བོད་ཀྱི་གཏན་ཚིགས་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་ལ་དཔྱད་པ།

1
775

བོད་ཀྱི་གཏན་ཚིགས་རིག་པའི་གཞུང་ལུགས་ཀྱིའཕེལ་རིམ་ལ་དཔྱད་པ།
 Analysing the Progressive Stages of the Tibetan Treaty of Dialectics.

[ནང་དོན་གནད་བསྡུས།] རྩོམ་འདིར་སློབ་དཔོན་ཕྱོགས་གླང་གིས་ནང་པའི་གཏན་ཚིགས་རིག་པའི་སྲོལ་བཏོད་དེ། དེའི་བསྟན་དོན་ཐམས་ཅད་རྟོག་གེའི་ཚིག་དོན་བརྒྱད་ཀྱི་ནང་དུ་བསྡུ་བར་མཛད། ཕྱིས་སུ་ཕྱྭ་བ་ཆོས་ཀྱི་སེང་གེས་བོད་ཀྱི་གཏན་ཚིགས་རིག་པའི་སྲོལ་ཕྱེས་ཤིང་། ས་པཎ་གྱིས་རྟོག་གེའི་ཚིག་དོན་བརྒྱད་ཀྱི་སྟེང་དུ་རིགས་ལམ་གྱི་སྡེ་ཚན་བདུན་ཁ་སྣོན་མཛད་པའི་ཤུགས་རྐྱེན་གྱིས་རིམ་པར་གཏན་ཚིགས་ཀྱི་གཞུང་གི་བསྟན་དོན་ལ་བློ་རྟགས་བསྡུས་གསུམ་དང་། བསྡུས་གྲྭ་ལ་ཡང་བསྡུས་ཚན་ཉེར་གཅིག་དང་། ཉེར་ལྔ་དང་། སུམ་བཅུ་སོགས་སུ་དབྱེ་བའི་བར། ནང་དོན་ལ་ཞིབ་ཇེ་ཚགས་དང་། རྣམ་གྲངས་ཇེ་མང་དུ་སོང་བའི་ཚུལ་དང་། དེ་བཞིན་རྒྱ་གར་གྱི་མཁས་པས་མཛད་པའི་གཏན་ཚིགས་ཀྱི་རྣམ་བཞག་སྟོན་པའི་བསྟན་བཅོས་མང་བོ་བོད་དུ་འགྱུར་རྗེས། རིག་པའི་གནས་འདི་ལ་ཚད་མ་རིག་པ་ཞེས་ཐོགས་ཤིང་། རིམ་གྱིས་མིང་དེ་གཉིས་རྣམ་གྲངས་སུ་གྱུར་ནས་གང་བདེར་འབྲི་བ་སོགས་ལས་བརྩམས་ཏེ། བོད་ཀྱི་གཏན་ཚིགས་རིག་པའི་ཁུངས་དང་དེའི་རྣམ་བཞག་ཇི་ལྟར་གྲུབ་པའི་སྐོར་ལ་རང་གི་བལྟ་ཚུལ་མདོར་བསྡུས་ཙམ་ཞིག་སྒྲུབ་བྱེད་ཀྱི་ཁུངས་དང་བཅས་ཏེ་གླེང་ཡོད།

[བརྡ་ཆད་གཙོ་བོ།] བོད་ཀྱི་གཏན་ཚིགས་རིག་པ། ཚད་མ་རིག་པ། འཕེལ་རིམ། དཔྱད་པ།

གཞུང་བཟང་མཚོ་མོ་བསྲུབས་པའི་ཉིང་ཁུ་ལ།།
གཏན་ཚིགས་སྒྲོན་མེ་ཉི་ཟླ་ཟུང་གཅིག་བསྐྲུན།།
ཕྱོགས་ཀྱི་གླང་བོ་ཆོས་ཀྱི་སེང་གེའི་ཞབས།།
མཁས་པའི་ངང་ཚུལ་བསམ་བཞིན་སྤྱི་བོས་མཆོད།།

གླེང་གཞི།

ལར་བོད་བརྒྱུད་ཅེས་པའི་ཐ་སྙད་ཅིག་རང་རེའི་ཆོས་དང་རིག་གནས་གང་འཆད་པ་ན་དེའི་མགོར་སྦྱོར་བ་དེང་སྐབས་རྒྱུགས་ཆེ་ཡང་དེ་འཐད་པར་མ་མཐོང་སྟེ། སྔོན་མ་འདི་འདྲའི་ཐ་སྙད་མཁས་པའི་གསུང་ན་གཏན་མེད་པ་གང་ཞིག་ལ། སྤྱིར་བཏང་རང་རེའི་ནང་རིག་པ་གཙོ་བོ་ཡིན་པའི་རིག་པའི་གཞུང་མང་པོའི་ཁུངས་རྒྱ་གར་ལ་ཐུགས་ཡོད་པ་བདེན་དུ་ཆུག་ཀྱང་། རྒྱ་གར་ནས་ཐོག་མར་བོད་དུ་དར་བའི་གཞུང་རང་དང་། ཕྱིས་སུ་འཕེལ་རྒྱས་མང་བོ་ཕྱིན་ཟིན་པ་གཉིས་ཕན་ཚུན་བསྡུར་བ་ན་ཁྱད་པར་ཆེན་པོ་ཡོད་པ་ཤིན་ཏུ་གསལ་བའི་ཕྱིར་རོ། ། དེ་བས་ན་ཁོ་བོས་ནི་འདིར་རྩོམ་གྱི་ཁ་བྱང་འདོགས་སྐབས་ཀྱང་བོད་བརྒྱུད་གཏན་ཚིགས་རིག་པ་ཞེས་མི་བྲི་བར་བོད་ཀྱི་གཏན་ཚིགས་རིག་པ་ཞེས་འབྲི་རྒྱུ་ཡིན་ནོ། །

སྤྱིར་གཏན་ཚིགས་རིག་པ་ཞེས་པ་ནི་རང་རེའི་རིག་གནས་ལྔའམ་རིག་གནས་བཅུའི་ནང་ཚན་ཞིག་ཡིན་ལ། རིག་པའི་གནས་རང་རྐྱང་ཐུབ་པ་ཞིག་ཡིན་པ་སྨོས་མ་དགོས། རང་རེའི་རིག་པའི་གནས་གང་ཡང་འདི་དང་འབྲེལ་བ་ཤིན་ཏུ་ཟབ་པས་གཞན་ལས་ཀྱང་གལ་ཆེ་བ་ཞིག་ཀྱང་ཡིན་ནོ། ། འདི་ལ་མཁས་པ་དག་ལན་རེར་གཏན་ཚིགས་རིག་པ་ཞེས་འབོད་བཞིན་ཡོད་ལ། ལན་རེར་ཚད་མ་རིག་པ་ཞེས་འདོགས་བཞིན་ཡོད།

རིག་པ་འདི་ཡང་ཐོག་མར་རྒྱ་གར་དུ་དར་བ་ཞིག་དང་། དེའི་རྗེས་སུ་བསྟན་པ་སྔ་དར་དང་། ལྷག་པར་དུ་བསྟན་པ་ཕྱི་དར་གྱི་དུས་སུ་བོད་དུ་ཚད་མའི་བསྟན་བཅོས་མང་བོ་འགྱུར་ཞིང་། བོད་ཀྱི་མཁས་པ་དག་གིས་ཚད་མའི་བསྟན་བཅོས་མཐའ་ཡས་པ་མཛད་དེ། ཚད་མའི་སྲོལ་གསར་དུ་ཕྱེས་པ་སོགས་རྒྱ་གར་ལས་ཀྱང་ལྷག་པ་ཞིག་དར་རྒྱས་བྱུང་ཡོད་པ་ཡིན་ནོ། །

སྤྱིར་ཚད་མའི་བསྟན་བཅོས་ནི་རྒྱ་མཚོ་ལྟ་བུ་ཞིག་ཡིན་པས་ཕྲན་ལྟ་བུས་དེའི་འཕེལ་རིམ་ལྟ་ཞོག གླེགས་བམ་གྱི་གྲངས་འདྲེན་ཙམ་ཡང་ཤེས་དཀའ་བའི་གནས་སུ་མཆིས་མོད། འོན་ཀྱང་ད་ལྟའི་བར་དུ་ཚད་མའི་བསྟན་བཅོས་རྩ་ཆེ་བ་དག་གི་ཁྲིད་ལུང་གི་རྒྱུན་གྲ་མ་ཆག་གྲུ་མ་ཉམ་པར་གནས་པ་འདི་ལགས་ཤིང་། རང་གིས་ཀྱང་ཚད་མའི་བསྟན་བཅོས་འགའ་ལ་བག་ཆགས་ཅུང་ཟད་བཞག་པའི་སྐལ་བ་བྱུང་སྟབས། དེ་སྐབས་བཤེས་གཉེན་དམ་པ་དག་གི་གསུང་རྒྱུན་ཐོས་པ་ཁག་དང་། དེའི་སྟེང་དཔེ་ཀློག་ཕྲན་ཙམ་ཞིག་བྱས་པའི་ཐོས་པ་ལ་རང་གིས་བསམ་པ་ཅུང་ཙམ་ཞིག་བགྱི་བའི་ཁུལ་བགྱིས་ཏེ་ལྟ་ཚུལ་འགའ་བྱུང་བ་འདིར་གླེང་རྒྱུ་ཡིན།

ལར་རྩོམ་ཐུང་ངུ་ཞིག་གི་ནང་དུ་བོད་ཀྱི་གཏན་ཚིགས་རིག་པའི་འཕེལ་རིམ་མཐའ་ཆོད་པ་ཞིག་གླེང་ག་ལ་ཚར་མོད། དེའི་སྟེང་ལ་དཔྱད་གཞིའི་ཡིག་ཆ་བལྟ་བསམ་པ་མང་པོ་ཞིག་ལག་ཏུ་མ་རེག་པས་དེས་ཀྱང་ཀློག་རིན་ཡོད་པ་ཞིག་ཡོང་བར་གེགས་བྱས་ཡོད་པ་རེད། འོན་ཀྱང་འདི་ཙམ་ཞིག་གིས་ཟུར་བསྟན་ལེབ་མཐོང་དུ་འགྲོ་ཐུབ་པའི་རེ་བ་ནི་འཛིན་ཆོག་པ་རེད་ལ། གང་ལྟར་ཡང་དཔྱད་པའི་སྒོ་ཙམ་ཞིག་ངེས་པར་ཡོང་བ་ལ་ནི་ཐེ་ཚོམ་ཅི་ཞིག་ཡོད།

ད་སྔོན་སུས་ཀྱང་ཚད་མའི་བསྟན་བཅོས་ཁག་གི་སྔ་ཕྱིའི་འཕེལ་རིམ་ལས་བརྩམས་སྟེ་རྩོམ་བྲིས་པ་མ་མཐོང་ལ། འགའ་ཞིག་གྲུབ་མཐའི་ཕྱོགས་ཞེན་གྱི་དབང་དུ་སོང་ནས་འབྲེལ་བ་མེད་པ་ལྟ་བུར་སྨྲ་བ་ཡང་མཐོང་།  དེ་དག་གི་སྨྲ་བ་ངན་འཇོམས་སུ། སྤྱིར་བསྟན་བཅོས་སྔ་ཕྱི་དག་ལ་བལྟས་པ་ན་འཕེལ་རིམ་ཞིག་ཡོད་པ་ནི་ཤིན་ཏུ་གསལ་ཞིང་། དེ་ལ་བློ་ཁ་ཕྱོགས་པས་གཏན་ཚིགས་རིག་པ་སྤྱི་ལ་གོ་བ་ཆགས་པར་ཡང་ཕན་ཆེ་བར་སྣང་ན་དཔྱད་པའི་སྒོ་འདི་འདྲ་ཞིག་སྤེལ་བ་ཡང་གལ་ཆེ་བ་ལ་ཨང་།

གཅིག གཏན་ཚིགས་རིག་པའི་མིང་གི་འཕེལ་རིམ་ལ་བལྟ་བ།

དང་པོ་ཚད་མ་རིག་པ་ལ་འོག་ཏུ་བྱུང་བའི་མིང་གི་རྣམ་གྲངས་གཙོ་བོ་འགའ་ཡོད་ལ། དེ་དག་ད་ལྟ་དོན་གཅིག་ལྟ་བུར་བྱེད་ཅིང་། ཡང་གཅིག་གི་ཚབ་དུ་ཅིག་ཤོས་འབྲི་རྐྱང་བྱེད་མོད། མིང་སོ་སོའི་གོ་རྒྱུ་མི་འདྲ་ཞིང་། ཐ་སྙད་སོ་སོའི་ཁུངས་བཙལ་བ་དེ་ཁོ་ནས་ཀྱང་གཏན་ཚིགས་རིག་པའི་གཞུང་གི་སྔ་ཕྱིའི་འཕེལ་རིམ་རགས་ཙམ་ཞིག་ནི་རྟོགས་ཐུབ་པར་འདུག

ཀ གཏན་ཚིགས་རིག་པ་ཞེས་པའི་ཐ་སྙད་ཀྱི་ཁུངས་བཙལ་བ།

དེ་ཡང་འདུལ་བ་ལུང་རྣམ་འབྱེད་ལས།[1] རིག་པའི་གནས་བཅོ་བརྒྱད་འདྲེན་པ་ན་གཏན་ཚིགས་ཀྱི་རིག་པ་དང་། རིག་བྱེད་དང་། བརྡ་སྤྲོད་པ་དང་། ཞེས་སོགས་བྱུང་ལ། དེ་བཞིན་མདོ་སྡེ་རྒྱ་ཆེར་རོལ་བར་[2]སོགས་སུ་སྒྱུ་རྩལ་དྲུག་བཅུ་རྩ་བཞི་འདྲེན་པའི་ཚེ་ཡང་གཏན་ཚིགས་རིག་པ་ཞེས་གཅིག་ལ་བགྲང་ཡོད།

བྱེ་བྲག་བཤད་མཚོ་ཆེན་མོར་སྒྲ་རིག་པ་དང་། གཏན་ཚིགས་རིག་པ། རྒྱལ་སྲིད་རིག་པ། གསོ་བ་རིག་པ། བཟོ་རིག་[3]ཅེས་རིག་གནས་ལྔའི་ཡ་གྱལ་དུ་བགྲང་། རིག་གནས་ལྔའི་གྲངས་འདྲེན་ཚུལ་འདི་རང་རེ་ལ་ཡོངས་སུ་གྲགས་པའི་བཤད་ལུགས་དང་མི་མཐུན་པར་འདུག་སྟེ། ནང་རིག་པའི་ཚབ་དུ་རྒྱལ་སྲིད་རིག་པ་འདྲེན་འདུག་པས་ཕྱིར་རོ།།  དེས་ན་གྲངས་འདྲེན་ཚུལ་འདི་དག་ཕྱི་རོལ་བའི་ལུགས་ལས་བྱུང་བ་ཤེས་ཐུབ་ཅིང་། གཏན་ཚིགས་རིག་པ་ཞེས་པའི་ཐ་སྙད་འདི་ཡང་ཕྱི་རོལ་བའི་གཞུང་ལས་བྱུང་བ་རྟོགས་ཐུབ་བོ།།

རིག་གནས་ལྔའི་འདྲེན་ཚུལ་འདི་དང་མི་མཐུན་པ་ཞིག་ནི་ཕྱིས་སུ་རྗེ་བཙུན་བྱམས་པས་མཛད་ཡོད་དེ། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ།། དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་བཟུང་དང་།། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད།། ཅེས་གསུངས་སོ།། འགའ་ཞིག་གིས་གཞན་ཚར་གཅོད་པའི་ཡན་ལག་སྒྲ་དང་ཚད་མ་ཞེས་འདྲེན་པ་ནི་ཕྱིས་ཀྱི་འདྲེན་ཚུལ་ཡིན་པ་འོག་ཏུ་གསལ། ཚིགས་བཅད་འདི་ལ་འགྱུར་ཡང་མི་འདྲ་བ་དུ་མ་ཞིག་རིག་རྒྱུ་འདུག་མོད། གོང་གི་དེ་རྒྱན་[4]རང་གི་ནང་ན་ཡོད་པ་ཇི་བཞིན་པར་དྲངས་པའོ།།

རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ཚད་མའི་ལམ་བསྒྲིགས་སུ་ནང་རིག་པ་དང་གཏན་ཚིགས་རིག་པ་ལ་འགལ་བ་ག་ལ་ཡོད་[5]ཅེས་དེ་གཉིས་འགལ་མེད་དུ་བསྒྲུབས་ལ། དེར་ཚད་མའི་བསྟན་བཅོས་ཁག་ལ་གཏན་ཚིགས་རིག་པ་ཞེས་པའི་ཐ་སྙད་དངོས་སུ་བཏགས་པར་མཛད་པ་བཞིན་དེའི་ཕྱིས་ཀྱི་མཁས་པ་མང་པོའི་གསུང་ནའང་དེ་ལྟར་དུ་བྱུང་ངོ་།།

ཁ  ཚད་མ་རིག་པ་ཞེས་པའི་མིང་གི་བྱུང་རིམ།

སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་(༡༤༠༥-  ༡༤༧༧ )གྱིས་ཚད་མའི་ཐ་སྙད་ཕྱོགས་གླང་ཡབ་སྲས་ཀྱིས་རང་བཟོ་བྱས་པ་ཡིན་གྱི་མདོ་ཡི་ནང་ན་མེད་ཚུལ་གསུངས།[6] འོན་ཀྱང་འདི་ལ་དགོངས་པ་ལེན་རྒྱུ་ཡོད་ངེས་ཏེ། སྤྱིར་ཚད་མའི་ཐ་སྙད་མདོ་ན་མེད་གསུངས་ན་དེ་མི་རིགས་ཏེ། མདོ་རུ་ཚད་མ་ཞེས་པའི་ཐ་སྙད་ནི་ཅིས་ཀྱང་འབྱུང་བའི་ཕྱིར་ཏེ། དཔེར་ན་འཕགས་པ་བློ་གྲོས་མི་ཟད་པ་བསྟན་པའི་མདོ་ལས། དགེ་བ་དང་མི་དགེ་བའི་ཆོས་རྣམས་རབ་དུ་ཤེས་པ་ནི་ཤེས་རབ་བོ།། ངེས་པ་འབྱེད་པའི་ཆོས་རྣམས་རབ་དུ་རྟོགས་པ་ནི་ཤེས་རབ་བོ།། འཕགས་པའི་ཆོས་མངོན་དུ་གྱུར་པས་ན་ཤེས་རབ་ནི་ཚད་མར་གྱུར་པའོ་[7]ཞེས་བྱུང་ལ། དེ་བཞིན་འདུལ་བ་ལུང་གཞི་ལས། དེ་རྣམས་དྲང་སྲོང་གི་ཚིག་ནི་ཚད་མ་ཡིན་ནོ་སྙམ་[8]ཞེས་བྱུང་།

ཡང་ན་གཏན་ཚིགས་རིག་པའི་མིང་དུ་ཚད་མ་རིག་པ་ཞེས་བཏགས་པ་ཕྱོགས་གླང་ཡབ་སྲས་ཀྱིས་བཟོས་ཟེར་ནའང་མ་ཡིན་ཏེ། ཁོང་རྣམ་གཉིས་ཀྱི་གཞུང་ལས་གཏན་ཚིགས་རིག་པའི་རྣམ་བཞག་རྒྱས་པར་བྱུང་བས་ཕྱིས་སུ་རིམ་གྱིས་གཏན་ཚིགས་རིག་པ་ཞེས་པའི་ཚབ་དུ་ཚད་མ་རིག་པ་ཞེས་སུ་བྲིས་པའམ། དེ་གཉིས་གང་བདེར་བྲིས་པ་དེ་བྱུང་བ་ཡིན་གྱི། ཁོང་གཉིས་ཀྱི་གཞུང་རང་ན་ནི་ཚད་མ་རིག་པ་ཞེས་པའི་ཐ་སྙད་གཅིག་ཀྱང་བྲིས་པ་མེད་པའི་ཕྱིར་རོ།།

གཞན་དུ་ཕྱོགས་གླང་ཡབ་སྲས་ཀྱིས་ཚད་མ་ལ་ཤེས་པ་དགོས་པར་གསུངས་ཤིང་། མདོའི་སྐབས་སུ་བསྟན་པའི་ཚད་མའི་གོ་དོན་ནི་མི་བསླུ་བ་ཙམ་ལ་བྱེད་པ་ལས་དེ་ལ་ཤེས་པ་དགོས་པ་གཏན་ནས་མི་གསལ་བ་གོང་དུ་ལུང་དྲངས་པ་དེ་དག་གིས་ཀྱང་ར་སྤྲོད་ཐུབ་ལ། སྟག་ཚང་བས་ཀྱང་དེ་ལ་དགོངས་ནས་རང་བཟོར་གསུངས་པ་ཡིན་དུ་མཆི།

གཏན་ཚིགས་རིག་པའི་མིང་ལ་རིམ་གྱིས་ཚད་མ་རིག་པ་ཞེས་སུ་ཐོགས་པ་ནི་ཚད་མའི་བསྟན་བཅོས་དག་གི་ཕྲིན་ལས་ཆེས་ཆེར་རྒྱས་པའི་རྟགས་སུ་ཅིས་ཀྱང་ཆེ་སྟེ། གཞུང་འདི་དག་ཏུ་གཏན་ཚིགས་རིག་པའི་དོན་རྒྱས་པར་བསྟན་ཞིང་། འདི་དག་གི་རྩ་བ་དང་འགྲེལ་བ་འགྲེལ་བཤད་དང་བཅས་པ་ལ་ཚད་མའི་མིང་གིས་བསྟན་པའི་ཕྱིར་རིམ་གྱིས་ཚད་མ་རིག་པ་ཞེས་པའི་ཐ་སྙད་འདི་གྲུབ་པ་ཡིན་འདུག་གོ །

ལར་རྒྱ་གར་མཁས་པའི་གསུང་དུ་ཚད་མ་རིག་པ་ཞེས་པའི་ཐ་སྙད་དེ་བཙལ་ཀྱང་མ་རྙེད། དེས་ན་བོད་ཀྱིས་བྱས་པ་ནི་ཐག་གིས་ཆོད་ལ། ཇོ་བོའི་ཞལ་ནས། ཁྱེད་བོད་ལ་ཚད་མའི་མིང་ཙམ་ཅིག་འདུག ཕྱི་རོལ་བ་དང་རྩོད་པ་མི་ཡོང་བས་བཏུབ། ཁོ་བྱུང་ན་བོད་ཀྱིས་མི་ཐུབ་[9]ཅེས་ཞལ་བརྡ་ཕེབས་མྱོང་བའི་ཚུལ་རྣམ་ཐར་དུ་འཁོད་ལ། དེས་ན་མདོ་དང་སྡེ་བདུན་གྱི་འགྲེལ་བ་འགྲེལ་བཤད་དང་བཅས་པ་ལ་སྤྱི་མིང་དུ་ཚད་མ་ཞེས་སུ་འབོད་བཞིན་ཡོད་འདུག་ལ། དེ་ཡང་ཇོ་བོའི་སྐབས་འདི་ཙམ་ནས་བྱུང་བ་མིན་པར་རྒྱ་གར་རང་ནས་ཚད་མ་ཞེས་སུ་ནི་ཟེར་བར་མངོན།

བུ་སྟོན་རིན་ཆེན་གྲུབ་(༡༢༩༠ -༡༣༦༤ )ཀྱིས་ཆོས་འབྱུང་དུ་ཚད་མའི་ཆོས་ཚན་ལ། ཁོང་གིས་གཟིགས་མྱོང་བ་དྲུག་ཅུ་རྩ་གཅིག་དང་། མཚན་བྱང་ཙམ་ལས་མ་རྙེད་པ་བཅུའི་དཔེ་འཚོལ་དགོས་གསུངས་པ་བཅས་བདུན་ཅུ་རྩ་གཅིག་དཀར་ཆག་ཏུ་བསྒྲིགས་ཡོད། དེ་དག་བཀའ་སྤྱིའི་དགོངས་འགྲེལ་ཞེས་གྲངས་བགྲང་བ་ལས། རིག་ཚན་གཞན་པ་གསོ་བ་རིག་པའི་བསྟན་བཅོས་དང་སྙན་དངགས་གི་བསྟན་བཅོས་ཞེས་པ་ལྟ་བུའི་ཐུན་མོང་དུ་མིང་གང་ཡང་བཏགས་པར་[10]མ་མཛད།

རིམ་བཞིན་དཔའ་བོ་གཙུག་ལག་ཕྲེང་བ་སོགས་རང་རེའི་རིག་གནས་སྨྲ་བ་པོ་དག་གིས་ཀྱང་གཏན་ཚིགས་རིག་པ་ཞེས་པའི་ཚབ་དུ་ཚད་མ་རིག་པ་[11]ཞེས་སུ་བྲིས་པ་ཡང་ཡང་མཇལ་རྒྱུ་ཡོད་དོ།།

ག  མིང་གི་རྣམ་གྲངས་གཞན་རྟོག་གེའི་རིག་པ་ཞེས་པ།

རྟོག་གེ་ཞེས་པ་ནི་མདོ་ཡི་ནང་དུའང་ཡང་དང་ཡང་དུ་བྱུང་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པས་རྟོག་གེའི་སྒྲ་གཏན་ཚིགས་དང་རྟོག་པ་གཉིས་ཀར་འཇུག་ཅིང་[12]ཞེས་དོན་གཉིས་ལ་འཇུག་པར་གསུངས།

དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། རྟོག་གེ་ཤེས་པའི་ང་རྒྱལ་གྱིས།། གང་ཞིག་རྩོད་པར་མངོན་འདོད་པ།། དེ་ཡི་ང་རྒྱལ་སྤང་བའི་ཕྱིར།། ཞིབ་མོ་རྣམ་པར་འཐག་པར་བྱ།།[13]ཞེས་གསུངས་པ་ལྟར་གཏན་ཚིགས་སམ་རྟོག་གེ་དང་དོན་གཅིག་གོ །

གཉིས་པ་ནི། རྗེ་བཙུན་བྱམས་པ་མགོན་པོས། རྟོག་གེ་རྟེན་ཅིང་མ་ངེས་ལ།། མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན།། བྱིས་པ་ལ་ནི་བརྟེན་པར་འདོད།།[14] ཅེས་པ་ལྟར། དངོས་པོའི་དེ་ཁོ་ན་ཉིད་དོན་སྤྱི་ཙམ་གྱི་སྒོ་ནས་ངེས་པའི་རྟོག་པ་ལ་ཟེར་རོ།།

དེ་བཞིན་རྟོག་གེའི་སྐད་ཅེས་པ་ལྟ་བུ་ཚད་མའི་བསྟན་བཅོས་ཀྱི་མིང་དུ་རྟོག་གེར་བྱས་པ་ཡང་ཡོད་ལ། བོད་དུ་ས་པཎ་ནི་རྟོག་གེ་ཞེས་འབྲི་བ་ཐུགས་མཉེས་པོ་ཡོད་དེ། ཚད་མ་རིགས་གཏེར་དང་། མཁས་འཇུག ང་བརྒྱད་མ་སོགས་སུ་གཏན་ཚིགས་ཀྱི་ཚབ་དུ་ཡང་ཡང་འབྲི་གནང་མཛད་པའི་ཕྱིར་རོ།།

ང་།  ཐ་སྙད་དེ་དག་མིང་གི་རྣམ་གྲངས་ཡིན་ནམ།

ལྕང་སྐྱ་རོལ་བའི་རྡོ་རྗེས་(༡༧༡༧- ༡༧༨༦ )གཏན་ཚིགས་རིག་པའི་མིང་གི་རྣམ་གྲངས་འདྲེན་པར་རྒྱུ་མཚན་རིག་པ་ཟེར་བ་དྲངས་བ་ལས་ཚད་མ་རིག་པ་ཞེས་པ་འཇོག་གནང་མཛད་མི་འདུག དེ་ནས་ཚད་མ་སྡེ་བདུན་ཐད་ཀར་མཚན་གཞིར་མ་བཞག་པར་རིག་པའི་གནས་འདི་རྒྱས་པར་སྟོན་པའི་རང་རེ་ནང་པ་སངས་རྒྱས་པའི་གཞུང་གི་གཙོ་བོ་ནི་[15]ཞེས་སྡེ་བདུན་མདོ་དང་བཅས་པ་བཞག་ཡོད། དེས་ན་དེ་གཉིས་ལ་ཁྱད་པར་ཡོད་པ་ལྟ་བུར་གསུངས། ཁོང་གིས་ལོ་ཙཱའི་སྐབས་སུ་ཐ་སྙད་སོ་སོའི་དོན་ལ་ཞིབ་ཚགས་དགོས་པར་གསུངས་པ་ལས་དཔག་ན་ཐ་སྙད་འདི་དག་སྦྱོར་ཚུལ་ལ་ཡང་ཁྱད་པར་ཞིག་ཡོད་དགོས་པའི་ཐུགས་རེ་བཏོན་པ་ཡིན་ནམ་ཡང་སྙམ་སྟེ། ཁོང་གི་དག་ཡིག་ལ་དངོས་སུ་བལྟས་པས་ཤེས་པར་འགྱུར་རོ།།

འོན་ཀྱང་ས་པཎ་གྱིས་དེ་ཡུལ་བརྡ་སྤྲོད་རྟོག་གེ་དང་། བཟོ་གསོ་ནང་དོན་ཕྱི་ནང་རིག ། ཅེས་པའི་འགྲེལ་བ་ལ་རྟོག་གེ་ཚད་མ་དང་[16]ཞེས་གསུངས་ཏེ། རྟོག་གེའི་རིག་པའམ་གཏན་ཚིགས་རིག་པའི་མཚན་གཞི་ལ་ཚད་མ་སྡེ་བདུན་མདོ་དང་བཅས་པ་བཞག་པར་མཛད་པ་དང་། རྗེ་རིན་པོ་ཆེས་ཚད་མ་སྡེ་བདུན་གཏན་ཚིགས་རིག་པ་དང་ནང་དོན་རིག་པ་གཉིས་ཀ་ཡིན་པའི་མུ་[17]ལ་བཞག་གནང་མཛད། དེའི་ཕྱིས་སུ་རྒྱལ་དབང་ལྔ་བས་(༡༦༡༧- ༡༦༨༢)སྙན་འགྲེལ་དུ་མདོ་སྡེ་རྒྱན་གྱི་ཚིགས་བཅད་དེར་འགྲེལ་གནང་སྐབས་ཚིག་དོན་འཁྲུལ་བ་ཞུགས་པ་ཚར་གཅོད་པ་བརྡ་སྤྲོད་དང་གཏན་ཚིགས་ཞེས་འགྲེལ་བར་མཛད་ཅིང་།

འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་(༡༨༤༦-༡༩༡༢)སྙན་འགྲེལ་དུ་ཁོང་གིས་དྲངས་པའི་དྲིན་ལན་བསབ་པའི་མདོའི་ལུང་དུ་རྒྱུ་རིག་པའམ་གཏན་ཚིགས་རིག་པ་ཞེས་བྱུང་བ་ལ། ཁོང་གིས་འགྲེལ་བར་ཚད་མ་རིག་པ་ཞེས་སུ་གསུངས་སོ།།

དེའི་ཕྱིར་ལར་གཏན་ཚིགས་རིག་པ་ཞེས་གྲགས་ན་དོན་ལ་གནས་པ་ལྟ་བུར་ཡོད་པར་བསམ་ནས་ཕྲན་ནས་དང་ཐོག་གཏན་ཚིགས་རིག་པ་དང་ཚད་མ་རིག་པ་གཉིས་ཅིས་ཀྱང་མི་འདྲ་བའི་ཕྱོགས་ལ་སྒྲུབ་བྱེད་བཙལ་མོད། མཁས་པ་དག་གི་གསུང་ལ་མཇལ་བ་ན་དེ་གཉིས་སོ་སོར་ཕྱེ་ས་མི་འགྲོ་བར་འདུག་པས་རིམ་གྱིས་བཏང་སྙོམས་སུ་འཇོག་དགོས་བྱུང་། ཐ་སྙད་གྲགས་ཟིན་ན་གང་ལྟར་ཡང་འགལ་བ་ཆེན་པོ་མེད་པར་སྣང་བས་དེས་ན་ཁྱད་པར་མེད་པ་ལྟར་བྱ་དགོས་པ་ལོས་ཡིན་ཏེ། རང་རེས་མཁས་པ་དག་གིས་གང་བདེ་ལྟ་བུར་བྲིས་པའི་ཕྱིར་རོ།།

གཉིས།  གཏན་ཚིགས་རིག་པའི་ནང་དོན་ཀྱི་འཕེལ་རིམ་ལ་དཔྱད་པ།

རྒྱ་གར་དུ་གཏན་ཚིགས་རིག་པའི་གཞུང་རང་སྐྱ་བ་ཐོག་མ་དེ་ནི་མུ་སྟེགས་རིགས་པ་ཅན་པའི་སྟོན་པ་གོ་ཏ་མའམ་དྲང་སྲོང་རྐང་མིག་(དུས་རབས་གཉིས་པར་བྱོན་པ་ཞིག)གིས་བརྩམས་པར་གྲགས་པའི་རིགས་པའི་མདོ་ཞེས་པ་དེ་ཡིན་ལ། དེའི་སྔོན་དུ་ཙ་ར་ཀའི་སྨན་དཔྱད་ཀྱི་གཞུང་དུ་སྒྲུབ་ངག་གི་སྐོར་བྱུང་ཡང་གཞུང་ལུགས་ཀྱི་ཐོག་མ་འདི་ཡིན་པར་འདུག

དེའི་ལེའུ་དང་པོ་དང་ལྔ་པར་གསལ་བའི་རྟོག་གེའི་ཚིགས་དོན་བཅུ་དྲུག་གི་སྐོར་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཞིབ་མོ་རྣམ་འཐག་ཏུ་དགག་པ་མཛད་ཡོད། རིགས་པའི་མདོའི་ལེའུ་གཉིས་པ་དང་གསུམ་པར་སློབ་དཔོན་ཀླུ་སྒྲུབ་ཀྱི་བཞེད་པ་བཀོད་ཡོད་ལ། དེ་བས་ན་གཞུང་དེ་ནི་མི་གཅིག་ཅིག་གིས་བརྩམས་པ་ཞིག་མིན་པ་བཅས་ནི་མཁས་དབང་ཁང་དཀར་བའི་གསུང་[18]དུ་གསལ།

རྟོག་གེའི་ཚིག་དོན་བཅུ་དྲུག་ནི། ཇི་སྐད་དུ། ཚད་མ་གཞལ་བྱ་ཐེ་ཚོམ་དགོས་པ་བཞི།། དཔེ་དང་གྲུབ་མཐའ་ཡན་ལག་རྟོག་གེ་བཞི།། གཏན་ཕབ་རྩོད་པ་བརྗོད་པ་སུན་འབྱིན་བཞི།། ལྟར་སྣང་ཚིག་དོར་ལྟག་ཆོད་ཚར་གཅོད་བཞི།། ཞེས་གྲངས་འདྲེན་ཙམ་ནི་ཤེས་སླ་ལ། སྡོམ་དུ་བྱས་པ་འདི་སུས་མཛད་པ་མི་ཤེས་ཀྱང་རང་རེ་ཀུན་ལ་གྲགས་ཆེའོ།།

རིགས་པ་ཅན་གྱི་མདོ་དེ་གཏན་ཚིགས་རིག་པའི་གཞུང་རྐྱང་བ་ཞིག་ཡིན་མིན་ལ་ནི་ངེས་པར་བརྡར་ཤ་གཅོད་དགོས་པར་སྣང་སྟེ། དེ་རུ་གྲུབ་མཐའི་འདོད་ཚུལ་ཀྱང་མང་བོ་ཞིག་ཡོང་བཞིན་ཡོད་ཚོད་དུ་འདུག་སྟེ། གཞུང་འདི་མཚམས་སྦྱོར་བྱས་པའི་རྩོམ་ཐུང་ཞིག་མཐོང་བས་གཏན་ཚིགས་ཀྱི་རྣམ་བཞག་ཀྱང་བྱུང་ལ། དེར་མ་ཟད་སོ་སོའི་གྲུབ་མཐའི་འདོད་ཚུལ་རིགས་པའི་ལམ་ནས་གཏན་ལ་ཕབ་པའི་རང་རེའི་ཚད་མ་རྣམ་འགྲེལ་ལྟ་བུ་ཞིག་ཨེ་ཡིན་ནམ་སྙམ་པ་བྱུང་།

རང་རེའི་མཁས་པའི་གསུང་ཚུལ་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་གཞུང་དེ་འགོག་པའི་སྐབས་སུའང་། དེ་ལས་བདག་དང་བདེན་པའི་དངོས་པོ་སྒྲུབ་པ་ལ། ཐོག་མ་ཉིད་དུ་སྒྲུབ་བྱེད་ཀྱི་གཏན་ཚིགས། རྟོག་གེའི་ཚིག་དོན་རང་ལྟར་སྣང་དུ་བསྒྲུབས་པ་ལྟ་བུར་མངོན་ཏེ། བདེན་དངོས་སྒྲུབ་བྱེད་འགོག་པ་ལ་ཞིབ་མོ་རྣམ་འཐག་འཕྲོས་ཟེར་བ་མ་ཡིན་ནམ། འོན་ཀྱང་དེ་ཡང་ཅུང་ཙམ་རགས་སྟེ་སྒྲུབ་བྱ་བདེན་དངོས་ནི། གཞལ་བྱའི་ནང་དུ་འདུ་བར་འདུག་པས་ཚིགས་དོན་དེ་དག་ལས་ལོགས་སུ་གཏན་ཚིགས་ཀྱི་བསྒྲུབ་བྱ་བྱ་བ་ཞིག་ནི་མི་འདུག་ཨང་། དེ་ལྟར་བསམ་པར་བྱ་བའི་གནས་མང་ཡང་རིགས་པའི་མདོ་དངོས་ལ་མ་བལྟས་ན་ཅི་བཤད་ཀྱང་འོལ་ཚོད་ཙམ་དུ་ཟད།

གཞུང་འདིར་གསལ་བའི་མངོན་སུམ་དང་། རྗེས་དཔག དཔེ་ཉེར་འཇལ། སྒྲ་བྱུང་གི་ཚད་མ་བཅས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྩོད་ཟློག་ཏུ་ཇི་བཞིན་བཀོད་པར་མཛད་ལ། སྒྲུབ་ངག་ཡན་ལག་ལྔ་ལྡན་སོགས་སུ་འདོད་པ་དང་། རྗེས་དཔག་ལ་གསུམ་དུ་འདོད་པ་སློབ་དཔོན་ཕྱོགས་གླང་གིས་དགག་བཞག་དང་འདོར་ལེན་མཐའ་ཆོད་པར་མཛད་པ་ཚད་མ་ཀུན་བཏུས་རྩ་འགྲེལ་དུ་གསལ་ལོ།།

སློབ་དཔོན་དབྱིག་གཉེན་གྱིས་རྩོད་པའི་རིག་པ་ཞེས་པའི་གཏན་ཚིགས་རིག་པའི་གཞུང་ཞིག་མཛད་ཀྱང་དེ་བོད་དུ་འགྱུར་བ་མི་སྣང་། སློབ་དཔོན་ཕྱོགས་གླང་གིས་དེ་ལ་གཟིགས་རྟོགས་ཀྱང་མཐིལ་ཕྱིན་པ་གནང་ཡོད་པར་མངོན་ཏེ། ཚད་མ་ཀུན་བཏུས་ལས། རྩོད་སྒྲུབ་སློབ་དཔོན་གྱི་མ་ཡིན།། ངེས་པར་སྙིང་བོ་མེད་པར་དགོངས།། གཞན་དུ་ཆ་ཤས་སུ་གསུང་འགྱུར།། དེས་ན་ཁོ་བོས་བརྟག་པར་བྱ།།[19]ཞེས་གསུང་། དེས་ན་གཞུང་དེ་ནི་རྟོག་གེ་སྣ་ཚོགས་ཀྱི་ལུགས་བསྲེས་པ་ཅན་ཞིག་ཡིན་པས་སློབ་དཔོན་དབྱིག་གཉེན་གྱི་རིང་ལུགས་མིན་ལ། དེ་བས་ཁོ་བོས་བརྟག་པར་བྱ་ཞེས་གསུངས་པ་རེད།

སངས་རྒྱས་ཀྱི་བཀའ་རུ་གཏན་ཚིགས་ཀྱི་ཅུང་ཙམ་ཡོད་པའི་གཞུང་དེ་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་ཡིན་ལ། དེར་གཏན་ཚིགས་ཀྱི་སྐོར་བྱུང་ཡོད། དེ་ནམ་ཞིག་ལ་བཀའ་བསྡུ་བྱས་པ་སུས་བྱས་པ་སོགས་ལ་གསལ་ཁ་གང་མེད་པ་འདྲ། ཆོས་རྒྱལ་གྱིས་མཛད་པའི་བཀའ་ཡང་དག་མའི་ཚད་མ་ནི་འདི་ཁུངས་སུ་བཅོལ་ནས་བྲིས་པ་ཞིག་ཡིན། གཞན་སྡེ་བདུན་མདོ་དང་བཅས་པའི་ཁུངས་བཀའ་ལ་ཐུགས་ཚུལ སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་ལས་གསུང་པ་མཁས་པ་དག་གིས་ཁུངས་སུ་མཛད་པ་ཡིན། འདིའི་སྐོར་ཕྲན་ནས་རྩོམ་ཐུང་ཞིག་བྲིས་པ་ཡོད།

 ཀ  རྒྱ་གར་གྱི་ནང་བའི་གཏན་ཚིགས་རིག་པ།

དེ་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོ་(ཕྱི་ལོ ༤༨༠ནས་༥༤༠ བར་རག་རྩིས་འདི་དེབ་སྔོན་གསར་མ་ལས།)ཞེས་གཏན་ཚིགས་རིག་པ་སྨྲ་བ་ཐམས་ཅད་ཀྱི་གཙུག་ན་ཞབས་སེན་རྣམ་པར་འགོད་པ་དེ་ཉིད་བསམ་བཞིན་དུ་བྱོན་ནས་ནང་བའི་གཏན་ཚིགས་པའི་སྲོལ་ཕྱེས་པའི་ཚུལ་ནི། དེ་ཡང་ཚད་མ་རིགས་པའི་སྒོ་ལས། སྒྲུབ་ནུས་པ་དང་སུན་འབྱིན་ནུས། ། ལྟར་སྣང་བཅས་པས་གཞན་གོ་བྱེད། ། མངོན་སུམ་དང་ནི་རྗེས་སུ་དཔག ། ལྟར་སྣང་བཅས་པས་གཞན་རིག་བྱེད། །[20]ཅེས་ཚད་པ་རིག་པའི་དོན་ཐམས་ཅད་རྟོག་གེའི་ཚིག་དོན་བརྒྱད་དུ་བསྡུ་བར་མཛད་ཅིང་། དེ་བཞིན་ཚད་མ་ཀུན་ལས་བཏུས་པ་རང་འགྲེལ་དང་བཅས་པ་བརྩམས་ཏེ། སངས་རྒྱས་ཀྱི་བཀའི་དགོངས་པ་ལ་ཡང་ཡང་དཔྱད། ཕྱི་རོལ་བའི་རྟོག་གེའི་ཚིགས་དོན་ལས་འདོར་ལེན་ཡང་མཛད། དེ་ལྟར་ནང་པའི་ཚད་མ་རིག་པའི་ཤིང་རྟའི་སྲོལ་ལེགས་པར་ཕྱེས་པ་ཡིན་ནོ།། སློབ་དཔོན་ཕྱོགས་གླང་གིས་བཀའི་དགོངས་པ་ལ་ཡང་ཡང་དཔྱད་དེ་ནང་བའི་གཏན་ཚིགས་རིག་པའི་སྲོལ་ཕྱེས་པའི་ཚུལ་མདོ་དང་སྦྱར་ནས་ཕྲན་གྱིས་རྩོམ་ཐུང་དེར་བྲིས་ཟིན་པས་བསྐྱར་ཟློས་མི་བྱེད།

དེའི་འགྲེལ་བ་ལ་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་སྡེ་བདུན་དང་དེའི་འགྲེལ་བ་འགྲེལ་བཤད་མཐའ་ཡས་པ་ཞིག་བྱུང་སྟེ། ནང་བའི་གཏན་ཚིགས་རིག་པ་འདི་དེའི་ཕྱིས་ཀྱི་ནང་པའི་མཁས་པ་མང་བོས་དང་ལེན་གནང་ཞིང་། རང་རེ་བོད་དུ་འགྱུར་བའང་ཆོས་ཚན་བདུན་བཅུ་ལྷག་ཅིག་བཞུགས་པ་དེའོ།། འོན་ཀྱང་ནང་དོན་ལ་ཚིགས་དོན་བརྒྱད་པོ་དེ་ཙམ་ལས་འགྱུར་བ་ཆེན་པོ་རང་མེད་པར་མཐོང་སྟེ། འགྲེལ་མཛད་མཁན་པོ་མང་བོ་ཞིག་ནི་ཕྱོགས་གླང་ཡབ་སྲས་ཀྱི་ལྟ་གྲུབ་གླེང་བའི་ཕྱོགས་ལ་གཞོལ་ཆེ་བར་མཐོང་བའི་ཕྱིར་རོ།།

ཁ།  བོད་དུ་གཏན་ཚིགས་རིག་པ་དར་ཞིང་འཕེལ་རྒྱས་བྱུང་ཚུལ།

བོད་དུ་བསྟན་པ་སྔ་དར་སྐབས་སུ་ཚད་མ་རིགས་སྒོ་དང་། ཚད་མ་རྣམ་འགྲེལ།(འགྱུར་འཕྲོ)དང་། གཏན་ཚིགས་ཐིགས་པ་དང་། དེའི་འགྲེལ་བ་སོགས་འགྱུར་ལ། ཆོས་རྒྱལ་ཁྲི་སྲོང་གིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་སོགས་བོད་རང་གི་མཁས་པའི་མཛད་པའི་གཏན་ཚིགས་རིག་པའི་གཞུང་ཡང་བྱུང་།[21]

བསྟན་པ་ཕྱི་དར་གྱི་མགོར་ཇོ་བོ་རྗེས་མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་མའི་བསྟན་བཅོས་དེ་བསྒྱུར་བཞེད་དེ། བསྣམས་ནས་ཕེབས་ན་ཡང་དུས་དེར་བོད་དུ་ཚད་མའི་འཆད་ཉན་ཕལ་ཆེར་མེད་པའི་ཚོད་དུ་འདུག་པས་ཁོང་གིས་མིང་ཙམ་ལས་མི་འདུག རྒྱ་གར་ན་ཚད་མ་འདི་དང་འདི་ལྟ་བུ་ཡོད་གསུངས་པ་ལས། ཁོང་རང་གིས་བསྒྱུར་བའི་རྩོལ་བ་མ་མཛད་མོད། དེའི་ཤུགས་རྐྱེན་ཐེབས་ནས་བོད་དུ་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་དང་རྔོག་བློ་ལྡན་ཤེས་རབ་སོགས་ཚད་མའི་བསྟན་བཅོས་ཁག་སྒྱུར་མཁན་གྱི་ལོ་ཙཱ་བ་གཅིག་རྗེས་གཉིས་མཐུད་དུ་ཕེབས་སོ།།

ལྷག་པར་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(༡༠༥༩-  ༡༡༠༩)ཀྱིས་ཚད་མའི་བསྟན་བཅོས་འགྱུར་ཟིན་པ་དག་ལ་འགྱུར་བཅོས་དང་། གསར་དུ་ཡང་མང་བོ་བསྒྱུར། ཚད་མ་རྣམ་ངེས་དང་། རིགས་ཐིགས་སོགས་ལ་འགྲེལ་བ་ཡང་མཛད།[22] གསང་ཕུའི་གདན་ས་མཛད་དེ་འཆད་ཉན་གནང་བས། ཚད་མ་རྒྱན་དང་ཆོས་མཆོག་འཆད་མཁན་ལྔ་བཅུ་རྩ་ལྔ། རྣམ་ངེས་འཆད་མཁན་ཉིས་བརྒྱ་ང་ལྔ་བྱུང་[23]བས་ཚད་མ་ལ་མཁས་པའི་སློབ་མས་ཀྱང་ས་སྟེང་གང་བ་ལྟ་བུར་མཛད།

དེ་ནས་ཕྱྭ་བ་ཆོས་ཀྱི་སེང་གེ་(༡༡༠༩ – ༡༡༦༩)བྱོན་ནས་གཏན་ཚིགས་རིག་པ་ལ་སྲོལ་གསར་བ་བཏོད་པར་གྲགས་སྟེ། ཁོང་གི་གསུང་རྒྱུན་ཕྱིས་སུ་སྟག་ཚང་རྭ་བ་སྟོད་དུ་དར་ནས་ཡི་གེར་བཀོད་པ་ལ་ར་སྟོད་བསྡུས་གྲྭ་ཞེས་སུ་གྲགས། འདི་བསྡུས་གྲྭའི་ཕྱིས་འབྱུང་ཀུན་གྱིས་ཁུངས་བཅོལ་ས་ཡིན། ཁོང་གིས་ཚད་མ་རྣམ་ངེས་ལ་འགྲེལ་བ་མཛད་མོད། དེར་བསྡུས་གྲྭའི་རིགས་ལམ་སྐོར་མི་གསལ། གང་ལྟར་རྫས་ལྡོག་གི་རྣམ་བཞག་ལས་བརྩམས་ཏེ་རིགས་ལམ་བྱང་བའི་སྲོལ་ཁོང་གིས་བྱས་པ་ནི་རྩོད་མེད་ཡོངས་སུ་གྲགས་ལ། ཕྱྭ་བའི་ལུགས་ཀྱི་རྫས་ལྡོག་ཇི་ལྟར་གནང་བའི་སྐོར་ལོ་རྒྱུས་ངག་རྒྱུན་ཡོད་པ་ཡང་དོན་ལ་ལོས་གནས་ཨང་། འོན་ཀྱང་ཡིག་ཆའི་སྟེང་ནས་བལྟས་ན་ཕྱིས་ཀྱི་ཡིག་ཆ་འདྲེན་པ་ལས་ཕལ་ཆེར་མེད་པ་འདྲ་མོད། བདག་ལྟ་བུའི་ཐོས་རྒྱ་ཆུང་བ་དག་གིས་ནི་དེའི་ཁ་ཚོན་གང་ནས་ཆོད།

བསྡུས་གྲྭའི་དོན་ལ། ཚད་མའི་བསྟན་བཅོས་སྤྱི་ཡི་དོན།། བསྡུས་པའི་གྲྭ་ལ་བསྡུས་གྲྭར་གྲགས།།[24]ཞེས་ཡོངས་སུ་གྲགས་མོད། དེ་ནི་ཆེས་ཕྱིས་སུ་བསྡུས་གྲྭའི་བརྗོད་བྱ་ལ་བལྟས་ནས་སྒྲ་བཤད་གསར་བ་ཞིག་བཟོས་པར་མཐོང་གི ཡིན་རྒྱུ་རང་ནི། འཛིན་གྲྭའི་མིང་དེའི་བསླབ་གཞུང་ལ་ཐོགས་པ་ཡིན་སྲིད་དེ། དང་པོའི་དུས་སུ་བསྡུས་གྲྭ་སྦྱོང་མཁན་ནི་ལས་དང་པོ་བ་དག་འཛིན་གྲྭ་གཅིག་ཏུ་བྱས་ནས་དེ་དག་ཁ་དོག་དཀར་དམར་ལྟ་བུ་རྒྱུན་ཤེས་སླ་བ་དག་དང་། དེའི་སྟེང་ཁས་ལེན་འཛིན་ཚུལ་དང་། རྟགས་གསལ་འཕེན་ཚུལ་སོགས་སློབ་མཁན་ཁོ་ན་ཡིན་པ་ཤིན་ཏུ་གསལ་ལ། གཞན་ཡང་སྨན་ལ་སློབ་པའི་ལས་དང་པོ་པ་དག་གི་འཛིན་གྲྭ་ལ་སྨན་པ་བསྡུས་ར་བའམ་བསྡུས་གྲྭ་བ་ཞེས་འབོད་པ་ནི་གཡུ་ཐོག་རྙིང་མའི་རྣམ་ཐར་ལས་བྱུང་བ་མཐུན་སྣང་ཡིན་པའི་ཕྱིར་རོ།། བློ་རྟགས་བསྡུས་གསུམ་སྦྱང་ཏེ་ཕར་ཕྱིན་སྦྱང་བ་ལ་སླེབས་དུས་གཟོད་གཞུང་གསར་འཛིན་གྲྭ་ཞེས་ཕྱིས་ཀྱི་གྲྭ་ས་ཀུན་ལ་རླུང་ལྟར་གྲགས་པ་འདི་ཡང་གོང་གི་རྒྱུ་མཚན་དུ་ཅི་བས་ཀྱང་ཆེའོ།། དཔྱད་གཞིའི་ཡིག་ཆ་ཚང་བ་ཞིག་ལག་ཏུ་སོན་ན་འདི་ལ་དཔྱད་པ་མཐིལ་ཕྱིན་པ་ཞིག་ཡོང་གལ་ཆེ་བར་མཐོང་སྟེ། རྒྱུ་ཆས་དབུལ་བས་དེ་ཙམ་བྱས་སོ།།

བོད་དུ་འཆད་པའི་སྐབས་ཀྱི་རྩོད་པ་སྟེ། མི་གཉིས་ཟླ་བོ་བསྒྲིགས་ནས་རྟགས་གསལ་ཁྱབ་གསུམ་གྱི་ལམ་ནས་བགྲོ་གླེང་བྱེད་པ་སྟེ། རིགས་སློང་བ་ཡར་བཞེངས་ཐལ་མོ་རྡེབ་པ། ཁས་ལེན་འཛིན་མཁན་ནས་དམ་བཅའ་ཤོར་བར་རིགས་སློང་བས་ཚ་ཟེར་བ་སོགས་དང་། འཛིན་གྲྭ་ཕན་ཚུན་བསྲེས་ནས་རྩོད་བ་སོགས་ད་ཡོད་འཆད་ཉན་གྱི་ཕྱག་སྲོལ་མང་པོའི་མགོ་ཡང་ཁོང་ལ་ཐུག་པ་ཀུན་གྱིས་སྨྲ་བཞིན་པ་དེ་གའོ།།

དེ་རྗེས་གངས་ཅན་གྱི་མཁས་པ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་གྱུར་བ་འཇམ་མགོན་ས་སྐྱ་པཎྜི་ཏ་་ཀུན་དགའ་རྒྱལ་མཚན་(༡༡༨༢—༡༢༥༢)གྱིས་རབ་བྱེད་བཅུ་གཅིག་གི་བདག་ཉིད་ཅན་གྱི་ཚད་མ་རིགས་གཏེར་རང་འགྲེལ་དང་བཅས་པ་བརྩམས་པར་མཛད། དེ་ཡང་རབ་བྱེད་དང་པོ་ཡུལ་བརྟག་པ། གཉིས་པ་བློ་བརྟག་པ། གསུམ་པ་སྤྱི་དང་བྱེ་བྲག་བརྟག་པ། བཞི་བ་སྒྲུབ་པ་དང་གཞན་སེལ་བརྟག་པ། ལྔ་བ་བརྗོད་བྱ་དང་རྗོད་བྱེད་བརྟག་པ། དྲུག་པ་འབྲེལ་བ་བརྟག་པ། བདུན་པ་འགལ་བ་བརྟག་པ། བརྒྱད་པ་མཚན་ཉིད་བརྟག་པ། དགུ་བ་མངོན་སུམ་བརྟག་པ། བཅུ་པ་རང་དོན་རྗེས་སུ་དཔག་པ་བརྟག་པ། བཅུ་གཅིག་པ་གཞན་དོན་རྗེས་སུ་དཔག་པ་བརྟག་བའི་རབ་བྱེད་བཅས་[25]རབ་དུ་བྱེད་པ་བཅུ་གཅིག་གོ །

སྔར་གྱི་རྟོག་གེའི་ཚིགས་དོན་བརྒྱད་ཀྱི་སྟེང་རྣམ་གྲངས་གསར་བ་བདུན་ཁ་སྣོན་མཛད་ཡོད་དེ། ཚིགས་དོན་བརྒྱད་རབ་བྱེད་བཞི་རུ་བསྡུས་ཤིང་། ལྷག་མ་རབ་བྱེད་བདུན་དུ་ཚན་པ་བདུན་རེ་བྱུང་བ་བཅས་ནི་ཤེས་སླའོ།། དེ་ལྟར་སྔར་གྱི་ཚད་མའི་བསྟན་བཅོས་དག་ལ་གཟིགས་ཞིབ་མཐིལ་ཕྱིན་པ་མཛད། དེ་བཞིན་སློབ་དཔོན་ཕྱྭ་བའི་སྲོལ་བཏོད་མའི་གཏན་ཚིགས་ཀྱང་དཔྱད་གཞིར་བཟུང་ངེས་པར་མཐོང་།

དེ་བས་ན་ཕྱྭ་བའི་སྲོལ་བཏོད་པའི་བསྡུས་གྲྭའི་བློ་སྒོ་ཕྱེས་ཏེ་ཚད་མ་རིགས་གཏེར་བྱུང་ལ། རིགས་གཏེར་གྱི་ཤུགས་རྐྱེན་ལས་ཕྱིས་ཀྱི་བསྡུས་གྲྭའི་གཞུང་འཕེལ་རྒྱས་བྱུང་བ་ནི་གཞུང་སྔ་ཕྱི་བསྡུར་བས་ཤེས་སླ་ཞིང་ཅིས་ཀྱང་ཤེས་དགོས་པའི་གནས་སོ།།

ཚད་མ་རིགས་གཏེར་འདི་ལེགས་སྦྱར་སྐད་དུ་བསྒྱུར་བས་མུ་སྟེགས་སྟོན་པ་སྡེ་དྲུག་རྩོད་དུ་ཡོང་བ་མཛད་པ་པོ་རང་གིས་ཚར་བཅད་པར་མཛད། རིགས་གཏེར་འདི་ནི་ཆོས་བརྒྱུད་ཀྱི་དབྱེ་བ་མེད་པར་ཕྱིས་ཀྱི་གཏན་ཚིགས་རིག་པའི་གཞུང་ཐམས་ཅད་ལ་ཤུགས་རྐྱེན་ཤིན་ཏུ་ཆེ། དེའི་འགྲེལ་བ་ལ་གཞན་འགྲེལ་དུ་མཛད་པ་མཐའ་ཡས་པ་ཞིག་བྱུང་བ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་བོས་(༡༣༨༥ – ༡༤༣༨ )ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་བྱ་བ་དང་། རྒྱལ་བ་དགེ་འདུན་གྲུབ་(༡༣༩༡-  ༡༤༧༤)ཀྱིས་ཚད་མ་རིག་རྒྱན་སོགས་རང་རྐང་དུ་བརྩམས་པའི་བསྟན་བཅོས་ཁག་ལའང་འདི་ཡི་ཤུགས་རྐྱེན་ཆེ་བ་བལྟས་པ་ཙམ་གྱིས་ཤེས་ཐུབ་པ་ཡོད།

དཔལ་ལྡན་ཆོས་ཀྱི་གྲགས་པས་(ཕྱི་ལོ ༦༠༠ ནས ༦༦༠ ཙམ་ན་བྱོན་ཞེས་དེབ་སྔོན་གསར་མར་གསུངས)མཛད་པའི་ཚད་མ་རྣམ་འགྲེལ་འདི་ནི། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ཞལ་སྔ་ནས་ས་པཎ་ལ་གནང་ཏེ་བོད་དུ་དར་བ་ཞིག་ཡིན་ལ། ས་པཎ་གྱིས་ཁྲིད་ལུང་གསན་པ་ནས་སྐུ་ཚེ་གང་ལ་ཉིན་རེར་རྣམ་འགྲེལ་གྱི་ཆོས་ཐུན་རེ་མཛད་པར་ཞལ་བཞེས་གནང་ཞིང་། གནང་བ་ལྟར་ཕྱིས་དགོངས་པ་རྫོགས་པའི་བར་དུ་དེ་ལྟར་གནང་བ་ཡིན་ཞེས་དགེ་བའི་བཤེས་གཉེན་འགའི་ཞལ་ནས་ཐོས་སོ།།

ཕྱིས་སུ་གཏན་ཚིགས་པའི་གཞུང་འདི་བློ་རིག་དང་རྟགས་རིགས། བསྡུས་གྲྭ་བཅས་གསུམ་དུ་བསྡུས་ནས་འཆད་ཉན་བྱ་བའི་སྲོལ་འདི་དར་ཆེ་ལ། དེ་ཡང་སྟག་ཚང་རྭ་བ་སྟོད་པའི་མཁས་པ་དག་གི་གསུང་རྒྱུན་དུ་བསྡུས་ཚན་ཉེར་གཅིག་ཏུ་ཕྱེ་སྲོལ་ཡོད་དེ། གཞུང་དངོས་ལ་མཇལ་མ་ཐུབ་པས་རྗེ་གུང་ཐང་བློ་གྲོས་ཀྱི་གསུང་བཀོད་རྒྱུ་ཡིན། སྤྱིར་བསྡུས་ཚན་གྱི་གྲངས་ལ་རྭ་བ་སྟོད་པའི་མཁས་པ་རྣམས་ནི། བསྡུས་གཞུང་ལུང་རིག་ཉི་མ་ལས། བསྡུས་ཚན་ལུང་རིགས་སྨྲ་ལ་ཟླ་བྲལ་དུ།། ཡོངས་གྲགས་མཁས་མང་བསྡུས་གྲྭའི་ལུགས་ལྟར་ན།། ལས་དང་བོ་དང་དབང་བོ་འབྲིང་རབ་ལ།། ཕན་ཆེར་རིགས་ལམ་ཆུང་འབྲིང་ཆེ་གསུངས་པའི།། དང་པོར་ཁ་དོག་གཞི་གྲུབ་ལྡོག་ངོས་འཛིན།། ཡིན་ལོག་མིན་ལོག་ཞར་བྱུང་ཡིན་མིན་གྱུར།། རྒྱུ་འབྲས་སྤྱི་དང་བྱེ་བྲག་རྫས་ལྡོག་སྟེ།། བདུན་དང་གཉིས་པ་རིགས་ལམ་འབྲིང་བོ་ལ།། འགལ་འབྲེལ་ཡོད་རྟོགས་མེད་རྟོགས་བར་ཤུན་བཅས།། མཚན་མཚོན་རྒྱུ་འབྲས་ཆེ་དང་རྗེས་འགྲོ་ལྡོག ། ཞར་བྱུང་དགག་གཤགས་སྒྲུབ་གཤགས་མིང་ཅན་ཏེ།། རྣམ་པ་ལྔ་དང་རིགས་ལམ་ཆེན་པོ་ལའང་།། དྲུག་སྒྲ་ཁས་ལེན་སོང་ཚུལ་དགག་གཞི་དང་།། དྲིས་འཕངས་ཐལ་འགྱུར་གཞལ་སེལ་སེལ་སྒྲུབ་འཇུག ། ཡུལ་དང་ཡུལ་ཅན་མཚོན་སྦྱོར་རྟགས་སྦྱོར་ཏེ།། དགུ་བཅས་བསྡོམས་གྲངས་བསྡུས་ཚན་ཉེར་གཅིག་བཞེད།། ཅེས་པ་ལྟར་ཉེར་གཅིག་དང་། ཞར་བྱུང་ཡིན་འགྱུར་མིན་འགྱུར།། བར་ཤུན་དགག་གཤགས་སྒྲུབ་གཤགས་ཁས་ལེན་སོང་ཚུལ་བསྣན་ན་ཉེར་ལྔ་འདོད་ལ།[26]ཞེས་གསུངས་སོ།།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཞལ་སྔ་ནས་ནི་(༡༦༤༨ –  ༡༧༢༡ )བསྡུས་གྲྭ་ལ་བསྡུས་ཚན་ཉེར་ལྔ་དང་། བློ་རྟགས་གཉིས་བསྣན་པས་ཉེར་བདུན་མཛད་ལ། གཞན་དུ་བསྡུས་ཚན་སུམ་བཅུར་ཕྱེ་བ་[27]སོགས་བསྡུས་གྲྭའི་གཞུང་གཞན་ཡང་མཐའ་ཡས་པ་ཞིག་བྱུང་།

རྗེ་གུང་ཐང་བློ་གྲོས་རྒྱ་མཚོས་(༡༨༥༡-  ?)བསྡུས་སྦྱོར་སྙིང་བོའི་དགོངས་དོན་གསལ་བར་བྱེད་པ་ཀུན་གསལ་མེ་ལོང་ཞེས་བྱ་བ་མཛད་ལ། དེ་ནི་བསྡུས་གྲྭ་སྤྱིའི་དོན་ཅུང་ཙམ་གསལ་བར་བྱས་པའི་གཞུང་དམིགས་བསལ་བ་ཞིག་ཏུ་མཐོང་སྟེ། བསྡུས་གཞུང་གཞན་དུ་གཙོ་བོ་རིག་ལམ་སྦྱོང་བའི་ཐབས་སུ་རིགས་འཕྲུལ་སྣ་ཚོགས་པ་གསུང་པ་ལས་གཞུང་འདི་བཞིན་དུ་བསྡུས་ཚན་དབྱེ་སྟངས་དང་བསྡུས་གྲྭའི་གོ་དོན་སོགས་ཀྱི་རྣམ་བཞག་གསུངས་པ་ནི་ཉིན་མོའི་སྐར་མ་ལྟ་བུར་གྱུར་བའི་ཕྱིར་རོ།།

མཇུག་གི་གྲུབ་དོན།

དེ་ལྟར་ཟུར་ངོས་དེ་ཙམ་ནས་ཀྱང་གཏན་ཚིགས་རིག་པའི་གཞུང་སྔ་ཕྱིའི་འབྲེལ་དང་འཕེལ་རིམ་ལ་གོ་བ་འདི་ལྟར་ལེན་ཤེས་ན་གཟོད་དོན་ལ་གནས་མོད་ཀྱི། ཁོ་བོས་གཏན་ཚིགས་རིག་པའི་ལོ་རྒྱུས་སྐོར་གྱི་དཔེ་ཆ་ཆུང་ཞིག་བལྟས་རྒྱུ་བྱུང་ལ། དེར་རྗེ་ཡབ་སྲས་ཀྱི་སྔོན་དུ་གཏན་ཚིགས་རིག་པའི་གཞུང་ལུགས་ཀྱི་ཁྲིད་ལུང་གི་རྒྱུན་ཙམ་ལས་མ་བྱུང་བ་ལྟར་དུ་བྲིས་འདུག་ལ། ཡང་འགའ་ཞིག་བསྡུས་གྲྭ་ནི་ཕྱི་རོལ་བའི་ཆོས་ལྟར་དུ་བལྟས་ནས་འཆད་ཉན་ཡང་འགོག་པའི་གནས་ཚུལ་ཡང་འདུག་ལ། དེ་འདྲའི་འཆད་ཉན་མཁན་དག་ལ་ནི་སོ་སོར་དེ་སྐད་སྨྲ་བ་ལ་དགོས་པ་རེ་ཡོད་ན་མ་གཏོགས། རྒྱུ་མཚན་ནི་ཏིལ་ཙམ་ཡང་མེད་པ་ཡིན་ནོ། །

དེ་ལྟར་འཕེལ་རྒྱས་བྱུང་ཟིན་པའི་གཞུང་འདི་དག་གི་སྤྱི་ལ་ད་གཟོད་བོད་ཀྱི་གཏན་ཚིགས་རིག་པ་ཟེར་དགོས་ལ། དེས་ན་བོད་ཀྱི་གཏན་ཚིགས་རིག་པ་འདི་ནི། རྒྱ་གར་ནས་བོད་དུ་བརྒྱུད་དེ་སོག་ཡུལ་སོགས་སུ་དར་བ་དེ་ལྟ་བུ་ཞིག་མིན་པར་བོད་རང་གི་ས་ནས་རང་གི་མཁས་པ་དག་གིས་རིམ་བཞིན་འཕེལ་རྒྱས་གནང་ནས་བྱུང་བ་ཞིག་ཡིན་པ་གོང་དུ་སྒྲུབ་བྱེད་ཇི་སྙེད་ཅིག་བཀོད་པ་དེས་ཤེས་པར་ནུས་པས། དེས་ན་དོན་དང་མི་མཐུན་པའི་མིང་འདོགས་སྣ་ཚོགས་མི་མཛད་པར་ཞུའོ།།

སྤྱིར་ད་ལྟ་དེ་ལྟ་བུའི་མིང་འདོགས་ལོག་དང་བརྡ་འགྲེལ་ལོག་བྱེད་པ་མང་བོ་ཞིག་མཐོང་སྟེ། དེ་དག་བོད་ཀྱི་སྐད་ཡིག་ཙམ་ཡང་མི་ཤེས་ཤིང་། བོད་ཀྱི་རིག་གནས་ཀྱི་ཤེས་ལྡན་པར་རློམ་པ། རྒྱལ་ཕྱི་ནང་གི་ཞིབ་འཇུག་པར་ཁས་འཆེ་བ་འགའ་ཞིག་ལས་བྱུང་དང་འབྱུང་བཞིན་པར་སྣང་ན། རང་གི་རིག་གནས་ལ་ཤ་ཚ་མཁན་དག་གིས་ནི། འདི་འདྲའི་རིགས་ལ་ནམ་དུ་ཡང་བློ་ཞིབ་མོས་བྱ་ར་བྱེད་པར་རིགས་སོ།།

རྩོམ་ཐུང་འདི་འདྲ་ཞིག་འབྲི་བའི་སྤོབས་པ་ཡང་དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་དུ་བཅར་ཏེ་དཔེ་ཁྲིད་ཞུས་ཤིང་། ཆོས་གྲྭའི་ནང་དུ་རྩོད་རོགས་ཆོས་གྲོགས་དག་དང་ལྷན་དུ་ཉི་མ་གང་མཚམས་ཤིག་བཏང་བའི་འབྲས་བུ་ཁོ་ན་ལས་ཐོབ་པ་ཡིན་ངེས་པས་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུ་བ་དང་། སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་ལམ་འདེབས་དགོས་པ་ཡོད་དོ།།

འདི་ནི་གཞུང་ལུགས་ཀྱི་དཀའ་བའི་གནས་རྣམས་སུ་དཔྱད་པ་བཏང་བའི་ཐབས་ལམ་རང་རྒྱུད་ལ་འབྱོར་བ་དང་། དཀའ་བའི་གནས་གང་ཞིག་ལ་སྒྲོ་འདོགས་ཆོད་པ་བྱུང་ན། དེ་ཉིད་གཞན་ལ་ངོ་སྤྲོད་པའི་ཐབས་དཔྱད་རྩོམ་འབྲི་བའི་ཚུལ་ལ་ཅུང་ཟད་བྱང་བ་ཁོ་ནའི་ཆེད་དཔེར་བརྗོད་ཙམ་དུ་བྲིས་པ་ཡིན་ན་ནོར་འཆུག་ཡོད་པ་སྨོས་མ་དགོས་པས། འཁྲུལ་བ་ཅི་མཆིས་གཟིགས་མཁན་གྱིས་བཟོད་པར་མཛད་དུ་གསོལ་ལོ།།

ཕྱི་ལོ ༢༠༢༢ ལོའི་སངས་རྒྱས་ཀྱི་ཆོས་འཁོར་བསྐོར་བའི་དུས་ཚེས་ལ་མཇུག་གྲུབ།

 དཔྱད་ཡིག་དང་ཞབས་མཆན། 

[1] སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ།  འདུལ་བ་ལུང་རྣམ་འབྱེད།  སྡེ་དགེ་ཤིང་པར།  འདུལ་བ། ཁ་པ།

[2] སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ།  མདོ་སྡེ་རྒྱ་ཆེར་རོལ་བ།

[3] རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དུ་དྲངས་པ་ལས་དྲངས། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་མཛད། གསུང་འབུམ་པོད་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤  ༡༢

[4] རྗེ་བཙུན་བྱམས་པ་མགོན་པོས་མཛད། བྱམས་ཆོས་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨

[5] རྗེ་བློ་བཟང་གྲགས་པས་མཛད།  ཚད་མའི་ལམ་བསྒྲིགས། སྐུ་འབུམ་པར་མ། པོད་མ་པར་བཞུགས།

[6] དེ་ཉིད་ཀྱིས་མཛད་པའི་གྲུབ་མཐའ་ཀུན་ཤེས་སུ་གསལ། དཔེ་ཆ་མ་རྙེད་པས་ཤོག་ངོས་སོགས་འབྲི་ཐབས་བྲལ།

[7] སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ། སྡེ་དགེ་བཀའ་འགྱུར། མདོ་སྡེ། མ།

[8] སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ། འདུལ་བ་ལུང་གཞི། སྡེ་དགེ་བཀའ་འགྱུར། འདུལ་བ། ཀ་པ།

[9] ཟུལ་ཕུ་པ་སོགས་ཀྱིས་ཟིན་བྲིས་མཛད། ཇོ་བོ་རིན་པོ་ཆེ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཡོངས་གྲགས་བཞུགས།  བཀའ་གདམས་ཕ་ཆོས་ཞེས་པའི་གླེགས་བམ་དུ་བཞུགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༩༤

[10] བུ་སྟོན་ཆོས་འབྱུང་། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུང་ཁང་། ༢༠༢༡ པར་ཐེངས་གསུམ་པ། ཤོག་ངོས། ༣༢༧ ནས ༣༣༡ བར་གསལ།

[11] དཔའ་བོ་གཙུག་ལག་ཕྲེང་བས་མཛད། ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་།  ༢༠༠༦  ཤོག་ངོས ༧༧༣

[12] ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད། ཚད་མ་རྣམ་འགྲེལ་གྱི་མཐའ་དཔྱོད་ཐར་ལམ་རབ་གསལ། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། ༢༠༠༡ ཤོག་ངོས། ༡༡

[13] སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། དབུ་མ་རིགས་ཚོགས་དྲུག མདོ་སྔགས་རིག་པའི་དཔེ་ཚོགས། རྔ་བ་སྒོ་མང་དགོན་གྱི་ནང་ཁུལ་རྒྱུ་ཆ།

[14] རྗེ་བཙུན་བྱམས་པ་མགོན་པོས་མཛད། བྱམས་ཆོས་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨

[15] ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད། དག་ཡིག་མཁས་པའི་འབྱུང་གནས། གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ཞེས་པའི་གླེགས་བམ་དུ་བཞུགས། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༩ ༦ ཤོག་ངོས། ༥༠༨

[16] ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད། མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། སྟོད་ཆ། བོད་ལྗོངས་མི་དམངས་དཔར་སྐྲུན་ཁང་།

[17] རྗེ་བློ་བཟང་གྲགས་པས་མཛད། ཚད་མའི་ལམ་བསྒྲིགས། སྐུ་འབུམ་པར་མ། པོད་མ་པར་བཞུགས།

[18] རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་མཛད། གསུང་འབུམ་པོད་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤  ༡༢  ཤོག་ངོས། ༡༣ ནས ༡༤ བར་གསལ།

[19] སློབ་དཔོན་ཕྱོགས་གླང་གིས་མཛད། ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་མདོ། སྡེ་བསྟན། ཚད་མ་པོད་ཅེ་པར་བཞུགས།

[20] སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད། ཚད་མའི་བསྟན་བཅོས་རིགས་པའི་སྒོ་ཞེས་བྱ་བ། སྡེ་དགེ་བསྟན་འགྱུར། ཚད་མ། ཅེ།

[21] བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད། བུ་སྟོན་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུང་ཁང་། ༢༠༢༡ པར་ཐེངས་གསུམ་པ། ཤོག་ངོས། ༣༢༧ ནས ༣༣༡ བར་གསལ།

[22] རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་མཛད། གསུང་འབུམ་པོད་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤  ༡༢

[23] བཀའ་གདམས་ཆོས་འབྱུང་གི་ལུང་། རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དུ་དྲངས་པ་ལས་དྲངས། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་མཛད། གསུང་འབུམ་པོད་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤  ༡༢

[24] ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་ཡིན་ལ། བསྡུས་སྦྱོར་སྙིང་བོའི་དགོངས་དོན་གསལ་བར་བྱེད་པ་ཀུན་གསལ་མེ་ལོང་དུ་ལུང་དྲངས་པ་ལས་དྲངས།

[25] ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད། ཚད་མ་རིགས་པའི་གཏེར། མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། བར་ཆ། བོད་ལྗོངས་མི་དམངས་དཔར་སྐྲུན་ཁང་།

[26] རྗེ་གུང་ཐང་བློ་གྲོས་རྒྱ་མཚོས་མཛད། བསྡུས་སྦྱོར་སྙིང་བོའི་དགོངས་དོན་གསལ་བར་བྱེད་པ་ཀུན་གསལ་མེ་ལོང་།  སྐུ་འབུམ་ཤིང་པར།

[27] ཉེར་བདུན་དུ་ཕྱེ་བ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ལུགས་ཡིན་ལ། འདི་ཞར་བྱུང་དང་བཅས་ན་ཉེར་ལྔར་ཕྱེ་བའི་རྭ་སྟོད་པའི་གསུང་ཚུལ་དང་གྲངས་འདྲ་ཡང་འདྲེན་རྒྱུ་མི་འདྲའོ།། སུམ་བཅུར་ཕྱེ་བ་མཁན་ཆེན་དགེ་འདུན་རྒྱ་མཚོའི་ལུགས་སོ།། དེ་དག་གི་ཚུལ་ཅུང་ཙམ་ཞིག་བསྡུས་སྦྱོར་སྙིང་བོའི་དགོངས་དོན་གསལ་བར་བྱེད་པ་ཀུན་གསལ་མེ་ལོང་དུ་གསལ།

– – – – –

Loading

1 མཆན་བུ།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།