བཙད་པོ་ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ཡིན་མིན་གླེང་བ།                   

ནང་དོན་གནད་བསྡུས། སྤུ་རྒྱལ་བོད་ཀྱི་བཙད་པོ་ཁྲི་སྲོང་ལྡེ་བཙན་གྱི་ཡུམ། རྒྱ་ནག་གི་བུ་མོ་ལི་ནོ་ནོའམ་གྱིམ་ཤང་ཀོང་ཇོ་མིན་པ་དང་བཙད་པོ་ཁོང་གི་ཡུམ་དོན་ངོ་མ་སུ་ཡིན་ལ་རང་ནུས་ཀྱིས་ཅུང་ཙམ་དཔྱད་པར་བྱའོ།།

བརྡ་ཆད་གཙོ་བོ།  བཙད་པོ། གོང་མ། ཀོང་ཇོ། ཐང་ཡིག་གསར་རྙིང་།

བོད་ཀྱི་བཀའ་གཙིགས་དཔེ་རྙིང་དག་གི་ཁྲོད་དུ་ཤིན་ཏུ་སྐྱིད་པའི་རྒྱལ་རབས་ལྔའི་གྲངས་སུ་བགྲང་བའི་བོད་རྒྱལ་གདུང་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་འདི་ཉིད་ཀྱིས་ཆབ་དཔལ་རིག་གསུམ་གྱི་ཐད་ལ་སྔར་བྱུང་མ་མྱོང་ལ་ཕྱིན་ཆད་འབྱུང་མི་སྲིད་པའི་མཛད་རྗེས་བླ་ན་མཐོ་བ་བཞག་ཡོད། ཡིན་ཡང་དེ་ལྟ་བུའི་བཙད་པོ་འདིའི་ཡུམ་དང་ཁོང་རྒྱ་ཚ་ཡིན་མིན་སོགས་ལ་དཔྱད་པ་བྱེད་པའི་སྐབས་ཕྲན་གྱིས་ལོ་རྒྱུས་ཡིག་ཚང་ཁ་ཤས་ཤིག་བཀླགས་ནས་དེའི་སྐོར་ལ་བསམ་ཚུལ་རེ་བརྗོད་འདོད་སྐྱེས། གཅིག་ནས་ལོ་རྒྱུས་ཡིག་ཚང་མང་པོ་བཀླགས་མ་མྱོང་པ་དང་། གཉིས་ནས་བློ་གྲོས་དང་བརྩོན་འགྲུས་དམན་པས་འདི་ལྟ་བུའི་དཔྱད་གཞི་གཙོ་བོ་ཞིག་བཤད་མ་ཤེས་པ་དང་བཤད་ཀྱང་ནོར་ཡོད་སྲིད་པས་ལོ་རྒྱུས་སྨྲ་བའི་མཁས་པ་དག་གིས་གུ་ཡངས་པོར་མཛད་རོགས་ཞུ།

བོད་རྒྱལ་གདུང་རབས་སོ་བརྒྱད་པ་སྟེ་བཙད་པོ་ཁྲི་སྲོང་ལྡེ་བཙན་ (挲悉笼腊赞742-797)རིང་ལ་མཁན་པོ་བོདྷི་སཏྭ་དང་སློབ་དཔོན་པདྨ་འབྱུང་གནས་རྣམ་གཉིས་སྤྱན་དྲངས་ཏེ། བསམ་ཡས་གཙུག་ལག་ཁང་ཆེན་མོ་བཞེངས། རྒྱ་བལ་སོགས་ནས་པཎྜི་ཏ་མང་པོ་སྤྱན་དྲངས་པ་དང་། བཻ་རོ་ཙ་ན་སོགས་སྒྲ་སྒྱུར་གྱི་ལོ་ཙཱ་བ་མང་པོ་གསོ་སྐྱོང་བྱས་ཏེ། བཀའ་མདོ་རྒྱུད་མང་པོ་བོད་སྐད་དུ་བསྒྱུར། སད་མི་མི་དྲུག་“སད་མི་མི་དྲུག་དང་། སད་མི་མི་བདུན་”སྟེ་ལུགས་གཉིས་སུ་ཕྱེ་ཚུལ་ཡོད་པ་ལ་ལར་དཔྱད་པ་ཞིག་ངེས་པར་དགོས་ཀྱང་རེ་ཞིག་བཞག་པར་བྱ། དེ་དག་གཙོར་བྱས་འབངས་སུམ་བརྒྱ་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བཙུགས་པ་ལ་སོགས་པ་གངས་རིའི་ཁྲོད་འདིར་མཛད་རྗེས་བླ་ན་མཐོ་བའི་བཙན་པོ་འདི་ཉིད་ཀྱི་ཡུམ་སུ་ཡིན་མིན་སྦ་བཞེད། རྦ་བཞེད། ཞབས་བཏགས་མ། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལ་སོགས་པའི་སྔར་གྱི་ལོ་རྒྱུས་ཡིག་ཚང་མང་པོར་རྒྱ་བཟའ་ཕྱི་མ་ཡིན་པར་གསུངས་ཡོད།

བཙད་པོ་ཁྲི་སྲོང་ལྡེ་བཙན། 挲悉笼腊赞 742-797

འདི་ལྟར་སྦ་བཞེད་ལས་“ཕྱིས་ཀོང་ཇོ་ལ་ཡོས་བུའི་ལོ་ལ་རྒྱལ་བུ་ཆགས། དེའི་དུས་ན་རྒྱལ་པོ་ནི་ཕོ་བྲང་བྲག་དམར་འོམ་བུའི་ཚལ་ན་བཞུགས། ཡོས་བུའི་ལོ་དཔྱིད་ཟླ་ར་བའི་ཚེས་གསུམ་ལ་བབ་པ་ན། རྒྱའི་ཧྭ་ཤང་མངོན་ཤེས་ཡོད་པ་ཞིག་ན་རེ། རྒྱལ་པོ་ཁྱོད་ཀྱི་བཙུན་མོ་ལ་སྲས་བྱང་ཆུབ་སེམས་དཔའ་ངེས་པ་ཞིག་བཙའ་བར་ངེས། དེ་ལ་རིམ་གྲོ་སྐྱེད་ཅིག་ཅེས་ཟེར། རྒྱལ་པོས་ནམ་ཕྱེད་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས། འཇིམ་པ་ལྷག་མ་ལ་ངའི་སྐུ་ཚབ་བྱེད་གསུངས་ནས་མཆོད་རྟེན་གྲེས་ཐག་ཅན་ཡང་བརྩིགས། ནང་པར་ཕོ་ཉ་བྱུང་སྟེ་ཀོང་ཇོ་ལ་སྲས་གཅིག་བལྟམས་སོ་ཞེས་ཟེར། རྒྱལ་པོས་ཡར་ལུང་འཕང་ཐང་དུ་སྲས་བལྟམས་པ་གཟིགས་སུ་བྱོན་པའི་ཚེ། ཀོང་ཇོའི་བུ་སྣ་ནམ་བཟའ་བཞི་སྟེངས་ཀྱིས་ཕྲོགས་ནས་འདི་ང་ལ་སྐྱེས་པ་ཡིན་ཟེར། དེར་བློན་པོ་ཀུན་གྱིས་བརྟག་པ་བྱ་བའི་ཕྱིར། ཐང་ཚིགས་ཀྱི་བུག་གར་བུ་བཞག་ནས་བུ་སུ་ཐོབ་བྱེད་དུ་བཅུག་པས། ཀོང་ཇོས་སྔོན་ལ་ཟིན་པ་བཞི་སྟེངས་གྱིས་ཤི་ནའང་ཤི་སྙམ་སྟེ་ཕྲོགས་པས། ཀོང་ཇོས་བུ་ཤི་དོགས་ནས་ལྷོད་བཏང་སྟེ། ཡིན་དང་ངའི་ཡིན་ཏེ་དྲེ་མོ་ཁྱོད་ཟེར་ནས་བཏང་། བུ་ཀོང་ཇོའི་ཡིན་པར་ཤེས། ལོ་གཅིག་ལོན་ཙ་ན་ཞབས་འཛུགས་པའི་དགའ་སྟོན་བྱས་ཏེ། སྣ་ནམ་པ་རྣམས་བེར་ཆུང་ངུ་རེ་ལག་ན་ཐོགས་ནས་ཞང་པོའི་པང་དུ་ཤོག་ཟེར། རྒྱལ་བུ་ན་རེ། ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ལགས། །སྣ་ནམ་ཞིང་གི་ཅི་བགྱི་འཚལ། །གསུངས་ནས་རྒྱའི་པང་དུ་སོང་བས། མིང་ཡང་རང་གིས་བཏགས་སོ།།” ཞེས་འབྱུང་སྟེ། འདིས་མཚོན་པའི་གནའ་རབས་བོད་ཀྱི་ཡིག་ཚང་མང་པོར་བཙད་པོ་འདི་ཉིད་ཀྱི་ཡུམ་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་( 金成公主698-739)ཡིན་པར་གསུངས་ཀྱང་འདིར་ཡིག་ཚོགས་སྐྱུང་ཆེད་མ་བྲིས་སོ།།

ཐོག་མར་ཀོང་ཇོ་ཕྱི་མ་འདི་ཉིད་མཚམས་སྦྱོར་ཅུང་ཙམ་ཞུས་ན། གྱིམ་ཤིང་ཀོང་ཇོ་( 金成公主)ཞེས་པའི་མིང་འདི་རྒྱའི་གོང་མ་ཀྲུང་ཙུང་གིས་བོས་ཏེ། “ཐང་ཡིག་རྙིང་མ་ལས། 旧唐书 གོང་མ་ཀྲུང་ཙུང་གིས་ཡུང་ཝང་གི་ཆོ་ལོ་ཅན་ལི་ཧྲོའུ་ལི་ཡི་སྲས་མོ་སྟེ། གོང་མའི་ཕོ་བྲང་དུ་བུ་ཚབ་ཏུ་བསྐྱངས་པ་དེར་གྱིམ་ཤིང་ཀོང་ཇོ་བཏགས་ནས་བག་མར་གནང་།” ཞེས་དང་། “ཐང་ཡིག་གསར་མ་ལས། 新唐书 དེར་གོང་མས་ཡུང་ཝང་གི་ཆོ་ལོ་ཅན་ལི་ཧྲོའུ་ལི་ཡི་བུ་མོར་གྱིམ་ཤིང་ཀོང་ཇོའི་ཆོ་ལོ་གནང་ནས་བག་མར་བསྩལ།” ཅེས་བཀོད་འདུག  སྐབས་འདིར་ཐང་ཡིག་གསར་རྙིང་ལ་ཧེ་བག་ཆེན་པོ་མི་འདུག  རྒྱ་མོ་གྱིམ་ཤིང་ནི་མ་གཞི་ཐང་ཀྲུང་ཙུང་ལི་ཞན་གྱི་(唐中宗李显656-710) སྲས་མོ་མིན། ཁོ་མོའི་ཡབ་ནི་ཡུང་ཝང་ལི་ཧྲོའུ་ལི་(雍王李守礼672-741)ཡིན་པ་དང་། མོའི་མིང་དངོས་ལ་ལི་ནོ་ནོ་(李奴奴698-739)ཟེར། མོ་ཀྲུང་ཙུང་གི་བུ་སྐལ་ཡིན་པ་དང་ཁོ་མོས་ཆུང་དུས་ནས་ཕོ་བྲང་ནང་དུ་ཀོང་ཇོ་གཞན་དང་ལྷན་དུ་འཚོ་བ་བསྐྱལ། གོང་དུ་བཀོད་པའི་སྦ་བཞེད་ལས་བསྟན་པ་དེ་ལ་མི་འཐད་པ་གཉིས་སྟེ་ལོ་གཅིག་ཅན་གྱི་བྱིས་པ་ཞིག་གིས། ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ལགས། །སྣམ་ནམ་ཞང་གི་ཅི་བགྱི་འཚལ། ། ཟེར་བའི་སྐད་ཆ་དེ་བཤད་ཐབས་བྲལ་བ་དང་གཅིག གཉིས་ནི་ལོ་ཚིགས་ཏེ་བཙད་པོ་ཁྲི་སྲོང་གི་འཁྲུངས་འདས་ནི(742-797)ཡིན་པ་དང་། རྒྱའི་བུ་མོ་གྱིམ་ཤིང་གི་འཁྲུངས་འདས་ནི་(698-739)ཡིན་པའི་ཕྱིར་ན་ཁོ་མོ་ཤི་རྗེས་ཀྱི་ལོ་གཉིས་ཀྱི་རྗེས་སུ་བཙད་པོ་ཁྲི་སྲོང་འཁྲུངས་པའི་ཕྱིར་ན་བཙན་པོ་ཡི་ཡུམ་གཏན་ནས་ཡིན་ཐབས་མེད་དེ། “ཏུན་ཧོང་གཏེར་ཡིག་ལས། རྟའི་ལོ་ལ། བཙན་པོ་ཕོ་བྲང་དབྱརད་མཚར་བུ་སྣ་ན་བཞུགས། བཙན་པོ་སྲོང་ལྡེ་བརྩན་བྲག་མར་དུའ་བལྟམ།  ཡུམ་མང་པོ་རྗེ་ནོངས་ཕར་ལོ་གཆིག།”ཅེས་ཡུམ་སྣ་ནམ་པ་ཡིན་པར་བསྟན་པ་དང་། “ཏུན་ཧོང་གཏེར་ཡིག་སྤུ་རྒྱལ་བཙན་པོའི་གདུང་རབས་ཡིག་ཚང་ལས་ཀྱང། ཁྲི་ལྡེ་གཙུག་བརྩན་དང་། སྣ་ནམ་ཟའ་མང་པོ་རྗེ་བཞྀ་སྟེང་དུ་བཤོས་པའི་སྲས། ཁྲི་སྲོང་ལྡེ་བརྩན།”ཞེས་བཙན་པོའི་ཡུམ་སྣ་ནམ་ཟའ་མང་པོ་རྗེ་བཞྀ་སྟེང་ཡིན་པ་གསལ་བོར་བསྟན་པའི་ཕྱིར་ན་དཔྱོད་ལྡན་རྣམས་ཀྱིས་འདི་ལས་ཀྱང་གོ་ཐུབ།

གྱིམ་ཤིང་ཀོང་ཇོ། 金成公主 698-739

སྤྱི་ལོ་ 710 པ་སྟེ་(ཅིང་ལུང་ཁྲི་ལོ་བཞི་པར་景龙四年 )གྱིམ་ཤིང་ཀུང་ཇོ་བོད་དུ་ཕེབས་ཏེ། “ཐང་ཡིག་རྙིང་མ་ལས། 旧唐书  ཅིན་ལུང་གི་ཁྲི་ལོ་གསུམ་པའི་ཟླ་བཅུ་གཅིག་པར། བྷོད་ནས་བློན་ཆེན་ཞང་བཙན་ཏོ་སོགས་ཀོང་ཇོ་བསུ་བར་མངགས།” ཞེས་འཁོད་འདུག ལོ་དེར་གོང་མ་(ཀྲུང་ཙུ་中宗)ཡང་རང་གི་ལྕམ་དང་བུ་མོས་དུག་བོར་ཏེ་བཀྲོངས། བོད་ཀྱི་ལོ་རྒྱུས་རྣམས་སུ་ཀོང་ཇོ་འདི་སྲས་ལྗང་ཚ་ལྷ་དབོན་ལ་བསུ་བར་ཁོང་རྟས་དྲུད་ནས་འདས་པས་ཡབ་ཁྲི་ལྡེ་གཙུག་བརྟན་གྱིས་ཁབ་བཞེས་པར་བཤད་ཀྱང་། མ་གཞི་ཀོང་ཇོ་འདི་ཁྲི་ལྡེ་གཙུག་བརྟན་ལ་བསུ་བ་ཡིན་ཏེ། “ཐང་ཡིག་རྙིང་མ་ལས། 旧唐书 རིང་པོ་མ་ཕྱིན་པར་བཙན་པོའི་ཨ་ཕྱིས་བློན་ཆེན་སྟོང་བཞེར་མངགས་ནས། ཡུལ་ཟོག་སྐྱེས་སུ་ཕུལ་བ་དང་ཚ་བོར་གཉེན་བསླངས་པར།”ཞེས་བཀོད་ཡོད་པ་ལྟར་ཚ་བོ་ཞེས་པའི་ཚིག་འདིས་ནུས་པ་ཆེན་པོ་ཐོན་ཡོད་དེ་ཚ་བོ་ནི་ཁྲི་ལྡེ་གཙུག་བརྟན་དང་། ཨ་ཕྱི་ནི་འབྲོ་བཟའ་ཁྲི་མ་ལོད་ཡིན། ཁྲི་ལྡེ་གཙུག་བརྟན་ནི་འབྲོ་བཟའ་ཁྲི་མའི་ཚ་བོ་དང་ལྗང་ཚ་ལྷ་དབོན་ནི་འབྲོ་བཟའ་ཁྲི་མའི་ཡང་ཚ་ཡིན།

ཐང་ཀྲུང་ཙུང་ལི་ཞན། 唐中宗李显656-710

སྔོན་བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་པ་ཕལ་མོ་ཆེས་རྒྱ་བཟའ་གྱིམ་ཤིང་འདི་བཙད་པོ་ཁྲི་སྲོང་གི་ཡུམ་ཡིན་པར་བཞེད་པ་དེའང་། གཅིག་བྱས་ན་དེ་ལྟར་བཤད་ཀྱང་ལོས་སྲིད་དེ། སྐབས་དེའི་བསམ་ཡས་ཀྱི་ལོ་རྒྱུས་ཡིན་ནའང་འདྲ་བཙད་པོ་ཁྲི་སྲོང་གི་ལོ་རྒྱུས་ཡིན་ནའང་ཆོག་ཁུངས་གཏད་ས་ངོ་མ་དེ་སྦ་བཞེད་ཡིན་པས་རེད། ཀུན་གྱིས་གཙུག་ཏུ་བཀུར་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་དུའང་རྦ་བཞེད་ཁུངས་སུ་དྲངས་ནས་བཤད་ཡོད། སྤྱིར་ལོ་རྒྱུས་ནི་དཔྱད་པའི་འདུ་ཤེས་ཀྱིས་གཙོ་ཆེར་བརྗོད་པ་མ་ཡིན་པར་ལོ་རྒྱུས་སྔོན་མ་དག་ཁུངས་གཏད་ནས་གླེང་དགོས་ལ་ཁུངས་གཏད་ས་མ་དག་ན་འདི་འདྲའི་ཉེས་སྐྱོན་ཆེན་པོ་ཡོད། འདི་ནི་ང་ཚོ་བོད་པའི་ཁ་དཔེ་ཞིག་ལ་ཆུ་འགོ་མ་གཙང་ན་ཆུ་རྔ་མི་གཙང་བའི་དཔེ་གསོན་པོ་དེ་ཡིན། སྤྱི་ལོ་1900 ལོར་དུས་རབས་བཞི་བ་ནས་དུས་རབས་བཅུ་གཅིག་བར་གྱི་ཏུང་ཧོང་གཏེར་ཡིག་ཟེར་བའི་ཡིག་རྙིང་དེ་ས་ཁར་ཐོན་མེད་ཚེ་ད་ལྟའི་ཆ་འདིར་ཡང་ང་རང་ཚོས་བཙད་པོ་ཁྲི་སྲོང་གི་ཡུམ་དེ་རྒྱའི་བུ་མོ་ཞིག་ཡིན་པ་ལས་གཞན་ལ་བསམ་བློ་འཁོར་མི་སྲིད།

དེང་སང་ངེད་ཅག་ལ་སྐྱོན་ཞིག་འདུག་པ་ནི་བོད་ཀྱི་ལོ་རྒྱུས་ཡིག་རྙིང་མང་པོ་ཞིག་ལྷ་སྒྲུང་དང་འབྲེལ་ཡོད་པར་ཁ་འཕངས་ནས་ཡིག་ཚང་མང་པོ་ཞིག་ཁས་ལེན་གྱིན་མི་འདུག་ལ། དེ་ནི་ཤིན་ཏུ་འཐད་པར་མི་སེམས་ཏེ་ལོ་རྒྱུས་ནི་དཔྱད་པའི་འདུ་ཤེས་དང་ཡིག་རྙིང་ཁུངས་སུ་བྱ་བ་གཉིས་ལས་ཕྱི་མ་དེ་གལ་ཆེ་ཤོས་ཡིན་ཏེ། “དངོས་གཙོ་ལོ་རྒྱུས་སྨྲ་བ་དེབ་དཀར་མཁན་པོས་ཀྱང་། འདིར་ནི་བཙན་པོ་ཉིད་ཀྱིས་འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་མཛད་འཕྲིན་ཅི་ཞིག་གནང་བའི་ཚུལ་རྣམས། དུས་མཉམ་པའི་སྐྱེ་རྒུ་ཐ་མལ་པ་རྣམས་ཀྱིས་མཐོང་ཚུལ་ལྟར་བཀོད་པའི་རྒྱལ་རབས་ཀྱི་དུམ་བུ་གསུམ་ན་ཅུང་ཟད་གསལ་བ་རྣམས་ལྷན་ཅིག་ཏུ་བསྡུས་ཏེ་བཤད་པར་བྱའོ།།” ཞེས་བཙན་པོ་ཉིད་ཀྱི་ལོ་རྒྱུས་ཐུན་མོང་དངོས་གཙོ་སྨྲ་བ་ལྟར་འཆད་པ་དང་། “ཡང་། རྒྱལ་པོ་འདི་ནི་ངེས་པའི་དོན་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་མི་ཡི་ཟོལ་དུ་བྱོན་པའི་རྩོད་མེད་སྤྲུལ་བའི་སྐྱེས་བུ་ཆེན་པོར་གྲུབ་པས། ཐུན་མོང་མ་ཡིན་པའི་ངེས་དོན་གྱི་རྣམ་པར་ཐར་བ་དག་ཀྱང་གཞན་དུ་གྲགས་པ་ལྟར་ལ།”ཞེས་ཐུན་མིན་གྱི་ལམ་ནས་བསྟན་པ་ལྟར་བོད་ཀྱི་ཡིག་རྙིང་དེ་ཚོའང་ཐུན་མོང་དང་ཐུན་མིན་གྱི་ལམ་ནས་འགྲེལ་བཤད་ཅིག་ཡོད་ན་བསམས། འཛམ་གླིང་གི་ཡུལ་གྲུ་སོ་སོའི་མི་རིགས་དང་ཆོས་ལུགས་གང་ལ་བསམས་ཀྱང་ལྷའི་གཏམ་དང་འབྲེལ་ཡོད་པ་དང་དེའི་མི་རིགས་ཀྱི་རིག་གནས་ཤིག་ཏུ་ཆགས་ཡོད་པ་དེས་ཀྱང་ང་ཚོ་ལ་བསམ་བློ་ཞིག་སྤྲད་ན་ཆོག་གོ།  མདོར་ན་ཁོང་གིས་གསུངས་པ་ལྟར་ཧྲིལ་གྱིས་འདོར་བ་དང་ཧྲིལ་གྱིས་ལེན་པ་ལྟ་བུ་མིན་པར་མཐའ་གཉིས་སུ་མ་ལྷུངས་པའི་དབུ་མའི་ལྟ་བ་ཞིག་ཡོད་ན་བདེ་བར་སེམས།   པདྨ་བཀའ་ཐང་དུའང་འདིའི་སྐོར་རྦ་བཞེད་དང་མཐུན་པར་གསུངས་ཡོད། འདི་ནི་ཕལ་ཆེར་ཉང་ཉི་མ་འོད་ཟེར་གྱིས་གསུངས་པའི་སློབ་དཔོན་རིན་པོ་ཆེའི་རྣམ་ཐར་དང་འབྲེལ་བ་ཧ་ལས་པ་ཡོད་སྙམ། གང་ཞེ་ན། རྒྱལ་དབང་ལྔ་བའི་སྐབས་སུ་པདྨ་བཀའ་ཐང་ཚིག་ལྷུག་མ་དེ་ཚིགས་བཅད་དུ་བཏང་བར་བཤད། སྐབས་དེར་ཁུངས་འཆའ་ས་དེ་ཉང་ཉི་མའི་གསུང་རེད། དེའི་ནང་དུ་ཁྲི་སྲོང་གི་ཡུམ་དེ་གྱིམ་ཤིང་ཡིན་པར་བྲིས་ཡོད། དེས་ཁུངས་འཆའ་ས་རྦ་བཞེད་རེད། མདོར་ན་གནད་ངོ་མ་དེ་ཚང་མས་རྦ་བཞེད་ཁུངས་བཅས་ཤིང་། རྦ་བཞེད་མ་དག་པས་ཡོད་ཚད་ལ་མ་དག་པ་ཆགས་འདུག་སྙམ། འདི་ནི་རྩོད་པ་སྤོང་བའི་ཚིག་ཙམ་དུ་བཀོད་པའོ།།

ཞེས་པ་འདི་ནི་སྤྱི་ལོ་ 2023 ལོར་ཁོམ་ལོང་གི་དུས་ཚོད་རེ་བེད་སྤྱད་ནས་བོད་བཙད་པོའི་རིང་གི་ལོ་རྒྱུས་ཡིག་ཚང་ཁ་ཤས་ཤིག་བཀླགས་ནས་འབྲི་བ་པོ་ནི་བོད་གངས་ཅན་གྱི་ལོ་རྒྱུས་དང་རིག་གནས་ལ་དགའ་ཞེན་ཆེ་བའི་ཚུལ་ཁྲིམས་དར་རྒྱས་སུ་འབོད་པས་ཡེ་གེར་བཀོད་པའོ། །

 སླར་སྨྲས་པ།

གངས་ལྗོངས་ཆོས་སྲིད་གསེར་གྱི་རྒྱལ་མཚན་བཙད་པོས་ཆོད་སེམས་ལས་བསླངས་པས།།
ཞིང་འདིར་གནས་པའི་ཕྱི་རབས་བོད་རྣམས་མེས་པོའི་རུས་རྐང་མ་ལྷད་པར།།
ལོ་རྒྱུས་གོང་བུ་རྙིང་དུ་མ་འཇུག་ངེད་ཅག་རིགས་རུས་དེ་རུ་གསལ།།
གནའ་བོའི་ཡིག་ཚང་བོར་དུ་མ་འཇུག་བཙད་པོའི་མཛད་རྗེས་སེམས་སུ་ཉོརད།།

  དཔྱད་གཞིའི་ཡིག་ཆ།
བོད་ཡིག་གི་དཔྱད་གཞི།    བརྩམས་ཆོས་ཀྱི་སྐོར

[1]མཁས་དབང་དགེ་འདུན་ཆོས་འཕེལ། 《དེབ་ཐེར་དཀར་པོ།》པེ་ཅིང་མི་རིགས་དཔེ་སྐྲུན་ཁང་།

[2]《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས།》འཇམ་དབྱངས་དཔེ་སྐུན་ཚོགས་པ།

[3]ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། 《སྲིད་དོན་རྒྱལ་རབས།》

[4]སྦ་གསལ་སྣང་། 《སྦ་བཞེད།》མི་རིགས་དཔེ་སྐུན་ཁང་།

[5]དཔའ་བོ་གཙུགས་ལག་ཕྲེང་བ།《ཆོས་འབྱུང་མཁས་པའི་དགའ་སྟོན།》མི་རིགས་དཔེ་སྐྲུན་ཁང་།

[6]ཉང་རལ་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།》འཇམ་དབྱངས་དཔེ་སྐྲུན་ཚོགས་པ།

[7]འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས།》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

 རྒྱ་ཡིག་གི་དཔྱད་གཞི།

[1]刘昫著作:《 旧唐书 ཐང་ཡིག་རྙིང་མ། 》青岛出版社,

[2]北宋时期欧阳修、 宋祁、范镇、    吕夏卿等合撰:《新唐书 ཐང་ཡིག་གསར་མ། 》青岛出版社,

[3]张云著:《唐代吐蕃史研究论集 ཐུ་བྷོད་ལོ་རྒྱུས་ཞིབ་འཇུག་གཅེས་བཏུས། 》中国藏学出版社,

    – – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།