ནུབ་སོག་ཇུན་གར་བས་རྡོར་སྨིན་གཙོས་རྙིང་དགོན་ཁག་གཏོར་དགོས་པའི་རྒྱུ་རྐྱེན་ལ་དཔྱད་པ།

0
1730

ནུབ་སོག་ཇུན་གར་བས་རྡོར་སྨིན་གཙོས་རྙིང་དགོན་ཁག་གཏོར་དགོས་པའི་རྒྱུ་རྐྱེན་ལ་དཔྱད་པ།
The Analysis of the Reasons Why the Dzungars, the Western Mongols, destroyed Nyingma Monasteries Including Dorjee Drak and Mindroling

ནང་དོན་གནད་བསྡུས།

     དཔྱད་རྩོམ་འདིའི་ནང་དུ་སུམ་པ་ཆོས་འབྱུང་དང་། རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན། སླེ་ལུང་བཞད་པའི་རྡོ་རྗེ། ཆེ་མཆོག་འདུས་པ་རྩལ། འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་བཅས་ཀྱི་རྣམ་ཐར་ཁག་ལ་གཞི་བཅོལ་ཏེ། དུས་རབས་བཅོ་བརྒྱད་པའི་སྟོད་དུ་ཇུན་གར་བས་བོད་ཀྱི་རྙིང་དགོན་ཁག་གཏོར་དགོས་དོན་ནི། ཚེ་དབང་རབ་བརྟན་གྱིས་དགའ་ལྡན་པོ་ཤོག་ཐུ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ལ་བཅངས་པའི་སྒེར་གྱི་ཤ་འཁོན་དང་། དེའི་ཁར་དགེ་རྙིང་དབར་གྱི་གྲུབ་མཐའི་ཕྱོགས་ཞེན་དང་། ཇུན་གར་བས་བོད་དབང་སྒྱུར་དགོས་པའི་དགོས་མཁོ་བཅས་གནད་དོན་གསུམ་ལ་བརྟེན་ནས་ལོ་རྒྱུས་ཀྱི་དོན་རྐྱེན་དེ་ལྷག་ཡོད་སྐོར་བྲིས་ཡོད།

གནད་ཚིག    ཇུན་གར།  རྙིང་དགོན།  གཏོར་བཤིག  རྒྱུ་རྐྱེན།

ས་བཅད་དང་པོ། ཇུན་གར་བས་རྙིང་དགོན་ཁག་གཏོར་དགོས་དོན་མི་སྒེར་གྱི་ཤ་འཁོན་ལས་བྱུང་ཡོད་པ།    

དེ་ཡང་དུས་རབས་བཅུ་བདུན་པའི་སྨད་དང་བཅོ་བརྒྱད་པའི་སྟོད་ཙམ་ལ། ཇུན་གར་བའི་དྲག་པོའི་དཔུང་གིས་དབང་སྒྱུར་བཞིན་པའི་ཨེ་ཤ་ཡའི་དབུས་ཁུལ་ཏེ་ལི་ཡུལ་ལམ་དེང་གི་ཤར་ཏུར་ཁེ་སི་ཐན་དང་། དགའ་ལྡན་ཕོ་བྲང་བའི་ཁྱབ་ཁོངས་ཀྱི་བོད་དང་། ཕྱི་སོག་ཧལ་ཧ་དང་ནང་སོག་ཆ་ཧར་ཐུ་མེད་སོགས་ཀྱི་ཁྱབ་ཁོངས་སོག་ཡུལ་ལྷོ་བྱང་བཅས་སུ། གསར་དུ་འཕེལ་དར་འགྲོ་བཞིན་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལྡན་པའི་གྲུབ་མཐར་དད་པ་བྱེད་མཁན་གྱི་མི་གྲངས་ཀྱིས་ཚད་མཐོན་པོས་ཟིན་ཡོད་ནའང་། བོད་སྤྱི་ཡོངས་ལ་གཞིགས་ན། དགེ་ལུགས་ལས་གཞན་སྔར་དར་གྲུབ་མཐའ་བོན་པོ་དང་། རྙིང་མ། ས་སྐྱ། བཀའ་བརྒྱུད། དེ་མིན་ཇོ་ནང་བཅས་ལ་དད་པ་བྱེད་མཁན་གྱིས་བོད་མིའི་མི་འབོར་གྱི་སུམ་ཆ་གཉིས་ཙམ་ཟིན་ཡོད།[1] ཅེས་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་གསུངས།

སྐབས་ཐོག་དེར་ཆོས་སྲིད་གཉིས་ཐད་ནས་དབང་གྲགས་གཉིས་ལྡན་དང་། བོད་སོག་གི་སྐྱེ་བོ་ཕལ་མོ་ཆེའི་སྤྱི་བོའི་གཙུག་ཏུ་བཀུར་དགོས་སའི་སྐྱེས་ཆེན་དབང་གྲགས་གཉིས་ལྡན་ཞིག་བོད་དབུས་སུ་སྐུ་འཚོ་ཞིང་བཞུགས་པ་ནི། དགེ་ལྡན་གྲུབ་མཐའི་ཆེས་མཐོའི་དབུ་ཁྲིད་དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་དོན་གྱི་བདག་པོ་༧གོང་ས་སྐུ་འཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ཞུ་བ་ཁོང་རྩོད་མེད་ཡོངས་གྲགས་སུ་གྱུར་ཡོད། ཁོང་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཆོས་སྲིད་གཉིས་དང་འབྲེལ་བའི་སློབ་མ་མང་དག་ཅིག་བྱུང་བ་ལས། བོད་སོག་གཉིས་ཀྱི་ལོ་རྒྱུས་སྟེང་ཆེས་འབུར་དུ་ཐོན་པའི་ལོ་རྒྱུས་ཀྱི་མི་སྣ་གཉིས་བྱུང་བ་ནི། ཁོང་སྐུ་གྲོངས་པའི་རྗེས་ཀྱི་དགའ་ལྡན་ཕོ་བྲང་བའི་དབང་འཛིན་པ་མཐོ་ཤོས་ཆགས་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། ཇུན་གར་གྱི་རྒྱལ་པོ་དགའ་ལྡན་བསྟན་འཛིན་པོ་ཤོག་ཐུ་ཧན་རྣམ་གཉིས་ཆགས་ཡོད་ལ། དེ་གཉི་གའང་རྒྱལ་དབང་ལྔ་པའི་དངོས་སློབ་ཡིན་པར་མ་ཟད། སྤྱིར་བཏང་གི་འབྲེལ་བ་ལས་བརྒལ་ཏེ་སྲས་ཀྱི་ཐུ་བོ་ལྟ་བུར་གྱུར།

དེས་ན་འདིར་དགའ་ལྡན་བསྟན་འཛིན་པོ་ཤོག་ཐུ་ཧན་(༡༦༤༤-༡༦༩༦)གྱི་སྐོར་ནས་ཅུང་ཙམ་ཞུས་ན། ཁོང་ནི་ཇུན་གར་གྱི་རྒྱལ་པོ་ཧ་ལ་ཧུ་ལཱ་གྲོངས་རྗེས་པཱ་ཐུར་ཧོང་ཐའི་ཇི་ཁྲིར་འཁོད། དེ་ལ་བུ་དྲུག་ཡོད་པ་ལས་འདི་བ་བུ་དྲུག་པ་དེ་ཡིན་ཞིང་། རྗེས་སུ་ཇུན་གར་སྤྱིའི་རྒྱལ་པོར་གྱུར། ལོ་ན་ཆུང་དུས་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་ཀྱིས་བོད་དུ་ལོ་བཅུ་ཙམ་གྲྭ་སར་བསྡད་དེ། པཎ་ཆེན་སྐུ་འཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་རྣམ་གཉིས་བླ་མར་བསྟེན་ཏེ་སློབ་གཉེར་ཡུན་རིང་པོར་བྱས།  རྗེས་སུ་རྒྱལ་དབང་ལྔ་པས་དགའ་ལྡན་པོ་ཤོག་ཐུ་ལ་དབེན་ས་སྤྲུལ་སྐུའི་[2]་ཡང་སྲིད་དུ་ངོས་འཛིན་[3]གནང་བར་མ་ཟད། “སྤྱི་དང་ཁྱད་པར་ཡངས་པའི་ནོར་འཛིན་མགོན། །བསྟན་པའི་སྦྱིན་བདག་དགའ་ལྡན་བོ་ཤོག་ཐུའི། །མི་མཐུན་རབ་ཞི་ཆབ་སྲིད་མངའ་ཐང་སོགས། །གོང་འཕེལ་འདི་ཕྱིའི་འདུན་མ་ལྷུན་གྲུབ་ཤོག། །་་་་་་ཡངས་པའི་ས་ཆེན་པོར་བསོད་ནམས་སྟོབས་ཀྱིས་དཔུང་པས་བདག་གིར་སྤྱོད་ཅིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་བསྟན་པ་རིན་པོ་ཆེར་མི་ཕྱེད་པའི་དད་གུས་ཀྱི་དབང་ཕྱུག་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུའི་དད་རྟེན་དུ་ངེད་རང་གི་འདྲ་འབག”[4]ཅེས་པ་སོགས་གསོལ་རས་དང་ཆེ་བརྗོད་བླ་མེད་བསྩལ་ཏེ་བཀའ་དྲིན་གྱིས་བསྐྱངས།

ཕྱི་ལོ་ ༡༦༦༥ ལོར་དགའ་ལྡན་རང་ཡུལ་ཇུན་གར་དུ་ལོག  ལོ་དེའི་ཕྱི་ལོར་(༡༦༦༦)ཡང་བསྐྱར་དགའ་ལྡན་དང་ཨ་པ་ལའི་སེ་ཆེན་དབོན་པོ་ཁྱོ་ཤུག་དང་། ཇུན་གར་དཔོན་མོ་ཚེ་དབང་རྒྱལ་མོ་སོགས་སོག་འགྲུལ་གཏོས་ཆེ་དང་བཅས་བོད་དུ་ཡོང་ནས། རྒྱལ་དབང་ལྔ་པར་འབུལ་བ་ཧ་ཅང་སྤམས་མཐོ་བ་ཕུལ་ཏེ་སོག་འགྲུལ་བྱིངས་རྣམས་ཇུན་གར་ལ་ལོག་མོད། དགའ་ལྡན་མུ་མཐུད་དུ་བཀྲས་ལྷུན་དུ་གྲྭ་སར་བསྡད།[5]དེའི་རྗེས་ཕྱི་ལོ་ ༡༦༧༠ ལོ་ཡས་མས་ཙམ་ལ་ལི་ཡུལ་བྱང་རྒྱུད་ཀྱི་ཇུན་གར་རྩྭ་ཐང་དུ། ཨོ་རོད་ཀྱི་སྤུན་མཆེད་དཔོན་ཁག་དབར་དབང་ཆ་འཕྲོག་རྩོད་ཀྱིས་ནང་དམེ་ཚབས་ཆེན་ཞིག་ལྷག་པས། སེང་གེའི་མ་ཡུམ་དངོས་ཀྱིས་སེ་ཆེན་ཐའི་ཇི་དང་ཇོ་ཐོབ་པཱ་ཐུར་སོགས་ཀྱིས་དགའ་ལྡན་གྱི་ཕ་གཅིག་མ་ཡར་གྱི་གཅེན་པོ་སེང་གེ་རྐྱེན་ལམ་དུ་བཏང་ཚུལ་བོད་ལ་སློབ་གཉེར་བྱེད་བཞིན་པའི་དགའ་ལྡན་གྱི་རྣ་ལམ་དུ་བསྐྱལ་བར་བརྟེན།[6] དགའ་ལྡན་ཤིན་ཏུ་ཁྲོས་ཏེ་ཕུ་བོའི་དགྲ་ཤ་ལེན་ཆེད་རབ་བྱུང་གི་སྡོམ་པ་གཙང་པཎ་ཆེན་རིན་པོ་ཆེའི་སྐུ་མདུན་དུ་ཕུལ་ཏེ། རྗེ་ཙོང་ཁ་པའི་སྐུ་འདྲ་(རྗེའི་ཤངས་ཁྲག་གིས་བྲིས་པའི་ཆོས་རྒྱལ་གྱི་སྐུ་འདྲ་ཞིག་ཡིན་ཡང་ཟེར།)གཅིག་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་དང་རྒྱལ་དབང་ལྔ་པ་རྣམ་གཉིས་ཀྱི་སྐུ་འདྲ་རེ་རེ་བསྣམས་ཕེབས་ཏེ། རང་ཡུལ་ཇུན་གར་གྱི་ཕྱོགས་སུ་རྟ་ཕོ་ཤེད་ཀྱིས་བསྐུལ་ནས་བསྐྱོད་དེ། སེ་ཆེན་ཐའི་ཇིའི་མགོ་སྐེ་ཕྲལ་ཏེ་འཆི་ལམ་དུ་བརྫངས་ཤིང་། ཇོ་ཐུབ་པཱ་ཐུར་འུ་ཐུག་སྟེ་མཚོ་སྔོན་ཕྱོགས་སུ་འབྲོས་དགོས་པ་སོགས་བཟོས་ཏེ་ཕུ་བོའི་དགྲ་ཤ་བརྩད།[7]

དེ་རྗེས་དགའ་ལྡན་སྐྱ་སར་བབས་ནས་ཇུན་གར་གྱི་སྲིད་དབང་བཟུང་བའི་སྐབས་སུ། ལྷ་ས་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགའ་ལྡན་ལ་གསང་བའི་འཕྲིན་ཡིག་ཅིག་འབྱོར་དོན། ཚེ་དབང་རབ་བརྟན་འདི་མ་བཀུམ་ན། འདིས་རྗེས་སུ་རྙིང་མའི་བསྟན་པར་འཚེ་ཡོང་ཞེས་བསྐུལ་བ་ལྟར། དགའ་ལྡན་གྱིས་གཅེན་བསོད་ནམས་རབ་བརྟན་ཞེས་པ་བསད་ནས་ཚེ་དབང་རབ་བརྟན་གསོད་རྩིས་བྱས་ཀྱང་མ་སོད་པར་བྲོས། མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཚབས་ཆེན་དེའི་རྐྱེན་གྱིས་ཚེ་དབང་རབ་བརྟན་ལ་སྔར་ནས་རྙིང་མ་དང་འབྲེལ་ལམ་ཟབ་པའི་སྡེ་སྲིད་དང་། དགའ་ལྡན་ལ་མི་དགའ་བ་ཡོད་མུས་ཐོག  དོན་རྐྱེན་དེས་རྨ་ཁར་ཚྭ་ཁུ་བསྣན་པ་ལྟར་ཤ་འཁོན་གཏིང་ཇེ་ཟབ་ཏུ་སོང་སྟེ། ཁོས་ནམ་ཞིག་གོ་སྐབས་བྱུང་ན་ཕུ་བོའི་ཆེད་དགྲ་ཤ་ལེན་རྒྱུར་ཐག་བཅད།

དགའ་ལྡན་གྱིས་ཇུན་གར་གྱི་རྒྱལ་པོ་བྱེད་སྐབས། ཁོས་བོད་ནས་གདན་དྲངས་པའི་རྗེ་ཙོང་ཁ་པའི་ཤངས་ཁྲག་གིས་བཞེངས་པའི་དམ་ཅན་ཆོས་རྒྱལ་དང་། རྒྱལ་དབང་ལྔ་པ། པཎ་ཆེན་སྐུ་འཕྲེང་བཞི་པ་བཅས་ཀྱི་སྐུ་འདྲ་གསུམ་འཇོག་སའི་སྔགས་པ་དང་། ལམ་རིམ། ཞབས་བརྟན་གྲྭ་ཚང་གསུམ་བཏབ་སྟེ། རེ་རེ་བཞིན་གྲྭ་ཚང་དེ་ཚོའི་རྟེན་གྱི་གཙོ་བོར་བཞག། །རབ་བྱུང་ ༡༡ པའི་ལྕགས་ཁྱི་(༡༦༧༠)ལོའི་དབྱར་ཁར། ཇུན་གར་དང་ཧལ་ཧའི་ས་མཚམས་ཁུ་རིལ་བིལ་ཆེར་དུ་ཧལ་ཧའི་ཆེ་ཆེན་ཧན་གྱིས་དོན་དག་ཕྲན་ཚེགས་ཤིག་ལ་བརྟེན། དགའ་ལྡན་གྱི་བུ་སངས་སྐྱབས་རྐྱེན་ལམ་དུ་བཏང་བས། ཇུན་གར་དང་ཧལ་ཧ་གཉིས་སླར་ཡང་མ་མཐུན་པ་བྱུང་སྟེ་ཞེ་འགྲས་ཀྱི་རྩ་བ་ཚུགས།[8]  དེར་བརྟེན་དགའ་ལྡན་གྱིས་དཔུང་དང་བཅས་ཧལ་ཧ་འཇོམས་པར་སོང་ཤུལ་དུ། ཕྱི་ལོ་ ༡༦༨༨ ལོའི་དགུན་ཁར་སེང་གེའི་བུ་ཚེ་དབང་རབ་བརྟན་ལ་སྔར་སྤུན་བསད་པའི་དགྲ་ཤ་ལེན་རྒྱུའི་གོ་སྐབས་ཡག་པོ་ཞིག་རག་སྟེ། དགའ་ལྡན་གྱི་རུ་སྡེ་ཆ་གྭན་ཨོ་བོན་ན་ཡོད་པ་ཐམས་ཅད་བཅོམ་སྟེ་བདག་གིར་བཟུང། འཁོར་འབངས་ལྔ་སྟོང་ལྷག་ཁྲིད་དེ་ཨོ་ལིན་ཧ་སྨིར་སྒར་དུ་ཡུལ་བྱོལ་བྱས། དགའ་ལྡན་གྱིས་རྗེས་འདེད་དམག་ཉིས་སྟོང་ཡས་མས་བཏང་བ་ཡང་ཚར་བཅད། མི་འགྱངས་བར་འཁོར་འབངས་དེ་དག་ཁྲིད་དེ། ཡང་བསྐྱར་དགའ་ལྡན་གྱི་དགུན་ས་བྷོ་ར་ཐ་ར་(博尔塔拉)ལ་རུ་སྤོས་ཏེ། དེ་གར་རྟེན་གཞི་བཙུགས་ནས་དགའ་ལྡན་དང་མདུང་རྩེ་ཁ་སྤྲོད་དུ་བསྡད།[9] དེ་ལྟར་ཚེ་དབང་རབ་བརྟན་གྱིས་ཕྱོགས་གཅིག་ནས་ཨོ་རོད་པའི་མི་སེམས་འགུགས་ཐབས་ལ་བརྩོན་ཞིང་། ཕྱོགས་གཞན་ཞིག་ནས་དགའ་ལྡན་གྱི་འགྲོ་ཕྱོགས་དང་རྩིས་གཞི་ཅི་འདྲ་ཡིན་ཚུལ་མན་ཇུ་གོང་མར་མཁོ་སྤྲོད་ཀྱིས་མན་ཇུའི་སྟོབས་ཤུགས་ལ་བརྟེན་ནས་དགའ་ལྡན་གྱི་སྟོབས་ཤུགས་རྩ་མེད་གཏོང་རྩིས་ཀྱིས་མན་ཇུ་དང་ཕྱི་ནང་ལག་འབྲེལ་སྔ་ཕྱིར་བྱས།[10]

དེ་ལྟར་ཕྱི་ནང་གཉིས་ཀྱི་དགྲ་སྡེས་རུབ་རྡུང་དང་གནོན་བཙིར་ཚབས་ཆེན་ཐེབས་པའི་དགའ་ལྡན་གྱི་དམག་དཔུང་གིས་རེ་ཞིག་ཕྱི་སོག་ཧལ་ཧའི་ཡུལ་ཡོངས་རྫོགས་དཔུང་འཇུག་གིས་དབང་དུ་བསྡུས་རུང་། མན་ཇུའི་གོང་མ་ཁང་ཤཱིས་ཧལ་ཧ་རྗེ་བཙུན་དམ་པའི་རྒྱབ་རྩ་དང་དཔུང་རོགས་ཡིན་ཁུལ་གྱིས། མན་ཇུ་དང་རྒྱ་དམག་ཆུ་མིག་རྡོལ་བ་ལྟར་དྲངས་ཏེ་ཇུན་གར་ལ་དྲག་འཐབ་བྱས་པར་བརྟེན། འཐབ་ཇུས་དང་རྫས་མདེལ་སོགས་གང་ཅིའི་ཆ་ནས་ཇུན་གར་བས་དཔའ་བོ་ལག་རྡུམ་ལྟར་གྱུར་ནས་མན་ཇུའི་ངོ་ཡ་མ་ཡོང་བར་དམག་ཕམ།[11] མེ་བྱི་སྟེ་ཕྱི་ལོ་ ༡༦༩༦ ཟླ་ ༤ ཚེས་ ༤ ཉིན་ཨལ་ཐིའི་དང་ཧང་གེའི་བར་གྱི་ཅིབ་ལང་ཐུའོ་གྭུལ་[12]ལམ་ཕྱི་སོག་གི་ཅིབ་ཧ་ལང་ཐུ་ཞེས་པའི་ས་ཆར་དགའ་ལྡན་བསྟན་འཛིན་པོ་ཤོག་ཐུ་ཧན་དུག་འགམས་པའམ་ནད་གཞིའི་དབང་གིས་ཚེ་ལས་འདས།[13]  དེའི་ཕྱི་ལོར་ས་སྟག་ཕྱི་ལོ་ ༡༦༩༧ ལོར་ཨོ་ལིན་ཧ་སྨིར་སྒར་དུ་ཡུལ་བྱོལ་དུ་སོང་བའི་ཚེ་དབང་རབ་བརྟན་གྱིས་ཇུན་གར་རྒྱལ་པོ་བྱས་ཏེ་ཇོ་རིག་ཐུ་ཧོང་ཐའི་ཇི་ཚེ་དབང་རབ་བརྟན་[14]ཞེས་འབོད། སྲིད་བཟུང་ནས་མི་འགྱངས་བར་དགའ་ལྡན་གྱིས་བཏབ་པའི་དགོན་སྡེ་གསུམ་ལས་ཞབས་བརྟན་གྲྭ་ཚང་ཞེས་པ་བཙུན་ཁྲིམས་དག་མིན་ལ་བསྙད་དེ་གཏོར་བཤིག་བཏང། ནང་རྟེན་གཙོ་བོ་རྒྱལ་དབང་ལྔ་པའི་སྐུ་འདྲ་དེ་གཟུངས་གཞུག་ལ་སྐྱོན་ཡོད་པར་བསྙད་དེ་ལི་ཡུལ་ཧོ་ཐན་དུ་བསྐྱལ། ཞབས་བརྟན་གྲྭ་ཚང་གི་གྲྭ་བཙུན་ ༣༥༠༠ ཙམ་གནས་དབྱུང་བཏང་སྟེ། འདུལ་བ་གྲྭ་ཚང་ཞེས་མིང་བསྒྱུར་བ་སོགས་བྱས། དེའི་གནས་ཚུལ་སུམ་པ་མཁན་པོས་ཆོས་འབྱུང་དཔག་བསམ་ལྗོན་བཟང་དུ་ (༡༧༠༤-༡༧༨༨) རྒྱས་པར་འཁོད་འདུག་པ་འདིར་ཡིག་ཚོགས་ལ་མ་འཛེམ་པར་དཀྱུས་གཅིག་ཏུ་དྲངས་ན། “དེ་ནས་རྗེ་ཙོང་ཁ་པ་(རྗེའི་ཤངས་ཁྲག་གིས་བྲིས་པའི་ཆོས་རྒྱལ)པཎ་ཆེན་རིན་པོ་ཆེ་བླ་མ་རིན་པོ་ཆེ་ལྔ་པ་གསུམ་གྱི་འདྲ་སྐུ་གདན་དྲངས་(ཌཱ་ཀི་མའི་ཐོད་པ)ནས་རང་ཡུལ་དུ་ལོག་ནས་དགྲ་རྣམས་(སེ་ཆེན་པཱ་ཐུར)བཅོམ། སྔགས་པ་ལམ་རིམ་ཞབས་བརྟན་གྲྭ་ཚང་གསུམ་བཙུགས་པའི་རྟེན་དུ་རིམ་པར་སྐུ་འདྲ་གསུམ་པོ་བཞག དེ་དུས་པོ་ཤོག་ཐུ་ལ་བོད་དབུས་ནས་(བླ་མ་སྡེ་བས[འདི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་གོ་དགོས། ཞིབ་འཇུག་པའི་མཆན།])ཚེ་དབང་རབ་བརྟན་མ་བཀུམ་ན་ཕྱིས་(རྙིང་མ)བསྟན་པ་སོགས་ལ་གནོད་ཅེས་ཡི་གེ་བསྐུར་བ་ལྟར་བྱེད་རྩིས་བྱས་ནས། དེའི་གཅེན་བསོད་ནམས་རབ་བརྟན་བསད་པའི་ཕྱི་ཉིན་ཁོ་རང་བྲོས་ནས་ཤོར། སྐབས་དེར་ཇོན་གྭར་ན་ཐམས་ཅད་ཀྱི་སྤྱི་རྒྱལ་ཆེན་པོ་མེད་ཀྱང་ཚོགས་འདུའི་གཙོ་བོ་ནི་ཧོ་ཤོད་དཔོན་པོ་བེའི་བས་གྭའི་རྗེས་སུ་དེའི་སྲས་ཨོ་ཆེད་ཆེ་ཆིན་ཧན་གྱིས་བྱེད་པ་ལས། པོ་ཤོག་ཐུ་ཆེ་ཆེན་དང་མ་མཐུན་པས་དེ་ཡང་དབང་དུ་བསྡུས་ཏེ་ཨོའི་ལོད་སྤྱིའི་རྒྱལ་པོ་མཛད་ཚེ་དགའ་ལྡན་པོ་ཤོག་ཐུ་ཧན་ཞེས་གྲགས། སྐབས་ཤིག་(ཆེ་ཆིན་གྱི་བུ)ཧལ་ཧ་ཆེ་ཆིན་ཧན་(ནུ་བོ་བསྟན་འཛིན་བོན་པོའམ་བསྟན་འཛིན་རབ་བརྟན)དང་མ་མཐུན་པ་ན། དགའ་ལྡན་ཁྲི་བས་ཤིང་སྟག་ཆིངས་མཛད་ཀྱང་བྷོ་ཊའི་གསང་ཡིག་བླ་མ་(ཝང་གི་གོ་ས་དང་)པར་པོ་ཤོག་ཐུ་(སངས་རྒྱམ་གྱིས་སོ་སོར་གྲོགས་ནི་ཡིད་གྭུ་སུན་ཧུ་ཐོག་ཐུ། ཡེ་རྒྱ་སྐུ་རྟེན་སོགས)དམག་ལ་སོང་ཤུལ་དུ་ཚེ་དབང་རབ་བརྟན་གྱིས་རང་ལ་སྔར་ངན་ཤོམ་པ་ཞེ་ལ་ཡོད་པས་(སྲས་གཉིས་དང་ཏན་ཛིན་ལྔ་བཅས)པོ་ཤོག་ཐུའི་རུ་སྡེ་ཆ་གྭན་ཨོ་བོན་ན་ཡོད་པ་ཐམས་ཅད་བདག་བྱས། པོ་ཤོག་ཐུས་ཧལ་ཧ་ཐམས་ཅད་བཅོམ། དེ་དུས་རྗེ་བཙུན་དམ་པ་སོགས་ཧལ་ཧའི་ཆེ་གྲས་རྣམས་བྲོས་ནས་གོང་མ་ཁང་ཞི་རྒྱལ་པོ་ལ་མགོ་བཏགས་པས་རྒྱབ་མཛད་དེ་དམག་དྲངས་ནས་ཨུ་ལན་པུ་ཐུད་ནས་པོ་ཤོག་ཐུའི་(མེ་གླང་། [༡༩༦༩༧ ཞིབ་འཇུག་པའི་མཆན།])དམག་དང་འཐབ་པས་རྒྱ་དམག་ཁྲོད་དུ་རོ་ལངས་གསུམ་བྱུང་[15]ཟེར། དེ་ནས་པོ་ཤོག་ཐུ་ཅོ་འོན་མོ་ཏོ་ལ་སོང་ཚེ་ཁང་ཞི་རྒྱལ་པོ་རང་ཉིད་(མེ་བྱིར་༥༡༥)ཀྱང་སོག་ཡུལ་(ཁེ་རེ་མུན་ལ)དུ་བྱོན་ཏེ་དམག་མངགས་ནས་གཡུལ་འགྱེད་པས་པོ་ཤོག་ཐུའི་དཔོན་མོའི་(ཧོ་འདི་ས། ཆེ་ཆིན་ཧན་གྱི་བུ་མོ་ཨ་ནུ་ཧ་དཱ)དམག་སྒར་དུ་མེ་མདའ་ཕོག་སྟེ་ཨ་ནུ་བཀུམ་པས་(མེ་བྱིར)དམག་འཐོར། པོ་ཤོག་ཐུ་ཅིབ་ཧ་ལང་ཐུ་ཞེས་པར་སོང་ནས་ཕྱིས་སུ་དུས་ལས་འདས། དེ་ནས་ཚེ་དབང་རབ་བརྟན་ཧུང་ཐེའི་ཇི་(ཧོང་ཐའི་ཇི་་་་ཞིབ་འཇུག་པའི་མཆན།)ས་སྟག་ལོར་རྒྱལ་སར་འཁོད་དེ་སྔར་པོ་ཤོག་ཐུས་བཟུང་བའི་གྲྭ་ཚང་གསུམ་ལས་ཞབས་བརྟན་གྲྭ་ཚང་དེ་ལ་འདུལ་བ་གྲྭ་ཚང་ཞེས་མིང་བཏགས་ཏེ་བླ་མ་རིན་པོ་ཆེའི་འདྲ་སྐུ་(གཟུངས་གཞུག་སྐྱོན་ཤེས་ནས)དེ་ཧོ་ཐོན་སར་གདན་དྲངས། གྲྭ་ཚང་གི་ ༣༥༠༠ དབྱུང་།  ༡༥༠༠ བཞག བཙུན་ཁྲིམས་དག་ཐེར་མཛད་དེ་ལོ་ཉེར་དགུར་རྒྱལ་སར་བཞུགས་ཏེ་མེ་རྟར་འདས།”[16]ཞེས་གོང་གསལ་ལུང་འདྲེན་དེ་ལས་ང་ཚོས་ཤེས་རྟོགས་ཐུབ་ངེས་ཤིག་ལ། སྡེ་སྲིད་ཀྱི་གསང་ཇུས་དང་དགའ་ལྡན་གྱི་དཔུང་ཤུགས་གཉིས་ལ་བརྟེན་ནས། ཚེ་དབང་རབ་བརྟན་ལྐོག་གསོད་བྱེད་རྩིས་བྱས་ཀྱང་མ་སོད་པར་བྲོས་ནས་ཐར།

ཡིན་ན་ཡང་། ཁོ་པའི་སྤུན་མཆེད་བསོད་ནམས་རབ་བརྟན་བྱ་བ་ལྔ་ལམ་དུ་བཏང་བའི་རྐྱེན་བྱས། ཕྱི་སོག་ཧལ་ཧ་དང་ནུབ་སོག་ཇུན་གར་གཉིས་འཁྲུག་རྩོད་སྐབས་སུ་ཚེ་དབང་རབ་བརྟན་གྱིས་མན་ཇུ་དང་ཕྱི་ནང་ལག་འབྲེལ་གྱིས་དགའ་ལྡན་གྱི་ལྟག་རྒྱབ་ནས་གྲིས་བཙུགས་པ་ལྟར་བྱས་ཏེ་ངོ་ལོག་བརྒྱབ་པར་མ་ཟད། མེ་གླང་ ༡༦༩༧ ལོར་དགའ་ལྡན་འདས་རྗེས། ས་སྟག་ ༡༦༩༨ ལོར་ཚེ་དབང་རབ་བརྟན་གྱིས་ཇུན་གར་གྱི་རྗེ་བོ་བྱས་ཏེ། དགའ་ལྡན་གྱི་བྱས་རྗེས་ནག་གསུབ་དང་ནོར་འཛོལ་དུ་སྒྲུབ་ཆེད་རྙིང་མའི་་ཤུགས་རྐྱེན་གཙང་སེལ་སླད་ཇུན་གར་དུ་གནས་གཞི་ཆགས་པའི་ཞབས་བརྟན་གྲྭ་ཚང་གཏོར་བར་མ་ཟད། སྡེ་སྲིད་དང་དགའ་ལྡན་གཉིས་ལ་འཁོན་འཛིན་ཆེན་པོ་ཡོད་མུས་ཁར། དགེ་ལུགས་མིན་པའི་ཆོས་བརྒྱུད་གཞན་སྤྱི་ལ་ཧ་ལམ་བརྩི་འཇོག་དང་དད་པ་མེད་ཁར། བྱེ་བྲག་རྙིང་མར་ཤིན་ཏུ་སྡང་ཞིང་ལྔ་པའི་སྐུ་འདྲ་ཧོ་ཐན་ལ་བསྐྱལ་བ་སོགས་ལ་གཞིགས་ན། ༧གོང་ས་ལྔ་པ་ཆེན་མོར་ཡང་ཞེ་གཏིང་ནས་ནི་དད་པ་ཡེ་ནས་མེད་པར་མངོན་ནོ།།

 ས་བཅད་གཉིས་པ། ཇུན་གར་བས་རྙིང་མར་སྡང་ཟུག་བྱེད་དགོས་དོན་དགེ་རྙིང་གྲུབ་མཐའི་ཕྱོགས་ཞེན་ལ་ཐུག་ཡོད་པ།

 དེ་ཡང་བོད་བརྒྱུད་ནང་བསྟན་དགེ་ལྡན་པའི་རྗེས་འཇུག་སོག་རིགས་ཚོའི་ཁྲོད་དུ། ཇུན་གར་བ་ནི་ཕྱི་སོག་ཧལ་ཧ་དང་ནང་སོག་ཆ་ཧར་གཉིས་དང་བསྡུར་ན། དུས་ཀྱི་ཆ་ནས་དགེ་ལུགས་འགྱུར་རྒྱུ་ཅུང་འཕྱིས་ན་ཡང་། དུས་ཡུན་ཐུང་ངུའི་ནང་དར་བ་ནས་འཕེལ་བའི་རྩེ་མོར་སོན་ཞིང་། ཕྱི་ལོ་ ༡༦༡༦ ལོར་ཨོ་རོད་ཚོ་བཞིའི་རྒྱལ་བློན་རྣམས་འདུན་མ་བསྡུས་ཏེ་དགེ་ལུགས་པའི་གྲུབ་མཐའ་ཇུན་གར་རྒྱལ་ཁབ་ཀྱི་ཆོས་ལུགས་སམ་སྤྱི་ཆོས་སུ་བཀུར་རྒྱུར་གཏན་འཁེལ།[17] ཡིན་ནའང་། དགེ་ལུགས་ལས་གཞན་བཀའ་རྙིང་ས་སྐྱ་སོགས་ནུབ་སོག་ཨོ་རོད་དུ་དར་བའི་ཡིག་ཆ་ད་ཕན་ཁོ་བོས་མ་མཐོང་ཞིང་། དགེ་ལུགས་མ་དར་གོང་ཇུན་གར་བའི་སྲོལ་རྒྱུན་གྱི་ཆོས་ལུགས་ནི་སོག་རིགས་སྤྱི་དང་མཚུངས་པར་ཤཱ་མན་ཆོས་ལུགས་(Shamanism) མིན་ནམ་སྙམ།

གང་ལྟར་དུས་རབས་བཅུ་དྲུག་པ་དང་བཅུ་བདུན་པའི་སྐབས་ཙམ་ནས། ཨོ་རོད་ཚོ་བཞི་[18]འམ་ཇུན་གར་གཤོངས་སའི་[19]སོག་རིགས་ཚོའི་ཁྲོད་དུ། དགེ་ལྡན་པའི་བླ་ཆེན་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་ལམ་སྟོན་དང་རྒྱབ་སྐྱོར་འོག་ཚ་གན་ནོ་མིན་ཧན་དང་། སྟོང་འཁོར་ཡོན་ཏན་རྒྱ་མཚོ། ཛ་ཡ་པཎྜི་ཏ་ནམ་མཁའ་རྒྱ་མཚོ། དབེན་ས་སྤྲུལ་སྐུ་སོགས་ཀྱི་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་དགེ་ལུགས་པའི་གྲུབ་མཐའ་དར་རྒྱས་ཀྱི་རྩེ་མོར་སོན།[20] དེར་བརྟེན་ཇུན་གར་གཙོས་ཨོ་རོད་ཀྱི་མི་ཚོ་དགེ་ལུགས་པ་དང་བོད་ཀྱི་རྒྱལ་པཎ་རྣམ་གཉིས་ལ་དད་ཞེན་བླ་ལྷག་ཏུ་ཆེ་བ་ནི། ལོ་རྒྱུས་ཡིག་ཆ་ཕན་ཚུན་བསྡུར་ནས་བལྟས་ན་གསལ་བོར་ར་འཕྲོད་ཐུབ།[21]

འོན་ཀྱང་། ཇུན་གར་བ་ཚོས་དགེ་ལུགས་ལ་དད་པ་བྱས་པའི་བརྒྱུད་རིམ་ཁྲོད་རྙིང་མ་དང་ས་སྐྱ་སོགས་ཆོས་བརྒྱུད་གཞན་ལ་བཏང་སྙོམས་བྱེད་པའི་རྒྱལ་དབང་ལྔ་པའི་རྗེས་འབྲང་དགའ་ལྡན་པོ་ཤོག་ཐུ་ཧན་ལྟ་བུ་གུ་ཡངས་རིང་ལུགས་ཀྱི་ཕྱོགས་ཁག་གཅིག་དང་། ཇོ་རིག་ཐུ་ཧོང་ཐའི་ཇི་ཚེ་དབང་རབ་བརྟན་ལྟ་བུ་རྙིང་མར་སྡང་འཛིན་བྱེད་པའི་དགེ་ལུགས་ཐལ་སྐྱོད་རིང་ལུགས་གཉིས་ཀ་བྱུང་ཡོད་པ་ནི། ཇི་སྐད་དུ། “ཇི་ལྟར་རྒྱ་མཚོ་རོ་དང་ལྷན་ཅིག་དང་། །བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་བཞིན།།”[22]ཞེས་གསུངས་པ་ལྟར་ལོ་རྒྱུས་ཡིག་ཆ་གོང་འོག་བསྡུར་ནས་བལྟས་ན་གསལ་བོར་ཤེས་ཐུབ།

གནས་ཚུལ་གཞན་ཞིག་ནི་ཚེ་དབང་རབ་བརྟན་གྱིས་དགེ་སློང་ནམ་མཁའ་རྒྱལ་མཚན་བརྒྱུད་བོད་དབུས་ཀྱི་སྡེ་སྲིད་སངས་རྒྱས་རྒྱ་མཚོར་སྤྲིངས་པའི་འཕྲིན་ཡིག་ཅིག་གི་ནང་། སྔར་འཁོན་གྱི་ཐོག་དགེ་ལུགས་ཐལ་སྐྱོད་ཀྱི་བསམ་བློའི་དབང་གིས་སྡེ་སྲིད་ཀྱིས་ཅི་བྱས་ལོག་མཐོང་གིས་འཁང་ར་དང་འཇིགས་སྐུལ་གྱི་ཉམས་ཀྱིས། “ཁྱོད་མི་ནག་དཔོན་པོ་ཞིག་གིས་བླ་མ་ཚོ་ལ་ཕྱག་དབང་སྟེར་བ་ཡག་པོ་མ་རེད། དེ་འདྲ་མ་བྱེད། བླ་མའི་གྲལ་མགོར་མ་སྡོད། པོ་ཏ་ལར་རྙིང་མའི་གྲ་(གྲྭ་ ཞིབ་འཇུག་པའི་མཆན།)ཚང་མ་འཇོགངའི་ཁ་ལ་ཉན་བྱུང་ན་ངེད་རང་གཉིས་འཆམ་པོ་ཡོང་། ཉན་མ་བྱུང་ན་དམག་རྒྱག་རྒྱུ་ཡིན་ཞེས་དགེ་སློང་ནམ་མཁའ་རྒྱལ་མཚན་གྱིས་མི་སྣར་ཕྱིན་དུས་འཕྲིན་ལ་བསྐུར་འདུགསྡེ་སྲིད་ནས་མ་གསན་པར་རྟེན་(བརྟེན་ ཞིབ་འཇུག་པའི་མཆན།)དམག་རྒྱག་རྩིས་ཀྱིས་གྲ་སྒྲིག་དང་། གྲོས་ཡང་ཡང་གནང་འདུག་སྟེ། གཞུང་རང་གི་སྐུ་རིམ་བཟང་དྲགས་པས་རྒྱལ་པོའི་(ལྷ་བཟང་)ཐོག་ལ་མ་རྟོགས་(གཏོགས་་་་་ཞིབ་འཇུག་པའི་མཆན།)དམག་འགྱོགས་(འགྱོག་་་་་ཞིབ་འཇུག་པའི་མཆན།)ཐུབ་པ་བྱུང་མ་སོང་ཞེས་ཆོས་འཕེལ་ཇ་སངས་ནས་ངོས་(དངོས་་་་་ཞིབ་འཇུག་པའི་མཆན།) ཀྱིས་ཟེར་བ་ཐོས།” [23]ཞེས་འཁོད་པ་ལས་ཚེ་དབང་རབ་བརྟན་སྡེ་སྲིད་ལ་ལོག་མཐོང་དང་མི་དགའ་བ་ཡོད་མུས་ཁར། རྙིང་ཆོས་བསྒྲུབས་ན་མི་འགྲིག་ཚུལ་གྱི་དམག་དོན་གྱི་འཇིགས་སྐུལ་དང་། མན་ཇུའི་གོང་མ་ཁཱང་ཤིས་(༡༦༥༤-༡༧༢༢)སར་སྡེ་སྲིད་དང་དགའ་ལྡན་གཉིས་ཁྱི་སྤྱང་ངན་འབྲེལ་བྱེད་ཀྱིན་ཡོད་ཚུལ་གྱི་ཞུ་སྦྱོར་སྔ་ཕྱི་བྱས་པ་སོགས་ལ་ཞིབ་འདང་བརྒྱབ་ན། ཁོ་པར་རྙིང་མར་སྡང་བའི་དགེ་ལུགས་ཐལ་སྐྱོད་ཀྱི་བསམ་བློ་ཡོད་ཁར་སྡེ་སྲིད་དང་དགའ་ལྡན་ལ་འཁོན་འཛིན་ཆེན་པོ་ཡོད་པར་ཡང་གསལ་བོར་ཤེས་ཐུབ།

དེ་མིན་ཚེ་དབང་རབ་བརྟན་གྱིས་རྙིང་དགོན་ཁག་གཏོར་དགོས་པའི་ཤུགས་རྐྱེན་སྤྲོད་མཁན་གཙོ་བོ་ཞིག་ནི། ཇུན་གར་གྱི་ལྷ་བཙུན་སྒོ་མང་བླ་མ་བློ་བཟང་ཕུན་ཚོགས་ཞེས་པ་དེ་མིན་ནམ་སྙམ་སྟེ། དེའི་ཐད་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས། “དེ་ནས་ཇོའུན་གྭར་པ་ལྷ་བཙུན་སྒོ་མང་བླ་མ་བློ་བཟང་ཕུན་ཚོགས་ཀྱི་ངག་བཀོད་ལྟར་དུ། ས་ཁྱི་(༡༧༡༨)དང་ས་ཕག་(༡༧༡༩)ལོར་རྙིང་མའི་བླ་ཆེན་རྡོ་རྗེ་བྲག་སྤྲུལ་སྐུ་སོགས་བཀྲོངས། དགའ་ལྡན་ཕོ་བྲང་གི་སྐུ་ཕྱོགས་གྲྭ་ཚང་རྣམ་རྒྱལ་གླིང་དང་བསམ་ཡས་གཞུང་གི་རྡོ་རྗེ་བྲག་དགོན་དང་སྨིན་གྲོལ་གླིང་སོགས་བཤིག”[24] ཅེས་འཁོད་འདུག་པ་ལ་བསམ་བློ་གཏོང་རྒྱུ་ཡོད།

སྐབས་དེ་དུས་ཀྱི་ཚེ་དབང་རབ་བརྟན་རྗེས་འབྲངས་ཀྱི་ཇུན་གར་བ་ཚོ་རྙིང་ཆོས་ལ་མི་དགའ་བ་ཙམ་དུ་མ་ཟད། རྙིང་ལུགས་བསྟེན་པའི་༧གོང་ས་ལྔ་པ་ཆེན་མོར་ཡང་སྐུར་འདེབས་དང་ངན་སྨོོད་འཛེམ་ཟོན་མེད་པར་བྱེད་བཞིན་པ་ནི། སླེ་ལུང་བཞད་པའི་རྡོ་རྗེའི་རང་རྣམ་སྐལ་བཟང་དགའ་སྟོན་ལས། “སྐབས་ཤིག་ཁྲོམ་གཟིགས་ཁང་དུ་དཔོན་གྱིས་ཤོག་ཟེར་བར། དཔོན་(དམག་དཔོན་ཚེ་རིང་དོན་གྲུབ། ཞིབ་འཇུག་པའི་མཆན།)དང་ཆོས་འཕེལ་ཅན་འདུག་པར་རང་བཞིན་གྱི་དྲི་བ་ཤིན་ཏུ་མང་བ་དང་། ཨོ་རྒྱན་ཚད་ལྡན་ཡིན་མིན། ཀུན་མཁྱེན་ལྔ་པ་ཆེན་པོའི་སྐོར་སྤྱི་དང་ཁྱད་པར་དུ་ངག་དབང་བློ་བཟང་རྒྱ་མཚོ་རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྐྱེ་བ་ཡིན་ནམ་མིན་ཟེར་བར། ངེད་རང་ཚོས་ཅི་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་གོང་མ་སོགས་སྐྱེས་ཆེན་དམ་པ་ཚད་ལྡན་རྣམས་ཀྱིས་འཁྲུལ་མེད་དུ་ངོས་འཛིན་བཤད་པ་ནི་གོང་ས་ལྔ་པ་ཡིན་པར་འདུག་བྱས་པས། པཎ་ཆེན་རིན་པོ་ཆེས་ངོས་འཛིན་དེ་ལྟར་མཛད་མེད་པ་འདྲ། གཟིམ་ཁང་གོོང་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོའི་སྐྱེ་བ་འཁྲུལ་མེད་ཡིན་པར་དེ་ལ་ངག་དབང་བློ་བཟང་རྒྱ་མཚོས་ཕྲག་དོག་གི་རྣམ་པས་སྡང་ཞུགས་དང་ཉེ་རིགས་རྣམས་ལ་ཡང་དགོངས་པར་མི་བདེ་བར་མཛད་འདུག ངེད་ཚོའི་ལུང་པར་གཟིམ་ཁང་གོང་སྤྲུལ་སྐུར་བྷ་ག་ཏ་ལའི་བླ་མ་ཟེར་གྱིན་ཡོད་ཟེར། ཡང་ངག་དབང་བློ་བཟང་རྒྱ་མཚོ་སྐུ་སྐྱེ་འཁྲུལ་མེད་ཡིན་པར་ཤར་ཡང་ཁོང་ལ་སྡོམ་པ་མེད། ཕྱིས་སྡོམ་རྒྱུན་གསར་བ་ལེན་དགོས་པ་དེ་ཡང་ལེགས་པའི་རྟགས་མིན། དམག་ཐམས་ཅད་ཀྱི་གྲོས་བྱས། ལྷག་པར་དུ་སྡེ་སྲིད་དེ་ཁོ་རང་གི་བུ་ཡིན་པར་འདུག ཁོ་རང་ཕ་བོང་ཁར་འགྲོ་བའི་ཞོར་ལ་གྲོང་སྨད་དུ་ཞག་སྡོད་བྱས་སྡེ་སྲིད་ཀྱི་མཐུན་པས་མུ་ཏིག་གི་ཕྲེང་བ་དང་། གསེར་གྱི་གདུ་བུ་སོགས་ཀྱང་བྱིན། སྡེ་སྲིད་ཟངས་རི་བར་དགོངས་ཕོག་གཏོང་བའི་རྩ་བ་ཡང་འདི་ཡིན་པར་འདུག་ཟེར་བ་སོགས་བློས་མི་འཁྱུད་པའི་དྲི་བ་མང་ཙམ་ཟེར་བར་ལན་གང་ཤེས་སུ་བཏབ་ཅིང་། དོན་དུ་རི་བོ་དགེ་ལུགས་པའི་བསྟན་པ་ཡོངས་གྲགས་ཁྱབ་བདལ་དུ་ཡོང་བ་འདི་ཀུན་མཁྱེན་ལྔ་པ་མིན་པ་སུའི་ཡང་(སུས་ཀྱང་། ཞིབ་འཇུག་པའི་མཆན།)ཐུགས་རྗེ་མིན་པར་འདུག་་་་་་བབས་རྐྱེན་གྱི་རྒྱུ་མཚན་འདི་ལྟར་ཡིན་ཞེས་པ་སོགས་ལབ་པས། མཇུག་ཏུ་ཁྱེད་ནས་ཟེར་བ་འདི་བཞིན་གཞན་ནས་མི་ཟེར་བ་འདུག་ཟེར་བ་ཙམ་ལས་་་་་་་དགའ་མི་དགའི་རྣམ་འགྱུར་གང་ཡང་མ་བྱེད།(བསྟན།་་་་་ཞིབ་འཇུག་པའི་མཆན།)ཕྱིས་གཞན་གྱི་འཁྲིས་སུ་ཡིད་ཆེས་པ་ལྟར་བྱེད་འདུག་ཟེར།” [25]ཞེས་རྒྱས་པར་བྱུང་བ་ལས། གནས་ཚུལ་དངོས་མིག་ལམ་དུ་ལྷང་ལྷང་འཆར་ཐུབ་ཅིང། གནའ་ནས་ད་བར་ལུས་ལ་ཆོས་གོས་རྣམ་གསུམ་གྱིས་བརྒྱན་ཏེ་སེམས་ཕུགས་ཆོས་ལུགས་ཐལ་སྐྱོད་ཀྱི་བསམ་བློས་ཀུན་ནས་བསླངས་པ་འགས། མིའི་རིགས་ཀྱི་སྤྱི་ཚོགས་སུ་མི་འོས་པའི་དབྱེན་དཀྲུག་དང་བརྡབ་གསིག་རབ་དང་རིམ་པ་མང་པོ་བཟོས་པའི་ཁྲོད་ནས། དཔེར་མཚོན་གཅིག་ནི་དགེ་ལུགས་ཐལ་སྐྱོད་རིང་ལུགས་པ་ཉུང་ཤས་ཀྱིས། ཇུན་གར་ཚེ་དབང་རབ་བརྟན་དང་ཚེ་རིང་དོན་གྲུབ་ལྟ་བུ་དམག་དཔོན་གཏུམ་དྲག་ཅན་ཚོར་ཤུགས་རྐྱེན་རབ་དང་རིམ་པ་མང་པོ་སྟེར་མྱོང་བ་ནི། སླེ་ལུང་བཞད་པའི་རྡོ་རྗེས། “མི་ཕན་ཕན་དུ་རེ་བའི་ལོག་སྨོོན་ཅན་གྱི་རང་ཕྱོགས་ཀྱི་གྲྭ་པ་འགའ་ཞིག་(ཚིག་འགྲོས་ལ་བལྟས་ན་དགེ་ལུགས་པའི་གྲྭ་བ་འགའ་ལ་ཟེར་གྱིན་འདུག ཞིབ་འཇུག་པའི་མཆན།)ནས་མཚོ་ཁ་དང་སྦྱོང་མགར་སོགས་སུ་དོན་མེད་ཀྱི་གཏམ་སྣ་ཚོགས་པ་ཞིག་བགྱིས་པར་བརྟེན་པས། སྔར་ཡང་མཐའ་དབུས་འཁྲུག་ཆེ་བ་དང་། འདི་སྐབས་སུ་ཡང་ཚེ་རིང་དོན་གྲུབ་ཅན་ཧོང་ཐའི་ཇིས་དམག་ཏུ་བརྫངས་པ་སོགས་ཚང་མར་གནོད་ཚབས་ཤིན་ཏུ་ཆེ་ཞིང་་་་་་སྤོ་ཤོག་ཐུ་རྒྱལ་པོ་འཕུང་བའི་ཤུལ་གྱི་ཧོང་ཐའི་ཇི་བསམ་སྦྱོར་ངན་པའི་གྲབས་གཤོམས་སྣ་ཚོགས་པ་བྱེད་པ་དེ་མཐར་ཐུག་བོད་ལ་ངན་པ་དང་།་་་་་་རྒྱལ་ཁམས་སྤྱི་ལ་གནོད་སེམས་མ་ཡིན་ཀྱང་། རང་ཕྱོགས་ཀྱི་བསྟན་པ་འགའ་ཞིག་གྱེན་དུ་འདེགས་ཤིང་། ལྟ་གྲུབ་མི་མཐུན་པ་འགའ་ཞིག་འཕུང་དུ་འཇུག་པའི་བསམ་པས་གཡབས་པའི་མགྲོན་པོ་དོན་དུ་བོད་བྱིངས་ཀྱི་འཕུང་བྱེད་དུ་སོང་བའི་ནུས་པ་རིམ་གྱིས་སྨིན་ཏེ་ཐག་ཇེ་ཉེར་སོང་།”[26]ཞེས་འཁོད་པ་ལས་གསལ་བོར་ཤེས་ཐུབ་སྙམ། གང་ལྟར་ཀྱང་ཇུན་གར་བ་བོད་ལ་ཡོང་བ་ནི། ལྷ་བཟང་ལ་མི་དགའ་བའི་སེ་འབྲས་དགེ་གསུམ་གྱི་དགེ་ལུགས་པའི་བླ་གྲྭ་འགས་དགེ་ལུགས་དར་སྤེལ་དང་རྙིང་ལུགས་སོགས་ཆོས་བརྒྱུད་གཞན་གྱི་དམའ་ཕབ་ཆེད། མ་བོས་མགྲོན་པོ་ལྟ་བུ་བོད་ལ་ཡོང་བ་ཞིག་ནི་མིན་པར་ཆེད་དུ་བོས་པའི་སྐུ་མགྲོན་ལྟ་བུ་ཆགས་འདུག་[27]ནའང་། ལས་བསམ་སར་མ་སོང་གསེག་སར་ཕྱིན་ཏེ་བོད་འབངས་བྱིངས་ལ་གནོད་ཚབས་ཆེ་བའི་མན་ཇུའི་སྟོབས་ཤུགས་བོད་ལ་འཛུལ་བར་ཁ་གཡར་ས་ཧ་ཅང་ཡག་པོ་ཞིག་ཏུ་གྱུར་པར་མངོན་ནོ།།

ཧ་ལམ་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་རྟ་ལོའི་(༡༧༡༤)དབྱར་སྨད་ཙམ་ལ་ཇུན་གར་དཔོན་ཚེ་དབང་རབ་བརྟན་གྱིས་འཇམ་དབྱངས་བཞད་པ་སྐུ་འཕྲེང་དང་པོ་མདོ་སྨད་བླ་བྲང་དུ་བཞུགས་པའི་སར་རབ་འབྱམས་པ་བློ་བཟང་མཁས་མཆོག་ཕྱིར་འཁོར་བ་དང་ལྷན་དུ། ཇུན་གར་ཨེལ་ཆི་གྲགས་པ་བླ་མ་བྱ་བ་བཏང་ནས། “བདག་ལ་བླ་མ་ཉིད་དང་མཇལ་འདོད་སྐོམ་པ་ཆུས་གདུང་བ་ལྟ་བུ་ཡོད་ཀྱང་སྐལ་བ་མ་བྱུང་། འོན་ཀྱང་དགེ་ལུགས་ཀྱི་བསྟན་པ་དང་ལ་རྒྱ་ཐུགས་ལ་འདོགས་དགོས་ཞེས་པ་ཕུལ།”[28] ཞེས་དགེ་ལུགས་བསྟན་པ་དང་ལ་རྒྱ་ཐུགས་ལ་འདོགས་དགོས་ཞེས་ཞུས་ཚུལ་ལས། རིས་སུ་མ་ཆད་པའི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་འཇམ་མགོན་བླ་མའི་ཞྭ་སེར་གྱི་བསྟན་པ་རིན་པོ་ཆེ་ཐུགས་ལ་འདོགས་དགོས་ཞེས་ཚེ་དབང་རབ་བརྟན་གྱི་ཁ་ནང་ཐོན་ཐུབ་ཀྱིན་མེད་པ་ལས། སྔར་བཤད་ཟིན་ལྟར་ཁོ་པར་སྡེ་སྲིད་དང་དགའ་ལྡན་ལ་ཤ་འཁོན་ཡོད་མུས་ཁར། བོད་དུ་ཇུན་གར་དམག་མ་བཏང་གོང་ནས་དགེ་ལུགས་ཐལ་སྐྱོད་རིང་ལུགས་པ་རྣལ་མ་ཞིག་ཆགས་འདུག་པར་ཤེས་ཐུབ་སྙམ།

 ས་བཅད་གསུམ་པ། ཇུན་གར་བས་བོད་དབང་བསྒྱུར་བྱེད་བདེ་ཆེད་ཁ་གཡར་ས་བཙལ་བ།

དེ་ཡང་རབ་བྱུང་ ༡༢ པའི་ཤིང་སྤྲེལ་ཕྱི་ལོ་ ༡༧༡༦ ལོའི་དགུན་ཁར་ཇུན་གར་ཚེ་དབང་རབ་བརྟན་གྱིས་རྒྱལ་པོ་ལྷ་བཟང་བསད་དེ་བོད་ཀྱི་དབང་ཆ་འཕྲོག་ཆེད།[29] “རང་གི་བུ་མོ་ལྷ་བཟང་ཧན་གྱི་བུ་ཆེེ་བའི་མནའ་མར་གཏོང་བའི་གོ་སྐབས་དང་བསྟུན་ནས་བུ་མོ་བོད་དུ་སྲུང་སྐྱེལ་བྱེད་རྒྱུར་ཁ་གཡར་ཏེ་་་་་་་་་་་ཕྱོགས་གཅིག་ནས་་་་་དམག་དཔུང་ཕོན་ཆེ་མཉམ་དུ་བཏང་ཞིང་། གཉིས་ནས་སྟོད་མངའ་རིས་བརྒྱུད་ནས་དམག་དཔུང་ཕོན་ཆེ་ཙམ་ཞིག་ཉིན་མོ་ཡིབ་ཅིང་མཚན་མོ་ཤར་བསྐྱོད་ཀྱིས་འདམ་གཞུང་དང་ཐག་ཉེ་སར་དམག་དཔུང་ཁག་གཉིས་དུས་གཅིག་ཏུ་འཛོམ་ཐུབ་པ་བྱས་རྐྱེན།”[30] ཚེ་རིང་དོན་གྲུབ་ཆེ་བ་གཙོས་ཆོས་འཕེལ་དང་། ཐོབ་ཆི། སངས་རྒྱས། གདུགས་དཀར་ཇའི་སང་སོགས་དམག་དཔོན་ལྔ་ལ་ཨོ་རོད་ཀྱི་སོག་དམག་ ༦༠༠༠ ཁྲིད་དུ་བཅུག་སྟེ་[31] དམག་ཁག་གསུམ་ལ་བགོས་ནས། གཙོ་ཤུགས་དམག་ལི་ཡུལ་ཧོ་ཐན་ནམ་དེང་གི་ཤར་ཏུར་ཁེ་སི་ཐན་གྱི་ལྷོ་ལམ་བརྒྱུད་དྲེས་པ་ནག་ཚང་དང་ལཱ་རྒན་སོགས་བརྟོལ་ཏེ། མི་མེད་ལུང་སྟོང་དུ་སྔར་མ་གྲགས་པའི་ལམ་ཁ་གསར་བཏོད་ཀྱིས་བོད་ལ་སླེབས།[32]  སྐོར་གཅིག་སྟོད་མངའ་རིས་བརྒྱུད་ནས་བོད་ལ་བཏང་སྟེ་བྱང་གནམ་མཚོའི་རྒྱུད་ཀྱི་འདམ་གཞུང་དུ་ཇུན་གར་གཙོ་ཤུགས་དམག་དང་མཉམ་འཛོམས་དགོས་པའི་ཁ་ཆད་བཞག[33]  དའི་ཆིང་ཁོ་ཤོའུ་ཆིས་གཙོས་པའི་སྐོར་ཁག་ཆུང་ངུ་རྐྱ་མི་སུམ་བརྒྱ་ཙམ་ཡོད་པ་ཞིག་མདོ་སྨད་ཀྱི་སྐུ་འབུམ་དགོན་པར་བཞུགས་པའི་རྒྱལ་བ་སྐུ་འཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་བཙན་འཕྲོག་བྱེད་པར་བཏང་ཡང་། ལི་ཡུལ་དང་ཨ་མདོའི་བར་གྱི་རྨ་ནུབ་དོག་ལམ་ལམ་རྨ་ནུབ་ཁྱམས་རིང་དུ་རྟེན་གཞི་བྱས་པའི་མན་ཇུའི་ས་སྲུང་དམག་གིས་ཚར་བཅད།[34] ལམ་འཁེལ་གྱི་བོད་མི་ཚོར་ཕྱོགས་གཅིག་ནས་སྐྱོབ་གསོའི་དངོས་པོ་ཕོན་ཆེན་སྤྲད་པ་དང་། ཕྱོགས་གཞན་ཞིག་ནས་ཁོ་ཚོ་བོད་ལ་འགྲོ་དོན་ནི། སྒེར་དོན་ཆེད་མིན་པར་དགེ་ལུགས་པའི་བསྟན་དོན་ལ་རྒྱ་དང་། རྒྱལ་བའི་ཆུང་སྲིད་རིན་པོ་ཆེ་ངོ་མ་སྐུ་འབུམ་ནས་རྩེ་པོ་ཏ་ལར་གདན་འདྲེན་ཞུ་ཆེད་ཡིན་ཚུལ་གྱི་དྲིལ་བསྒྲགས་ཤུགས་ཆེན་བྱས་པས། བོད་ཀྱི་མང་ཚོགས་དང་ལྷ་བཟང་གི་དམག་མི་ཚོར་ཇུན་གར་བར་ཕར་རྒོལ་གྱི་སེམས་ཤུགས་དང་འདོད་མོས་མེད་པར་བཟོས།[35]

དེ་ལྟར་བྱས་ནས་ཇུན་གར་བའི་འཐབ་ཇུས་དེ་ཇི་བཞིན་ལམ་དུ་སོང་སྟེ། མེ་བྱ་ ༡༧༡༧ ལོའི་དབྱར་སྨད་[36] ཙམ་ལ། ཇུན་གར་དམག་བྱང་ནག་ཆུའི་འདམ་གཞུང་དུ་འབྱོར་ཏེ། ནང་ཁུལ་འགལ་འདུ་དང་། “བློ་ཕྱི་གཏད། གྲོད་པ་ནང་གཏད་”དང་། དགྲ་གཉེན་ཅི་ཡིན་ཆ་མི་འཚལ་བའི་རེ་དོགས་སོམ་ཉིས་ཁེངས་པའི་ལྷ་བཟང་གི་དམག་གིས་ལན་འགར་འཐབས་ཀྱང་ཇུན་གར་བའི་ངོ་ཡ་མ་ལོན་པར་ཕམ།[37] ཡིན་ནའང་། སྐབས་དེར་ཇུན་གར་བར་དཀའ་ངལ་གཏན་ནས་མ་འཕྲད་པའང་མིན་ཏེ། ཇུན་གར་བའི་དམག་ཤར་ཏུར་ཁེ་སི་ཐན་གྱི་ཇུན་གར་གཤོངས་ས་ཆེན་མོ་ནས་བོད་དབུས་འགྱུར་ལྷ་ས་བར་ཟླ་བ་མང་པོར་སྤྱི་ལེ་སུམ་སྟོང་ལྷག་[38]ལ་རྟ་འགྲུལ་བྱས་རྐྱེན། མི་རྟ་གཉིས་ཀའི་ཤུགས་ཟད་ཁར་ལྟོ་གོས་ཀྱིས་ཕོངས་པས་གཟུགས་པོ་ངན་རུད་དུ་གྱུར་ཁར། ལྷ་བཟང་གི་བོད་སོག་དམག་གིས་ཀྱང་ཡང་ཡང་རྒོལ་བ་བྱས་སྟབས། འུ་ཐུག་པ་ལྟ་བུས་བོད་ཀྱི་མི་སེར་ཚོར་འཕྲོག་བཅོམ་དང་གཏུམ་སྤྱོད། བུད་མེད་ལ་བཙན་གཡེམ་བརྙས་བཅོས་སོགས་བྱས་མཐར། རྒྱུ་ནོར་ལོངས་སྤྱོད་དང་མཛེས་མ་སོགས་མང་པོ་བདག་གིར་བཟུང་ནས་རྫིག་ཉམས་དོད་པོ་དང་ཕྱུག་པོར་གྱུར་ཚུལ་སྐོར་ལ། སླེ་ལུང་བཞད་པའི་རྡོ་རྗེས། “སྦྱོང་མགར་བའི་དམག་མི་རྣམས་ནི་ཐོག་མར་སླེབས་དུས་འཚོ་བ་ངན་པས་ལུས་འཁྱོགས་པ་དང་། རྟ་ཁལ་རྣམས་ཀྱང་ཆད་པའི་གྲ་ཤིན་ཏུ་མི་འགྲིག་པར། དེ་དུས་དམག་འདྲ་འཐབས་ན་བཅོམ་ཐུབ་ཚོད་འདུག་ཀྱང་མི་ཚོད་མིས་མ་ལོན་པས་རིམ་འགྱངས་སུ་ལུས་པ་ལས་འདི་དུས་མི་ཚང་རྣམས་ཞག་རེ་སོང་གིན་གྲ་འགྲིག་ཅིང་གཟི་བརྗིད་འབར། སྡོད་ས་ཡང་རི་མཐོ་བས་ས་བཙན་ཞིང་རྣམ་པ་བཀྲ་བ་ཞིག་འདུག”[39]་་་་་་“ཉེར་དགུའི་ཞོགས་ལྷ་སར་འཚངས་པའི་རྒྱལ་པོ་པོ་ཏ་ལར་བྲོས་ཕེབས་ཤིང་། ལྷ་ས་ཚང་མར་དམག་མི་དང་ཟྭ་རིགས་ཕྱེད་འདྲེད་ཀྱིས་ཁྱབ་པས་ཆས་དངོས་རྣམས་གང་འདོད་དུ་ཁྱེར། སྡེ་རིགས་རྣམས་ཀྱང་ལས་ཀར་བཀོལ་ཏེ་ལྕག་ཚན་གྱིས་དེེད། ན་ཆུང་རྣམས་ལ་འཛེམ་མེད་དུ་སྤྱོད་པ་སོགས་ཀླ་ཀློའི་སྤྱོད་པས་ཕྱི་ནང་ཐམས་ཅད་ཁྱབ་ཅིང་། བུད་མེད་རྣམས་ཀྱི་བསྟན་པ་དར་བའི་འགོ་ཚུགས། ཚེས་གཅིག་ལ་པོ་ཏ་ལ་བླངས་ཤིང་རྒྱལ་པོ་ལམ་ཐོག་ཏུ་བཀྲོངས། སྲིད་ཞིའི་དགེ་མཚན་ཐམས་ཅད་སྤུངས་པའི་ཕྱག་མཛོད་རྣམས་ཁ་ཕྱེ་སྟེ་ལོངས་སྤྱད་པ་སོགས་དུས་ཀྱི་འགྱུར་ཚབས་ཤིན་ཏུ་ཆེ་ཞིང་། སྦྱོང་མགར་གྱི་གྲགས་པས་ཕྱོགས་ཐམས་ཅད་ལ་ཁྱབ་བོ།།”[40]ཅེས་པའི་ཚིག་རིས་ལ་གཞིགས་ན་སྐབས་དེའི་གནས་ཚུལ་དངོས་རོབ་ཙམ་དཔོག་ཐུབ་སྙམ།

ས་བཅད་བཞི་པ། ཕྱི་ལོ་ ༡༦༨༢~༡༧༢༡ བར་གྱི་བོད་དང་ཇུན་གར་གཉིས་ཀྱི་སྲིད་དོན་གྱི་གནས་བབ་རགས་འགྲེལ

དེ་ཡང་རབ་བྱུང་ ༡༡ པའི་ཆུ་ཁྱི་སྟེ་ཕྱི་ལོ་ ༡༦༨༢ ལོར་༧རྒྱལ་དབང་ལྔ་པ་ཆེན་མོ་སྐུ་མྱ་ངན་ལས་འདས་ཀྱང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་(༡༦༥༣~༡༧༠༥)ལྔ་པའི་ཞལ་བཀོད་ལྟར། དགོས་པ་དང་དགོངས་གཞི་དུ་མར་བརྟེན་ནས་གནས་ཚུལ་དེ་ལོ་བཅོ་ལྔ་སྟེ་ཕྱི་ལོ་ ༡༦༩༧ བར་དུ་གསང་རྒྱ་དམ་པོ་བྱས། ཕྱི་ཚུལ་དུ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ཁོངས་སྡེ་པ་བཀྲས་རབ་པ་བྱ་བ་༧གོང་ས་ལྔ་པ་དང་དགུང་ན་མཉམ་ཞིང་ཞལ་ཁྱིམ་འདྲ་སེ་བ་ཞིག་གིས་ཕྱོགས་མཐའི་སོག་འགྲུལ་ཁག་ལ་མཇལ་ཁ་བསྩལ་བ་སོགས་ཀྱིས་གསང་བ་ཕྱིར་མི་འཆོར་ཐབས་བསྟེན་པ་དང་།[41]  ནང་དོན་སྐུ་གདུང་འཛམ་གླིང་རྒྱན་གཅིག་བཞེངས་རྒྱུ་དང་། ཡང་སྲིད་མོན་ཡུལ་ནས་རིམ་གྱིས་ལྷ་སར་གདན་དྲངས་ནས་ཁྲི་ཁར་འགོད་ཐབས་སོགས་ལ་བྲེལ་མུས་དང། རྗེས་སུ་ཕྱི་ལོ་ ༡༧༠༥ ལོར་ལྷ་བཟང་གིས་སྡེ་སྲིད་བཀྲོངས་ནས་བོད་ཀྱི་དབང་ཆ་མཐའ་དག་ལོ་ ༡༣ རིང་བཟུང།

༡༧༡༧ ལོར་ཇུན་གར་ཚེ་དབང་རབ་བརྟན་གྱིས། ཕྱི་ཚུལ་དུ་ལྷ་བཟང་གི་བུའི་(དགའ་ལྡན་བསྟན་འཛིན་གྱི)མནའ་མ་སྐྱེལ་མཁན་དང་། དགེ་ལུགས་པར་སྲུང་སྐྱོབ་དང་རྒྱལ་དབང་བདུན་པ་སྐུ་འབུམ་ནས་གདན་འདྲེན་མཁན་ཡིན་ཚུལ་གྱིས། དོན་དམ་རྟ་དམག་དྲུག་སྟོང་ལྷག་བཏང་ནས་ལྷ་བཟང་བསད་ནས་བོད་ཀྱི་དབང་ཆ་འཕྲོགས། སྡེ་སྲིད་ཀྱི་མིང་ཙམ་ཞིག་སྡེ་པ་སྟག་རྩེ་བ་(ལྷ་རྒྱལ་རབ་བརྟན)བསྐོས་ནས་རྡོར་སྨིན་སོགས་རྙིང་དགོན་ཁག་ལ་གནོད་འཚེ་ཚབས་ཆེན་བྱས།[42]

འོན་ཀྱང་མི་འགྱངས་བར་མན་ཇུའི་གོང་མ་ཁཱང་ཤིས་ཀྱི་བུ་བཅུ་བཞི་པ་ཡུན་ཐིས་དཔུང་སྡེ་ཆེན་པོ་དྲུག་མདོ་ཁམས་སོགས་བརྒྱུད་ནས་དྲངས་སྐབས།[43] ཇུན་གར་དམག་དབུས་གཙང་ནས་ཕྱིར་འཐེན་གྱིས་མངའ་རིས་བརྒྱུད་ནས་བྲོས་སྟབས། ཁང་ཆེན་པ་(དའི་ཆིང་སྦ་ཐུར་རམ་མིང་དངོས་ལ་བསོད་ནམས་རྒྱལ་པོ་ཟེར།)དང་ཕོ་ལྷ་བ།(ཕོ་ལྷ་ཐའི་ཇིའམ་མིང་དངོས་ལ་བསོད་ནམ་སྟོབས་རྒྱལ་ཟེར) ང་ལུམ་སྦྱར་གསུམ་(ང་ཕོད་པ་རྡོ་རྗེ་རྒྱལ་པོ་དང་གུང་ལུམ་པ་བ་བཀྲ་ཤིས་རྒྱལ་པོ་སྦྱར་ར་བ་བློ་གྲོས་རྒྱལ་པོ་གསུམ་གྱིས)བཅས་ཀྱིས་མངའ་རིས་སྐོར་གསུམ་དང་དབུས་གཙང་ཀོང་པོ་བཅས་ཀྱི་དམག་གིས། མན་ཇུ་དང་མཚོ་ཁའི་སོག་དམག་ལ་རམ་འདེགས་ཀྱིས། ཇུན་གར་བས་བོད་དབང་བསྒྱུར་ནས་ལོ་གསུམ་ཡང་མ་འགོར་བར། རབ་བྱུང་ ༡༢ པའི་ལྕགས་བྱི། ཕྱི་ལོ་ ༡༧༢༠ ལོར་བོད་ནས་བསྐྲད་དེ་བོད་མན་སོག་གསུམ་གྱི་མི་སྣ་བདུན་(དེ་དག་གི་ཁྲོད་ང་ཕོད་པ་དང་ལུམ་པ་བ་གཉིས་བོད་མི་དང་། དའི་སི་ཙང་ཇུན་དང་གུང་ཚེ་དབང་ནོར་བུ་གཉིས་མན་ཇུ། དོན་གྲུབ་ཝང་དང་བསྟན་འཛིན་ཆིང་ཝང་། ཨེ་སྦོས་པའི་ལི་གསུམ་སོག་པོ་ཡིན་འདུག[44] )མཉམ་འབྲེལ་གྱི་སྒོ་ནས་ཟླ་འགའི་རིང་བོད་ཀྱི་སྲིད་དབང་བཟུང་།[45] དེ་ནས་མན་ཇུའི་གོང་མ་ཁཱང་ཤིས་ཀྱི་བཀའ་ལྟར་ཁང་ཆེན་ནས་དང་། ང་ལུམ་སྦྱར་གསུམ་དང་ཕོ་ལྷ་བ་བཅས་ཀྱིས་བོད་ཀྱི་སྲིད་དབང་བཟུང་རུང་། དགེ་རྙིང་གྲུབ་མཐའི་ཕྱོགས་ཞེན་གྱི་དབང་གིས་ནང་ཁུལ་མ་འཆམ་[46]པར་མཐར་ཁྱོད་ཤི་ང་གསོན་བྱས་ནས་ཁང་ཆེན་པ་བསད།[47]

ཇུན་གར་གྱི་ཕྱོགས་ནས་ནི། སེ་ཆེན་ཐའི་ཇི་སོགས་ཀྱིས་དགའ་ལྡན་དང་ཕ་གཅིག་པའི་གཅེན་སེང་གེ་བསད་པའི་རྐྱེན་གྱིས་དགའ་ལྡན་སྐྱ་སར་བབས་ཏེ་རང་ཡུལ་ལ་ལོག་སྟེ་དགྲ་ཤ་བརྩད། ཉེ་འདུལ་གྱི་འཐབ་ཇུས་བསྟར་ནས་ཨ་ཁུ་ཆོ་ཁུར་ཨོ་པ་ཤྲི་དང་ཧོ་ཤོད་པའི་མགོ་བ་ཨོ་ཆིར་ཐུ་སོགས་བརླགས་པར་མ་ཟད། གནམ་རིའི་[48]ལྷོ་ནུབ་རྒྱུད་ཀྱི་ཧ་སག་དང་ཨུ་ཟ་བྷེ་ཁི། ཁེར་གྷི་བ་(Kazakhs, Uzbeks and Kyrgyz )སོགས་ཆམ་ལ་ཕབ་[49]་སྟེ། དགའ་ལྡན་པོ་ཤོག་ཐུས་ཇུན་གར་བའི་རྗེ་བོར་བྱས། སྐབས་དེ་ཙམ་ལ་སྡེ་སྲིད་ཀྱིས་བསྐུལ་བ་ལྟར།[50] དགའ་ལྡན་གྱིས་སེང་གེའི་བུ་བསོད་ནམས་རབ་བརྟན་བསད་ཀྱང་ཚེ་དབང་རབ་བརྟན་བྲོས་ནས་ཐར། རྗེས་སུ་ཇུན་གར་དང་ཧལ་ཧ་མ་མཐུན་པར་འཁྲུག་སྐབས། ཚེ་དབང་རབ་བརྟན་གྱིས་འཁོན་ལན་སློག་ཆེད་ལྐོག་ནས་མན་ཇུར་གསང་བརྡ་ཡང་ཡང་བསྐྱལ་ཏེ།[51]ཕྱི་ལོ་ ༡༦༨༨ ལོའི་དགུན་ཁར་འཁོར་འབངས་ལྔ་སྟོང་ལྷག་ཁྲིད་དེ་ཨོ་ལིན་ཧ་སྨིར་སྒར་དུ་ཡུལ་བྱོལ་གྱིས་ངོ་ལོག་བརྒྱབ།[52] ༡༦༩༧ ལོར་མན་ཇུ་དང་འཐབས་པས་མང་སྣ་ཉུང་གིས་མ་བརྟན་པར་དགའ་ལྡན་གྱི་དམག་ཕམ་སྟེ་དུག་འགམས་ནས་གྲོངས།[53] མན་ཇུའི་གོང་མར་(ཁཱང་ཤིས། འཚོ་བཞུགས་ལོ། ༡༦༥༤-༡༧༢༢  བར། མན་ཇུའི་གོང་མ་ཁྲི་རབས་བཞི་པ།)དེ་སྔོན་ནས་དོགས་པ་ཟོས་ཀྱང་། ཇུན་གར་བའི་བཟུང་དམག་ཁྲོད་བོད་པའི་གྲྭ་བཙུན་རྗེ་དྲུང་ཧོ་ཐོག་ཐུའི་ཁ་ནས་ལྔ་པ་ཆེན་མོ་སྔར་ནས་སྐུ་གཤེགས་ཟིན་པའི་གནས་ཚུལ་གསལ་བོར་རྟོགས།[54]  ༡༦༩༨ ལོར་དགའ་ལྡན་གྱི་ཚབ་ཏུ་སེང་གེའི་བུ་ཚེ་དབང་རབ་བརྟན་གྱིས་ཇུན་གར་གྱི་རྗེ་བོ་བྱས་ཏེ་ལོ་ ༢༨ རིང་དབང་བཟུང་།

དགའ་ལྡན་གྱིས་བཏབ་པའི་ཞབས་བརྟན་གྲྭ་ཚང་ལ་རྙིང་མའི་ཤན་ཐེབས་པར་བསྙད་དེ། ནང་རྟེན་གཙོ་བོ་༧གོང་ས་ལྔ་པའི་སྐུ་འདྲ་ཧོ་ཐན་ལ་བསྐྱལ་ཏེ་འདུལ་བ་གྲྭ་ཚང་ལ་བསྒྱུར་བ་སོགས་བྱས་ཤིང་། མན་ཇུའི་མངའ་འོག་གི་ཧ་མིན་[55]དབང་དུ་བསྡུས་པས་རྒྱ་དམག་བཏང་ཡང་ཇུན་གར་བས་ཆམ་ལ་ཕབ་པ་སོགས་བྱས།[56]   ༡༧༡༧ ལོར་དམག་དཔོན་ཚེ་རིང་དོན་གྲུབ་གཙོས་ཇུན་གར་དམག་དྲུག་སྟོང་བཏང་སྟེ། བོད་ཀྱི་རྒྱལ་པོ་ལྷ་བཟང་ཧན་བསད་དེ་རྡོར་སྨིན་དང་རྣམ་རྒྱལ་གྲྭ་ཚང་གཏོར་བ་སོགས་བྱས། ལོ་གསུམ་རིང་བོད་ཀྱི་སྲིད་དབང་ཇུན་གར་བས་བཟུང་། ལོ་གསུམ་གྱི་རྗེས་ཏེ་ཕྱི་ལོ་ ༡༧༢༠ ལོར་རྒྱ་བོད་སོག་གསུམ་གྱི་དམག་དཔུང་གིས་ཇུན་གར་བ་བོད་ནས་བདས་ཏེ། དམག་དཔོན་ཚེ་རིང་དོན་གྲུབ་སོགས་བོད་དང་ལི་ཡུལ་མཚམས་ཀྱི་ཁུ་ནུ་རི་བོར་ལ་བརྒྱབ་སྟེ་ལི་ཡུལ་ལྷོ་ཕྱོགས་ཀྱི་དབྱི་ལི་[57]ལ་འབྱོར་སྐབས་དམག་མི་ ༥༠༠ ལས་མ་ལྷག[58]  །མེ་རྟ་ ༡༧༢༦ ལོར་ཚེ་དབང་རབ་བརྟན་འདས་ཚབ་བུ་དགའ་ལྡན་ཚེ་རིང་གིས་ཇུན་གར་གྱི་རྒྱལ་པོ་བྱས། དེའི་སྐབས་ཀྱང་ཇུན་གར་བ་དང་མན་ཇུའི་དབར་འཁྲུག་ཟིང་ཐེངས་འགའ་བྱུང་།[59]

མཇུག་བསྡུ་བའི་གཏམ།

དེ་ལྟར་ཡིག་ཁུངས་དང་བཅས་གོང་དུ་རྒྱས་པར་གླེང་བ་ལྟར། ཇུན་གར་ཚེ་དབང་རབ་བརྟན་གྱིས་རྡོར་སྨིན་གཙོས་རྙིང་དགོན་ཁག་དམིགས་སུ་བཀར་ནས་གཏོར་དགོས་དོན་ནི། དང་པོ་ཚེ་དབང་རབ་བརྟན་གྱི་སྤུན་བསོད་ནམས་རབ་བརྟན་སྡེ་སྲིད་སངས་རྒྱས་རྒྱ་མཚས་བསྐུལ་བ་ལྟར། དགའ་ལྡན་བསྟན་འཛིན་པོ་ཤོག་ཐུས་བསད་པའི་སྒེར་གྱི་ཤ་འཁོན་ཞིག་ལ་ཐུག་པ་དང་། གཉིས་པ་ཚེ་དབང་རབ་བརྟན་དགེ་ལུགས་ཐལ་སྐྱོད་པ་ཆགས་ཏེ་རྙིང་མར་སྡང་ཟུག་དང་། ལྔ་པ་ཆེན་མོའི་སྐུ་འདྲ་ལི་ཡུལ་ཧོ་ཐན་ལ་བསྐྱལ་བར་མ་ཟད། ཞབས་བརྟན་གྲྭ་ཚང་གཏོར་ཏེ་བཙན་གྱིས་འདུལ་གྲྭ་རུ་བསྒྱུར། གསུམ་པ་སྲིད་དོན་དང་དབང་བསྒྱུར་གྱི་དགོས་མཁོར་གཞིགས་ཏེ། དགེ་ལུགས་པའི་ཞེན་ཁོག་གིས་རྒྱུད་སྦོས་པའི་ཇུན་གར་ལྷ་བཙུན་བློ་བཟང་ཕུན་ཚོགས་ཀྱིས་རྙིང་མ་གཏོར་དགོས་པའི་སྐུལ་མ་དང་། སྐབས་དེའི་དགེ་ལུགས་པའི་བླ་དཔོན་དང་གྲྭ་དམངས་བཅས་ཀྱི་བློ་འགུགས་ཆེད་བཅས་ཀྱིས་ཡིན་པར་སྒྲུབ་བྱེད་འདང་ངེས་བཀོད་ཡོད།

དེ་ལྟར་གཅིག་ནས་འདས་པའི་བོད་ཀྱི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ཞིག་ཕྱོགས་ཡོངས་ནས་བདེན་པ་ར་སྤྲོད་ཀྱིས་ཁ་ཇེ་གསལ་དུ་གཏོང་ཐུབ་པ་དང་།  གཉིས་སུ་བོད་ལ་བཙན་འཛུལ་གྱིས་ཁྲིམས་འགལ་གྱི་བོད་ཀྱི་རྒྱལ་པོ་བྱེད་མཁན་ཐོག་མ་ཇུན་གར་ཚེ་དབང་རབ་བརྟན་གྱིས་བོད་ལ་དབང་བསྒྱུར་བའི་སྐབས་སུ་རྙིང་དགོན་ཁག་ལ་ཅིའི་ཕྱིར་གཏོར་བཤིག་བཏང་བའི་སྐོར་སོགས་ད་ཕན་མི་གཞན་གྱིས་ཁ་གསལ་མེད་པ་ཞིག་བྲིས་ཡོད་པར་བརྟེན། ཕྲན་གྱིས་དཔྱད་གཞིའི་ཡིག་ཆ་ཁག་གཤིབ་བསྡུར་གྱིས་དཀའ་ལས་གང་འཚམ་བརྒྱབ་ནས་བྲིས་པའི་ཁུལ་ཡིན་མོད། ཕྲན་མཐོང་རྒྱ་དང་ཤེས་རྒྱ་ཆུང་ཁར་དཔྱད་གཞིའི་ཡིག་ཆའི་གྲས་(རྡོ་རྗེ་བྲག་དགོན་པའི་གདན་རབས)་དང་། (སྨིན་གྲོལ་གླིང་གི་གདན་རབས)ལྟ་བུ་དང་། རྒྱལ་པོ་ལྷ་བཟང་དང་འབྲེལ་བ་ཆེ་བའི་ཨི་ཐ་ལིའི་ཡེ་ཤུའི་གནམ་བདག་གི་ཆོས་སྤེལ་བ་(Fr.Domenico da Fano)ཡི་འཕྲིན་ཡིག་གི་སྐོར་ལྟ་བུ་གུས་པའི་ལག་ཏུ་མ་སོན་ཞིང་། ལག་སོན་བྱུང་བའི་ཡིག་ཆ་ཁག་ལ་ཡང་རུ་ང་ཞིབ་ཚགས་དེ་འདྲའི་ཡིད་ཚིམས་པ་ཞིག་བྱུང་མ་སོང་བར་བརྟེན། རྗེས་མར་དེའི་ཕྱོགས་ལ་སྤྲོ་སྣང་ཅན་གྱི་ཞིབ་འཇུག་པ་འདྲ་ཡོད་ཚེ། དེ་ལུགས་ཐུགས་ལ་ངེས་པར་འཚལ་ཞེས་ཞུའོ།། །།

དེ་ལྟར་ལས་གཞི་འདི་ལ་མཛུབ་སྟོན་དང་རྒྱུ་ཆ་མཁོ་སྤྲོད་སོགས་ཀྱི་རྒྱབ་སྐྱོར་དང་མཐུན་འགྱུར་གནང་མཁན་རྒན་གཙང་ཕྲུག་བསོད་ནམས་སྟོབས་ལགས་གཙོས་པའི་འབྲེལ་ཡོད་ཚང་མར་ཆེད་དུ་གོ་སྐབས་འདི་བརྒྱུད་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 དཔྱད་གཞིའི་ཡིག་ཆ་ཁག

ངག་དབང་བློ་བཟང་རྒྱ་མཚོ།  རང་རྣམ་དུ་ཀཱུ་ལའི་གོས་བཟང་། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༠༩ ཟླ་ ༩ པར་པར་ཐེངས་དང་པོ་བཏབ།

ངག་དབང་བློ་བཟང་རྒྱ་མཚོ། དུ་ཀཱུ་ལའི་གོས་བཟང་། རྡ་རམ་ས་ལ། ༢༠༡༤ ལོར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་པར་ཐེངས་དང་པོར་དཔར།

སུམ་པ་ཡེ་ཤེས་དཔལ་འབྱོར། ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༡༥ ཟླ་ ༡༢ པར་དཔར་ཐེངས་དང་པོ།

སུམ་པ་ཡེ་ཤེས་དཔལ་འབྱོར། མཚོ་སྔོན་གྱི་ལོ་རྒྱུས་ཚངས་གླུ་གསར་སྙན། ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ཟླ་ ༡༡ པར་པར་ཐེངས་དང་པོ་བཏབ།

༤སླེ་ལུང་བཞད་པའི་རྡོ་རྗེས་བརྩམས་པའི་ཆེ་མཆོག་འདུས་པ་རྩལ་གྱི་རྣམ་ཐར།  དབུ་མེད། བྲིས་མ།  མཇུག་བྱང་དུ་འཁོད་པ་ལྟར་ན་ཤིང་ཡོས་ཕྱི་ལོ་ ༡༧༣༥ ལོར་བརྩམས་པར་གསལ་བ་ལས། འབྲི་དུས་མི་གསལ།

སླེ་ལུང་བཞད་པའི་རྡོ་རྗེ། རིག་པ་འཛིན་པ་བློ་བཟང་འཕྲིན་ལས་ཀྱི་རྟོགས་པ་བརྗོད་པ་སྐལ་བཟང་དགའ་སྟོན། (རང་རྣམ) ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ཟླ་ ༤ པར་དཔར་ཐེངས་དང་པོ་བཏབ།

མདོ་མཁར་བ་ཚེ་རིང་དབང་རྒྱལ། བཀའ་བློན་རྟོགས་བརྗོད། ཁྲིང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ཟླ་ ༡༠ པར་དཔར་ཐེངས་དང་པོ།

  མདོ་མཁར་བ་ཚེ་རིང་དབང་རྒྱལ། མི་དབང་རྟོགས་བརྗོད། ཁྲིང་ཏུའུ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོའི་དཔར་ཐེངས་གཉིས་པ།

སྤྲང་བཙུན་མང་ག་ལ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱི་རྣམ་ཐར། སྔ་འགྱུར་སྨིན་གླིང་དཔེ་ཚོགས། པོད་བཞི་པ། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ཟླ་ ༦ པར་དཔར་ཐེངས་དང་པོ་བཏབ།

ཁྱུང་པོ་རས་པ། རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན་གྱི་རྣམ་ཐར། སྔ་འགྱུར་སྨིན་གླིང་དཔེ་ཚོགས། པོད་བཞི་པ། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ཟླ་ ༦ པར་དཔར་ཐེངས་དང་པོ་བཏབ།

༡༠ ཀུན་མཁྱེན་འཇིགས་མེད་དབང་པོ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར། ལན་ཀྲུག  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ༡༩༨༧ ཟླ་ ༦ པར་དཔར་ཐེངས་དང་པོར་བཏབ།

༡༡ བསེ་ངག་དབང་བཀྲ་ཤིས་ཀྱིས་བརྩམས་པར་གྲགས་པའི་འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ། དབུ་ཅན་ཤིང་པར་མ།

༡༢ དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་དུང་དཀར་ཚིག་མཛོད་ཆེན་མོ།

༡༣ ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན།  སྲིད་དོན་རྒྱལ་རབས། རྡ་རམ་ས་ལ། བོད་གཞུང་ཤེས་རིག་དཔར་ཁང། ༢༠༠༢ ལོར་པར་ཐེངས་བདུན་པ།

༡༤  དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  པེ་ཅིང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༢ ཟླ་ ༡༢ པར་དཔར་ཐེངས་དང་པོ་བརྒྱབ།

༡༥ ནོར་བུ་བསམ་འཕེལ། སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ།  པེ་ཅིང་།  ༢༠༡༧ ཟླ་༡༡ པར་དཔར་ཐེངས་དང་པོ་བཏབ།

༡༦ རྒྱལ་མོ་འབྲུག་པ། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༦ ཟླ་ ༡ པོར་པར་ཐེངས་གཉིས་པ་བཏབ།

༡༧  དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཟླ་ ༤ པར་དཔར་ཐེངས་དང་པོ་བཏབ།

དཔྱད་ཡིག་དང་ཞབས་མཆན། 

[1]  དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  པེ་ཅིང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༢ ཟླ་ ༡༢ པར་དཔར་ཐེངས་དང་པོ་བརྒྱབ། ཤོག་ངོས་ ༥༨༨ པར། སྐབས་དེར་ཆོས་ལུགས་རིས་མེད་དང་དགེ་ལུགས་བར་གྱི་བསྡུར་ཚད་ནི། དགོན་པ་ ༡༨༠༧ ནང་དགེ་ལུགས་དགོན་པ་ ༥༣༥ ཡོད་པ་དེས་དགོན་པ་ཡོངས་ཀྱི་གསུམ་ཆ་གཅིག་དང་། གྲྭ་གྲངས་ ༩༧༥༣༨ ནང་དགེ་ལུགས་པའི་གྲྭ་པ་ ༣༥༠༨༧ ཡོད་པ་དེས་གསུམ་ཆ་གཅིག་ཟིན་ཚུལ་གསུངས་འདུག་པས། དེ་མིན་གྱི་གསུམ་ཆ་གཉིས་ནི་ཆོས་བརྒྱུད་གཞན་གྱི་དགོན་པ་དང་གྲྭ་བཙུན་ཡིན་པར་དཔོག་ཐུབ།

[2] ནོར་བུ་་བསམ་འཕེལ།  དཔར་དུས། ༢༠༡༧ ཤོག ༧༦༩ པར། ཕྱི་ལོ་ ༡༦༣༥ ལོར་དགེ་ལུགས་པའི་སྐྱབས་བཅོལ་བང་ཆེན་གྱི་མགོ་གཙོ་དབེན་ས་སྤྲུལ་སྐུ་ཨོ་རོད་དུ་གྲོངས་རྗེས། པཱ་ཐུར་ཧོང་ཐའི་ཇིའི་ལྕམ་མོའི་མངལ་དུ་ལོ་ཕྱི་མར་བུ་ཞིག་འཁྲུངས་པ་དེ་དགའ་ལྡན་པོ་ཤོག་ཐུ་ཡིན་ཞེས་འཁོད་འདུག.

[3] ངག་དབང་བློ་བཟང་རྒྱ་མཚོ།  རང་རྣམ་དུ་ཀཱུ་ལའི་གོས་བཟང་། གླེགས་བམ་གཉིས་པ། རྒྱ་གར།  སེར་གཙུག་དཔེ་སྐྲུན་ཁང་།  དཔར་དུས་མི་གསལ། ཤོག་ངོས་ ༡༥༣ པ་དང་།

ནོར་བུ་བསམ་འཕེལ། སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ།  པེ་ཅིང་།  ༢༠༡༧ ཟླ་༡༡ པར་དཔར་ཐེངས་དང་པོ་བཏབ། ཤོག་ངོས་ ༧༦༤ ནས་ ༧༦༩ བཅས་སུ་གསལ།

[4] ངག་དབང་བློ་བཟང་རྒྱ་མཚོ། རྒྱལ་དབང་ལྔ་པའི་གསུང་འབུམ་དེབ་ཉེར་བཞི་པ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  པེ་ཅིང་ནས་ ༢༠༠༩ ལོར་དཔར། ཤོག་ངོས་ ༥༤༡ པར་གསལ།

[5] ནོར་བུ་བསམ་འཕེལ། ༢༠༡༧ ཤོག ༧༦༨ ནས་ ༧༦༩ བར་གསལ།

[6] ནོར་བུ་བསམ་འཕེལ། ༢༠༡༧ ཤོག ༧༧༢ པར་གསལ།

[7] ནོར་བུ་བསམ་འཕེལ། ༢༠༡༧ ཤོག ༧༧༣  ཐིག་འཕྲེང་ ༡༡ པར་གསལ།

[8] སུམ་པ་ཡེ་ཤེས་དཔལ་འབྱོར། མཚོ་སྔོན་གྱི་ལོ་རྒྱུས་ཚངས་གླུ་གསར་སྙན། ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ཟླ་ ༡༡ པར་པར་ཐེངས་དང་པོ་བཏབ། ཤོག་ངོས ༨༦ པར་གསལ།

[9] ནོར་བུ་བསམ་འཕེལ།  ༢༠༡༧  ཤོག ༧༩༠ ངོར་གསལ།

[10] ནོར་བུ་བསམ་འཕེལ། ༢༠༡༧  ཤོག ༩༠༧ ནས་ ༩༠༨ བར་གསལ།

[11] སྐབས་དེར་མན་ཇུ་བས་(满人)རྒྱ་ཡུལ་ཕལ་ཆེར་དབང་དུ་བསྒྱུར་ནས། གནའ་བོའི་རྒྱ་ནག་གི་ཁྲུན་ཆུག་དང་ཀྲན་གོའི་སྐབས་(春秋战国时期 770 BC-221 BC)ཀྱི་སུན་ཙིའི་དམག་ཇུས་(孙子兵法 The art of War)དང་། དེའི་རྗེས་སུ་ཆིན་(秦)ཧན་(汉)དང་རྒྱལ་ཁབ་གསུམ་(三国)སྐབས་ཀྱི་དམག་དོན་མཁས་པ་གྲགས་ཅན་ཀྲུའུ་ཀེ་ལཱེང་(诸葛亮181 AD-234 AD)དང་ཚའོ་ཚའོ།(曹操 155 AD-220AD) དེ་མིན་ཅིན་རྒྱལ་རབས་(晋)དང་རྒྱལ་རབས་ལྷོ་བྱང་།(南北朝) སུའེ་(隋)ཐང་(唐)སུང་། (宋) ཧོར་གྱིས་དབང་བསྒྱུར་བའི་ཡོན་(元)རྒྱལ་རབས་སོགས་ཀྱི་དམག་ཇུས་ལ་རྒྱུས་ལོན་གཏིིང་ཟབ་བྱུང་ཡོད་པར་མ་ཟད། མན་ཇུའི་དམག་མིའི་ཁྲོད་འཐབ་ཇུས་ལ་ནང་བྱན་ཆུད་པའི་རྒྱ་རིགས་ཇུས་འདོན་པ་དང་དམག་དཔོན་ཡང་མང་། དེའི་ཁར་གནའ་བོའི་རྒྱ་ནག་གི་ལག་རྩལ་ལས་བྱུང་བའི་མེ་རྫས་བེད་སྤྱོད་ཤེས་པར་གྱུར་ནས་མན་ཇུ་བས་གཡུལ་སར་མེ་སྒྱོགས་ཤུགས་ཆེན་བཀོལ་བ་སོགས་ཀྱིས་གཡུལ་ལས་རྒྱལ་ཏེ། དེ་ལས་ལྡོག་ཕྱོགས་སུ་གྱུར་པའི་འཐབ་ཇུས་དང་མེ་སྒྱོགས་ཀྱིས་ཕོངས་པའི་དཔའ་བོ་ལག་རྡུམ་ལྟ་བུ་ཇུན་གར་བའི་དམག་གཡུལ་ལས་ཕམ་པར་ཚོད་དཔག་བྱེད་སླ།

[12] སུམ་པ་ཡེ་ཤེས་དཔལ་འབྱོར། མཚོ་སྔོན་གྱི་ལོ་རྒྱུས་ཚངས་གླུ་གསར་སྙན། ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ཟླ་ ༡༡ པར་པར་ཐེངས་དང་པོ་བཏབ། ཤོག་ངོས་ ༨༧ པར་གསལ།

[13] ནོར་བུ་བསམ་འཕེལ།  ༢༠༡༧   ཤོག ༨༠༢ ནས་ ༨༠༣ བཅས་སུ་གསལ།

[14] ཚེ་དབང་རབ་བརྟན་གྱི་སྐྱེས་ལོ་རྙེད་དཀའ་ཡང་། འདས་ལོ་ནི་སུམ་པ་མཁན་པོས་ མེ་རྟ་ ༡༧༢༦ ལོར་ཁེལ་ཞེས་དང་། འདི་པ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་མེས་པོ་ཐ་གེ་ཐུ་ཧ་ར་ཧུ་ལ་བཱ་ཐུར་ཧུང་ཐའི་ཇི་ལ་བུ་བཅུ་གཅིག་པ། མེ་རྒན་ཏའི་ཆིང་ངམ་དགའ་ལྡན་པོ་ཤོག་ཐུའི་ཕུ་བོ་ཇུན་གར་གྱི་དཔོན་པོ་སེང་གེར་བུ་གཉིས་ཡོད་པ་ལས་གཅིག་ཡིན་ཟེར། ༡༦༩༨ ནས་ ༡༧༢༦ བར་ ལོ་ ༢༨ རིང་ཇུན་གར་གྱི་རྒྱལ་པོ་བྱས། དགེ་ལུགས་པར་དད་ཞེན་ཆེ་ཡང་རྙིང་མར་མི་དགའ་ལ་སྡང་ཟུག་ཆེ་བ་ཞིག་གོ།

[15] སུམ་པ་ཡེ་ཤེས་དཔལ་འབྱོར། ༢༠༡༧  ཤོག ༨༦ ཐིག་ཕྲེང་ཐ་མར་རོ་ལང་བཞི་བྱུང་ཟེར།

[16] སུམ་པ་ཡེ་ཤེས་དཔལ་འབྱོར། ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༢༠༡༥ ལོའི་ཟླ་ ༡༢ པར་དཔར་ཐེངས་དང་པོ་དཔར། ཤོག་ངོས་ ༤༠༤~༥༠༦ བར།

[17] ནོར་བུ་བསམ་འཕེལ། ༢༠༡༧  ཤོག་ ༧༦༧ པར་གསལ།

[18]ལི་ཡུལ་བྱང་ཕྱོགས་ཇུན་གར་རྩྭ་ཐང་དུ་གནས་སྡོད་བྱས་པའི་སོག་རིགས་ཨོ་རོད་ཚོ་བ་བཞི་ནི། ཇུན་གར། ཐོ་མོག  ཐོར་གོད། ཧུ་ཤོག་ཐུ་སྟེ་བཞི་ཡིན།

[19] ཇུན་གར་གཤོངས་ས་ནི་གནའ་བོའི་ལི་ཡུལ་གྱི་བྱང་ཕྱོགས་ཏེ་གནམ་རིའི་(天山)བྱང་དང་། ཨལ་ཐའེ་རི་བོའི་ཤར། ནུབ་ཏུ་ཇུན་གར་རི་རྒྱུད་དང་། ཤར་དུ་ཧལ་ཧའམ་དེང་གི་ཕྱི་སོག་བཅས་ཀྱི་བར་དུ་ཆགས་ཡོད། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་སུམ་ཁྲི་ལྔ་སྟོང་ལྷག་ཡོད་མོད།  དེ་ནི་སྐབས་དེར་ཇུན་གར་བའི་རྟེན་གཞི་གཙོ་བོ་ཡིན་པ་ཙམ་ལས། དབང་བསྒྱུར་གྱི་ཁྱབ་ཁོངས་ནི་ལི་ཡུལ་ལམ་ཤར་ཏུར་ཁེ་སི་ཐན་ཡོངས་དང་། ཐ་ན་དེ་ལས་ཀྱང་ཆེས་ཆེར་བརྒལ་ཡོད།  ཡོང་ཁུངས། (准格尔盆地-维基百科,自由的百科全书)ལ་གཟིགས།

[20] རྒྱལ་མོ་འབྲུག་པ། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༦ ཟླ་ ༡ པོར་པར་ཐེངས་གཉིས་པ་བཏབ། ཤོག་ངོས་ ༣༧༩ ནས་ ༣༨༨ བར་དུ་གསལ།

[21] དཔེར་ན། ཐོག་མར་ཨོ་རོད་ཚོ་བཞིའི་ཡ་གྱལ་ཧོ་ཤོག་ཐུ་ཚོ་བ་དང་ཇུན་གར་ཚོ་བས་ཀར་གཙང་གི་གཉའ་གནོན་དང་དབང་བསྒྱུར་འོག་ནས་དགེ་ལུགས་པ་རང་དབང་ཐོབ་ཏུ་བཅུག་སྟེ་དགའ་ལྡན་ཕོ་བྲང་བའི་གཞུང་བཙུགས་ཤིང་། སྐབས་ཐོག་དེར་དབང་གྲགས་ཆེ་བའི་གུ་ཤྲི་ཧན་ནི་ཧོ་ཤོག་ཐུ་ཚོ་བའི་ཚོ་དཔོན་ཞིག་དང་། པཱ་ཐུར་ཧོང་ཐའེ་ཇི་ནི་ཇུན་གར་གྱི་སྤྱི་དཔོན་དང་དགའ་ལྡན་པོ་ཤོག་ཐུའི་ཕ་རྒན་ཡིན།  དེ་གཉིས་ཀ་དགེ་ལུགས་ལ་ཞེན་ཁོག་ཤིན་ཏུ་ཆེ་ལ།  ཕྱི་ལོ་ ༡༧༥༥ ནས་ ༡༧༥༧ བར་མན་ཇུའི་གོང་མས་ཇུན་གར་བ་མི་རིགས་སྡེབ་གསོད་བྱེད་སྐབས། མི་མི་ཉུང་བ་ཞིག་ཁལ་མིག་ཁེ་ཡའམ་དེང་གི་ཨུ་རུ་སུ་དང་རྗོར་ཇི་ཡའི་བར་ལ་བཙན་བྱོལ་དུ་འབྱོར་བ་དེ་ཚོ་ལོ་ངོ་བརྒྱ་ཕྲག་གཉིས་ལྷག་བརྒལ་ཏེ། སྔ་གཞུག་ཏུ་མན་ཇུ་དང་ཁ་ཆེ། ཟར་ར་ཤི་ཡའི་གཞུང་། དམར་ཕྱོགས་ཨུ་རུ་སུ་སོགས་ཀྱི་གཉའ་གནོན་དང་གཞན་དབང་སྟབས་བསྟུན་འོག་ལོ་ངོ་བརྒྱ་ཕྲག་གི་རིང་ལ་སྡུག་སྦྱོང་མནར་གཅོད་ཡ་ང་བ་མྱངས་ཀྱང་། ༡༩༩༠ ལོར་སུའུ་ལེན་འཐོར་ནས་ཁལ་མིག་ལ་རང་དབང་གི་གོ་སྐབས་ཅུང་ཙམ་ཐོབ་རྗེས། ཡང་བསྐྱར་སྔར་སྲོལ་ལྟར་དགེ་ལུགས་པ་བསྐྱར་གསོ་བྱ་རྒྱུའི་འགོ་བརྩམས་ཤིང་། མིག་སྔར་ཨོ་རོད་ཇུན་གར་གཤོངས་སའི་ཐོར་རྒོད་ཀྱི་མི་རྒྱུད་ཁལ་མིག་པ་དེ་ཚོ་རྗེ་ཙོང་ཁ་པ་དང་༧གོང་ས་མཆོག་ལ་དད་ཞེན་གཞན་སུ་ལས་ཆེ་ཞིང་། བོད་ཀྱི་མི་དང་ཆོས་རིག་ལ་བོད་ཉེ་འཁོར་གྱི་མི་རིགས་ཡོད་དོ་ཅོག་ལས་དགའ་ཞེན་བླ་ལྷག་ཏུ་ཆེ་བ་ནི། ཡ་མཚན་འོས་ཤིང་ཧ་ལས་དགོས་པའི་ཚོད་དུ་འདུག དེ་ནི་སྐབས་དོན་དང་ཐད་ཀར་མ་འབྲེལ་བའི་འཕྲོས་གཏམ་ཡིན་པས་འོག་མཆན་དུ་བཀོད་པ་ཡིན་ནོ།།

[22]སློབ་དཔོན་ཟླ་བ་གྲགས་པ།  དབུ་མ་འཇུག་པ།  ཐའེ་ཝན་དཔར་མ། ༢༠༠༧ ལོར་དཔར།  ཤོག་ངོས་ ༤༥  པར་གསལ།

[23] སླེ་ལུང་བཞད་པའི་རྡོ་རྗེ། ཆེ་མཆོག་འདུས་པ་རྩལ་གྱི་རྣམ་ཐར།  དབུ་མེད། བྲིས་མ།  མཇུག་བྱང་དུ་འཁོད་པ་ལྟར་ན་ཤིང་ཡོས་ཕྱི་ལོ་ ༡༧༣༥ ལོར་བརྩམས་པར་གསལ་བ་ལས། འབྲི་དུས་མི་གསལ། ཤོག་ངོས་ ༣༨~༤༠

[24] སུམ་པ་ཡེ་ཤེས་དཔལ་འབྱོར། མཚོ་སྔོན་གྱི་ལོ་རྒྱུས་ཚངས་གླུ་གསར་སྙན། ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ཟླ་ ༡༡ པར་པར་ཐེངས་དང་པོ་བཏབ། ཤོག་ངོས་ ༦༥ པར་གསལ།

[25] སླེ་ལུང་བཞད་པའི་རྡོ་རྗེ།  ༢༠༠༩ ཟླ་ ༤ པར་དཔར་ཐེངས་དང་པོ་བཏབ།  ཤོག་ངོས་ ༣༦༠ ནས་ ༣༦༡ གཉིས་སུ་གསལ།

[26] སླེ་ལུང་བཞད་པའི་རྡོ་རྗེའི་རང་རྣམ།  ༢༠༠༩ ཟླ་ ༤ པར་དཔར་ཐེངས་དང་པོ་བཏབ།  ཤོག་ངོས་ ༣༢༦ ནས་ ༣༢༧ བར་གསལ།

[27] ནོར་བུ་བསམ་འཕེལ། ༢༠༡༧  ཤོག་ ༩༡༡ ནས་ ༩༡༢ བར་གསལ།

[28] ཀུན་མཁྱེན་འཇིགས་མེད་དབང་པོ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར། ལན་ཀྲུག  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ༡༩༨༧ ལོའི་ཟླ་ ༦ པར་དཔར་ཐེངས་དང་པོར་བཏབ། ཤོག་ངོས་ ༡༨༨ ཐིག་འཕྲེང་ ༧ པར་གསལ།

[29] དེའི་ཐད་ལ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན། ༢༠༡༧ ཟླ་ ༡༡ པར་པར་བཏབ་པའི་ཤོག་ངོས་༦༤ པའི་༡༣ ནས་ ༡༤ པར། དང་ཐོག་ཚེ་དབང་རབ་བརྟན་དང་ལྷ་བཟང་གཉིས་མཐུན་ཡང་། རྗེས་སུ་ལྷ་བཟང་གིས་ལྐོག་ཏུ་རྙིང་ཆོས་ལ་དད་པས་འགལ་བར་གྱུར་ཞེས་འཁོད་འདུག་པས་དཔྱད།

[30] དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  པེ་ཅིང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༢ ཟླ་ ༡༢ པར་དཔར་ཐེངས་དང་པོ་བརྒྱབ། ཤོག་ངོས་ ༥༩༧ ནས་ ༥༩༨ པར་གསལ།

[31]  དུང་དཀར་བློ་བཟང་འཕྲིན་ལས།  ༡༩༩༢ ཟླ་ ༡༢ པར་དཔར་ཐེངས་དང་པོ་བརྒྱབ། ཤོག་ངོས་ ༥༩༨ པར་གསལ།

[32] སུམ་པ་ཡེ་ཤེས་དཔལ་འབྱོར། ༢༠༡༧ ཟླ་ ༡༡ པར་པར་ཐེངས་དང་པོ་བཏབ། ཤོག་ ༦༤ ནས་༦༥ གཉིས་དང།  ནོར་བུ་བསམ་འཕེལ། ༢༠༡༧  ཤོག་ ༩༡༩ པར་གསལ།

[33] ནོར་བུ་བསམ་འཕེལ། ༢༠༡༧  ཤོག་ ༩༡༧ པར་གསལ།

[34] ནོར་བུ་བསམ་འཕེལ། ༢༠༡༧  ཤོག་ ༩༢༡ པར་གསལ།

[35] དུང་དཀར་བློ་བཟང་འཕྲིན་ལས།  ༡༩༩༢ ཟླ་ ༡༢ པར་དཔར་ཐེངས་དང་པོ་བརྒྱབ། ཤོག་ངོས་ ༥༩༨ པར་གསལ།

[36] འཇམ་དབྱངས་བཞད་པའི་རྣམ་ཐར་སྐལ་བཟང་འཇུག་ངོགས་ཀྱི་ཤོག་གྲངས་ ༢༠༡ ངོས་སུ། “ལོ་དེའི་སྟོན་མཇུག་ཅུང་གར་གྱི་དམག་དབུས་སུ་སླེབས་འདུག་ཟེར་བ་གསན་ནས་བརྟག་པ་མཛད་པས་རྨི་ལྟས་ཤིན་ཏུ་ངན། རྒྱལ་པོ་ཚང་ཅུང་གར་གྱིས་ལེན་པ་འདྲ་གསུངས།” ཞེས་བྱུང་བས། དོན་ངོ་མར་ཇུན་གར་དམག་བོད་ལ་སླེབས་དུས་ག་དུས་ཡིན་མིན་ད་རུང་བརྟག་དགོས།

[37] ནོར་བུ་བསམ་འཕེལ། ༢༠༡༧  ཤོག་ ༩༡༩ ནས་ ༩༢༠ པར་གསལ།

[38] Googel དྲྭ་ཚུགས་སུ་འཚོལ་བཤེར་ལྟར་ན། ལྷ་ས་ནས་ཤིན་ཅང་གི་ལྟེ་གནས་གྲོང་ཁྱེར་ཝུའུ་རུམ་ཆིའི་བར་སྤྱི་ལེ་ ༣༠༤༡ འདུག་ལ། ཇུན་གར་གཤོངས་སའམ་ཇུན་གར་རྩྭ་ཐང་ནི་དེ་ལས་ཀྱང་བྱང་ཕྱོགས་སུ་འགྲོ་དགོས་པས། ས་དེ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་མ་མཐའ་ཡང་སྤྱི་ལེ་སུམ་སྟོང་ལྷག་ཡོད་པར་ཚོད་དཔག་བྱེད་ཐུབ།

[39] སླེ་ལུང་བཞད་པའི་རྡོ་རྗེའི་རང་རྣམ།  ༢༠༠༩ ཟླ་ ༤ པར་དཔར་ཐེངས་དང་པོ་བཏབ།  ཤོག་ངོས་ ༣༣༥ པར་གསལ།

[40] སླེ་ལུང་བཞད་པའི་རྡོ་རྗེ།  ༢༠༠༩ ཟླ་ ༤ པར་དཔར་ཐེངས་དང་པོ་བཏབ།   ཤོག་ངོས་ ༣༥༠ པར་གསལ།

[41] ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན།  སྲིད་དོན་རྒྱལ་རབས། སྨད་ཆ།  རྡ་རམ་ས་ལ། བོད་གཞུང་ཤེས་རིག་དཔར་ཁང།  ༢༠༡༩ ལོའི་དཔར་ཐེངས་བརྒྱད་པ། ། ཤོག་ངོས་  ༤༦༤ པར་གསལ།

[42] ཇུན་གར་བས་རྡོར་སྨིན་གཏོར་བཤིག་བཏང་སྐོར། སྤྲང་བཙུན་མང་ག་ལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ཟླ་ ༦ པར་དཔར་ཐེངས་དང་པོ་བཏབ། ཤོག་ངོས་ ༡༥ དང་། ༡༦། ༡༧ བཅས་དང་།

ཁྱུང་པོ་རས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ཟླ་ ༦ པར་དཔར་ཐེངས་དང་པོ་བཏབ། ཤོག་ངོས་ ༢༢༨ ནས་ ༢༢༩ བར་དུ་གསལ།

[43] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང།  ༢༠༠༢ ཟླ་ ༤ པར་དཔར་ཐེངས་དང་པོ་བཏབ། ཤོག་ངོས་ ༨༧༥ པར་གསལ།

[44] ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས།  ༡༩༨༨   ཤོག་ངོས་ ༥༢༢ པར་གསལ།

[45] མདོ་མཁར་བ་ཚེ་རིང་དབང་རྒྱལ། བཀའ་བློན་རྟོགས་བརྗོད། ཁྲིང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ཟླ་ ༡༠ པར་དཔར་ཐེངས་དང་པོ། ཤོག་ངོས་ ༡༣ པར་གསལ།

[46]  སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་མཚོ་སྔོན་གྱི་ལོ་རྒྱུས་ཚངས་གླུ་གསར་སྙན། ༢༠༡༧ ཟླ་ ༡༡ པར་པར་ཐེངས་དང་པོ་བཏབ། ཤོག་ངོས་ ༦༩ པར། ལུམ་པ་བས་བཤད་དོན། “སྤྱིར་སྡིག་དགོན་ཆེ་བ་འདི་གསུམ་དང་ཁྱད་པར་དུ་སྒོ་མང་དང་རྒྱུད་སྨད་གྲྭ་ཚང་མེད་ན་བོད་འདིར་སྐྱིད་པོ་འོང་ཞེས་ཡང་ཡང་སྨྲེང་བ་ངེས་འདྲོངས་ཐོས།”ཞེས་བྱུང་།

[47] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཟླ་ ༤ པར་དཔར་ཐེངས་དང་པོ་བཏབ། ཤོག་ངོས་ ༢༩༦ པར་གསལ།

[48] དེ་ལ་ཐེན་ཧྲན་(天山) ཞེས་འབོད་པ་རྒྱ་སྐད་དེ་གནམ་གྱི་རི་ཞེས་པའི་དོན་ཡིན།

[49]  ནོར་བུ་བསམ་འཕེལ། ༢༠༡༧  ཤོག ༧༧༤ པར་གསལ།

[50] སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཆོས་འབྱུང་དཔག་བསམ་ལྗོན་བཟང་། སྤྱི་ལོ་༢༠༡༥ ལོའི་ཟླ་ ༡༢ པར་དཔར་ཐེངས་དང་པོ་དཔར། ཤོག་༤༠༤~༥༠༦ བར།

དེ་མིན་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་མཚོ་སྔོན་གྱི་ལོ་རྒྱུས་ཚངས་གླུ་གསར་སྙན། ༢༠༡༧ ཟླ་ ༡༡ པར་པར་ཐེངས་དང་པོ་བཏབ། ཤོག་ ༨༦ པའི་ཐིག་ཕྲེང་ ༡༠ པར། “ཡང་བོད་ཕྱོགས་ཀྱི་དབྱེན་གྱིས་་་་”་ཞེས་པ་ལས་སྡེ་སྲིད་ཅེས་མིང་དངོས་སུ་འཁོད་མི་འདུག

[51] ནོར་བུ་བསམ་འཕེལ།  ༢༠༡༧  ཤོག  ༧༩༨ པར་གསལ།

[52] ནོར་བུ་བསམ་འཕེལ།  ༢༠༡༧  ཤོག  ༧༩༠ པར་གསལ།

[53] ནོར་བུ་བསམ་འཕེལ།   ༢༠༡༧   ཤོག ༨༠༢ པར་གསལ།

[54] ནོར་བུ་བསམ་འཕེལ།  ༢༠༡༧  ཤོག  ༧༩༢ དང་ ༨༠༣ པར་གསལ།

[55] དེང་རྒྱའི་མངའ་འོག་གི་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཤར་མཐའ་རུ་གཏོགས་ཤིང། ཕྱི་སོག་རྒྱལ་ཁབ་ཀྱི་ལྷོ་ནུབ་མཚམས་དང་། རྒྱའི་ཀན་སུའི་ཞིང་ཆེན་གྱི་ནུབ་བྱང་མཚམས་སུ་གནས་པའི་ཧ་མིས་གྲོང་ཁྱེར་རམ་(哈密市)ཡོད་སའི་རྒྱུད་དུ་འཁེལ་བར་མངོན།

[56]  སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་མཚོ་སྔོན་གྱི་ལོ་རྒྱུས་ཚངས་གླུ་གསར་སྙན། ༢༠༡༧ ཟླ་ ༡༡ པར་པར་ཐེངས་དང་པོ་བཏབ། ཤོག་ངོས་ ༨༧ པར་གསལ།

[57] དེང་གི་ཡི་ལིས་ཧ་སག་རང་སྐྱོང་ཁུལ་(伊犁哈萨克自治州)ཡོད་ས་དེར་གོ་དགོས།

[58] ནོར་བུ་བསམ་འཕེལ།  ༢༠༡༧  ཤོག་ ༩༧༤ པར་གསལ།

[59]  སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་མཚོ་སྔོན་གྱི་ལོ་རྒྱུས་ཚངས་གླུ་གསར་སྙན། ༢༠༡༧ ཟླ་ ༡༡ པར་པར་ཐེངས་དང་པོ་བཏབ། ཤོག་ངོས་ ༨༧ པར་གསལ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།