད་སྨད་ཀྱི་སློབ་མ་ཀུན་དང་། སྲས་གཉིས། མག་པ་གཉིས་སོགས། སུ་ལའང་མ་རགས་པར་བཤད་པ་ནི་འུད་ཤོབ་ཅུང་ཟད་གནང་བ་ཙམ་དུ་ཟད། ད་དུང་འདི་དག་གི་སྐོར་ལ་བཤད་ཚུལ་སྣ་ཚོགས་ཡོད་རུང་ཡིག་ཚོགས་ལ་འཇིགས་ནས་མ་བཀོད། མདོ་དྲི་མེད་གཟི་བརྗིད་ནང་དུ་གསལ་བ་ལྟར་ན། གནའ་དུས་སྲིད་པ་ཡེ་སྨོན་རྒྱལ་པོས་ཕྱི་རབས་ཚ་རྒྱུད་རྣམས་ཀྱི་ཆེད་དུ་ཕ་ནོར་འཇོག་པའི་བསམ་བློ་གཏོང་སྐབས་རིན་པོ་ཆེ་གསེར་དངུལ་སོགས་བཞག་ནའང་འཕེལ་རྒྱུ་མེད་པས་ཡུན་རིང་ལ་ཕན་མི་ཐོགས། དེས་ན་འཕེལ་ཁ་ཆེ་བའི་སྲོག་ཆགས་གཡང་མོ་ལུག་བཞག་པར་བཤད་པ་52དང་། བོད་བཙན་པོའི་སྐབས་སུ་གསེར་གཡུ་རྟ་ཁྲབ་སོགས་ཕངས་མེད་ཀྱིས་བཏང་ནས་ཤེས་རིག་མང་པོ་ནང་འདྲེན་བྱས་པ་རྣམས་བསམ་བློ་དང་རིན་ཐང་གི་ལྟ་ཚུལ་གཅིག་མཚུངས་རེད།

བཟའ་བཏུང་ལོ་རྒྱུས་ཀྱི་མི་སྣ་འཇམ་དབྱངས་མགོན་པོ།

ཁོང་ནི་རབ་བྱུང་བཞི་པ་ས་ཕོ་འབྲུག་གི་སྤྱི་ལོ་༡༢༠༨ལོར་ཡུལ་མྱང་སྟོད་དུ་སྐྱེས།

ཁོང་གི་གསུང་རྩོམ་ལ། མདོ་སྔགས་རྒྱུད་སྡེའི་འགྲེལ་བཤད་དང་སྨན་རྩིས་སོགས་མང་པོ་ཡོད་པ་རྣམས་ནི་ད་སྐབས་འདིར་བརྗོད་བྱ་གཙོ་བོ་མིན་པས་ཟུར་དུ་གསལ།

འདིར་ངོ་སྤྲོད་བྱ་རྒྱུ་གཙོ་བོ་ནི་ཁོང་གི་གསུང་འབུམ་དཀར་ཆག་གི་ས་བཅད་ལྟར་ན། ཕྲན་ཚེག་གི་བསྟན་བཅོས་དང་། བཟོའི་བསྟན་བཅོས། འདོད་ཡོན་ཟས་ཀྱི་སྦྱར་ཐབས་ཞེས་པའི་ས་བཅད་གསུམ་གྱི་ནང་དོན་མདོར་བསྡུས་ཙམ་ཞིག་ངོ་སྤྲོད་ཞུ་རྒྱུ་ཡིན།

ཕྲན་ཚེག་གི་བསྟན་བཅོས་སྐོར་ལ། དུང་དཀར་བརྟག་པ། ཐོད་པ་བརྟག་པ། བསེ་རུ་བརྟག་པ། དཀར་ཡོལ་བརྟག་པ། ཇ་སིགས་བརྟག་པ། གསེར་བྲེ་དངུལ་བྲེ་བརྟག་པ་དང་། རག་དུང་འབུད་པའི་བསྟན་བཅོས། དུང་དཀར་འབུད་པའི་བསྟན་བཅོས། ཆ་ལང་དཀྲོལ་བའི་བསྟན་བཅོས། གཎྜི་དང་རྔ་བོ་ཆེ་བརྡུང་བའི་བསྟན་བཅོས། པི་ཝང་དང་གླིང་བུ་སྒྱུར་བའི་བསྟན་བཅོས། གར་དང་སྟངས་ཐབས་དང་ལུས་ཀྱི་འཁྲུལ་འཁོར་གྱི་བསྟན་བཅོས་བཅས་ཡོད་དོ། །

བཟོའི་བསྟན་བཅོས་ལ། ལྷའི་ཐིག་ཚད། མཚོན་དང་པིར་གྱི་བྱ་ཐབས། ཡི་གེ་དང་སྨྱུག་གུའི་བྱ་ཐབས། བཟོའི་བསྟན་བཅོས་བདེ་གཤེགས་འཕྲུལ་གྱི་དྲ་བ་ཞེས་བྱ་བ། མཆོད་རྟེན་དང་། འབུམ་པ། ལྷ་ཁང་། གདུང་ཁང་། ཁང་བཟང་། མེ་སྒྱོགས། ཆུ་སྒྱོགས། ས་མདའ། རལ་གྲིའི་འཕྲུལ་འཁོར། རང་ཐག་རྐང་པས་སྐོར་བ། ཇ་འཕྲུལ་འཁོར་གྱིས་སྡུད་པ། གསེར་བཟོ། དཀར་ཡོལ་གྱི་བཟོ། དར་ཚོན་དང་གོས་ཆེན་རི་མོ་ཅན་འཐག་ཐབས། འཕན་དར། ཁྲིའུ། སྣམ་སྦྱར། གུར་དཀར་འཚེམ་པའི་བསྟན་བཅོས་སོགས་བརྩམས།

བཟོའི་ཕྲན་ཚེགས་ལ། པྲ་རྩི་བཟོ་ཐབས། ས་རྫ་བཟོ་ཐབས། ཏ་རྫ་བྱ་ཐབས། ལ་ཐང་ཁང་པའི་ཞལ་བ་བྱ་ཐབས། རྒྱ་ཐབ་མགོ་བོ་བཞི་བཅུ་ཞེ་བཞི་མ་བཅའ་ཐབས། སྒོ་ལྕགས་གསེབ་ཏུ་གཞན་གྱིས་མི་ཕྱེད་པའི་འཕྲུལ་འཁོར་མི་འདྲ་བ་དང་། ཡོ་ག་འཕྲུལ་འཁོར་གྱིས་ཡོག་ཐབས་སོགས་མང་པོ་བརྩམས།

འདོད་ཡོན་ཟས་ཀྱི་སྦྱར་ཐབས་ལ། ཇ་ལྷབ་བསྐོལ་ནས་བུ་རམ་སྒོར་ཐབས་སོགས་ཟས་སྦྱོར་གཡོས་ཀྱི་བསྟན་བཅོས་བརྒྱ་དང་ཉི་ཤུ་བརྩམས་ཞེས་རང་རྣམ་ལས་གསལ།

བུར་ཇ་འདི་བོད་ཡུལ་དུ་ཐོག་མར་དར་བའི་དུས་ཚོད་ནམ་ཡིན་ཁ་གསལ་མ་རྙེད་ཀྱང་། ད་ལྟའི་དཔྱད་གཞི་ལྟར་ན་ལོ་དགུ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད། འདི་ནི་ཚད་མཐོའི་ཇ་མངར་མོ་ཞིག་ཡིན་ལ། རྒྱུ་ཆ་དང་བཟོ་རྩལ་གཉིས་ཀའི་ངོས་ནས་བལྟས་ན། བོད་ཡུལ་རང་ནས་གསར་གཏོད་བྱུང་བ་ཞིག་ལས། ས་བབ་དམའ་སའི་ཡུལ་ལུང་དུ་འདི་འདྲ་ཞིག་འཐུང་སྲོལ་མེད་ཚོད་རེད། ད་ལྟའི་ཆར་དབུས་གཙང་གཙོ་བོར་གྱུར་པའི་བོད་ཡུལ་དུ་བོད་ཇ་མངར་མོ་འཐུང་སྲོལ་ཞིག་ཡོད་རུང་། དེ་ནི་དམངས་ཁྲོད་བཤད་རྒྱུན་ལྟར་ན་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་ཁ་ཆེ་ནས་བོད་དུ་དར་བར་བཤད་ཀྱིན་ཡོད་པ་དེ་བདེན་ཤས་ཆེ་སྙམ། ཇ་འདི་གཉིས་མངར་མོ་ཡིན་པ་འདྲ་ནའང་། རྒྱུ་ཆ་དང་ལག་རྩལ་བར་ལ་ཁྱད་པར་ཆེན་པོ་ཡོད། ད་ལྟའི་དཔྱད་གཞི་ལྟར་ན་བུར་ཇ་བཟོ་ཚུལ་ཡིག་ཐོག་ཏུ་འབྲི་མི་ཐོག་མ་དེ་འཇམ་དབྱངས་མགོན་པོ་ཡིན་ནམ་སྙམ།

འཇམ་དབྱངས་མགོན་པོའི་རྣམ་ཐར་ལ་བྲིས་མ་མི་འདྲ་བ་གཉིས་ལག་སོན་བྱུང་བ་ལས། གཅིག་གི་ནང་དུ་ཟས་སྦྱོར་གཡོས་ཀྱི་བསྟན་བཅོས་བརྒྱ་དང་ཉི་ཤུ་བརྩམས་ཞེས་གསལ་བ་དང་། ཡང་གཅིག་ཤོས་སུ་ཟས་སྦྱོར་གཡོས་ཀྱི་བསྟན་བཅོས་ཉི་ཤུ་བརྩམས་ཞེས་གསལ་བ་གཉིས། དོན་དངོས་གང་ཡིན་བཤད་མ་ཐུབ་པ་ནི་ཁོང་གི་གསུང་རྩོམ་དེ་ཚོ་ད་ལྟ་མཇལ་རྒྱུ་མེད་པས་རེད།

དཔལ་ཡོན་ལྡན་པའི་མིའི་སྤྱི་ཚོགས་སུ་མི་ན་བར་གནས་ཤིང་ན་བ་གསོ་བར་བྱེད་པའི་རིག་གནས་ལ་ཟས་སྨན་གཉིས་ཡོད་པ་ལས། ཐོག་མར་གསོ་བ་ཟས་ཀྱི་ཕན་གནོད་ཀྱི་ཉམས་མྱོང་དང་རིག་པ་ལས། གསོ་བ་སྨན་གྱི་རིག་པ་རྙེད་ནས་རིམ་གྱིས་འཕེལ་རྒྱས་ཕྱིན་ཞིང་། བོད་ལ་མཚོན་ན་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་ཟས་ཀྱི་ཕན་གནོད་ཀྱི་ཉམས་མྱོང་དང་རིག་པ་ལས་གསོ་བ་སྨན་དབུ་བརྙེས། དེ་ནས་རིམ་གྱིས་གསོ་བ་ཟས་སྨན་དང་འབྲེལ་བའི་རིག་གཞུང་འཕེལ་རྒྱས་སུ་ཕྱིན་ཏེ། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་སྨད་དང་བཅུ་གསུམ་པའི་སྟོད་ཙམ་ལ། གཡུ་ཐོག་མགོན་པོས་གསོ་བ་ཟས་སྨན་གཉིས་ཀྱི་གཞི་རུ་གྱུར་པ་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ལས། བཤད་པའི་རྒྱུད་རྩོམ་སྒྲིག་གནང་བའི་དུས་དང་། འཇམ་དབྱངས་མགོན་པོས་ཟས་སྦྱོར་གཡོས་ཀྱི་བསྟན་བཅོས་བརྒྱ་དང་ཉི་ཤུ་བརྩམས་པའི་དུས་ཚོད་གཉིས་བར་ཐག་མི་རིང་བ་དང་། སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་ད་ལྟའི་རྒྱུད་བཞིར་གྲགས་པ་གསོ་བ་ཟས་སྨན་གྱི་རིག་གཞུང་ཕྱོགས་གཅིག་ཏུ་སྒྲིག་པའི་སྐབས་དང་། འཇམ་དབྱངས་མགོན་པོས་ཟས་སྦྱོར་གཡོས་ཀྱི་བསྟན་བཅོས་བརྒྱ་དང་ཉི་ཤུ་བརྩམས་པ་གཉིས་དུས་ཚོད་གཅིག་ཏུ་ཁེལ་ཡོད། གནའ་དུས་ལོ་ཙཱ་བ་དང་། མཁས་གྲུབ་དུ་མས་གསོ་བ་ཟས་ཀྱི་སྐོར་ལ་ཧ་ཅང་དོ་སྣང་གནང་ཚུལ་གསལ་ན་ཡང་། ཕྱིས་སུ་ཚེ་སྲོག་བདེ་ཐང་གི་གཞི་རྩར་གྱུར་པའི་བཟའ་བཏུང་ནི་རིག་གནས་ཀྱི་གྲལ་དུའང་བརྩི་མི་ཤེས་པ་བྱུང་ཡོད་དོ། །

སྔོན་མོ་ནས་ཀྱི་ལོ་རྒྱུས། 

འབྲུ་རིགས་ཀུན་གྱི་ཐོག་མའང་ནས་ཡིན་པར་བཤད་དེ། མདོ་དྲི་མེད་གཟི་བརྗིད་ལས། འབྲུ་ཀུན་ལས་སྔ་བ་ནས་སུ་བྱུང་། །ལུག་དང་ནས་གཉིས་མཐུན་བསྡེབ་པས། །ལུག་ལས་འབྱུང་བཞིན་གྱི་གཏམ་དཔེ་དང་། །སྔོན་མོ་ནས་ཀྱི་སྨྲང་མ་སྲིད། །53ཅེས་དང་། ཡང་། མགོན་པོ་དགྲ་བླ་བཅུ་གསུམ་གྱི་འབྲུ་ནས་རབས་ལས། ཀྱེ་དང་པོ་ལྷ་ཡི་ཡུལ་དུ་ཅི་མཆིས་ན། །ནས་མཆོག་སྔོན་མོ་འབྲུ་བདུན་མཆིས། །ནས་འབྲུ་སྲིད་པ་གང་དུ་སྲིད། །ནས་ཀྱི་མེས་པོ་བ། །གནམ་གྱི་ཞོད་ཆུང་བཞེས། །ནས་ཀྱི་ཕྱི་མོ་བ། །ས་ཡི་བལ་ཆེན་བལ་དུ་འབེབ། །ནས་ཀྱི་ཕ་ནི་སྲིན་ཆེན་ཕྱུག་མོ་ཡིན། །ནས་ཀྱི་མ་ནི་ས་ཡི་ཀྱི་ལེ་མ། །དེ་གཉིས་འཚོགས་པའི་སྲས་པོ་ནི། །ནས་ཀྱི་སྤུན་མཆེད་སྔོན་མོ་འབྲུ་བདུན་སྲིད། །དཀར་མོ་བཞིན་བཟང་དེ་དང་གཅིག །ནག་མོ་འཕེལ་ཆེན་དེ་དང་གཉིས། །སྔོན་མོ་འབྲུ་ཆེན་དེ་དང་གསུམ། །དམར་མོ་འབྲུ་ཆེན་དེ་དང་བཞི། །སོ་བ་བལ་ཆེན་དེ་དང་ལྔ། །གསེར་ནས་སེར་པོ་དེ་དང་དྲུག །མཆོད་ནས་སྔོན་པོ་དེ་དང་བདུན། །དེ་ལ་སོགས་པའི་འབྲུ་སྣ་ནི། །འབྱུང་བ་ལྔ་ཡི་བྱེད་དུ་སྨན། །རིན་ཆེན་འབྲུ་མཆོག་སྣ་ཚོགས་འདི། །ལྷ་གཞི་དཀྱིལ་འཁོར་སྟེང་དུ་བླུགས། །ནས་ཀྱི་ཚོམ་བུ་གཅལ་དུ་བཀྲམ། །ལྷ་ཚོགས་རྣམས་ལ་ཡོན་དུ་འབུལ། །དེ་ལས་བྱུང་བའི་བསོད་ནམས་ཀྱིས། །བདག་དང་ཡོན་བདག་འཁོར་བཅས་རྣམས། །མི་གྲངས་ནས་ལྟར་འཕེལ་བར་མཛོད། །མི་འབྲུ་གསེར་བས་བཟང་བར་མཛོད། །མི་དཔུང་དགུང་བས་མཐོ་བར་མཛོད། །མི་གཞི་ས་བས་སྤུངས་བར་མཛོད། །མི་སྲོག་ལྕགས་བས་སྲ་བར་མཛོད། །མི་མཐའ་ཆུ་བས་རིང་བར་མཛོད། །བསོད་ནམས་ལྷོ་སྤྲིན་བཞིན་དུ་ཕྱུག་པར་མཛོད། །བཀྲ་ཤིས་བདེ་ལེགས་ཕུན་སུམས་ཚོགས་པར་ཤོག །54ཅེས་སོགས་ཧ་ཅང་མང་།

མདོར་བསྡུ་བ།

དེ་ལྟར་མདོ་དབུས་མཐོ་སྒང་གི་ཡུལ་འདིར་མི་ལོ་ཁྲི་ཉི་ཤུ་ཙམ་གྱི་རིང་ལ་རང་བྱུང་ཁམས་ལས་འཚོ་ཐབས་ཀྱི་འབད་བརྩོན་བྱས་པ་བརྒྱུད།  ཉེ་བའི་མི་ལོ་སྟོང་ཕྲག་ཙམ་ནས་བོད་ཀྱི་བཟའ་བཏུང་ནི་གསོ་བ་རིག་པའི་རིག་གཞུང་གི་རྨང་གཞི་ཅན་ཞིག་རིམ་གྱིས་གྲུབ་ནས་འཕེལ་རྒྱས་ཕྱིན་ཏེ།  ད་ལྟའི་ཆར་གཅིག་ནས་བོད་ཀྱི་བཟའ་བཏུང་རིག་གཞུང་ལ་མི་ན་བར་གནས་པར་བྱེད་པའི་རིག་གཞུང་མ་ལག་དང་ལྡན་པ་ཞིག་དང་།  གཉིས་ནས་མདོ་དབུས་མཐོ་སྒང་དུ་ས་

གཙང་། ཆུ་གཙང་། མཁའ་རླུང་གཙང་མ་ལས་ཐོན་པའི་སྔོ་ལྗང་ཅན་གྱི་བཟའ་བཏུང་གི་རྒྱུ་ཆ་ལྷད་མེད་ཅིག་ཡོད་པ།   གསུམ་ནས་ཁྲོམ་རའི་དཔལ་འབྱོར་གྱི་དར་སྲོལ་ཧ་ཅང་ཆེ་བའི་སྐབས་འདིར་གོ་སྐབས་དམ་འཛིན་ཤེས་ན། རང་ངོས་ནས་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ཆེན་རྙེད་ཐུབ་པ་དང་ཆབས་ཅིག་མི་རིགས་རིག་གནས་རྒྱུན་འཛིན་ཐུབ་པ་བརྒྱུད། སྤྱི་ཚོགས་ལ་ལྷད་མེད་བདེ་ཐང་ལྡན་པའི་བཟའ་བཏུང་ཞབས་ཞུའི་ལེགས་སྐྱེས་འབུལ་ཐུབ་པ་དེ་རེད། ད་ལྟའི་ཆར་སྤྱི་ཚོགས་རྒྱུན་མ་ཆད་པར་ཡར་རྒྱས་འགྲོ་བའི་བརྒྱུད་རིམ་ནང་ཟས་སྤྱོད་གཉིས་ལ་བརྟེན་ནས། མི་ན་བར་བདེ་ཐང་དུ་གནས་པའི་རིག་གནས་ཀྱི་རིན་ཐང་ཇེ་ཆེར་འགྲོ་བཞིན་ཡོད་པ་སོགས་ཀྱིས་གོ་སྐབས་ཧ་ཅང་ཡག་པོ་ཞིག་ཡོད།     ཡིན་ནའང་གོ་སྐབས་དང་མཐུན་རྐྱེན་ག་ཚོད་འཛོམས་པོ་ཡོད་རུང་རང་ཉིད་ཀྱིས་མ་ཤེས་པར། འབད་བརྩོན་དང་གཅེས་སྤྲས་མ་བྱས་ན་དབུལ་པོའི་ཁྱིམ་དུ་གཏེར་ཁ་ཡོད་པ་མ་ཤེས་པ་ལྟ་བུ་ཞིག་རེད།  །

མཐོ་སྒང་བོད་ཀྱི་བཟའ་བཏུང་རིག་གནས་ཞིབ་འཇུག་པ་མགོན་སེང་ཀརྨ་བདེ་ལེགས་ཀྱིས་སྤྱི་ལོ་༢༠༢༥་ཟླ་༤པའི་ཚེས་༢༤ཉིན་ལའོ། །

དཔྱད་གཞིའི་ཡིག་ཆ། 

1 ཁྱུང་པོ་བློ་ལྡན་སྙིང་པོས་བསྡུ་བསྒྲིགས་བྱས། པོད་༦པ། ཤོག་ངོས། ༥༥༩ ཕྲེང་༦ནས་གསལ། གློག་རྡུལ་དཔེ་ཆ།

2  ཁྱུང་པོ་བློ་ལྡན་སྙིང་པོས་བསྡུ་བསྒྲིགས་བྱས། པོད་༦པ། ཤོག་ངོས། ༥༦༠ཕྲེང་༡ནས་གསལ། གློག་རྡུལ་དཔེ་ཆ།

3 སྒྲིག་རྩོམ་པ། འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། ལེའུ་དང་པོ། ཤོག་ངོས་༤༥ཕྲེང་༡༦ནས་གསལ། སྲོང་བཙན་དཔེ་མཛོད་ཁང་། གློག་རྡུལ་དཔེ་ཆ།

4 དབའ་བཞེད་ཀྱི་ཤོག་ངོས་༡༣༢ཕྲེང་༡༢ནས་གསལ། གངས་ཅན་རིག་མཛོད། པོད་༥༦། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

5  དགེ་འདུན་ཆོས་འཕེལ་གྱིས་བརྩམས། དེབ་ཐེར་དཀར་པོ། ཤོག་ངོས་༤༤ཕྲེང་༧ནས་གསལ། མི་རིགས་དཔེ་སྐྲུན་ཁང་།

6 དགེ་འདུན་ཆོས་འཕེལ་གྱིས་བརྩམས། དེབ་ཐེར་དཀར་པོ། ཤོག་ངོས་༤༤ཕྲེང་༡༡ནས་གསལ། མི་རིགས་དཔེ་སྐྲུན་ཁང་།

7  དགེ་འདུན་ཆོས་འཕེལ་གྱིས་བརྩམས། དེབ་ཐེར་དཀར་པོ། ཤོག་ངོས་༤༤ཕྲེང་༡༢ནས་གསལ། མི་རིགས་དཔེ་སྐྲུན་ཁང་།

8 དགེ་འདུན་ཆོས་འཕེལ་གྱིས་བརྩམས། དེབ་ཐེར་དཀར་པོ། ཤོག་ངོས་༤༤ཕྲེང་༡༥ནས་གསལ། མི་རིགས་དཔེ་སྐྲུན་ཁང་།

9 རྒྱལ་པོ་སྲོང་བཙན་སྒམ་པོས་བརྩམས། ཤོག་ངོས་༡༥༧ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཤིང་པར་མ། དཔེ་རྙིང་བྲིས་མ། ཤོག་ངོས་༤༩རྒྱབ་ངོས་ནས་གསལ།

10  བོད་ཁམས་ཆོས་རྒྱལ་ཇི་ལྟར་བྱོན་ཚུལ་སྐབས། ཤོག་ངོས་༨༩ཕྲེང་༨ནས་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

11 དཔེ་རྙིང་ཤོག་དྲིལ་༡༠པའི་ཕྲེང་༢-༧བར་གསལ།

12 དམག་དོན་དཔེ་རྙིང་ཤོག་དྲིལ་༡༡པའི་ཕྲེང་༡༣ནས་གསལ།

13 དཔེ་རྙིང་ཤོག་དྲིལ་༡༠པའི་ཕྲེང་༧ནང་གསལ།

14  རྒྱལ་པོའི་ཐུགས་དམ་ཇི་ལྟར་བཞེངས་ཚུལ་སྐབས། ཤོག་ངོས་༡༠༩ཕྲེང་༤ནས་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

15 སྦ་གསལ་སྣང་གིས་བརྩམས་པར་གྲགས། ཤོག་ངོས་༡༢༣ཕྲེང་༡༣ནས་གསལ།

16  རྒྱལ་པོའི་ཐུགས་དམ་ཇི་ལྟར་བཞེངས་ཚུལ་སྐབས། ཤོག་ངོས་༡༠༧ཕྲེང་༢༡ནས་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

17 མ་འོངས་རྒྱལ་རྒྱུད་ནོར་སྐལ་ཇི་ལྟར་སྦས་ཚུལ་གྱི་སྐབས། ཤོག་ངོས་༡༤༢ཕྲེང་༤ནས་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

18 མ་འོངས་རྒྱལ་རྒྱུད་ནོར་སྐལ་ཇི་ལྟར་སྦས་ཚུལ་གྱི་སྐབས། ཤོག་ངོས་༡༤༢ཕྲེང་༧ནས་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

19  མ་འོངས་རྒྱལ་རྒྱུད་ནོར་སྐལ་ཇི་ལྟར་སྦས་ཚུལ་གྱི་སྐབས། ཤོག་ངོས་༡༤༠ཕྲེང་༢༡ནས་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

20 འཇམ་དབྱངས་མགོན་པོའི་ཕྱིའི་རྣམ་པ་ཐར་བཞུགས་པ་ལགས་སོ། །དགེ་ལེགས་དང་ལྡན། ཤོག་ངོས་༡༧ཕྲེང་༧ནས་གསལ། དཔེ་རྙིང་ལག་བྲིས།

21 འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་བརྩམས། དཔེ་རྙིང་ལག་བྲིས་ཤོག་ངོས་༢༨པའི་རྒྱབ་ངོས་ཕྲེང་༥ནས་གསལ།

22  དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། ཤོག་ངོས་༨༤ནང་གསལ། མི་རིགས་དཔེ་སྐྲུན་ཁང་། རབ་བྱུང་བརྒྱད་པའི་ཤིང་བྱི་ཕྱི་ལོ་23 ༡༥༠༤ལོར་ལྷ་ས་སྙེ་ཐང་ལ་འཁྲུངས། དགུང་ལོ་རེ་གསུམ་པ་རབ་བྱུང་དགུ་པའི་མེ་སྟག་ཕྱི་ལོ་༡༥༦༦ལོར་སྐུ་གཤེགས།

23 ངག་རྒྱུན་བཤད་མི། གཅོད་པ་ཨ་རྒྱལ་སོགས།

24 སྡེ་སྲིད་སངས་རྒྱས་རྒྱལ་མཚོས་བརྩམས། གསོ་རིག་སྨན་གྱི་ཁོག་དབུབ། ཤོག་ངོས་༡༥༤མི་རིགས་དཔེ་སྐྲུན་ཁང་། ཟུར་མཁར་བློ་གྲོས་རྒྱལ་པོའི་ཤེས་བྱ་སྤྱི་ཡི་ཁོག་དབུབ་དཔེ་རྙིང་བྲིས་མ་ལྡེབ་༡༣༣རྒྱབ་ངོས་ཕྲེང་༥རུ་གསལ།

25 དཔེ་རྙིང་མན་ངག་རྒྱུད་ཀྱི་མཇུག་ཏུ་བེེ་རོ་ཙ་ནས་གཡུ་ཐོག་མགོན་པོ་ལ་བརྒྱུད་པར་གསལ།

26 ཀརྨ་པ་རང་བྱུང་རྡོ་རྗེས་བརྩམས། པོད། (ཨ།) སྨན་མིང་རྒྱ་མཚོ། ཤོག་ངོས་༥༠༡ཕྲེང་༧ནང་གསལ།དཔལ་རྩེགས་བོད་ཡིག་ དཔེ་རྙིང་ཞིབ་འཇུག་ཁང་། མེས་པོའི་ཤུལ་བཞག་པོད་༢ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་།

27 ངག་རྒྱུན་བཤད་མི། རྦ་ཤ་ཚེ་རིང་རྣམ་རྒྱལ།

28 ངག་རྒྱུན་བཤད་མི། འབྲོང་བཟའ་བསོད་ནམས་གཡང་འཛོམས།

29 དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་དེབ་ཐེར་དཀར་པོའི་ཤོག་ངོས་༤༤ཕྲེང་༡༣དུ་དྲངས། མི་རིགས་དཔེ་སྐྲུན་ཁང་།

30 དགེ་འདུན་ཆོས་འཕེལ་གྱིས་བརྩམས། རྒྱལ་རབ་དེབ་ཐེར་དཀར་པོ། ཤོག་ངོས་༤༤ཕྲེང་༡༥ནས་གསལ། མི་རིགས་དཔེ་སྐྲུན་ཁང་།

31 ཁྱུང་པོ་བློ་ལྡན་སྙིང་པོས་བསྡུ་བསྒྲིགས་བྱས། མདོ་དྲི་མེད་གཟི་བརྗིད། པོད་༦པའི་ཤོག་ངོས་༥༥༩ ཕྲེང་༦ནས་གསལ། ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཤིང་པར་མ།

32  ཁྱུང་པོ་བློ་ལྡན་སྙིང་པོས་བསྡུ་བསྒྲིགས་བྱས། མདོ་དྲི་མེད་གཟི་བརྗིད། པོད་༦པའི་ཤོག་ངོས་༥༦༠ ཕྲེང་༣ནས་གསལ། ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཤིང་པར་མ།

33 དཔེ་རྙིང་ལག་བྲིས་མ། མཛད་པ་པོ་དང་། ཤོག་ངོས་ཀྱི་གྲངས་མི་གསལ།

34 ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ། ཤོག་ངོས་༢༥༨ཕྲེང་༤ནས་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

35  བོན་གྱི་གནའ་རབས་ཡིག་ཆ་ཕྱོགས་བསྒྲིགས། ཚངས་པ་ལྷ་ཡི་ཡོ་བཅོས་རྒྱས་པ། ཤོག་ངོས་༢༥༨ཕྲེང་༤ནས་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

36 ཤར་རྒྱལ་མོ་ཚ་བ་རོང་སོགས་ལ་ཡོད།

37 ངག་རྒྱུན་འདི། སྤོ་རོང་ཟླ་བ་བསྟན་འཛིན་གྱིས་བཤད།

38 ༢༠༡༨ལོར་ཀྲུང་གོའི་མི་རིགས་ཞིབ་འཇུག་པ་ཀའོ་ཞིན་གྱིས་གནའ་ཤུལ་འདི་རུ་ལོ་ངོ་ཁྲི་༤ནས་༣ཡར་སྔོན་ཡིན་པ་བརྡས་ཐག་བཅད། བོད་ལྗོངས་ནག་ཆུ་ས་ཁུལ་ཤན་རྩྭ་རྫོང་གི་གཞུང་སྨད་ཤང་། ཆ་འཕྲིན་ཡོངས་ཁུངས་མི་དམངས་དྲ་བ།

39 ༢༠༡༩ལོར་ཞ་ཧོ་ཡིས་སྒྲི་ནཱེས་སཱོ་ཝན་རི་ཞིབ་འཇུག་བྱས་པ་དེ་ཨ་རིས་གནའ་རྫས་རྟོག་ཞིབ་དུས་དེབ་ཐོག་འཛམ་གླིང་གི་གསར་རྙེད་ཆེན་མོ་བཅུའི་ཁྲོད་ཀྱི་རྡོ་ཆས་རྙིང་མའི་གནའ་རྫས་རྟོག་ཞིབ་ལ་གདམས། ཞིབ་འཇུག་གི་གྲུབ་འབྲས་༢༠༡༩༥༢རང་བྱུང་དུས་དེབ་Natureཐོག་ཡོངས་བསྒྲགས་བྱས། གནའ་རྫས་ཐོན་ཡུལ་ཀན་སུ་ཞིང་ཆེན་བསང་ཆུ་རྫོང་།

40 ས་གནས་སི་ཁྲོན་ཞིང་ཆེན། སྤོ་འབོར་སྒང་། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་༡༠༠ཟིན་པའི་གཞོག་ཆས་དང་གཏུབ་ཆས་སོགས་ཅི་རིགས་ཡོད་པའི་རྡོ་ཆས་རྙིང་པའི་གནའ་ཤུལ། མཚོ་འཕགས་༣༧༥༠ཟིན་ཡོད། ཆ་འཕྲིན་ཡོང་ཁུངས་ཀྲུང་དབྱངས་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

41 སྤྱི་ལོ་༢༠༢༡ལོར་ས་གནས་དེ་ནས་མིའི་རྐང་རྗེས་དང་ལག་རྗེས་ལ་མི་ལོ་འབུམ་གཉིས་ཡས་མས་ཀྱི་ལོ་རྒྱུས་ཡོད་ཚུལ་བཤད། ཀྲུང་ཀྲིག་སློབ་ཆེན་གྱི་ཁོར་ཡུག་གནའ་རྫས་རྟོག་དཔྱོད་ཆེད་མཁས་པ་དང་རྒྱལ་སྤྱིའི་ཚན་རིག་པ་༡༨ཡིས་ཞིབ་འཇུག་བྱས།

42 བོད་ལྗོངས་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་གོ་ཞུང་རྗེས་ཤུལ་ནས་ད་བར་ལོ་༣༢༠༠ཙམ་ཕྱིན་པའི་ནས་ཀྱི་ཐཱན་འགྱུར་རྫས་ཀྱི་རྗེས་ཤུལ་རྙེད། དེ་ནི་རྡོ་ཆས་གསར་པའི་དུས་མཇུག་གི་ཞིང་ལས་སྐྱེ་དངོས་གནའ་ཤུལ་རྙེད་ཐེངས་དང་པོ་དེ་རེད།

43 བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཁར་རོ་ཆུས་སུ་གནས་པ་དང་ད་བར་ལོ་༥༣༠༠ནས་༣༥༠༠བར་ཡིན་པའི་རྫ་ཆས་ནང་ཁྲེ་དང་། ཕག་རུས། རྡོ་འཕེན་སྤོ་ལོ་བཅས་ཡོད་པ་ཤེས་རྟོགས་བྱུང་ཡོད། རྒྱུ་ཆའི་ཐོན་ཁུངས། རྒྱལ་ཁབ་རིག་དངོས་ཅུས།

44 ༢༠༠༢ ལོར་མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་རུ་ཁག་གིས་དུས་ཡུན་རིང་པོའི་རྟོག་ཞིབ་ཁྲོད། གནའ་རྫས་རྟོག་ཞིབ་པས་མཱེན་ཧུ་རྫོང་ལཱ་ཀྱཱ་སྡེ་བས་རྙེད་པའི་རྗེས་ཤུལ་དེ་ནི་ལོ་༤༠༠༠ལྷག་རིང་གི་འདུས་སྡོད་ཆེ་བའི་ཚོགས་སྤྱི་ཞིག་ཡིན་པ་དང་། རྗེས་ཤུལ་ཁུལ་དུ་གསལ་ཞིང་རྟོགས་སླ་བའི་ཁང་པའི་རྗེས་ཤུལ་ཡོད་པ་མ་ཟད་ད་དུང་འབྲུ་རིགས་ཀྱི་ས་བོན་དང་དེ་བཞིན་དུས་རྒྱུན་དུ་བཀོལ་བའི་ཡོ་བྱད་ཀྱང་རྙེད་ཡོད་པ་ཤེས་སོ། །

45 བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཁར་རོ་ཆུས་སུ་གནས་པ་དང་ད་བར་ལོ་༥༣༠༠ནས་༣༥༠༠བར་ཡིན་པའི་རྫ་ཆས་བྱེ་མ་དང་ལག་བཟོས་རྫ་ཆས་གཙོ་བོ་ཡིན་པ་དང་། རྫ་སྣོད་དང་། གཞོང་པ། དཀར་ཡོལ་སོགས་རྩ་བའི་ཆ་ནས་སྡེབ་སྒྲིག་བྱས་ཡོད་ལ། རྡོ་ཆས་ལ། བརྡར་བཟོས་རྡོ་ཆས་སོགས་ཡོད་དོ། །

46  ལྷ་ས་ཆོས་གོང་གནའ་ཤུལ་དེ་གྲོང་ཁུལ་དང་བར་ཐག་སྤྱི་ལེ་༥ཙམ་ཡོད་པའི་ལྷ་ས་སྐྱིད་ཆུའི་ངོགས་སུ་ཆགས་ཡོད། རྫ་ཆས་འབོར་ཆེན་ས་འོག་ནས་ཐོན་ཏེ་རྫ་ཆས་ཚང་མ་ལག་ཏུ་བཟུང་ཡོད། རྫ་མདོག་ནི་ཐལ་མདོག་གཙོ་བོ་ཡིན་པ་དང་། དེ་ནས་ཕྱི་ངོས་ལ་བརྡར་བའི་ནག་པོའམ་རྫ་དམར་ཡིན། རི་མོ་ནི་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། རི་མོ་ནི་གཙོ་བོ་ཡིན་པ་དང་། ད་དུང་སྙུང་བུའི་རི་མོ་དང་། སོག་ལེའི་རི་མོ། རྒྱུད་ཀྱི་རི་མོ་སོགས་ཀྱང་ཡོད། སྐབས་དེ་དུས་མཚོ་བོད་ས་མཐོའི་མེས་པོ་རྣམས་ཟངས་ཀྱི་དུས་རབས་སུ་སླེབས་པ་དང་། ད་བར་ལོ་༤༠༠༠ནས་༥༠༠༠བར་ཡིན་པ་མཚོན་གྱིན་ཡོད།

47 ༡༩༩༥ ལོའི་ཟླ་༥པར་གནའ་རྫས་རྟོག་ཞིབ་ལས་རིགས་ཀྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཀྲོའུ་འབའ་རྫོང་གི་རྫོང་གནའ་ཤུལ་ནས་རྡོ་ཐལ་དོང་ཨང་༡༤པ་རྙེད་ཅིང་། གནའ་རྫས་རྟོག་ཞིབ་བྱས་པ་བརྒྱུད། ས་དོང་ནས་རྫ་ལེབ་མང་པོ་ཞིག་རྙེད་ཡོད་པ་མ་ཟད། གནའ་རྫས་རྟོག་ཞིབ་པས་སྔོག་འཚོལ་བྱེད་སྐབས་རུས་པའི་ཁ་དབྲག་དང་། རུས་གྲི། རུས་སྐྱོགས་སོགས་རུས་ཆས་རྙེད་ཅིང་། དེ་ནི་ལོ་༥༠༠༠ལྷག་ཙམ་གོང་ནས་གསར་གཏོད་བྱས་པའི་གདོད་མའི་སྤྱི་ཚོགས་ཀྱི་བཟའ་བཏུང་ཡོ་བྱད་ཅིག་ཡིན།

48 ཧོ་ལྦུའུ་སོགས་ཀྱིས་བརྩམས། གནའ་རྫས་རྟོག་ཞིབ་ཤེས་རྟོགས་དང་བོད་ཀྱི་ཤེས་དཔལ་ལོ་རྒྱུས། བམ་པོ་དང་པོ། ཡི་གེ་མ་བྱུང་གོང་གི་དུས་རབས་ནང་གསལ། ཚན་རིག་དཔེ་སྐྲུན་ཁང་།

49 བེེ་རོ་ཙ་ན་དང་གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་གནང་། ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཤིང་པར་མ།

50 བེེ་རོ་ཙ་ན་དང་གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་གནང་། ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཤིང་པར་མ། ཤོག་ངོས་༣༨ནས་གསལ།

51  འཇམ་དབྱངས་མགོན་པོའི་ཕྱིའི་རྣམ་ཐར་བཞུགས་པ་ལགས་སོ། །དགེ་ལེགས་དང་ལྡན། ཤོག་ངོས་༡༧ཕྲེང་༧ནས་གསལ། དཔེ་རྙིང་ལག་བྲིས།

52 ཁྱུང་པོ་བློ་ལྡན་སྙིང་པོས་བསྡུ་བསྒྲིགས་བྱས། པོད་དྲུག་པ། ཤོག་ངོས། ༥༦༠ཕྲེང་༡ནས་གསལ། གློག་རྡུལ་དཔེ་ཆ།

53 མདོ་དྲི་མེད་གཟི་བརྗིད་ཀྱི་པོད་དྲུག་པ། ཤོག་ངོས་༥༥༩ཕྲེང་༥ནས་གསལ། གློག་རྡུལ་ཡིག་ཆ།

54  སློབ་དཔོན་ཆེན་པོ་བེེ་རོ་ཙ་ནས་མཛད། ཤོག་ངོས་༡ཕྲེང་༡ནས་གསལ། དཔེ་རྙིང་ལག་བྲིས་མ།

– – – – –           

Loading