ཨེ་ཤ་ཡའི་དེང་རབས་ཆབ་སྲིད་ལོ་རྒྱུས་ཞིབ་འཇུག་ལ་བསྐྱར་དུ་བསམ་བློ་གཏོང་བ།

0
746

ཨེ་ཤ་ཡའི་[1]དེང་རབས་ཆབ་སྲིད་ལོ་རྒྱུས་ཞིབ་འཇུག་ལ་བསྐྱར་དུ་བསམ་བློ་གཏོང་བ།
Rethinking the Study of Asia’s Modern Political History

ནང་དོན་གནད་བསྡུས།

རྩོམ་ཡིག་འདིར་ཤེས་ཡོན་པའི་སྡེ་དང་སྤྱི་དམངས་གཉིས་ཀྱི་ཁྲོད་དུ། ཡུ་རོབ་ཆབ་སྲིད་ལོ་རྒྱུས་ཀྱིས་དུས་རབས་བར་མའི་[2]ཨེ་ཤ་ཡའི་ལོ་རྒྱུས་ལ་རྒྱས་འགེབས་བྱེད་བཞིན་པའི་གནས་ཚུལ་དང་། གནས་ཚུལ་དེ་ལ་བརྟེན་ནས་ཨེ་ཤ་ཡའི་ལོ་རྒྱུས་ལ་འགྲེལ་ལོག་བརྒྱབ་དང་རྒྱག་བཞིན་ཡོད་མེད། ལྟ་ཚུལ་དེས་དེང་རབས་ཆབ་སྲིད་རིག་པའི་ཁྲོད་དུ་ཤུགས་རྐྱེན་ཅི་ཞིག་ཐེབས་ཡོད་མེད་སོགས་ལས་འཕྲོས་ཏེ། ཨེ་ཤ་ཡ་སྤྱིའི་ལོ་རྒྱུས་ལ་རྒྱས་འགེབས་ཤོར་བཞིན་པའི་རྒྱབ་ལྗོངས་ཀྱི་འཕེལ་རིམ་བཅས་ལ་དཔྱད་པ་བཏང་ཡོད། དེ་དང་འབྲེལ་ནས་ཨེ་ཤ་ཡ་སོགས་ཡུ་རོབ་བམ་ནུབ་ཕྱོགས་མ་ཡིན་པའི་ལོ་རྒྱུས་ཞིབ་འཇུག་ལ་དགོས་ངེས་ཀྱི་རིགས་ལམ་དང་། གྲུབ་མཐའི་རྣམ་གཞག ལྟ་བ། ལག་ལེན་བཅས་ཆ་རྐྱེན་གལ་ཆེ་བ་འགའ་ཡང་མཛུབ་མོས་རི་སྟོན་གྱི་ཚུལ་དུ་བསྡུས་པར་གླེང་ཡོད། རྩོམ་ཡིག་འདིའི་དམིགས་ཡུལ་ནི། ཨེ་ཤ་ཡའི་ས་གནས་ལོ་རྒྱུས་ལ་ཞིབ་མོ་རྣམ་འཐག་གིས་དཔྱད་པ་གནང་མྱོང་མེད་པའི་དེང་རབས་ཞིབ་འཇུག་པ་དང་། དེང་རབས་ཚན་རིག་ཞིབ་འཇུག་ལ་རྒྱུས་མངའ་ཞན་པའི་སྲོལ་རྒྱུན་མཁས་པ་གཉིས་གང་ཡིན་ཡང་། ད་ལྟ་ཨེ་ཤ་ཡའི་ཆབ་སྲིད་ལོ་རྒྱུས་ལ་བསྐྱར་དུ་བསམ་བློ་གཏོང་དགོས་པའི་དྲན་སྐུལ་ཆེད་དུ་ཡིན། གནད་དོན་འདིའི་སྐོར་ལ་གཞུང་ལུགས་དཔང་དུ་བཞག་ནས་གླེང་མཁན་ཞིག ད་བར་དུ་བོད་མིའི་ཁྲོད་དུ་བྱུང་མེད་པར་མངོན།

གནད་ཚིག

རྒྱལ་སྤྱིའི་འབྲེལ་ལམ་རིག་པ། མི་སེར་སྤེལ་བའི་རིང་ལུགས། མི་སེར་སྤེལ་བའི་རིང་ལུགས་ལས་གྲོལ་བ། ཡུ་རོབ་ཅན་དུ་བསྒྱུར་བ། ནུབ་ཕྱོགས་ཅན་དུ་བསྒྱུར་བ། དེང་རབས་ཅན་དུ་བསྒྱུར་བ།

གླེང་གཞི།

ད་ལྟ་འཛམ་གླིང་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་འཛིན་ཆ་ཚང་ཡོད་པའི་རྒྱལ་ཁབ་བརྒྱ་དང་དགུ་བཅུ་གོ་གསུམ་ཡོད། རྒྱལ་ཁབ་དེ་དག་ཚང་མ་ཆེ་ཆུང་དང་། བཙན་གཉོམ། དབུལ་ཕྱུག་ཡོད་མེད་སོགས་ལ་མ་ལྟོས་པར། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཚང་མ་འདྲ་མཉམ་ཡིན་པར་ངོས་འཛིན་བྱེད།[3] དེ་བཞིན་ད་ལྟའི་འཛམ་གླིང་གི་རྒྱལ་ཁབ་ཚང་མར་ཚད་ལྡན་(standard)[4]གྱི་ས་ཁོངས་དང་། ཚད་ལྡན་གྱི་རྒྱལ་མཚམས། ཚད་ལྡན་གྱི་རྒྱལ་འབངས་མི་སེར་བཅས་ཡོད། རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་(International Relations)གཞུང་ལུགས་ངོས་ནས་བཤད་ན། རྒྱལ་ཁབ་ཆེ་ཆུང་སུ་ཞིག་གིས་ཀྱང་ཆོག་མཆན་མེད་པར་རྒྱལ་ཁབ་གཞན་ཞིག་གི་ས་ཁོངས་བརྒལ་བ་དང་། རྒྱལ་ཁབ་དེའི་ནང་སྲིད་ལ་ཐེ་བྱུས་བྱས་ན་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད།[5] འཛམ་གླིང་འདིར་རྒྱལ་ཁབ་སྤྱིའི་བདེ་སྡུག་ལ་ལྟ་རྟོག་བྱེད་མཁན་མཉམ་འབྲེལ་རྒྱལ་ཚོགས་(UN)དང་། བདེན་རྫུན་གྱི་དབྱེ་བ་འབྱེད་མཁན་འཛམ་གླིང་ཆེས་མཐོའི་ཁྲིམས་ཁང་(International Court of Justice)སོགས་ཡོད་པར་མ་ཟད། རྒྱལ་ཁབ་སྤྱི་ཡོངས་ལ་དོ་ཁུར་དང་སྟངས་འཛིན་བྱེད་མཁན་གྱི་ཚོགས་སྡེ་བརྒྱ་ཕྲག་ལས་བརྒལ་བ་ཡོད། ད་ལྟའི་འཛམ་གླིང་འདིར་རང་བཙན་རྒྱལ་ཁབ་ཅིག་གི་ངོས་འཛིན་ཐོབ་པར། ཚད་ལྡན་གྱི་ས་ཁོངས་དང་། རྒྱལ་མཚམས། མི་སེར་སོགས་དགོས་པ་གང་ཞིག་ལ། གཞན་རྒྱལ་ཁབ་གཞན་གྱིས་ཁྲིམས་ཐོག་ནས་ངོས་འཛིན་རྒྱབ་སྐྱོར་འཐོབ་དགོས། འདི་ལྟར་དཀར་ནག་གི་དབྱེ་བ་གསལ་བའི་འཛམ་གླིང་རང་བཞིན་གྱི་རྒྱལ་ཁབ་ཀྱི་མཚན་ཉིད་དང་། ཚད་གཞི་གཏན་ཁེལ་ཡོད་པའི་གཅིག་གྱུར་གྱི་ལམ་ལུགས་འདི་འདྲ་ཞིག་ཇི་ལྟར་བྱུང་བ་ཡིན་ནམ།

འཛམ་གླིང་གི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ཚེ། དུས་རབས་བཅུ་བདུན་པའི་སྔ་རོལ་དུ་ཡུ་རོབ་ཁག་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བ་རྒྱལ་བོའི་ལམ་ལུགས་སུ་གནས་ཡོད་ལ། ལམ་ལུགས་དེ་ལ་གཞི་རྩའི་ཆ་ནས་འཛམ་གླིང་གང་སར་འདྲ་བའི་ཆ་མང་བོ་ཡོད་པ་རེད། རིམ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཆབ་དཔལ་རིག་གསུམ་ལ་འགྱུར་ལྡོག་ཆེན་པོ་ཐེབས། འོན་ཀྱང་ད་ལྟའི་སྒྲིག་གཞི་གཅིག་གྱུར་ཅན་གྱི་འཛམ་གླིང་གི་ཆབ་སྲིད་རྣམ་གཞག་དང་། རྒྱལ་ཁབ་སྤྱི་སྙོམས་དང་ས་མཚམས་གཏན་ཁེལ་ཡོད་པའི་ཁྲིམས་སྲོལ་གྱི་ལྟ་བ་འདི་དག ཕྱི་ལོ་ ༡༩༤༥ ལོའི་ཟླ་བཅུ་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་པའི་རྗེས་སུ་གཞི་ནས་བྱུང་བ་ཡིན་ལ། ད་ལྟའི་འཛམ་གླིང་གི་རྒྱལ་ཁབ་བརྒྱ་ཆ་བཞི་བཅུ་ལྷག འཛམ་གླིང་དམག་ཆེན་དང་པོ་(༡༩༡༤–༡༩༡༨)དང་། དམག་ཆེན་གཉིས་པ་(༡༩༣༩–༡༩༤༥)གཉིས་ཀྱི་སྔ་གཞུག་ཏུ། ད་ལྟའི་ཡོངས་ཁྱབ་སྲིད་ཁྲིམས་ཀྱི་སྒྲིག་གཞི་ཁག་གཞིར་བཟུང་ནས་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་བྱུང་ཡོད། ཡང་ལོ་རྒྱུས་ཀྱི་ཕྱོགས་ངོས་གཞན་ཞིག་ནས་དཔྱད་ན། འཛམ་གླིང་ཆབ་སྲིད་འགྱུར་ལྡོག་གི་བརྒྱུད་རིམ་དེའི་ཁྲོད་དུ། ལོ་རྒྱུས་ལོགས་སུ་ཡོད་པའི་མི་རིགས་མང་བོ་ཞིག་རྒྱལ་ཁབ་གཞན་གྱི་ཆ་ཤས་སུ་གྱུར་ཡོད་ལ། ཡང་ལོ་རྒྱུས་དམིགས་བསལ་མེད་མཁན་གྱི་ཚོགས་སྡེ་མང་བོ་ཞིག་གིས་རྒྱལ་ཁབ་གསར་དུ་བཙུགས་ཐུབ་པའང་བྱུང་ཡོད།

གང་ལྟར་དུས་རབས་ཉི་ཤུ་བའི་ནང་དུ། ཡུ་རོབ་(Europe)བམ་ནུབ་ཕྱོགས་(Western)[6]སྟོབས་ཆེན་རྒྱལ་ཁབ་ཁག་གི་སྣེ་ཁྲིད་འོག་ཏུ། རྒྱལ་ཁབ་དང་སྤྱི་ཚོགས་ཆེ་ཆུང་ཚང་མ་འཛམ་གླིང་སྤྱིའི་ཆབ་སྲིད་ཀྱི་སྒྲིག་ཁོངས་སུ་ཞུགས་པས། ད་ལྟའི་འཛམ་གླིང་གཅིག་གྱུར་རང་བཞིན་གྱི་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་སྒྲོམ་གཞི་གསར་བ་འདི་གྲུབ་པ་རེད། འོན་ཀྱང་། གོ་ལ་གཅིག་གྱུར་གྱི་ཤུགས་རྐྱེན་ཆེ་བའི་དུས་རབས་འདིར། སྤྱིར་བཏང་གི་སྐྱེ་བོ་གང་མང་གི་སྣང་ལ་མ་ངེས་པའི་བློ་ངོར། འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་ཁག་ནི་ཐོག་མ་ཉིད་ནས་འདི་ལྟ་བུའི་གཅིག་གྱུར་གྱི་ཆབ་སྲིད་སྒྲོམ་གཞི་དང་། གཏན་ཁེལ་གྱི་ཁྲིམས་སྲོལ་རྣམ་གཞག་ཅིག་གི་ཁྲོད་དུ་གནས་ཡོད་པའི་ངོས་འཛིན་ནོར་འཁྲུལ་ཅན་འབྱུང་བཞིན་ཡོད།  ནོར་འཁྲུལ་ཅན་གྱི་ལྟ་ཚུལ་འདི་ལ་བརྟེན་ནས། སྤྱི་དམངས་དཀྱུས་མ་རྣམས་ཕར་ཟད་ཐ་ན་ཆེད་ལས་ཞིབ་འཇུག་པ་དག་གིས་ཀྱང་། མཚམས་རེར་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་སྒོ་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འདས་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས། ད་ལྟའི་འཛམ་གླིང་གི་སྲིད་ཁྲིམས་སྒྲོམ་གཞི་དེ། ཡུ་རོབ་མ་ཡིན་པའི་ས་གནས་བྱེ་བྲེག་པ་སོ་སོའི་ལོ་རྒྱུས་དང་ར་མགོ་ལུག་སྦྱར་བྱས་ནས་ཞིབ་འཇུག་བྱེད་བཞིན་ཡོད། ཐེ་བན་གྱི་ཆབ་སྲིད་ཚན་རིག་པ་ཁྲིན་བཀང་ཞེན་(陳光興) ལགས་ཀྱི་ཨེ་ཤ་ཡའི་ཆབ་སྲིད་གཞུང་ལུགས་སྐོར་གྱི་བརྩམས་ཆོས་གྲགས་ཅན། «བཙན་རྒྱལ་ལས་གྲོལ་བའི་ཕྱོགས། ཨེ་ཤ་ཡ་ཐབས་ལམ་རྣམ་བཞག་ཅིག» (去帝國 /亞洲作為方法) ཅེས་པའི་དཔེ་དེབ་ལས། ཨེ་ཤ་ཡར་སོ་སོའི་ཆབ་དཔལ་རིག་གསུམ་དང་འབྲེལ་བའི་ཆབ་སྲིད་རྣམ་བཞག་ཡོད་ཚུལ་ཞིབ་པར་གསུངས་ཡོད།[7] དོན་དངོས་ཐོག་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འདས་པའི་ལོ་རྒྱུས་ནི། ས་གནས་སོ་སོའི་ཆབ་དཔལ་རིག་གསུམ་མི་འདྲ་བ་ལ་བརྟེན་ནས། ཐོག་མ་ནས་གཅིག་གྱུར་དང་གཏན་ཁེལ་རང་བཞིན་ཅན་ཞིག་མིན་པར་བརྟེན། ཡུལ་དུས་གནས་བབ་དང་འཚམ་པའི་ཞིབ་འཇུག་མི་བྱེད་ཐབས་མེད་ཡིན། ལྷག་པར་དུ་ཨེ་ཤ་ཡའི་ཆབ་སྲིད་ལོ་རྒྱུས་ཞིབ་འཇུག་བྱེད་སྐབས། ཨེ་ཤ་ཡ་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཆབ་དཔལ་རིག་གསུམ་རྨང་གཞིར་འཛིན་དགོས་པ་ཡིན།

འཛམ་གླིང་གི་ཆེད་ལས་མི་འདྲ་བའི་མཁས་དབང་༧༤ ཙམ་གྱིས་མི་ལོ་ཧྲིལ་བོ་ལྔ་ལྷག་ལ་མཉམ་འབྲེལ་གྱིས། ཨེ་ཤ་ཡའི་ལོ་རྒྱུས་ཁྲོད་ཀྱི་ཆབ་སྲིད་དང་ཁྲིམས་སྲོལ་སྐོར་ལ་ཞིབ་འཇུག་བྱས་འབྲས་སུ། ཐུན་མོང་གི་བསྡོམས་ཚིག་འདི་ལྟར་བཞག་གནང་ཡོད།

This research has led us to doubt the modernist paradigm that informs the generally shared understanding of the contemporary international system as a world of equal independent states exercising exclusive sovereignty within their borders and engaging in equal relations with each other. Whether that paradigm may usefully be applied to the analysis of states outside Inner and East Asia we leave to other analysts, but in Asia it is a fiction with shallow historical depth.

ཞིབ་འཇུག་འདིས་སྣེ་ཁྲིད་ནས་ངེད་ཚོར་དེང་རབས་(ཆབ་སྲིད་ཀྱི་)དཔེ་མཚོན་སྟེ། སྤྱིའི་ཆ་ནས་ཉེ་རབས་ཀྱི་རྒྱལ་སྤྱིའི་སྒྲོམ་གཞི་ནི། རང་བཙན་རྒྱལ་ཁབ་ཁག་འདྲ་མཉམ་གྱིས་སོ་སོའི་རྒྱལ་མཚམས་ཀྱི་ས་ཁོངས་སུ། སོ་སོ་ཁོ་ནར་རང་བཙན་བདག་དབང་བེད་སྤྱོད་བྱེད་གཞིན་ཡོད་པ་དང་། རྒྱལ་ཁབ་ཁག་ཕན་ཚུན་བར་དུ་འདྲ་མཉམ་གྱིས་འབྲེལ་བ་བྱེད་བཞིན་ཡོད་པའི་(ལྟ་ཚུལ་རྣམ་བཞག་)དེ་ལ་ཐེ་ཚོམ་སྐྱེ་རུ་བཅུག དཔེ་མཚོན་འདི་དབུས་དང་ཨེ་ཤ་ཡ་ཤར་མའི་ཕྱི་ལོགས་སུ་ཞིབ་འཇུག་བྱེད་པར། བེད་སྤྱོད་ཡོད་མེད་ཞིབ་འཇུག་པ་གཞན་དག་ལ་བཞག་ཡོད། འོན་ཀྱང་། ཨེ་ཤ་ཡའི་ནང་དུ། (ལྟ་ཚུལ་རྣམ་བཞག་)དེ་ནི་ལོ་རྒྱུས་གཏིང་ཟབ་མེད་པའི་རྟོག་སྒྲུང་ལྟ་བུ་ཞིག་ལས་མ་འདས།[8]

ཆེད་མཁས་ཐུན་མོང་གི་ཞིབ་འཇུག་གྲུབ་དོན་འདི་ལས། ཡུ་རོབ་ཀྱི་སྲིད་ཁྲིམས་ལོ་རྒྱུས་རྨང་གཞིར་བཟུང་བའི་དེང་རབས་ཀྱི་ཆབ་སྲིད་སྒྲོམ་གཞི་འདིས།  ཨེ་ཤ་ཡའི་ལོ་རྒྱུས་ཞིབ་འཇུག་བྱེད་སྐབས། རྒྱས་འགེབས་དང་ཚབ་མཚོན་བྱེད་མི་རུང་བ་གསལ་བོར་བསྟན་ཡོད་ལ། བསྟན་དོན་འདིའི་ཤུགས་སུ་ཨེ་ཤ་ཡའི་ཆབ་སྲིད་ལོ་རྒྱུས་ཞིབ་འཇུག་བྱེད་པར། ཨེ་ཤ་ཡ་རང་གི་ལོ་རྒྱུས་དང་། ཆོས་ལུགས། རིག་གནས་འདུ་ཤེས་སོགས་རྨང་གཞིར་འཛིན་དགོས་པ་ཡང་གསལ་བོར་མངོན་ཡོད། ཞིབ་འཇུག་གི་གནད་དོན་དེ་མ་ཤེས་པའི་དབང་གིས་ཨེ་ཤ་ཡ་གཙོས་པའི་འཛམ་གླིང་རྒྱལ་ཁབ་མང་བོ་ཞིག་གི་འདས་པའི་ལོ་རྒྱུས་རྙོག་འཛིང་ཅན་དང་ཁ་གསལ་བོ་མེད་པར་མོག་མོག་ཏུ་བསྒྱུར་ཡོད། བོད་རྒྱ་སོག་གསུམ་གྱི་ལོ་རྒྱུས་ལ་རྒྱུན་རིང་ཞིབ་འཇུག་གནང་མཁན་ཆར་སི་བྷེལ་(Charles Bell)ལགས་ཀྱིས། ཆབ་སྲིད་ཐོག་ཨེ་ཤ་ཡའི་མི་རྣམས་ཀྱིས་ཡུ་རོབ་པ་ལྟར་བསམ་བློ་གཏོང་བཞིན་མེད་ཅེས་ངོས་ལེན་གནང་ཡོད་ལ།[9] རྒྱ་ནག་གི་ཆབ་སྲིད་ལྟ་གྲུབ་སྨྲ་བ་ཆེན་ཡའ་ཆེན་(秦亚青)ལགས་ཀྱིས། རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་འབྲེལ་ཡོད་ལྟ་གྲུབ་(国际政治的关系理论)ཅེས་བའི་རྣམ་བཞག་གསར་དུ་བཏོན་ནས། ཨེ་ཤ་ཡའི་སྲིད་ཁྲིམས་ཤེས་རྟོགས་དང་ཞིབ་འཇུག་བྱེད་པར། དེང་རབས་ཀྱི་ཆབ་སྲིད་ལྟ་བའི་སྒྲོམ་གཞི་ལས་བརྒལ་ནས་དཔྱད་པ་གཏོང་དགོས་པའི་སྒྲུབ་བྱེད་བཀོད་ཡོད།[10]

དུས་རབས་ཉི་ཤུ་བའི་སྔ་རོལ་ཏུ་བོད་དང་། སོག་པོ། རྒྱ་ནག མན་ཇུ། ཀོ་རི་ཡ་སོགས་ཨེ་ཤ་ཡའི་མི་སྡེའི་སྤྱི་ཚོགས་ཆེན་པོ་དེ་དག་ལ། དེང་རབས་ཀྱི་ཆབ་སྲིད་དང་ཁྲིམས་སྲོལ་གྱི་སྒྲོམ་གཞི་ཙམ་གཞིར་བཟུང་ནས་བལྟས་ན། རྒྱལ་ཁབ་ཀྱི་མཚན་ཉིད་ཚད་ལྡན་ཞིག་ཚང་མེད་པ་མ་ཟད། སྐབས་དེའི་རྒྱལ་ཁབ་དེ་དག་གི་རྒྱལ་ཁོངས་ས་མཚམས་དང་། ཐ་ན་རྒྱལ་ཁབ་ཕན་ཚུན་ལ་འབྲེལ་ལམ་འཛུགས་སྟངས་སོགས་ཀྱང་། ད་ལྟའི་འཛམ་གླིང་རྒྱལ་ཁབ་ཁག་གི་ཕན་ཚུན་འབྲེལ་བ་བྱེད་ཚུལ་དང་ཧེ་བག་ཆེན་པོ་ཡོད། འོན་ཀྱང་རྒྱུ་མཚན་དེ་ཙམ་ལ་བསྙད་དེ་མི་སྡེའི་སྤྱི་ཚོགས་ཆེན་པོ་དེ་དག  ལོ་རྒྱུས་ཁྲོད་དུ་སྲོལ་རྒྱུན་ལྟར་གྱི་རྒྱལ་ཁབ་ཆགས་ཡོད་པ་མ་རེད་ཅེས་ཁས་འཆེ་ན། དེ་ནི་སོ་སོར་ལོ་རྒྱུས་ཀྱི་གོ་རྟོགས་ཞན་པ་དང་ཆབ་སྲིད་ཀྱི་གཞུང་ལུགས་ལ་རྒྱུས་མངའ་མེད་པའི་རྟགས་ལས་མ་འདས། གང་ཡིན་ཞེ་ན་དུས་ཚོད་དེར་ཨེ་ཤ་ཡར་ས་གནས་སོ་སོའི་སྤྱི་ཚོགས་དང་། རིག་གཞུང་འདུ་ཤེས་ཀྱིས་ཟིན་པའི་ཆབ་སྲིད་དང་ཁྲིམས་ཀྱི་སྒྲོམ་གཞི་མི་འདྲ་བ་རེ་རེ་ཡོད་པ་ཡིན། དཔེར་ན། ཉི་ཧོང་གི་མཁས་པ་ཨེས་ཤས་ཧ་མ་(Ishihama) དང་ཐའ་ཆེས་བྷའ་ནའ་(Tachibana) སོགས་ཀྱིས། ལོ་རྒྱུས་ཀྱི་རྒྱུ་ཆ་འདྲ་མིན་དཔང་བོར་བཞག་ནས། དགའ་ལྡན་ཕོ་བྲང་སོགས་ཆོས་སྲིད་ཟུང་འབྲེལ་ཆབ་སྲིད་ཀྱི་རྨང་གཞིར་བཟུང་བའི། བོད་ཀྱི་སྲིད་གཞུང་ཁག་གིས་མཆོད་ཡོན་རྣམ་བཞག་གི་སྲིད་ཇུས་བཀོལ་ནས། རྒྱལ་ཁབ་ཕྱི་དང་ནང་གི་འཛིན་སྐྱོང་བྱེད་ཚུལ་རྒྱས་པར་བཀོད་ཡོད་ལ།[11] དེ་བཞིན་དུ་རྒྱ་ནག་གི་ཞིབ་འཇུག་པ་གྲོས་ཆེན་ཡང་(赵汀阳) ལགས་ཀྱིས། རྒྱ་ནག་གི་རིག་གནས་དང་འབྲེལ་བའི་ཆབ་སྲིད་རྣམ་བཞག གནམ་འོག་ཡོངས་(天下)ཅེས་པ་དང་། གནམ་གྱི་སྲས་(天子)། གནམ་གྱི་བཀའ་(天命)སོགས་ཀྱི་ལྟ་ཚུལ་རྩལ་ཏུ་བཏོན་ནས། རྒྱ་ནག་གི་སྲོལ་རྒྱུན་ཆབ་སྲིད་སྒྲོམ་གཞི་དང་རྒྱལ་ཁབ་འཛིན་སྐྱོང་བྱེད་ཚུལ་ཡུ་རོབ་ལས་མི་འདྲ་ཚུལ་གླེང་ཡོད། [12]

ཡང་གཅིག་བཤད་ན་དུས་རབས་བཅུ་དགུ་བའི་མཇུག་བར་དུ། ཡུ་རོབ་ཀྱི་ཆབ་སྲིད་སྒྲོམ་གཞི་ཕར་ཟད། ཐ་ན་ཁོ་ཚོའི་ཆབ་སྲིད་ཀྱི་རྩ་བའི་ཐ་སྙད་ཙམ་ཡང་། ཨེ་ཤ་ཡའི་སྐད་ཡིག་ཕལ་ཆེ་བའི་ནང་དུ་མེད་པ་རེད། དཔེར་ན། ཡུ་རོབ་ཀྱི་ཆབ་སྲིད་ཁྲིད་དུ་ཆེས་གལ་ཆེ་བའི་བརྡ་ཆད་ཅིག་ཡོད་པ་དེ་ནི། ནེ་ཞོན་སུ་གྲེ་གྲི(nation-state)[13] ཅེས་པའི་ཆབ་སྲིད་མིང་ཚིག་དེ་ཡིན་པ་རེད། འོན་ཀྱང་བརྡ་ཆད་དེའི་གོ་དོན་ཇི་མ་ཇི་བཞིན་དུ་སྟོན་ཐུབ་པའི་ཐ་སྙད་ཅིག  སྐབས་དེའི་བོད་རྒྱ་སོག་གསུམ་གྱི་ལོ་རྒྱུས་ཡིག་རྙིང་ཁྲོད་དུ་མེད། དེ་ལ་བརྟེན་ནས་ད་ལྟ་ཡུ་རོབ་ཀྱི་ཆབ་སྲིད་བརྡ་ཆད་ནེ་ཞོན་སུ་གྲེ་གྲི་(nation-state)ཞེས་པའི་ཚབ་ཏུ། བོད་ཡིག་ཏུ་“རྒྱལ་ཁབ་”ཅེས་པ་དང་། རྒྱ་ཡིག་ཏུ་“国 / 国家”། སོག་ཡིག་ཏུ་“үндэстэн / улс” བཅས་བེད་སྤྱོད་བྱེད་དགོས་བྱུང་ཡོད། ཡིན་ན་ཡང་དུས་རབས་ཉི་ཤུ་བའི་སྔོན་ལ་བོད་རྒྱ་སོག་གསུམ་གྱི་ཐ་སྙད་དེ་དག་གི་གོ་དོན་ནི། ཡུ་རོབ་ཀྱི་ནེ་ཞོན་སུ་གྲེ་གྲི་ཞེས་པའི་གོ་དོན་དང་རྦད་དེ་ཐ་དད་ཡིན།[14]

ལྟ་ཚུལ་དེ་དཔེ་མཚོན་ཞིག་དང་སྦྱར་ནས་དཔྱད་ན། བོད་བཙན་པོའི་སྐབས་སུ་“རྒྱལ་ཁབ་”ཅེས་པ་ནི། བཙན་པོ་རིམ་བྱོན་གྱིས་དམག་དང་ཤུགས་ལ་བརྟེན་ནས་དབང་བསྒྱུར་བྱེད་ཡུལ་ལ་གོ་བ་དང་། སྐབས་དེའི་རྒྱལ་ཁབ་ཀྱི་སྲོག་ཤིང་ནི་བཙན་པོ་མི་རྒྱུད་དང་བཅས་པ་ཡིན། ས་སྐྱ་བ་དང་། ཕག་གྲུ་བ། རིན་སྤུངས་པ་བཅས་ཀྱིས་སྲིད་དབང་འཛིན་སྐབས། རྒྱལ་ཁབ་ཅེས་པ་ནི་ཆོས་བརྒྱུད་བྱེ་བྲག་པ་སོ་སོར་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་ཚོགས་ཁག་དེ་དག་གི་བསྡུས་མིང་ཙམ་ཡིན་པ་དང་། སྐབས་དེའི་རྒྱལ་ཁབ་ཀྱི་སྲོག་ཤིང་ནི་ཆོས་བརྒྱུད་བྱེ་བྲག་པ་དེའི་དབུ་ཁྲིད་བླ་དཔོན་དང་ཆོས་ལུགས་ལྟ་གྲུབ་གཉིས་ཡིན། ད་ལྟའི་བོད་ཡིག་ཁྲོད་ཀྱི་རྒྱལ་ཁབ་ཅེས་པའི་གོ་དོན་ནི། དེང་རབས་ཀྱི་སྲིད་དང་ཁྲིམས་གཉིས་ཀྱི་མཚན་ཉིད་ཚང་བའི་ནེ་ཞོན་སུ་གྲེ་གྲི་ཞིག་ལ་གོ་བཞིན་ཡོད་ལ། ནེ་ཞོན་སུ་གྲེ་གྲི་དེ་དམངས་གཙོའི་རྒྱལ་ཁབ་ཀྱི་སྲིད་གཞུང་ཡིན་ན། ནེ་ཞོན་དེའི་སྲོག་ཤིང་ནི་རྒྱལ་འབངས་མི་དམངས་ཡིན་པ་དང་། ནེ་ཞོན་སུ་གྲེ་གྲི་དེ་དམར་ཕྱོགས་རྒྱལ་ཁབ་ཀྱི་སྲིད་གཞུང་ཡིན་ན། ནེ་ཞོན་དེའི་སྲོག་ཤིང་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་དང་དམར་བོའི་ཚོགས་པ་གཉིས་ཡིན། དེར་བརྟེན། བོད་ཡིག་གི་ཐ་སྙད་གཅིག་གིས་ཡོ་རོབ་ཀྱི་ཆབ་སྲིད་བརྡ་ཆད་མང་བོའི་ཚབ་བྱེད་དགོས་བྱུང་ཡོད། ཡུ་རོབ་མི་སེར་སྤེལ་བའི་དབང་ཤུགས་དང་སྲིད་དོན་རིག་གནས་ཀྱི་ཤུགས་རྐྱེན་ཨེ་ཤ་ཡའི་སྤྱི་ཚོགས་སུ་མ་སླེབས་བར་དུ། ཨེ་ཤ་ཡའི་ཆབ་སྲིད་ཀྱི་སྒྲོམ་གཞི་ཁག་ཡུ་རོབ་སྤྱི་ཚོགས་དང་རྦད་དེ་མི་འདྲ་བ་ཡིན་པ། ཐ་སྙད་ཀྱི་འགྱུར་བའི་གཏན་ཚིགས་འདི་ཙམ་ལ་དཔྱད་ན་ཡང་གསལ་བོར་ཤེས་ཐུབ།

སྐབས་འདིར་ངེས་དགོས་པའི་ཞིབ་འཇུག་གི་རྒྱུན་ཤེས་གལ་ཆེན་གཞན་ཞིག་ཡོད་པ་ནི། ཚན་རིག་ཞིབ་འཇུག་གི་ཐབས་དང་། རིགས་ལམ། ལྟ་བའི་རྣམ་གཞག་བཅས་ལ་བརྟེན་ནས། ཡུ་རོབ་དང་ཨེ་ཤ་ཡ་གཉིས་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཆབ་སྲིད་སྒྲོམ་གཞི་བསྡུར་སྐབས། དཔལ་ཡོན་མི་འདྲ་བའི་གླིང་ཆེན་པོ་དེ་གཉིས་ཀྱི་མི་འདྲ་བའི་ཁྱད་པར་དང་། ཡུ་རོབ་ཀྱིས་ཨེ་ཤ་ཡར་ཤུགས་རྐྱེན་ཐེབས་ཚུལ་ལ་དཔྱད་པ་གཏོང་བཞིན་ཡོད་པ་ལས། ཆབ་སྲིད་ཀྱི་སྒྲོམ་གཞི་དེ་གཉིས་ཀྱི་རྩ་བའི་ཡག་སྡུག་དང་བཟང་ངན་ཐག་གཅོད་བྱེད་བཞིན་མེད་པ་ཤེས་གལ་ཆེ་བ་ཡིན། མ་གཞི་ནས་བཟང་ངན་དང་ཡག་སྡུག་ཅེས་པའི་ཚད་གཞི་དང་ཐག་གཅོད་མང་ཆེ་ཤོས་ནི། སྤྱི་ཚོགས་དང་རིག་གནས་འདུ་ཤེས་བྱེ་བྲག་པ་སོ་སོར་བརྟེན་ནས་ཡོད་པ་དང་། ཡང་མཚམས་རེར་མི་སྒེར་སོ་སོའི་བསམ་ཚུལ་དང་མཐོང་སྣང་ཙམ་ལ་བརྟེན་ནས་ཡོད། ཞིབ་འཇུག་རྣམ་བཞག་སྨྲ་བ་རོམ་ཧ་རེས་(Rom Harré)ལགས་ཀྱིས་ལུང་རིགས་གཉིས་ཀྱིས་སྒྲུབ་བྱེད་བཀོད་ནས་གསུངས་པ་བཞིན་དུ། སྤྱིར་ཚན་རིག་ཞིབ་འཇུག་བྱེད་པའི་དམིགས་ཡུལ་ངོ་མ་དེ་ནི། ཡུལ་གང་ཞིག་གི་ཡག་སྡུག་དང་བཟང་ངན་ཙམ་ཐག་གཅོད་བྱེད་རྒྱུ་མ་ཡིན་པར། ཡུལ་གང་དེའི་ངོ་བོའི་གནས་ལུགས་དང་བྱེད་ལས་སོགས་ཇི་བཞིན་འཚོལ་རྒྱུ་དེ་ཡིན།[15]

རྒྱབ་ལྗོངས་ཀྱི་ལོ་རྒྱུས་འཕེལ་རིམ།

ཡུ་རོབ་ཀྱི་དཔལ་ཡོན་ལྟེ་བར་བྱས་པའི་འཛམ་གླིང་སྤྱིའི་ཚད་ལྡན་གྱི་སྲིད་དང་ཁྲིམས་ཀྱི་སྒྲོམ་གཞི་འདི་གློ་བུར་དུ་བྱུང་བ་ཞིག་མིན། དུས་རབས་བཅུ་བདུན་པའི་ནང་དུ་ཡུ་རོབ་རྒྱལ་ཁབ་རྣམས་ཡེ་ཤུ་ཆོས་ལུགས་ཀྱི་འགལ་འདུ་དང་། ཆབ་སྲིད་བདག་དབང་གི་འཐབ་རྩོད་ཁྲོད་དུ་ཚུད་ནས། མི་ལོ་བརྒྱད་ཅུ་ལྷག་ལ་དཀའ་སྡུག་ཚད་མེད་མྱངས་མཐར། ཕྱི་ལོ ༡༦༤༨ ལོར་ད་ལྟའི་འཇར་མན་གྱི་གྲོང་ཁྱེར་བེསུ་ཧྥ་ལེས་ཡ་(Westphalia)རུ། འབྲེལ་ཡོད་རྒྱལ་ཁབ་ཀྱི་དཔོན་རིགས་ཁག་མཉམ་འཛོམས་གྱིས་བེསུ་ཧྥ་ལེས་ཡ་ཞི་བའི་གྲོས་ཆོད་ (Westphalia Peace Treaty) བཞག་པ་རེད།[16] ཡུ་རོབ་ཀྱི་ཆབ་དཔལ་རིག་གསུམ་གྱི་དཔལ་ཡོན་རྨང་གཞིར་བཟུང་བའི་ཆབ་སྲིད་ཀྱི་གྲོས་ཆོད་གལ་ཆེན་འདི་ལ་བརྟེན་ནས། ཐོག་དང་བོར་ཡུ་རོབ་རྒྱལ་ཁབ་ཕན་ཚུན་བར་དུ། རང་བཙན་གྱི་ཐོབ་ཐང་འདྲ་མཉམ་དང་། རྒྱལ་མཚམས་གྱི་དབྱེ་བ། ས་ཁོངས་ཀྱི་བདག་དབང་བཅས་ལ་ཁྲིམས་ཐོག་ནས་ཕན་ཚུན་ངོས་ལེན་བྱེད་དགོས་བྱུང་ཞིང་། དེ་ལ་བརྟེན་ནས་རྒྱལ་སྤྱིའི་འབྲེལ་ལམ་རིག་པ་(International Relations)ཞེས་པའི་སྲིད་དང་ཁྲིམས་ཀྱི་རྣམ་གཞག་ཆེན་པོ་དེའི་ཐོག་མའི་རྨང་གཞི་གྲུབ་པ་རེད། ཕྱི་ལོ་༡༧༧༦ ལོར་ཨ་རི་ཨིན་ཇིའི་བཙན་འོག་ལས་ཐར་བའི་རང་བཙན་བསྒྲགས་གཏམ་(The Declaration of Independence)སྤེལ་ནས་རྒྱལ་ཞེན་(nationalism)སྐུལ་སློང་བྱས་པས། དེང་རབས་ཀྱི་ཆབ་སྲིད་དང་ཁྲིམས་ཀྱི་བརྡ་ཆད་གལ་ཆེན་“རྒྱལ་ཁབ་”(nation-state)ཅེས་པ་དང་། “མི་རིགས་”(nationality)ཞེས་པའི་མིང་ཚིག་གཉིས་ལ། ཐོག་དང་པོར་སྲིད་དང་ཁྲིམས་ལུགས་ཀྱི་ངོས་ནས་གོ་དོན་གཏན་ཁེལ་ཡོད་པར་གྱུར། འོན་ཀྱང་སྐྱེ་བོ་མང་ཆེ་བའི་སྣང་ངོར་དོགས་སྣང་ཙམ་ཡང་མེད་པར། ད་ལྟའི་“རྒྱལ་ཁབ་”དང་“མི་རིགས་”ཞེས་པའི་རྣམ་བཞག་དེ་དག་ནི་ཐོག་མ་ནས་ཡོད་པ་ལྟ་བུ་ཞིག་ཏུ་བསམ་བཞིན་ཡོད།

ཕྱི་ལོ་༡༧༨༩ ལོར་ཧྥ་རན་སིར་རྒྱལ་པོའི་ལམ་ལུགས་མགོ་རྟིང་སློག་ནས། མི་དམངས་གཙོ་བོ་ཡིན་པའི་ཧྥ་རན་སིའི་གསར་བརྗེ་(French Revolution)བྱུང་སྟབས། ཡུ་རོབ་རྒྱལ་ཁབ་གཞན་ཁག་ཏུ་སྲིད་དོན་གྱི་ཁྱབ་ཁོངས་གཅིག་བུ་ཙམ་མིན་པར། རིག་གནས་དང་། དཔལ་འབྱོར། སྤྱི་ཚོགས། ཆོས་ལུགས་བཅས་ཕྱོགས་ཡོངས་ལ་འགྱུར་བ་ཆེན་པོ་ཐེབས་ཤིང་། རིམ་བཞིན་ཡུ་རོབ་བམ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གཅིག་གྱུར་རང་བཞིན་གྱི་སྲིད་དང་ཁྲིམས་ཀྱི་རྣམ་གཞག་ཁག་བརྟན་པོར་ཚུགས་ཐུབ་པ་བྱུང་ཡོད། དུས་སྐབས་དེ་དང་མཉམ་པར་ཡུ་རོབ་རྒྱལ་ཁབ་ཁག་ལ་འགྱུར་བ་ཆེན་པོ་གཞན་ཞིག་འགྲོ་བཞིན་ཡོད་པ་ནི། ཚན་རིག་གི་གསར་བརྗེ་(Scientific Revolution)ལ་བརྟེན་ནས་འཕྲུལ་ཆས་གསར་བཏོད་དང་། བཟོ་སྐྲུན་གྱི་ནུས་པ་སྔོན་ཐོན་ཅན་དུ་འགྱུར་བཞིན་ཡོད།  རིམ་བཞིན་སྔོན་ཐོན་ཅན་གྱི་ཚན་རིག་དང་འཕྲུལ་ཆས་དེ་དག་དཔལ་འབྱོར་མཁོ་སྒྲུབ་ཀྱི་དགོས་མཁོའི་ཕྱོགས་སུ་གཏོང་འགོ་ཚུགས་ཡོད། དེ་ལ་བརྟེན་ནས་བཟོ་ལས་གསར་བརྗེ་ཆེན་མོ་(Great Industry Revolution)ནགས་ཀླུང་ཆེན་པོ་ལ་མེ་ཤོར་བ་བཞིན་དུ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་དར་སྤེལ་བྱུང་ཡོད་པ་རེད། འོན་ཀྱང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་ས་ཁྱོན་ཆུང་ལ་མི་འབོར་ཉུང་བས། རིང་བོར་མ་ལོན་པར་གཞི་རྒྱ་ཆེ་བའི་བཟོ་གྲྭའི་རྒྱུ་ཆའི་ཐོན་ཁུངས་དང་། ཐོན་དངོས་ཚོང་འགྲེམ་བྱེད་ཡུལ་ཁྲོམ་ར་གཉིས་ཀྱིས་འདང་མི་ཐུབ་པར་གྱུར། དཔལ་འབྱོར་འཁོར་སྐྱོད་ཀྱི་དཀའ་ངལ་དེའི་འོག་ཏུ། བཟོ་ལས་ཐོན་སྐྱེད་ཀྱི་རྒྱུ་ཆ་མཁོ་སྒྲུབ་དང་བཟོ་ལས་ཐོན་དངོས་ཀྱི་ཁྲོམ་ར་གསར་བ་འཚོལ་བའི་ཆེད་དུ། སྟོབས་ཤུགས་ཅན་གྱི་ཡུ་རོབ་རྒྱལ་ཁབ་ཁག་གིས་གཅིག་རྗེས་གཉིས་མཐུད་དུ། ཤར་ལྷོ་ནུབ་བྱང་གི་འཛམ་གླིང་ཁྱོན་ཡོངས་ལ་དམག་ཤུགས་ཀྱིས་བཙན་འཛུལ་དང་དབང་བསྒྱུར་བྱེད་འགོ་ཚུགས། བཙན་འཛུལ་དེ་དང་མཉམ་དུ་དཔལ་འབྱོར་གྱིས་བཤུ་གཞོག་དང་རིག་གནས་ཀྱིས་དབང་བསྒྱུར་བཅས་ཀྱང་བྱེད་འགོ་ཚུགས་ཡོད་པས།[17] ད་ལྟ་འཛམ་གླིང་གི་ས་ཕྱོགས་མང་བོ་ཞིག་ད་དུང་ཡང་ཡུ་རོབ་བཙན་འཛུལ་བའི་དངོས་ཤུགས་བརྒྱུད་གསུམ་གྱི་ཤུགས་རྐྱེན་དེའི་འོག་ཏུ་ལྷག་ཡོད་པ་རེད།

དུས་རབས་ཉི་ཤུ་བའི་སྨད་ནི་འཛམ་གླིང་ཆབ་སྲིད་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་ཡིན། དུས་ཡུན་འདིའི་རིང་དུ་ཡུ་རོབ་བམ་ནུབ་ཕྱོགས་པའི་སྲིད་དང་ཁྲིམས་ཀྱི་ལམ་ལུགས་དེ། ལག་ལེན་དངོས་ཀྱི་ཁྲོད་དུ་འཛམ་གླིང་རང་བཞིན་ཅན་དུ་གྱུར་ཡོད། ད་ལྟའི་འཛམ་གླིང་གི་དམར་ཕྱོགས་ཀྱི་ལྟ་བ་སྲོག་ཤིང་ཡིན་པའི་རྒྱལ་ཁབ་ཁོས་བྷ་(Cuba)ལྟ་བུ་དང་། དམར་ཕྱོགས་དང་ཁྱིམ་རྒྱུད་རིང་ལུགས་གཉིས་ཀ་འདྲེས་ནས་ཡོད་པའི་སྲིད་གཞུང་ཀོ་རི་ཡ་བྱང་མ། ད་དུང་རྒྱལ་རྒྱུད་དང་ཆོས་ལུགས་ཟུང་དུ་འབྲེལ་བའི་སྲིད་གཞུང་(Religious Monarchy)འབྲུག་པའི་རྒྱལ་ཁབ། ཡང་ན་གྲོས་ཚོགས་གཙོ་བོ་ཡིན་པའི་(Parliamentary Democracy)དམངས་གཙོའི་རྒྱལ་ཁབ་རྒྱ་གར་དང་། སྲིད་འཛིན་གཙོ་བོ་ཡིན་པའི་(Presidential Democracy)དམངས་གཙོའི་རྒྱལ་ཁབ་ཀྲར་ཀེས་ཡེ་(Türkiye)ལྟ་བུ་སོགས། མདོར་ན་སྲིད་གཞུང་གི་ལམ་ལུགས་དང་ཆབ་སྲིད་འཛིན་སྐྱོང་གི་ལྟ་བ་གང་ཡིན་ལ་དབྱེ་བ་མེད་པར། རྒྱལ་ཁབ་ཚང་མས་ཐུན་མོང་དུ་ངོས་ལེན་དང་འབད་བརྩོན་བྱེད་བཞིན་པ་ནི། དེང་རབས་ཀྱི་ནེ་ཞོན་སུ་གྲེ་གྲི་(nation-state)ཞེས་པའི་ཆབ་སྲིད་སྒྲོམ་གཞི་དེའི་ནང་དུ་ཚུད་ཐབས་དང་། དེ་བརྒྱུད་ནས་སྲིད་གཞུང་སོ་སོར་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་ངོས་འཛིན་དང་བདག་དབང་ཐོབ་རྒྱུ་དེ་ཡིན་པ་རེད།

གཅིག་བྱས་ན་གོ་ལ་གཅིག་གྱུར་གྱི་དུས་རབས་འདིར་འགྱུར་བ་དེ་ལྟ་བུ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་སྲིད། འོན་ཀྱང་འགྱུར་བ་དེའི་ཁྲོད་དུ་གནད་དོན་གཞན་ཞིག་ལྷག་བཞིན་ཡོད་པ་ནི། ནེ་ཞོན་སུ་གྲེ་གྲི་ཞེས་པའི་ལྟ་བའི་འོག་ཏུ་ཡུ་རོབ་མ་ཡིན་པའི་རྒྱལ་ཁབ་སོ་སོའི་འདས་པའི་རྒྱལ་རབས་ལོ་རྒྱུས་ཚུན་ཆད་ཀྱང་། ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་སྒོ་ནས། དེང་རབས་ཡུ་རོབ་ཀྱི་ནེ་ཞོན་སུ་གྲེ་གྲི་ཞེས་པའི་སྒྲོམ་གཞི་དེའི་ནང་དུ་བཅུག་ནས་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད། གནས་བབ་དེའི་འོག་ཏུ་ས་གནས་སོ་སོའི་སྲོལ་རྒྱུན་གྱི་ལོ་རྒྱུས་ལྟ་བ་དང་ལོ་རྒྱུས་བཤད་ཚུལ་ཡོད་ཚད་བོར་བརླག་ཏུ་འགྲོ་བཞིན་ཡོད། དེ་ནི་ཆབ་སྲིད་ཀྱི་ཉེན་ཁ་ཞིག་རེད་ལ་ལོ་རྒྱུས་ཀྱི་ནོར་འཁྲུལ་ཞིག་ཀྱང་ཡིན་པ་རེད།

མི་སེར་སྤེལ་བའི་རིང་ལུགས།

ཆབ་སྲིད་དང་དཔལ་འབྱོར། རིག་གནས་དང་དམག་ཤུགས་སོགས་བརྒྱུད་ལམ་འདྲ་མིན་སྣ་ཚོགས་པ་བརྒྱུད་ནས། འཛམ་གླིང་གི་ས་ཁུལ་སོ་སོར་སྟངས་འཛིན་བྱེད་ཚུལ་དེ་ལ། དེང་རབས་ཆབ་སྲིད་རིག་པའི་བརྡ་ཆད་དུ། མི་སེར་སྤེལ་བའི་རིང་ལུགས་(colonialism)ཞེས་སུ་འབོད།[18] ཡུ་རོབ་བམ་ནུབ་ཕྱོགས་ཀྱི་མི་སེར་སྤེལ་བའི་ཤུགས་རྐྱེན་དེའི་འོག་ཏུ། རིམ་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་ཆབ་སྲིད་ཀྱི་སྒྲོམ་གཞི་དང་། ཁྲིམས་ལུགས་རྣམ་གཞག རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་བཅས་ཚང་མ་ཡུ་རོབ་ཅན་དུ་བསྒྱུར་འགོ་ཚུགས་ཡོད་པས།  བརྒྱུད་རིམ་དེའི་ཁྲོད་དུ་ཡུ་རོབ་མ་ཡིན་པའི་འཛམ་གླིང་རྒྱལ་ཁབ་ཁག་གིས། གཅིག་རྗེས་གཉིས་མཐུད་དུ་སོ་སོའི་ཆབ་སྲིད་རྣམ་གཞག་དང་། སྤྱི་ཚོགས་སྒྲིག་གཞི། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འབྲེལ་བ་བཅས་ཚང་མ། ཡུ་རོབ་ཀྱི་ཆབ་སྲིད་དང་ཁྲིམས་སྲོལ་ལྟར་བཅོས་བསྒྱུར་བྱེད་དགོས་བྱུང་ཡོད། དཔེར་ན། དུས་སྐབས་དེའི་བོད་གཞུང་དགའ་ལྡན་ཕོ་བྲང་དང་མན་ཇུ་བཙན་རྒྱལ་གཉིས་ཀྱི་འབྲེལ་བའི་སྐོར་གླེང་སྐབས། ཆེད་མཁས་པ་མའ་ཁུལ་ཕུརེ་ཁུ་(Michael Praag)དང་མེཁུ་བྷོལ་ཇེསུ་(Miek Boltjes)གཉིས་ཀྱིས་འདི་ལྟར་གསུངས་འདུག

The norms and protocols of the Inner and East Asian legal orders that informed inter-polity relations, including the choyon relationship in which Qing-Tibetan relations were largely grounded, came under stress and were severely tested as Westphalian concepts were increasingly deployed to serve the interest of the rival empires.

ཁ་གཏད་ཡིན་པའི་བཙན་རྒྱལ་གཉིས་[19]ཀྱིས་སོ་སོའི་ཁེ་བཟང་ཆེད་དུ། བེསུ་ཧྥ་ལེས་ཡའི་(Westphalia)ཆབ་སྲིད་ལྟ་བ་(ཨེ་ཤ་ཡའི་ནང་དུ་)ཤུགས་ཆེན་པོར་སྤེལ་བ་ལ་བརྟེན་ནས། མན་ཇུ་དང་བོད་ཀྱི་འབྲེལ་བའི་རྨང་གཞི་གཙོ་བོ་ཡིན་པའི་“མཆོད་ཡོན་”གྱི་འབྲེལ་བ་སོགས་ཚུད་པའི། ཨེ་ཤ་ཡ་ནང་མ་དང་ཤར་མའི་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་བའི་(ཆབ་སྲིད་)ཀྱི་འགྲོ་ལུགས་དང་ཁྲིམས་སྲོལ་ཡོངས་རྫོགས་ལ་བརྡབ་གསིག་དང་གཏོར་སྐྱོན་བཏང་ཡོད།[20]

དེ་ལྟར་ཡུ་རོབ་ཀྱི་གནོན་ཤུགས་དེའི་འོག་ཏུ་རིམ་བཞིན་ཡུ་རོབ་མ་ཡིན་པའི་རྒྱལ་ཁབ་ཁག་གིས། ཐ་ན་སོ་སོའི་འདས་པའི་ལོ་རྒྱུས་ཀྱང་ཡུ་རོབ་ཀྱི་ཆབ་སྲིད་ལྟ་བའི་སྒྲོམ་གཞི་དེ་དག་གཞིར་བཟུང་ནས་འགྲེལ་བཤད་བྱེད་དགོས་བྱུང་ཡོད་སྟབས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་དོན་ལོ་རྒྱུས་ལ་ལོག་འགྲེལ་ཤོར་ཞིང་། ལོ་རྒྱུས་རྙོག་འཛིང་ཅན་དུ་གྱུར་བས་རྒྱལ་ཁབ་གང་མང་སེལ་མི་ཐུབ་པའི་ཆབ་སྲིད་རྩོད་རྙོག་གི་དཀའ་ངལ་ཁྲོད་དུ་ལྷག་ཡོད། དཔེར་ན། རྒྱ་གར་དང་པ་ཀི་སི་ཐན་གྱི་བདག་དབང་རྩོད་རྙོག་དང་། ད་ལྟའི་སོག་པོའི་རུས་རྒྱུད་ཚོ་ཤོག་ཁག་གི་ཆབ་སྲིད་ལོ་རྒྱུས་ཀྱི་རྩོད་གླེང་ལྟ་བུ་མང་བོ་ཡོད།[21]

མི་སེར་སྤེལ་བའི་རིང་ལུགས་ལས་གྲོལ་བ།

ཡུ་རོབ་ཀྱི་དཔལ་ཡོན་ལྟེ་བར་བཟུང་བའི་ཆབ་སྲིད་དང་ལོ་རྒྱུས་ཀྱི་འཕེལ་རིམ་དེ་དག་ལ་ངེས་ཤེས་རྙེད་རྗེས། རང་བཞིན་གྱིས་དུས་རབས་ཉི་ཤུ་བའི་སྔ་རོལ་ཏུ་འཛམ་གླིང་འདིར། གཅིག་གྱུར་དང་ཚད་ལྡན་རང་བཞིན་ཅན་གྱི་ཆབ་སྲིད་དང་ཁྲིམས་ཀྱི་སྒྲོམ་གཞི་ཞིག་མེད་པ་རྟོགས་པར་འགྱུར་ལ། མི་སེར་སྤེལ་བའི་སྟོབས་ཤུགས་འཛམ་གླིང་ཁྱོན་ཡོངས་སུ་དར་སྤེལ་མ་བྱུང་སྔོན་དུ། ཡུ་རོབ་མ་ཡིན་པའི་རྒྱལ་ཁབ་ཚང་མར་ས་གནས་སོ་སོའི་ལོ་རྒྱུས་རྒྱབ་ལྗོངས་དང་། སྤྱི་ཚོགས་རིག་གནས། ཆོས་ལུགས་དད་མོས་སོགས་ལ་བརྟེན་པའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། ཁྲིམས་ལུགས། ཕྱི་འབྲེལ་སོགས་ཀྱི་སྒྲོམ་གཞི་མི་འདྲ་བ་སྣ་ཚོགས་པ་ཞིག་ཡོད་པའང་ཤེས་ཐུབ། སྐབས་དེའི་རྒྱལ་ཁབ་སོ་སོའི་སྒྲོམ་གཞི་དེ་དག་ད་ལྟ་ནང་བཞིན་གོ་རིམ་ཅན་དང་། ཆ་སྙོམས་དང་གཅིག་གྱུར་ཅན། ཚད་ལྡན་རང་བཞིན་ཅན་ཞིག་མ་ཡིན་པར། དབུ་ཁྲིད་སོ་སོའི་འཇོན་ཐང་དང་རྒྱལ་ཁབ་སོ་སོའི་ཆབ་སྲིད་འདུ་ཤེས་སོགས་ལ་བརྟེན་ནས་འགྱུར་བ་འགྲོ་བཞིན་ཡོད།[22] དཔེར་ན། རྒྱལ་དབང་ལྔ་བ་ཆེན་པོ་དང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གཉིས་ཀྱི་ཆབ་སྲིད་འཇོན་ཐང་དང་འདུ་ཤེས་ཁ་ཁ་ཡིན་ལ། སྐབས་དེ་གཉིས་སུ་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་སྒྲོམ་གཞི་ཡང་ཐ་དད་ཡིན་པ་ལྟ་བུའོ། །

ཡུ་རོབ་མ་ཡིན་པའི་འཛམ་གླིང་གི་ས་གནས་སོ་སོའི་དངོས་ཡོད་ལོ་རྒྱུས་ཞིབ་འཇུག་བྱེད་པར། ས་གནས་བྱེ་བྲག་པ་སོ་སོའི་རིག་གནས་རྒྱབ་ལྗོངས་དང་། ཆོས་ལུགས་འདུ་ཤེས། ཆབ་སྲིད་ལོ་རྒྱུས། སྤྱི་ཚོགས་གྲུབ་ཆ་སོགས་ལ་རྒྱུས་ལོན་བྱེད་དགོས་པ་ལས། ཡུ་རོབ་ཀྱི་རིག་གནས་དང་ཆབ་སྲིད་ལོ་རྒྱུས་ལས་འཕེལ་བའི་ད་ལྟའི་འཛམ་གླིང་ཡོངས་ཁྱབ་ཀྱི་སྲིད་དང་ཁྲིམས་ཀྱི་སྒྲོམ་གཞི་ཙམ་ཞིག་གཞིར་བཟུང་ནས། འཛམ་གླིང་ས་གནས་གཞན་གྱི་སྲིད་འབྱོར་རིག་གསུམ་གྱི་ལོ་རྒྱུས་ཀྱི་བདེན་པ་དང་དོན་དངོས་ནམ་ཡང་ཤེས་རྟོགས་བྱེད་མི་ཐུབ། ཞིབ་འཇུག་ལྟ་ཚུལ་འདི་ལ་དེང་རབས་ཚན་རིག་གི་བརྡ་སྐད་དུ། མི་སེར་སྤེལ་བའི་རིང་ལུགས་ལས་གྲོལ་བའི་(decolonialisation)ཞིབ་འཇུག་ལྟ་ཚུལ་ཞེས་སུ་འབོད་ལ།[23] ལྟ་བའི་རྣམ་གཞག་འདི་དེང་རབས་ཞིབ་འཇུག་གི་ཐབས་ལམ་མེད་ཐབས་མེད་པ་ཞིག་ཡིན། མི་སེར་སྤེལ་ཡུལ་ལས་གྲོལ་ཚུལ་དེ་ཡང་ཆབ་སྲིད་ཀྱི་བཙན་གནོན་དང་དཔལ་འབྱོར་གྱི་བཤུ་གཞོག་ལས་ཐར་རྒྱུ་ཙམ་མ་ཡིན་པར། སྐབས་འདིར་གཙོ་བོ་མི་སེར་སྤེལ་མཁན་གྱི་རིག་གནས་འདུ་ཤེས་དང་། འདུ་ཤེས་དེས་བསྐྱེད་པའི་ཆབ་དཔལ་རིག་གསུམ་གྱི་འཇིག་རྟེན་ལྟ་ཚུལ་དེ་ལས་གྲོལ་དགོས་པ་གཙོ་བོར་འཆད་བཞིན་ཡོད།[24] དཔེར་ན། མི་སེར་སྤེལ་བའི་ལྟ་ཚུལ་གྱི་བསམ་བློའི་ཤུགས་རྐྱེན་འོག་ཏུ། བོད་རྒྱ་ཧོར་གསུམ་གྱི་སྲིད་དོན་དང་ཕྱི་འབྲེལ་ཁག་ཡུ་རོབ་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་བའི་ལོ་རྒྱུས་ལ་རྒྱས་འགེབས་བྱས་ནས་ལྟ་བཞིན་ཡོད།[25] དེ་ནི་བོད་ཀྱི་གཏམ་དཔེར་ཞྭ་དཔེ་ལྷམ་འགེབས་ཟེར་བའི་དཔེ་རུ་སོང་ཡོད་པས། བོད་རྒྱ་ཧོར་གསུམ་གྱི་དངོས་ཡོད་ལོ་རྒྱུས་ཤེས་རྒྱུ་ཕར་ཟད། ལོ་རྒྱུས་ལོག་རྟོག་དང་ལོག་འགྲེལ་གྱི་ཉེས་སྐྱོན་འབབ་རྒྱུ་ཡིན་པ་གདོན་མི་ཟའོ།།

ནུབ་ཕྱོགས་དང་དེང་རབས་གཉིས་ཀྱི་བསྡུར་དཔྱོད།

ཚན་རིག་དང་འཕྲུལ་ལས་ཐོན་སྐྱེད་ཆེས་ཆེར་དར་བཞིན་པའི་དེང་གི་དུས་སྐབས་འདིར། མི་སེར་སྤེལ་བའི་རིང་ལུགས་དང་དེའི་རྗེས་འབྲེལ་གྱི་ཆབ་དཔལ་རིག་གསུམ་གྱི་འགྱུར་བ་གཞན་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་བསླེབས་དང་སླེབས་བཞིན་ཡོད། དེ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་སྤྱི་ཚོགས་འཚོ་བ་དང་རིག་གནས་འདུ་ཤེས། ཡུལ་སྲོལ་གོམས་གཤིས་སོགས་མངོན་ལྐོག་ཅི་རིགས་ནས་ཡུ་རོབ་ཅན་ནམ་ནུབ་ཕྱོགས་ཅན་དུ་འགྱུར་བའམ་སྒྱུར་བཞིན་པའི་སྣང་ཚུལ་དེ་ཡིན་ལ། འདིའི་ཁོངས་སུ་ཡུ་རོབ་སྤྱི་ཚོགས་ཀྱིས་སྤྱི་ཚོགས་གཞན་ལ་རྒྱས་འགེབས་བྱེད་པའི་རིག་གཞུང་ཞིབ་འཇུག་གི་ལྟ་ཚུལ་ཁག་ཀྱང་འདུས་པ་ཡིན། ཚན་རིག་ཞིབ་འཇུག་གི་བརྡ་ཆད་ཁྲོད་དུ་འདི་ལ་ནུབ་ཕྱོགས་ཅན་དུ་བསྒྱུར་བའམ་ཡུ་རོབ་ཅན་དུ་བསྒྱུར་བ་(Westernisation/Europeanisation) ཟེར་ལ། སྐབས་འདིར་རྟོགས་དགོས་པ་གལ་ཆེན་ཞིག་ཡོད་པ་ནི། ཡུ་རོབ་ཅེས་པ་ནི་ས་ཁོངས་ཀྱི་དབང་དུ་བྱས་པའི་ཡུ་རོབ་ཙམ་ལ་གོ་རྒྱུ་མ་ཡིན་པར། ཡུ་རོབ་དཔལ་ཡོན་གྱི་རྨང་གཞིའི་ཐོག་ཏུ་དར་སྤེལ་བྱུང་བའི་ནུབ་ཕྱོགས་རྒྱལ་ཁབ་ཁྱོན་ཡོངས་ལ་གོ་དགོས་པ་སྟེ། དཔེར་ན། ཨ་རི་སྤྱི་མཐུན་རྒྱལ་ཁབ་དང་། ཁ་ན་ཊའ། ཨོ་སུ་གྲིརཱ་ལས་ཡ། ནེས་ཟུ་ལན་གྲུ་སོགས་ཡོངས་རྫོགས་འདིའི་ཁོངས་སུ་ཚུད་ཡོད། དེར་བརྟེན། ཡུ་རོབ་ཀྱི་དཔལ་ཡོན་ལ་དེང་སྐབས་ཁྱབ་ཆེ་བའི་སྒོ་ནས་ནུབ་ཕྱོགས་པའི་དཔལ་ཡོན་ཞེས་སུ་འབོད་བཞིན་ཡོད་ལ། རིག་གཞུང་ཞིབ་འཇུག་བརྡ་ཆད་ཁྲོད་ཀྱི་ཡུ་རོབ་དང་ནུབ་ཕྱོགས་ཞེས་པ་གཉིས་སྤྱིའི་ཆ་ནས་དོན་གཅིག་ཡིན། བརྡ་ཆད་འདིའི་ཤུགས་བསྟན་དུ་སྐབས་འདིའི་ནུབ་ཕྱོགས་ཞེས་པ་ཡང་། ས་ཁོངས་ཁོ་ནའི་དབང་དུ་ཕྱེས་པའི་ནུབ་ཕྱོགས་གཅིག་བུ་ཙམ་ལ་གོ་བཞིན་མེད་པ་ནི། ཤར་ཕྱོགས་ཀྱི་རྒྱལ་ཁབ་ཨོ་སུ་གྲིརཱ་ལས་ཡ་དང་། ནེས་ཟུ་ལན་གྲུ་གཉིས་ཀྱང་ནུབ་ཕྱོགས་པའི་ཁོངས་སུ་ཡོད་པས་ཤེས་ཐུབ།

མི་སེར་སྤེལ་བའི་རིང་ལུགས་ལས་གྲོལ་དགོས་པ་དང་། རིག་གཞུང་ནུབ་བསྒྱུར་དང་ནུབ་འགྱུར་གྱི་གནས་སྟངས་གཉིས་ལ་འོལ་སྤྱི་ཙམ་གྱི་ངེས་པ་རྙེད་རྗེས། མཚམས་རེར་ལྟ་ཚུལ་དེ་དག་ལ་དོ་དབྱིངས་འཕར་དྲགས་ནས། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་འབྲེལ་བའི་ཤེས་རིག་དང་དེས་བསྐྱེད་པའི་དཔལ་ཡོན་ཡོད་ཚད་ལ། བརྟག་དཔྱད་ཅི་ཡང་མེད་པར་ངོ་རྒོལ་དང་ཧྲིལ་གྱིས་འདོར་བཞིན་ཡོད། དེ་ནི་མི་སེར་སྤེལ་བའི་རིང་ལུགས་ལས་གྲོལ་ཚུལ་དང་། ནུབ་ཕྱོགས་ཅན་དུ་བསྒྱུར་ཚུལ་སོགས་ལ་གོ་བ་གཏིང་ཟབ་ལོན་མེད་པའི་རྟགས་ཡིན་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་ཤེས་རིག་ལྟ་བའི་ཁྲོད་ཀྱི་བླང་དོར་རམ་འདོར་ལེན་ལ་ཡང་རྒྱུས་མངའ་མེད་པའི་རྟགས་ཡིན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ “དེའི་ཕྱིར་ཤེས་རབ་ཡོད་ན་ཕྱོགས་གང་ནས་ཀྱང་གནད་ཆེན་པོ་རེ་རྙེད་ནུས་པས། ཧྲིལ་གྱིས་འདོར་བ་དང་། ཧྲིལ་གྱིས་ལེན་པ་འདི་གཉིས་ཀ་ཡང་རྣམ་དཔྱོད་ཀྱི་ལམ་མ་ཡིན་ནོ་ཞེས་ཤེས་པར་བྱའོ།།”[26] གསུངས་བའི་ལེགས་བཤད་འདི། སྐབས་འདིར་གནད་ལ་ཁེལ་བའི་ཞིབ་འཇུག་ལྟ་ཚུལ་ཡིན། གང་ཡིན་ཞེ་ན་ནུབ་ཕྱོགས་དཔལ་ཡོན་གྱི་རྗེས་འབྲེལ་དུ་ཡོད་པའི་ཚན་རིག་ཤེས་བྱ་དང་། འགྲོ་བ་མིའི་འདྲ་མཉམ་གྱི་ཐོབ་ཐང་། འཕྲོད་བསྟེན་རྒྱུན་ཤེས་སོགས་མང་པོ་ཞིག་ནི། ས་ཁོངས་དང་ཆོས་ལུགས། མི་རིགས་སོགས་ཀྱི་དབྱེ་བ་མེད་པར་དེང་རབས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གཞི་རྩའི་དགོས་མཁོ་ཡིན་པས། དགོས་མཁོ་དེ་དག་དང་ལེན་དང་དར་སྤེལ་བྱེད་དགོས་པ་སྤྱི་ཚོགས་འཕེལ་རྒྱས་ལ་མེད་ཐབས་མེད། འདི་ལ་ཚན་རིག་ཞིབ་འཇུག་གི་བརྡ་སྐད་དུ་དེང་རབས་ཅན་དུ་བསྒྱུར་བ་(modernisation)ཞེས་སུ་འབོད་པ་ལས། ནུབ་ཕྱོགས་ཅན་དུ་བསྒྱུར་བར་མི་འབོད་པ་འདིའི་གནད་ཀྱང་ཤེས་དགོས་ལ། ནུབ་ཕྱོགས་ཅན་དུ་བསྒྱུར་བ་དང་དེང་རབས་ཅན་དུ་བསྒྱུར་བ་གཉིས་ལ། ཆབ་དཔལ་རིག་གནས་སོགས་ཀྱི་སྦྱོར་དངོས་རྗེས་གསུམ་གང་དུ་ཡང་ཁྱད་པར་ཡོད་པ་དེ་ཡང་ཤེས་གལ་ཆེ་བ་ཡིན། དེང་རབས་ཅན་གྱི་ཁོངས་སུ་ཚན་རིག་རྨང་གཞིར་བཟུང་བའི་ཞིབ་འཇུག་བྱེད་ཐབས་ཀྱང་འདུས་པ་ཡིན་པས། རིག་གཞུང་ཞིབ་འཇུག་ཁྲོད་དུ་དེང་རབས་ཀྱི་ལེགས་ཆ་བསྡུ་ལེན་བྱེད་དགོས་པ་ནི་ཧ་ཅང་གལ་གནད་ཆེན་པོ་ཡིན།

འབྲེལ་ཡོད་ཞིབ་འཇུག་གི་འཕྲོས་དོན་ཁག

ཆབ་སྲིད་ལོ་རྒྱུས་ཞིབ་འཇུག་གི་རྒྱབ་ལྗོངས་དང་གཞི་རྩའི་ལྟ་གྲུབ་ཁག་ལ་གོ་བ་རྙེད་རྗེས། འདིར་དམིགས་སུ་བཀར་ནས་ཨེ་ཤ་ཡའི་ལོ་རྒྱུས་ཞིབ་འཇུག་དང་འབྲེལ་བའི། ཞིབ་འཇུག་གི་ཐབས་ལམ་དང་། ལྟ་བ། ལག་ལེན་ཁ་ཤས་བསྡུས་པའི་ཚུལ་དུ་ངོ་སྤྲོད་བྱེད་པར་འདོད། རྩ་བའི་ཆ་ནས་དེང་རབས་ཀྱི་རིགས་ལམ་དང་ལྟ་ཚུལ་འདི་རྣམས་ལ་རྒྱུས་མངའ་ཡོད་མེད་ལ་མ་ལྟོས་པར། ནམ་རྒྱུན་ཞིབ་འཇུག་བྱེད་མཁན་མང་པོ་ཞིག་གིས་སོ་སོའི་ཞིབ་འཇུག་བྱ་བའི་ཁྲོད་དུ། ལྟ་བ་དང་རྣམ་གཞག་འདི་དག་ལས་མང་ཤོས་ཤིག་རྣམ་པ་ཅི་རིགས་ཀྱི་སྒོ་ནས་བེད་སྤྱོད་བྱས་དང་བྱེད་མུས་ཡིན།

གནས་ཡུལ་རང་གི་རིགས་ལམ།

བོད་རྒྱ་སོག་གསུམ་སོགས་སྤྱི་ཚོགས་གང་ཞིག་གི་ལོ་རྒྱུས་གང་ལ་ཞིབ་འཇུག་བྱེད་ན་ཡང་། ཞིབ་འཇུག་དེའི་མ་མཐའི་ཆ་རྐྱེན་ནི་སྤྱི་ཚོགས་གང་ཡིན་པ་དེ་སོ་སོའི་ལོ་རྒྱུས་ཀྱི་བཤད་ཚུལ་དཀྱིལ་རྙིང་དུ་འཛིན་དགོས་པ་དེ་ཡིན། དེ་ལ་སྤྱི་ཚོགས་གང་ཡིན་པ་དེའི་རིག་གནས་འདུ་ཤེས་དང་། སྐད་ཡིག ཆོས་ལུགས། སྤྱི་ཚོགས་གྲུབ་ཚུལ་སོགས་ལ་ཤེས་ཚད་ངེས་ཅན་ཞིག་མེད་ཐབས་མེད་པ་ཡིན། སྤྱི་ཚོགས་གང་དེའི་སྐོར་གྱི་ཤེས་ཡོན་དེ་ཡང་སྐད་ཡིག་གཞན་པ་ཞིག་དང་། མི་རིགས་གཞན་པ་ཞིག་བརྒྱུད་ནས་རྒྱུས་ལོན་བྱས་པ་མ་ཡིན་པར། སྤྱི་ཚོགས་དང་མི་རིགས་གང་ཡིན་པ་དེ་རང་ལས་རྒྱུས་ལོན་བྱེད་གལ་ཆེ་བ་ཡིན། དཔེར་ན། སོག་པོའི་ལོ་རྒྱུས་ཞིབ་འཇུག་བྱེད་སྐབས་སོག་པོ་རང་གི་སྐད་ཡིག་དང་། སོག་མི་རང་ལས་རྒྱུས་ལོན་བྱས་པའི་རིག་གནས་འདུ་ཤེས་སོགས་ཀྱི་གོ་རྟོགས་ཞིབ་འཇུག་གི་རྨང་གཞི་གཙོ་བོ་ཡིན། ཞིབ་འཇུག་གི་ཐབས་ལམ་འདི་ལ་དེང་རབས་ཚན་རིག་གི་བརྡ་སྐད་དུ། གནས་ཡུལ་རང་གི་རིགས་ལམ་(Indigenous Epistemology)མམ།[27] ཡང་ན་ཁ་སྐད་དུ་ས་སྐྱེས་རྡོ་སྐྱེས་ཀྱི་རིགས་ལམ་ཟེར་ཡང་ཆོག་པ་ཡིན། ཡིན་ན་ཡང་རིགས་ལམ་འདིའི་གོ་དོན་ནི། ས་གནས་དེའི་བཤད་ཚུལ་ཡོད་ཚད་ལ་མོས་མཐུན་དང་ཁས་ལེན་བྱེད་དགོས་ཞེས་པའི་དོན་མིན་པར། ས་གནས་ཀྱི་ཆབ་དཔལ་རིག་གསུམ་ལ་རྒྱུས་ལོན་ཡོད་པའི་ཐོག་ཏུ། དེ་ལ་དེང་རབས་ཞིབ་འཇུག་གཞིར་བཟུང་ནས་དཔྱད་པ་བྱེད་དགོས་ཞེས་པའི་དོན་ཡིན་པ་དེ་ཡང་ཤེས་གལ་ཆེའོ། །

མཚུངས་བསྡུར་གྱི་ཞིབ་འཇུག

ལོ་རྒྱུས་ནི་མ་གཞི་ནས་ཡིག་ངག་གང་རུང་གི་འགྲེལ་བཤད་དང། རང་བྱུང་ཐོན་རྫས་སོགས་རྒྱུ་ཆ་བྱེ་བྲག་པ་འདྲ་མིན་ལ་བརྟེན་ནས། ད་ལྟ་ཡུལ་དུས་ཀྱིས་བསྐལ་བའི་གནད་དོན་ལ་བརྟག་དཔྱད་དང་ཞིབ་འཇུག་བྱེད་བཞིན་ཡོད་པས། ཞིབ་འཇུག་གི་རྒྱུ་ཆ་གཅིག་གཉིས་ཙམ་གྱིས་ལོ་རྒྱུས་ཀྱི་ཕྱོགས་ཆ་ཚང་འགྲེལ་བཤད་བྱེད་མི་ཐུབ། དཔེར་ན། «རྒྱལ་དབང་དྲུག་པའི་རྣམ་ཐར་རབ་གསལ་གསེར་གྱི་སྙེ་མ་»ལྟ་བུ་ནི། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་དགའ་ལྡན་ཕོ་བྲང་གི་ལྟ་ཚུལ་གཙོ་བོར་བྱས་ནས་བརྩམས་ཡོད་ལ། ཡང་«ཚངས་དབྱངས་རྒྱ་མཚོའི་གསང་རྣམ་»ལྟ་བུ་ནི། ལྷ་བཙུན་ངག་དབང་རྡོ་རྗེ་མི་སྒེར་གྱི་ཉམས་མྱོང་དང་ཆོས་ལུགས་དད་མོས་གཙོ་བོར་བྱས་ནས་བརྩམས་ཡོད།  དེ་བཞིན་«རྒྱལ་དབང་དྲུག་པའི་ལྷ་ས་ནས་མཚོ་ཁ་བར་གྱི་འགྲུལ་བཞུད་»ལྟ་བུ། གསོལ་དཔོན་བློ་གྲོས་དབང་ཕྱུག་རང་གི་ཉམས་མྱོང་དང་མཐོང་ཆོས་གཞིར་བཟུང་ནས་བརྩམས་ཡོད་པས། ལོ་རྒྱུས་ཀྱི་མཐོང་སྣེ་མི་འདྲ་བའི་རྣམ་ཐར་དེ་དག་ཕན་ཚུན་བསྡུར་ནས་དཔྱད་ཞིབ་བྱས་ན། གཞི་ནས་རྒྱལ་དབང་དྲུག་པའི་ལོ་རྒྱུས་ཞིབ་འཇུག་ཕྱོགས་ཡོངས་ནས་འཐུས་ཇེ་ཚང་དུ་འགྲོ་བ་ལྟ་བུ་ཡིན། རིགས་ལམ་འདི་ལ་ཚན་རིག་ཞིབ་འཇུག་པའི་བརྡ་སྐད་དུ། མཚུངས་བསྡུར་གྱི་ཞིབ་འཇུག་(Comparative Analysis)ཅེས་སུ་འབོད།[28] བོད་ཀྱི་སྲོལ་རྒྱུན་དགེ་བཤེས་དང་མཁན་པོ་ཚོས་འགྲེལ་ཆེན་འདྲ་མིན་ཕན་ཚུན་བསྡུར་ནས། རྩ་གཞུང་གི་དགོངས་པ་འགྲེལ་བཞིན་པ་དེ་ཡང་། དེང་རབས་ཚན་རིག་གི་ལྟ་བས་ཟིན་ཡོད་མེད་ཙམ་ལས་ཐབས་ལམ་གཅིག་པ་ཡིན།

རིགས་ལམ་འདི་དང་འབྲེལ་ཡོད་ཀྱི་ཞིབ་འཇུག་གི་ལྟ་བ་གལ་ཆེན་གཞན་ཞིག་ཡོད་པ་ནི། ཞིབ་འཇུག་གི་ཁྲོད་དུ་ཡོངས་གྲགས་སམ་ཡང་ན་གཞུང་འབྲེལ་གྱི་བཤད་ཚུལ་ཙམ་གཙོ་བོར་འཛིན་རྒྱུ་མ་ཡིན་པར། བཤད་ཚུལ་སྣ་མང་དང་ལྟ་ཚུལ་འདྲ་མིན་ལ་གཅིག་གྱུར་གྱིས་ཞིབ་འཇུག་བྱེད་དགོས་པ་གལ་ཆེན་ཡིན་པ་དེ་རེད། བྱེད་ཐབས་འདི་ལ་ཚན་རིག་ཞིབ་འཇུག་གི་བརྡ་སྐད་དུ་ལྟ་ཚུལ་སྣ་མང་ཅན་གྱི་ཞིབ་འཇུག་(multiperspectivity)ཅེས་ཟེར།[29] དཔེར་ན། དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ལ་དགེ་ལུགས་པའི་མཁས་པ་ཚོའི་ལྟ་ཚུལ་གལ་ཆེན་ཡིན་ལ། དེ་བཞིན་ས་སྐྱ་བ་དང་། བཀའ་བརྒྱུད་པ། རྙིང་མ་བ། བོན་པོ་དང་བཅས་པའི་མཁས་པ་ཚོའི་ལྟ་ཚུལ་ཡང་གལ་ཆེན་ཡིན་པ་ལྟ་བུ། ཡང་ན། དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ལ་བོད་པ་ཚོས་ལྟ་ཚུལ་དང་། སོག་པོ་དང་། མན་ཇུ། རྒྱ་རིགས་བཅས་ཀྱི་ལྟ་ཚུལ་སོགས་གཅིག་མཚུངས་སུ་གལ་ཆེན་ཡིན་པ་ལྟ་བུ། ཞིབ་འཇུག་གི་ལྟ་བ་འདི་ལག་ལེན་དུ་འདེབས་པར་རྒྱུ་ཆ་གཙོ་ཕལ་སྣ་མང་ལ་བལྟ་དགོས་པ་གལ་ཆེན་དུ་འདོད་དོ། །

དཀྱིལ་སྙིང་ལས་བརྒལ་བའི་ལྟ་བ།

བོད་རྒྱ་སོག་གསུམ་སོགས་ཨེ་ཤ་ཡ་མང་ཆེ་བའི་སྲོལ་རྒྱུན་གྱི་ཆབ་སྲིད་ལོ་རྒྱུས་སྐོར་གྱི་གླེགས་བམ་འབྲི་སྐབས། ས་ཁོངས་ཀྱི་ཆ་ནས་རྒྱལ་ཁབ་སོ་སོའི་རྒྱལ་ས་དང་། གྲལ་རིམ་གྱི་ཆ་ནས་རྒྱལ་པོ་དང་བློན་པོ་ཁག་གི་སྐོར། འདུ་ཤེས་ཀྱི་ཆ་ནས་སྤྱི་ཚོགས་དེའི་གཙོ་རྒྱུག་རིག་གནས་གཞིར་བཟུང་ནས་བརྩམས་ཡོད།  དཔེར་ན། སྲོང་བཙན་རྗེས་ཀྱི་བོད་བཙན་པོའི་ལོ་རྒྱུས་འཆད་སྐབས། ས་ཁུངས་ཀྱི་ཆ་ནས་ལྷ་ས་ལྟེ་བར་བཟུང་ཡོད་ལ། གྲལ་རིམ་གྱི་ཆ་ནས་བཙན་པོ་དང་བློན་ཆེན་ཁག་གཙོ་བོ་ཡིན་པའི་ལོ་རྒྱུས། འདུ་ཤེས་ཀྱི་ཆ་ནས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་གཙོ་བོར་བཟུང་ཡོད་པས། ལོ་རྒྱུས་འཆད་ཚུལ་དང་ཞིབ་འཇུག་བྱེད་ཚུལ་གྱི་སྒྲོམ་གཞི་དེའི་ཁྲོད་དུ། རྒྱལ་ས་དང་ཁ་ཐག་རིང་བའི་མཐའ་མཚམས་ས་ཁུལ་ཁག་དང་། རྒྱལ་བློན་མ་ཡིན་པའི་མི་སེར་དཀྱུས་མའི་རིགས། གཙོ་རྒྱུག་མ་ཡིན་པའི་རིག་གནས་འདུ་ཤེས་ཁག་གི་ལོ་རྒྱུས་བཅས་བོར་བརླག་ཏུ་སོང་ཡོད། དེར་བརྟེན། གཙོ་ཕལ་གྱི་དབྱེ་བ་མེད་པའི་ལོ་རྒྱུས་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ངེས་པར་དུ་མཐའ་མཚམས་ས་ཁུལ་དང་། མི་སེར་དཀྱུས་མ། རིག་གནས་བྱེ་བྲག་པ་ཁག་ཀྱང་ཞིབ་འཇུག་བྱེད་གལ་ཆེ་བ་ཡིན། ལྟ་ཚུལ་འདི་ལ་ཚན་རིག་ཞིབ་འཇུག་གི་བརྡ་སྐད་དུ་དཀྱིལ་སྙིང་ལས་བརྒལ་བའི་ཞིབ་འཇུག་ལྟ་བ་(Decentralisation)ཞེས་སུ་འབོད།[30]

ཡང་ཞིབ་འཇུག་ལྟ་ཚུལ་འདི་དང་འབྲེལ་ཡོད་ཀྱི་ཐབས་ལམ་གཞན་ཞིག་ཡོད་པ་ནི། དཀྱིལ་སྙིང་སྣ་མང་གི་འགྲེལ་བཤད་(Multi-Centric Narratives) ཅེས་པའི་ལོ་རྒྱུས་ཞིབ་འཇུག་བྱེད་ཚུལ་དེ་ཡིན། དེ་ནི་དཔེར་ན་རྒྱལ་ཁབ་ཅིག་གི་ལོ་རྒྱུས་ཞིབ་འཇུག་བྱེད་སྐབས་རྒྱལ་སའི་ལོ་རྒྱུས་གཅིག་བུ་ཙམ་མ་ཡིན་པར། སྟོབས་ཤུགས་དང་གལ་གནད་ཆེ་བའི་ས་ཁུལ་གཞན་དག་གི་ལོ་རྒྱུས་དང་། ཁོ་པ་ཚོའི་ལོ་རྒྱུས་འཆད་ཚུལ་ལ་ཡང་མཉམ་དུ་དཔྱད་ཞིབ་བྱེད་ཚུལ་དེ་ཡིན། དཔེར་ན། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས། ལྷ་ས་གཅིག་བུ་ཙམ་ལྟེ་བར་འཛིན་རྒྱུ་མ་ཡིན་པར། གཞིས་ཀ་རྩེ་དང་། དར་རྩེ་མདོ། མཚོ་སྔོན་ཟི་ལིང་། རྒྱལ་རོང་སོགས་སྟོབས་ཤུགས་ཅན་གྱི་དཀྱིལ་སྙིང་སྣ་མང་བརྒྱུད་ནས་ཞིབ་འཇུག་བྱེད་པ་ལྟ་བུའོ། །

མཇུག་བསྡུ་བ།

ཨེ་ཤ་ཡའི་ཆབ་སྲིད་ལོ་རྒྱུས་ལ་ཚན་རིག་རང་བཞིན་སྒོ་ནས་ཞིབ་འཇུག་བྱེད་པར། བཤད་མ་ཐག་པའི་ཆབ་སྲིད་རིག་པའི་རྣམ་གཞག་དང་། ཞིབ་འཇུག་གི་ལྟ་བ་འདི་དག་ནི་རྨང་གཞིའི་རྒྱུན་ཤེས་གལ་ཆེན་ཞེ་གཅིག་ཡིན་ལ། འདི་དག་ལ་ངེས་པ་རྙེད་རྗེས་གཞི་ནས་རིགས་གཅིག་རྐང་འཛིན་ལྟ་བུར། ཨེ་ཤ་ཡའི་ཆོས་ལུགས་དང་། དཔལ་འབྱོར། རིག་གནས་ལོ་རྒྱུས་སོགས་ཀྱི་སྐོར་རམ། ཡང་ན་སོག་པོ་ཚོ་ཁག་དང་། མན་ཇུ། དགའ་ལྡན་ཕོ་བྲང་སོགས། ཞིབ་འཇུག་གི་བརྗོད་གཞི་བྱེ་བྲག་པ་སོ་སོ་དམིགས་སུ་བཀར་ནས་གཏིང་ཟབ་མོས་ཞིབ་འཇུག་བྱེད་ཐུབ་པར་མ་ཟད། འདི་ལྟ་བུའི་ལྟ་གྲུབ་རྣམ་གཞག་(Theory)གི་རྒྱབ་རྟེན་དང་། འབྲེལ་ཡོད་ཀྱི་ཐབས་ལམ། དགོས་ངེས་ཀྱི་རྒྱུ་ཆ་སོགས་འཛོམས་པའི་ཞིབ་འཇུག་ལ། དངོས་ཡོད་ཀྱི་བདེན་དཔང་(Empirical Evidence)ཡོད་པར་མ་ཟད། རིག་ཚན་སོ་སོའི་ལྟ་བའི་རྒྱབ་རྟེན་རྣམ་གཞག་ཀྱང་ཡོད་པ་ཡིན་པས། ཞིབ་འཇུག་གི་འབྲས་བུ་དེ་ལྟ་བུར་སྤུས་ཚད་དང་ཤུགས་རྐྱེན་གཉིས་འཛོམས་ཆགས་ངེས་ཡིན་པ་རེད། དེང་རབས་ཞིབ་འཇུག་གི་རྣམ་གཞག་དང་། ལྟ་བ། ཐབས་ལམ་སོགས་ལ་རྒྱུས་མངའ་མེད་པའམ་དེ་དག་ཞིབ་འཇུག་ཁྲོད་དུ་བཀོལ་སྤྱོད་མ་བྱས་ཚེ། བརྒྱ་ལ་སོ་སོས་འབྲེལ་ཡོད་ཡིག་ཆ་མང་བོ་ཞིག་བཀླགས་ནས། ལུང་འདྲེན་གྱི་རྒྱབ་དཔུང་ལུང་འདྲེན་གྱིས་སྐྱོར་བའི་ཞིབ་འཇུག་རྩོམ་ཡིག་ཅིག་འབྲི་ཐུབ་སྲིད་མོད། དེ་ནི་ལྟ་གྲུབ་ཀྱི་རྣམ་གཞག་དང་། དངོས་ཡོད་བདེན་དཔང་གི་རིགས་ལམ་བྲལ་བའི་བསམ་ཚུལ་རྩོམ་ཡིག་ཙམ་ལས། ཚད་ལྡན་གྱི་ཚན་རིག་ཞིབ་འཇུག་གི་གྲས་སུ་ངོས་འཛིན་བྱེད་དཀའ་བ་ཡིན་པར་བརྟེན། ལོ་རྒྱུས་དང་ཆོས་ལུགས། སྤྱི་ཚོགས་སོགས་སོ་སོའི་ཆེད་ལས་རིག་ཚན་དང་འབྲེལ་ནས། ཞིབ་འཇུག་གི་རྨང་གཞིའི་རྒྱུན་ཤེས་མང་ཙམ་དགོས་པ་ཧ་ཅང་གལ་ཆེ་བ་ཡིན་ནོ། །

དཔྱད་གཞིའི་དཔེ་ཐོ།
བོད་རྒྱ་གཉིས་ཀྱི་དཔེ་ཐོ།
  • གཏམ་རྒྱུད་གསེར་ཐང་། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། དགེ་འདུན་ཆོས་འཕེལ་གྱིས་བརྩམས། པར་གཞི་དང་པོའི་པར་ཐེངས་དང་པོ། ཁྲིན་ཏུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ ༢༠༡༩ ལོར་སྤར་དུ་བསྐྲུན།
  • 陳光興. 去帝國: 亞洲作為方法. 臺北:行人出版社. 1995.
  • 秦亚青. 国际政治的关系理论. 世界经济与政治.年2期.(2015), PP: 4–10
  • ______. 国际关系理论:反思与重构. 北京: 北京大学出版社. 2012.
  • 赵汀阳.天下体系. 北京: 中国人民大学出版社. 2011.

ཨིན་ཡིག་གི་དཔེ་ཐོ།

  • Anand, Dibyesh. Strategic Hypocrisy: The British Imperial Scripting of Tibet’s Geopolitical Identity. The Journal of Asian Studies. 68, no. 1 (2009), PP: 227-252.
  • Armstrong, W. The Doctrine of the Equality of Nations in International Law and the Relation of the Doctrine to the Treaty of Versailles. The American Journal of International Law. 14, no. 4 (1920), PP: 540-564.
  • Bell, Charles. Tibet Past and Present. Oxfordshire: Oxford Press, 1924.
  • Boltjes, Miek, and Michael van Walt van Praag. Tibet Brief 20/20. Outskirts Press, 2020.
  • Brook, Timothy, Michael van Walt van Praag, and Miek Boltjes, (eds.) Sacred Mandates: Asian International Relations since Chinggis Khan. Chicago: University of Chicago Press, 2018.
  • Cheney, Amanda. Tibet Lost in Translation: Sovereignty, Suzerainty, and International Order Transformation, 1904–1906. Journal of Contemporary China. 26, no. 107 (2017), PP: 769-783.
  • Harré, Rom. The Principles of Scientific Thinking. London: Palgrave Macmillan, 1970.
  • Hickey, Danielle, and Kevin Fitzmaurice. Indigenous Epistemologies, Worldviews, and Theories of Power. Diversity of Research in Health Journal. 1 (2017), PP: 15-25.
  • Ishihama, Yumiko, and Makoto Tachibana, et al. (eds.) The Resurgence of ‘Buddhist Government’: Tibetan–Mongolian Relations in the Modern World. Tokyo: Union Press, 2019.
  • Ishihama, Yumiko. A Study of the Seals and Titles Conferred by the Dalai Lamas. In Tibetan Studies: Proceedings of the 5th Seminar of the International Association for Tibetan Studies. vol. 12, no. 3 (1992), PP: 501-514.
  • Ishihama, Yumiko. The Notion of ‘Buddhist Government’ (chos srid) Shared by Tibet, Mongol, and Manchu in the Early 17th Century. In Christoph Cüppers, (ed.) The Relationship Between Religion and State (chos srid zung ’brel) in Traditional Tibet: Proceedings of a Seminar Held in Lumbini. Nepal, March 2000. Lumbini: Lumbini International Research Institute, (2004), PP: 15-32.
  • Kayaoglu, Turan. Westphalian Eurocentrism in International Relations Theory. International Studies Review. 12, no. 2 (2010), PP: 193-217.
  • Lijphart, Arend. Comparative Politics and the Comparative Method. American Political Science Review. 65, no. 3 (1971), PP: 682-693.
  • Ngugi wa Thiong’o. Decolonising the Mind: The Politics of Language in African Literature. London: James Currey, 1986.
  • Singh, Namvar, and Harish Trivedi. Decolonising the Indian Mind. Indian Literature Journal. 35, no. 5 (1992), PP: 145-156.
  • Sneath, David. The Headless State: Aristocratic Orders, Kinship Society, and Misrepresentations of Nomadic Inner Asia. New York: Columbia University Press, 2007.
  • Wolf, Eric. Europe and the People without History. London: University of California Press, 1982.
དཔྱད་ཡིག་དང་ཞབས་མཆན།

[1] ཨིན་ཡིག་གི་ཤེས་བྱའི་བང་མཛོད་(Encyclopædia Britannica)ལྟར་ན། ཨེ་ཤ་ཡ་(Asia) ཞེས་པའི་བརྡ་ཆད་འདི་རྒུ་རིག་གི་སྐད་ཡིག་ལས་བྱུང་ལ། རིམ་གྱིས་ལ་ཏིན་གྱི་སྐད་ཡིག་ཏུ་བཅུག་པ་དང་། ནང་དོན་ནི་ཉི་མ་ཤར་བའི་ཕྱོགས་ཏེ་ཤར་ཕྱོགས་ལ་གོ་དགོས་པར་བཤད། རྒྱས་པར་ཐ་སྙད་འབྱུང་ཁུངས་ཚིག་མཛོད་(Etymology Dictionary)ལྟ་བུར་གཟིགས་རོགས།

[2] འདིར་དུས་རབས་བར་མ་ཞེས་པ་ནི་ཨེ་ཤ་ཡའི་ལོ་རྒྱུས་དང་སྦྱར་ནས་བཤད་ཡོད་པ་སྟེ། སྐབས་འདིར་དུས་རབས་བཅོ་ལྔ་པ་ནས་བཅོ་བརྒྱད་པ་བར་དུ་གོ་དགོས་པ་ལས། ཡུ་རོབ་པས་ངོས་འཛིན་བྱེད་པའི་དུས་རབས་ལྔ་པ་ནས་དུས་རབས་བཅོ་ལྔའི་བར་ཏེ་དུས་རབས་བར་མ་(Middle Ages)མ་ཡིན་པ་ཤེས་བར་བྱའོ།།

[3] Armstrong 1920, P: 540.

[4] འདིར་ཚད་ལྡན་(standard)ཞེས་པའི་ཆབ་སྲིད་བརྡ་ཆད་ཀྱི་གོ་དོན་ནི། ཡུ་རོབ་ཆབ་སྲིད་གྱི་རྨང་གཞིའི་ཐོག་ཏུ་བྱུང་བའི་དེང་རབས་ཀྱི་རྒྱལ་ཁབ་དག་ལ། ཁྲིམས་ཐོག་ནས་མཚན་ཉིད་ཚང་ཡོད་མེད་ཀྱི་དབང་དུ་བྱས་ནས། ཚད་ལྡན་ཡིན་མིན་རྩི་ཚུལ་དེ་ལ་གོ་དགོས་པ་རེད། རྒྱས་པར་ཁའ་ཡོརྒུ་ལོས་(Kayaoglu 2010, PP: 193–217)ཀྱི་རྩོམ་ཡིག་ལ་གཟིགས་རོགས།

[5] འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་(UN Charter)། ལེའུ་དང་པོའི་དོན་ཚན་གཉིས་པའི་ཚན་པ་དང་པོ་དང་། བཞི་བ། བདུན་པ་བཅས་སུ་གསལ་བོར་བཀོད་ཡོད། རྒྱས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིག་ཆ་རང་ལ་གཟིགས་རོགས།

[6] ཡུ་རོབ་དང་ནུབ་ཕྱོགས་ཞེས་པའི་བརྡ་ཆད་འདི་གཉིས་ཀྱི་གོ་དོན། རྩོམ་ཡིག་འདིའི་གཤམ་དུ་གླེང་སློང་བྱས་ཡོད་པས་དེ་ལ་གཟིགས་པར་འཚལ།

[7] ཁྲིན་བཀང་ཞེན་(陳光興1995) ལགས་ཀྱི་དཔེ་དེབ་འདི་ལས། ཨེ་ཤ་ཡའི་རིག་གཞུང་ལྟ་བ་གཙོ་བོར་བྱས་ནས་འཛམ་གླིང་ཤར་ནུབ་ཀྱི་ཆབ་དཔལ་རིག་གསུམ་གྱི་ཁྱད་པར་རྒྱས་པར་གླེང་ཡོད།

[8] Boltjes, Praag and Brook 2018, P: ix.

[9] Bell 1924, P: 215. འདིའི་སྐོར་ལ་ཆབ་སྲིད་རིག་པའི་ཆེད་མཁས། ཨ་ནན་སྒྲི་(Dibyesh 2009, PP: 227–252)ལགས་ཀྱི་ཨིན་ཇིའི་བཙན་རྒྱལ་སྐོར་གྱི་རྩོམ་ཡིག་ཁྲོད་དུ། བརྗོད་གཞི་འདི་ལ་དོགས་སློང་རང་བཞིན་གྱིས་ཞིབ་འཇུག་གཏིང་ཟབ་བྱས་ཡོད།

[10] ཆེན་ཡའ་ཆེན་(秦亚青 2015)ལགས་སྐབས་རེར་རྒྱ་གཞུང་གི་ཆབ་སྲིད་དྲིལ་སྒྲོག་མཁན་དུ་འགྱུར་ཡོད་ནའང་། ཁོང་གི་ཨེ་ཤ་ཡ་རྨང་གཞིར་བཟུང་བའི་འབྲེལ་ཡོད་ལྟ་གྲུབ་ཀྱི་ཞིབ་འཇུག་འདི་གལ་གནད་ཆེན་པོ་ཆགས་ཡོད། དེ་བཞིན་དུ་ཁོང་གི་བརྩམས་ཆོས་གཞན་པ(秦亚青 2012)། «རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་རྣམ་བཞག ཕྱིར་རྟོག་དང་བསྐྱར་བསྐྲུན།» (国际关系理论:反思与重构) ཞེས་པ་དེ་ཡང་བཀླག་དགོས་ངེས་སུ་མཐོང་།

[11] Ishihama, Yumiko and Tachibana, Makoto et al. (eds) 2019 and Ishihama 2004, PP: 15–32. ད་དུང་ཨེས་ཤས་ཧ་མ་( Ishihama 1992, PP: 501–514)ལགས་ཀྱི་རྩོམ་ཡིག་འདིར། ཏྰ་ལའི་བླ་མ་རིམ་བྱོན་གྱིས་སོག་པོ་དཔོན་རིགས་ཁག་ལ་འཇའ་ས་དང་ཐམ་ཀ་གནང་ཚུལ་བརྒྱུད་ནས། མཆོད་ཡོན་གྱི་ཆབ་སྲིད་སྒྲོམ་གཞིའི་ཤུགས་རྐྱེན་གླེང་ཡོད།

[12] གྲོས་ཆེན་ཡང་(赵汀阳 2011)ལགས་ཀྱི་སྤྱི་ཚོགས་ཚན་རིག་དང་མཚན་ཉིད་རིག་པའི་ལྟ་བ་ཟུང་དུ་སྦྲེལ་ནས། རྒྱ་ནག་ལྟེ་བར་བཟུང་བའི་ཆབ་སྲིད་རྣམ་བཞག་སྐོར་ལ་རྩོམ་ཡིག་མང་པོ་བྲིས་ཡོད་མོད། ཁོང་གི་རྩོམ་ཡིག་ཁ་ཤས་ལ་ད་ལྟའི་རྒྱ་གཞུང་གི་སྲིད་ཇུས་དྲིལ་བསྒྲགས་ཀྱི་དམིགས་ཡུལ་ཡོད་པ་ཡང་སྐབས་འདིར་ཤེས་པར་བྱའོ།།

[13] འོག་ཏུ་རྒྱས་པར་འཆད་འགྱུར་ལྟར། ནེ་ཞོན་སུ་གྲེ་གྲི་ཟེར་བའི་ཆབ་སྲིད་ལྟ་བ་དང་ཁྲིམས་སྲོལ་རྣམ་གཞག་དེ། ཚན་རིག་དང་བཟོ་ལས་གཉིས་ཀྱི་གསར་བརྗེ་དང་། ཆབ་སྲིད་དང་ཆོས་ལུགས་བར་གྱི་འཐབ་རྩོད་སོགས། ཡུ་རོབ་རྒྱལ་ཁབ་ཁག་ཏུ་ལོ་རྒྱུས་ཀྱི་འགྱུར་བ་མང་བོ་ཞིག་བརྒྱུད་ནས་རིམ་བཞིན་དུ་གྲུབ་ཡོད་ལ། ད་ལྟའི་དུས་སུ་ནེ་ཞོན་སུ་གྲེ་གྲི་ནི་དེང་རབས་འཛམ་གླིང་ཆབ་སྲིད་དང་། ཁྲིམས་སྲོལ་ཡོངས་ཀྱི་རྨང་གཞི་དང་རྩ་བ་ལྟ་བུ་ཡིན་ལ། འཛམ་གླིང་སྲིད་ཁྲིམས་ཀྱི་སྒྲོམ་གཞི་འདེགས་བྱེད་ཀྱི་ཀ་ཆེན་ལྟ་བུའང་ཡིན། ཆབ་སྲིད་རིག་པ་བ་རེས་ཆར་སྒྲི་ལའ་ཆི་མ་(Lachmann 2020, PP: 458–479)ལགས་ཀྱིས། ཡུ་རོབ་ཏུ་ནེ་ཞོན་སུ་གྲེ་གྲི་ལྟ་གྲུ་དར་ཚུལ་ལ་ཞིབ་འཇུག་བྱས་ཡོད་ལ། བེམ་མུར་དང་སྤེན་སུ་ཁྲིན་(Wimmer and Feinstein 2010, PP: 764–790)ལགས་གཉིས་ཀྱིས། ལྟ་བ་དེ་འཛམ་གླིང་ཡོངས་སུ་དར་ཚུལ་དང་དེའི་དགེ་སྐྱོན་སྐོར་ལ་ཞིབ་པར་དཔྱད་ཡོད།

[14] ལྟ་གྲུབ་རྣམ་གཞག་འདིའི་རྒྱབ་ལྗོངས་སྐོར་ལ་ཞིབ་འཇུག་མཁན། ཨའ་མེན་སྒྲ་(Amanda 2017,PP: 769–783)ལགས་ཀྱིས་བོད་དང་འབྲེལ་བའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་རྩོམ་ཡིག་ཁྲོད་དུ། བརྗོད་གཞི་བྱེ་བྲག་དམིགས་སུ་བཟུང་ནས་ཞིབ་པར་གླེང་ཡོད།

[15] རོམ་ཧ་རེས་(Harré 2016)ལགས་ཀྱིས་སྤྱི་ཚོགས་ཚན་རིག་གི་དཔེ་དེབ་འདིར། ཞིབ་འཇུག་ལྟ་བའི་ངོ་སྤྲོད་སྐོར་རྒྱས་བསྡུས་རན་པར་གསུངས་ཡོད།

[16] ཆབ་སྲིད་རིག་པ་བ་ཁེ་ཡོགུ་ལོས་(Kayaoglu 2010)ཀྱིས་བེསུ་ཧྥ་ལེས་ཡ་ཞི་བའི་གྲོས་ཆོད་ཀྱི་བྱུང་རིམ་དང་། གྲོས་ཆོད་དེའི་ཤུགས་རྐྱེན་སོགས་རྒྱས་པར་གླེང་ཡོད་ལ། གྲོས་ཆོད་འདིའི་མ་ཡིག་ངོ་མ་ཡུ་རོབ་ཀྱི་སྐད་ཡིག་མང་པོའི་ནང་དུ་མཐོང་རྒྱུ་ཡོད་པ་རེད། དཔེར་ན་ཧྥ་སྐད་དུ་ཡོད་པའི་མ་ཡིག་ཁ་བྱང་ལ། “ཕྱི་ལོ་༡༦༤༨ ལོར་འཇར་མན་གྱིས་ཧྥ་རན་སི་མཉམ་དུ་བཞག་པའི་ཞི་བའི་གྲོས་ཆོད་”(La paix signée de l’Allemagne avec la France-1648) ཅེས་བྱུང་ཡོད་པ་ལྟ་བུ་ཡིན།

[17]ཨེས་རིག་བོསྤུ་(Wolf 1982)ལགས་ཀྱི་བརྩམས་ཆོས། «ཡུ་རོབ་དང་ལོ་རྒྱུས་མེད་པའི་མི་རྣམས་» (Europe and the People without History) ཞེས་པ་ནི། ཡུ་རོབ་མི་སེར་སྤེལ་པའི་རིང་ལུགས་དང་དེའི་ཤུགས་རྐྱེན་འཛམ་གླིང་ལ་ཁྱབ་ཚུལ་སྐོར་གྱི་མ་བཀླགས་ཐབས་མེད་ཀྱི་དཔེ་ཆ་ཞིག་ཡིན།

[18] མི་སེར་སྤེལ་བའི་རིགས་ལམ་གྱི་རྣམ་གཞག་འདི། རྒྱ་ཆེ་ལ་གཏིང་ཟབ་པ་མ་ཟད། ཆབ་དཔལ་རིག་གསུམ་དང་འབྲེལ་ནས་ཡོད་པས། རྒྱས་པར་བརྗོད་གཞི་འདི་ཁོ་རང་ལ་ཆེད་དུ་སློབ་སྦྱོང་བྱེད་པར་རིགས། རིགས་ལམ་གྱི་རྣམ་གཞག་འདིའི་སྔ་ཕྱིའི་གོ་དོན་ལ་ངེས་བ་རྙེད་རྗེས། རང་བཞིན་གྱིས་དེའི་ལྡོག་ཕྱོགས་མི་སེར་སྤེལ་བའི་རིང་ལུགས་ལས་གྲོལ་བའི་རྣམ་གཞག་ལ་ཡང་ཤེས་རྟོགས་གཏིང་ཟབ་འབྱུང་བར་འགྱུར་རོ།།

[19] དུས་སྐབས་དེའི་བཙན་རྒྱལ་གཉིས་ནི་ཨུ་རུ་སུ་བཙན་རྒྱལ་(Russian Empire)དང་ཨིན་ཇི་བཙན་རྒྱལ་(British Empire)གཉིས་ཡིན་ལ། དུས་རབས་བཅུ་དགུ་བའི་མཇུག་དང་ཉི་ཤུ་བའི་སྟོད་དུ། བཙན་རྒྱལ་དེ་གཉིས་ཀྱིས་ཨེ་ཤ་ཡ་དཀྱིལ་མ་དང་ནང་མའི་ས་ཁུལ་ཁག་ཏུ། ཕན་ཚུན་ལ་སྟོབས་ཤུགས་འགྲན་བསྡུར་གྱིས་ཆབ་སྲིད་ཀྱི་རྩེད་མོ་ཆེན་པོ་(The Great Game:1813–1907)རྩེ་བཞིན་པའི་སྐབས་ཡིན་ལ། དེའི་ཤུགས་རྐྱེན་འོག་ཏུ་ཨེ་ཤ་ཡའི་རྒྱལ་ཁབ་མང་ཆེ་བས་སོ་སོའི་སྲོལ་རྒྱུན་གྱི་ཆབ་སྲིད་སྒྲོམ་གཞི་དོར་ནས། མི་སེར་སྤེལ་བའི་གནོན་ཤུགས་འོག་ཏུ་ཡུ་རོབ་ཀྱི་ཆབ་སྲིད་དང་ཁྲིམས་སྲོལ་ལ་སྔ་ཕྱིར་ངོས་ལེན་བྱེད་དགོས་བྱུང་ཡོད།

[20] Praag and Boltjes 2020, P: 79–80.

[21] Sneath 2007, PP: 65-92.

[22] འདིའི་སྐོར་རྒྱས་པར་ཨེ་ཤ་ཡའི་ཆབ་སྲིད་ལོ་རྒྱུས་རིག་པའི་ཆེད་མཁས། མའ་ཁུལ་ཕུརེ་ཁུ་(Michael Praag)དང་མེཁུ་བྷོལ་ཇེསུ་(Praag, Miek Boltjes, et al.: 2018 and 2020) སོགས་ཀྱིས་སྔ་ཕྱིར་བརྩམས་པའི་དཔེ་ཆ། «གནམ་གྱི་བཀའ་ལུང་ཁག» (Sacred Mandate) ཅེས་པ་དང་། «བོད་ཀྱི་བསྡུས་དོན། ཕྱི་ལོ 2020» (Tibet Brief 2020) ཞེས་པ་གཉིས་ལ་གཟིགས་རོགས།

[23] མི་སེར་སྤེལ་བའི་ཤུགས་རྐྱེན་སྐད་ཡིག་དང་རིག་གཞུང་སོགས་སུ་སིམ་འཛུལ་བྱེད་ཚུལ་སྐོར། ཨ་ཧྥི་རི་ཁའི་མཁས་པ་ནོས་རྒས་བའ་ཐོང་(Ngugi wa Thiong’o, 1986)ལགས་ཀྱི་རྩོམ་ཡིག་ཕྱོགས་བསྒྲིགས། «སེམས་ནང་གི་མི་སེར་སྤེལ་བའི་རིང་ལུགས་ལས་གྲོལ་བ། ཨ་ཧྥི་རི་ཁའི་རྩོམ་ཡིག་ཁྲོད་ཀྱི་སྐད་ཡིག་གི་ཆབ་སྲིད།» (Decolonising the Mind : The Politics of Language in African Literature) ཅེས་པར་གཟིགས་རོགས།

[24] རྒྱ་གར་གྱི་མཁས་པ་ནམ་བར་སེན་དང་གྲི་རིས་སྦས་རྡིས་(Singh and Trivedi, 1992)གཉིས་ཀྱི་རྩོམ་ཡིག «རྒྱ་གར་གྱི་སེམས་ནང་གི་མི་སེར་སྤེལ་བའི་རིང་ལུགས་ལས་གྲོལ་བ།» (Decolonising the Indian Mind)ཅེས་པའི་རྩོམ་ཡིག་སྐད་གྲགས་ཅན་དེས། མི་རྣམས་ཀྱི་སྣང་ལ་ངེས་མ་ངེས་པའི་འདུ་ཤེས་ཀྱི་ཆེས་ཟབ་སར་ཡོད་པའི་མི་སེར་སྤེལ་བའི་ཤུགས་རྐྱེན་ཁག་ལ་དོགས་སློང་བྱས་ཡོད།

[25] མའ་ཁུལ་ཕུརེ་ཁུ་དང་མེཁུ་བྷོལ་ཇེསུ་(Praag and Boltjes 2020)གཉིས་ཀྱི་བརྩམས་ཆོས། «བོད་ཀྱི་བསྡུས་དོན། ཕྱི་ལོ 2020» (Tibet Brief 2020)ལ་གཟིགས་རོགས།

[26] གཏམ་རྒྱུད་གསེར་ཐང་། དགེ་འདུན་ཆོས་འཕེལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དཔེ་སྐྲུན་ལོ། ༢༠༡༩ ཤོག་གྲངས་༡༥༢ ན་གསལ།

[27] དཔེར་ན། ཞིབ་འཇུག་མཁན་སྒྲེ་ནའ་དང་ཀེ་བེན་(Hickey and Fitzmaurice 2017, PP: 15–25)ལགས་གཉིས་ཀྱིས་གནས་ཡུལ་རང་གི་རིགས་ལམ་དང་ནུབ་ཕྱོགས་ཀྱི་རིགས་ལམ་ཟུང་དུ་སྦྲེལ་ནས། དབང་ཤུགས་འདྲ་མིན་ལ་ཞིབ་འཇུག་བྱེད་ཚུལ་དེ་སྐབས་འདིའི་དཔེ་མཚོན་ལེགས་པོ་ཞིག་ཡིན།

[28] ཆབ་སྲིད་ཚན་རིག་པ་ལས་ཇི་སྤར་གྲི(Lijphart 1971, PP: 682–693 )ལགས་ཀྱི། མཚུངས་བསྡུར་རིགས་ལམ་སྐོར་གྱི་རྩོམ་ཡིག་འདི་བརྒྱུད་ནས། ཞིབ་འཇུག་རིགས་ལམ་འདིའི་དགེ་སྐྱོན་གཉིས་གསལ་བོར་ཤེས་ཐུབ།

[29] ཞིབ་འཇུག་གི་སྡེ་ཚན་གཞན་པ་སྟེ། དཔེར་ན་ས་གཤིས་དང་མི་རིགས་རིག་པ་སོགས་སུ། སྐབས་རེར་ལྟ་ཚུལ་འདི་ལ་བཤད་ཚུལ་སྣ་མང་ཅན་(multivocality)ཡང་ཟེར་སྲོལ་ཡོད།  གང་ལྟར་དོན་ལ་གཅིག་པ་ཡིན།

[30] ཨིན་ཡིག་གི་ཐ་སྙད་འདི་ལ་སྤྱིར་བཏང་གི་ནང་དོན་དང་། རིག་གཞུང་ཞིབ་འཇུག་སྐབས་ཀྱི་ནང་དོན་སོགས་རིག་གནས་སྡེ་ཚན་དང་། གནས་བབ་འདྲ་མིན་གྱི་འོག་ཏུ་གོ་དོན་ཡང་འདྲ་མིན་ཞིག་ཡོད་པ་རེད། སྐད་ཡིག་ཚང་མའི་ཁྲོད་དུ་འདི་ལྟ་བུའི་དཔེ་མཚོན་ཧ་ཅང་མང་བོ་ཡོད།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།