རྡོ་རྗེ་འཇིགས་བྱེད་ཀྱི་བླ་བརྒྱུད་ཁྲོད་ཇོ་བོ་རྗེ་བཞུགས་ཡོད་མེད་ལ་དཔྱད་པ།

0
1169

གནད་བསྡུས། རྭ་ལོ་ཙ་བས་འཇིགས་བྱེད་ཀྱི་དབང་སྐུར་ཞུ་སའི་བླ་མ་བྷ་རོ་ཕྱག་རྡུམ་དང་མར་མེ་མཛད་དཔལ་གཉིས་མི་གཅིག་ཡིན་མིན་དང་། མར་མེ་མཛད་དཔལ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གཉིས་མི་གཅིག་ཡིན་མིན་སོགས་ཀྱི་དཔྱད་བསྡུར།

གནད་ཚིག རྡོ་རྗེ་འཇིགས་བྱེད། རྭ་ལོ་ཙ་བ། བྷ་རོ། བྷ་རོ་ཕྱག་རྡུམ། དྰི་བཾ་ཀ་ར་རཀྴི་ཏ། མེ་ཙ་ལིང་པ། མེ་ཛ་ལིང་པ། མར་མེ་མཛད་དཔལ། ཇོ་བོ་རྗེ་དྰི་བཾ་ཀ་ར་ཤྲྰི་ཛྙྰ་ན།

༡ གླེང་གཞིའི་ཁྲོད་ཀྱི་འཇིགས་བྱེད་བླ་བརྒྱུད།

བོད་གངས་ཅན་པའི་ལྗོངས་ཀྱི་ཆོས་བརྒྱུད་མི་འདྲ་བའི་ཁྲོད་དུ་ཡི་དམ་ནམ་མཁའི་སྐར་ཚོགས་ལྟར་བཀྲ་བའི་ཁྲོད་ཀྱི་ཉི་མ་ལྟ་བུ། དཔལ་རྡོ་རྗེ་འཇིགས་བྱེད་ཅེས་སུ་གྲགས་པའི་ཡི་དམ་ལྷག་པའི་ལྷ་མཆོག་ཁྱད་པར་ཅན་འདི་ལ་བརྒྱུད་ལུགས་མི་འདྲ་བ་ཡོད་པ་ལས། འདས་པའི་ལོ་ངོ་གཅིག་སྟོང་ཙམ་གྱི་རིང་སྙན་པའི་གྲགས་པ་ཧ་ཅང་མཐོ་བའི་གྲུབ་རིགས་ཁྱུ་མཆོག་མཐུ་སྟོབས་དབང་ཕྱུག་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ནས་བརྒྱུད་པ་འདི་ཡིན་ཞིང་། ཁོ་བོས་ཀྱང་ལྷ་མཆོག་འདི་ལ་ལྷ་བཅུ་གསུམ་དང་དཔའ་བོ་གཅིག་པ་གཉིས་ཡོད་པའི་དབང་ལུང་གི་རིགས་མང་པོ་ཞིག་ལཱ་མོའི་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག་ལས་ཞུས་པ་ཡིན།

ཉེ་ཆར་བོད་མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་བཤེས་དཔྱི་ས་ཡོན་ཏན་ཞུ་བ་ཁོང་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་ཁྲིད་གནང་བའི་སྒྲ་སྒམ་ཞིག་སྐད་འཕྲིན་གྱི་དྲ་ལམ་ནས་མཐོང་ཞིང་། དེའི་མགོ་ནས་ཅུང་ཟད་ཉན་པའི་སྐབས་སུ། ཁོང་གིས་འཇིགས་བྱེད་བླ་བརྒྱུད་མར་གསུངས་ཏེ། རྒྱ་གར་གྲུབ་ཆེན་ནས་མར་བརྒྱུད་དེ་མཉམ་མེད་ཇོ་བོ་རྗེ་ནས་བོད་ལ་བརྒྱུད་ཡོང་བ་རེད་ཅེས་གསལ་བོར་གསུངས་སོང་།[1]   བདག་གིས་དེ་ཐོས་རྗེས་རང་ཉིད་ཀྱིས་ཉན་ནོར་རམ་ཁོང་གིས་བཤད་ནོར་བྱས་པ་མིན་ནམ་བསམས་ཏེ་ཐེངས་ཁ་ཤས་ལ་མཉན་ཡང་ཁོང་གིས་ཡིད་ཆེས་ཆེན་པོའི་སྒོ་ནས་དེ་ལྟར་བཤད་སོང་བས། ཁོང་གིས་དེ་ལྟར་བཤད་དགོས་པའི་ཁུངས་དེ་གང་ལ་གཏུགས་པ་ཡིན་ནམ་བསམས་ཏེ། རྡོ་རྗེ་འཇིགས་བྱེད་ཀྱི་བླ་བརྒྱུད་དེ་ཚར་གཅིག་སྐྱོར་བ་སྟེ། ༄༅།།ན་མོ་གུ་རུ་བཛྲ་བྷཻ་ར་ཝ་ཡ། ཁྱབ་བདག་འཇམ་པའི་རྡོ་རྗེ་གཤིན་རྗེའི་གཤེད། །མགོན་དེ་དགྱེས་པ་ཀུན་བསྐྱེད་མཁའ་འགྲོའི་གཙོ། །ཟུང་འཇུག་གོ་འཕང་མངོན་གྱུར་ལཱ་ལི་ཏ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །གྲུབ་མཆོག་དོན་ཡོད་རྡོ་རྗེ་ཡེ་ཤེས་སྦས། །རླུང་སེམས་དབང་བསྒྱུར་པདྨ་བཛྲ་དང༌། །མདོ་རྒྱུད་མངའ་བདག་མར་མེ་མཛད་པའི་ཞབས། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མཐུ་སྟོབས་དབང་ཕྱུག་རྭ་ལོ་རྡོ་རྗེ་གྲགས། །ཞེས་པའི་མཚམས་དེར་བསླེབས་པ་ན། ཁོང་གིས་མཉམ་མེད་ཇོ་བོ་རྗེས་འཇིགས་བྱེད་བོད་དུ་སྤེལ་བ་རེད་བརྗོད་པའི་ཁུངས་ཏེ་རྙེད་བྱུང་། དེ་ནི་གོང་གི་བླ་བརྒྱུད་ནང་གི་མདོ་རྒྱུད་མངའ་བདག་མར་མེ་མཛད་པའི་ཞབས།། ཞེས་པའི་བླ་མ་དེའི་མཚན་ལ་མར་མེ་མཛད་ཅེས་ཞུ་བའི་རྒྱུ་མཚན་གྱིས། བླ་མ་དེ་བཀའ་གདམས་བསྟན་པའི་མེས་པོ་ཇོ་འབྲོམ་རྔོག་གསུམ་གྱི་ཡ་གྱལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིན་ངེས་རེད་བསམས་འདུག་པ་ད་གཟོད་རྟོགས་བྱུང་།

མར་མེ་མཛད་ནི་རྒྱ་གར་སྐད་ཀྱི་དཱི་བཾ་ཀ་རའི་དོན་སྒྱུར་ཡིན་ཞིང་། རྒྱ་གར་སྐད་དུ་དཱི་བཾ་ཀ་ར་དང་བོད་སྐད་དུ་མར་མེ་མཛད་ཀྱི་མཚན་ལྡན་བླ་མ་ཞིག་ཡིན་ན་དེ་བོད་དུ་ཕེབས་པའི་ཇོ་བོ་རྗེ་ཡིན་དགོས་པའི་ངེས་པ་ག་ལ་ཡོད་དེ་མེད་པ་དང་། དཔེར་ན་བོད་ཀྱི་བླ་མ་མཁས་པ་ཆེན་པོ་མཚན་ལ་བློ་བཟང་གྲགས་པ་ཞུ་བ་ཞིག་ཡིན་ན་ཆོས་ཅན། དེ་རྗེ་ཙོང་ཁ་པ་ཡིན་མི་དགོས་པར་ཐལ། མཆིམས་བློ་བཟང་གྲགས་པ་ཡང་མཚན་དེ་ལྡན་གྱི་བླ་མ་ཡིན་པའི་ཕྱིར། ཞེ་ན་དགེ་བཤེས་མཆོག་གིས་ལན་ཇི་ལྟར་འདེབས། ཡིན་ན་ཡང་རྩོམ་ཡིག་འདི་ནི་དཔྱི་ས་ཡོན་ཏན་མཆོག་ལ་དགག་ཡིག་འབྲི་བའི་ཆེད་དུ་མིན་པར། རྭ་ལོ་ཙ་བའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་སྐུར་ཞུ་སའི་བླ་མ་བྷ་རོ་དང་དྰི་བཾ་ཀ་ར་གཉིས་མི་གཅིག་ཡིན་མིན་དང་། བྷ་རོ་ཕྱག་རྡུམ་མཚན་ཅན་གཉིས་བསྡུར་བ་སོགས་ལས་འཕྲོས་པའི་རྩོམ་ཡིག་ཅིག་འབྲི་འདུན་གྱིས་ཀུན་ནས་བསླངས་པ་ཞིག་ཡིན།

གལ་སྲིད་བོད་བརྒྱུད་ནང་བསྟན་སྤྱི་དང་ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར། དེའི་ནང་ནས་ཀྱང་གསར་འགྱུར་གསང་སྔགས་ཀྱི་རྒྱུད་སྡེ་དག་ལ་ཆ་རྒྱུས་ཅུང་ཟད་ཡོད་པ་ཞིག་ཡིན་ན། ཟབ་ལམ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྩ་བ་དང་དེའི་འགྲེལ་པ། དེ་དག་གཞི་རྩར་བཞག་སྟེ་བོད་ཀྱི་བླ་མས་བརྩམས་པའི་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཡིག་དང་དབང་ཆོག བསྐྱེད་རིམ་དང་རྫོགས་རིམ་གྱི་ཁྲིད་ཡིག ལས་བཞིའི་སྦྱིན་སྲེག གཏོར་སྒྲུབ་སོགས་ལས་ཚོགས་སྣ་མང་སྟེ། རྡོ་རྗེ་འཇིགས་བྱེད་དང་འབྲེལ་བའི་བརྩམས་ཆོས་བརྒྱ་ཕྲག་མང་པོ་ཞིག་མཇལ་དུ་ཡོད་ལ། གནའ་བོའི་དགོན་སྡེ་ཚོའི་དཔེ་མཛོད་ཁང་དང་། དེང་སང་གི་ནང་བསྟན་རིག་མཛོད་འཕྲུལ་དེབ་ཁང་སོགས་བརྒྱུད་ནས། ཁྱེད་ལ་མཁོ་བའི་ཡིག་ཆ་དག་དཀའ་ཚེགས་མེད་པར་རྙེད་ཐུབ།

༢ རྭ་ལོ་ཙཱ་བའི་རྣམ་ཐར་དང་འཇིགས་བྱེད་ཆོས་འབྱུང་། 

དགེ་བཤེས་དཔྱི་ས་ཡོན་ཏན་ཁོང་གིས་གཟིགས་པའི་འཇིགས་བྱེད་ཀྱི་ཆོས་སྐོར་དག་ལས་འཇིགས་བྱེད་ཆོས་འབྱུང་ཁག་ནི་དགེ་ལུགས་པའི་མཁས་པས་བརྩམས་པ་དག་ཡིན་ལས་ཆེ་བས། ང་ཚོས་གཤམ་དུ་དགེ་ལུགས་པའི་འཇིགས་བྱེད་བླ་བརྒྱུད་ཀྱི་ཁུངས་གཏུགས་སའི་མཐུ་སྟོབས་དབང་ཕྱུག་རྭ་ལོ་ཙཱ་བའི་རྣམ་ཐར་ལས་འཕྲོས་ཏེ། ཁོང་གིས་འཇིགས་བྱེད་ཀྱི་ཆོས་སྐོར་ཞུ་སའི་བླ་མ་བྷ་རོ་མཇལ་བའི་སྐོར་ཁོང་གི་རྣམ་ཐར་གྱི་ཁྲོད་དུ་འགྲུལ་བཞུད་ཐེངས་ཤིག་བྱའོ།།

དེ་ཡང་རྭ་ལོ་ཙཱ་བ་ཁོང་བླ་མ་འཚོལ་དུ་བྱོན་པའི་རྒྱུ་མཚན་གང་ཡིན་བསམས་ན། ཁོང་གི་རྣམ་ཐར་ལས། “དེ་ནས་ནུབ་གཅིག་མནལ་ལམ་དུ། བུད་མེད་སྔོ་སངས་ལུས་ཐམས་ཅད་ཏིལ་མར་གྱིས་བྱུག་པ། གཅེར་བུ་རུས་རྒྱན་བཞི་བྱུང་ནས་གླུ་འདི་སྐད་ལེན་ནོ།། ཨེ་མ་སྐལ་ལྡན་རིགས་ཀྱི་བུ།། སྦྱངས་པ་ལས་སོད་བསོད་ནམས་ཅན།། དད་བརྩོན་ཤེས་རབ་ལྡན་པ་ཁྱོད།།འདི་རུ་མ་སྡོད་བལ་བོར་སོང་།། དེ་ནས་ཁྱོད་ཀྱི་བླ་མ་ནི།། མར་མེ་མཛད་དཔལ་ཞེས་བྱ་བཞུགས།། དེ་ལ་ཟབ་མོའི་གདམས་པ་ཞུས།། འགྲོ་དོན་མཛོད་ཅིག་རིགས་ཀྱི་བུ།། ཟེར་ནས་ནམ་མཁའ་ལ་འཕུར་སོང་བ་རྨིས་སོ།།” [2]

“ཡང་ལོ་གཅིག་སོང་བ་ན་ནམ་ཕྱེད་ན་སྔར་གྱི་བུད་མེད་དེ་འཁོར་མང་པོ་དང་བཅས་ཏེ་སྤྱིལ་བུའི་སྒོ་རྩར་མངོན་སུམ་དུ་བྱུང་ནས། ངེད་ཁྱོད་ཀྱི་ཚེ་རབས་མང་པོའི་བསྲུང་མ་ཡིན་ནོ།། སྔར་ལུང་བསྟན་པ་བཞིན་དུ་བལ་ཡུལ་དུ་མྱུར་དུ་སོང་ཞིག། དེ་ན་ སློབ་དཔོན་བྷ་རོ་བྱ་བ་ཡོད་པས་ཁྱོད་ལ་མཆོག་གི་དངོས་གྲུབ་སྟེར་བ་ཡོད་དོ།། ཞེས་ཟེར་ནས། ཅོ་སྒྲ་དིར་གྱི་ཐམས་ཅད་གྱེས་སོང་ངོ་།།” [3]

“དེ་ནས་རྭ་ཆེན་གྱིས་གྲོང་ཁྱེར་དེའི་བྱང་ངོས་ཀྱི་མཐའ་ན་མར་བྱོན་པ་དང་། ཐ་ག་བ་མང་པོ་འདུག་པ་དང་འཕྲད་ནས། དེ་རྣམས་ལ་ཕྱོགས་འདིར་བླ་མ་བྷ་རོ་བྱ་བའི་གྲུབ་ཐོབ་ཆེན་པོ་ཞིག་བཞུགས་ཟེར་བ་དེ་གང་ན་བཞུགས་གསུངས་པས། དེ་རྣམས་ན་རེ། ལུང་པ་འདིའི་ཕུ་ན་ཡེ་རང་[4]ཉི་མ་སྟེང་བྱ་བའི་དགོན་པ་ཅིག་ན་བཞུགས་ཟེར། དེར་ཐམས་ཅད་ལ་འདྲི་བཞིན་བྱོན་པས་དགོན་པ་མཐོང་བའི་ཕ་ཏོ་ཞིག་གི་ཁར་བསླེབས་ཙ་ན། བལ་བོའི་རྣལ་འབྱོར་པ་དང་། བྷ་རི་མ་མང་པོ་བསུ་བར་བྱུང་། དེར་རྭ་ཆེན་གྱི་ཐུགས་ལ། ང་ནི་འདི་ཚོ་ངོ་མི་ཤེས་པ་ལ་བསུ་བ་བྱེད་པ་ཅི་ཡིན་དགོངས་ཏེ། ང་སུ་དང་ནོར་གསུངས་པས། དེ་ཀུན་ན་རེ། སུ་དང་ཡང་མ་ནོར་ལགས། ད་ནང་བླ་མའི་ཞལ་ནས། དེ་རིང་འདིར་བོད་ནས་ལས་ཅན་གྱི་སྐྱེས་བུ་ཞིག་འོང་བར་ཡོད་པས་ཁྱེད་རྣམས་བསུ་བར་སོང་གསུངས་ནས་འོང་པ་ལགས། ད་ཡར་ལ་གཤེགས་པར་ཞུ་ཟེར། དེ་ནས་བྲག་ཟུར་ཅིག་ནས་མར་བྱོན་པ་དང་། བྲག་དཀར་པོ་གླང་པོ་ཆེ་ཉལ་བ་འདྲ་བའི་སྟེང་ནས་སྤང་གཤོངས་བདེ་ལ་ཡངས་པ། མེ་ཏོག་སྣ་ཚོགས་སྐྱེས་པ། ཆུ་བོ་དང་ཆུ་ཕྲན་དུ་མ་འབབ་པ། བྱ་སྐད་སྙན་པར་སྒྲོགས་པ། མཐའ་ནགས་འཐུག་པོས་བསྐོར་བ། དབེན་ཞིང་ཁམས་དྭངས་པ་ཞིག་གི་དབུས་ན་བླ་མའི་གཟིམ་སྤྱིལ་འདུག་པར་སླེབས་ཏེ་བླ་མ་དང་མཇལ།”[5]

གོང་གསལ་ལུང་དོན་དང་མཐུན་པར་མཁས་པ་ཆེན་པོ་འཁོན་སྟོན་གྱི་འཇིགས་བྱེད་ཆོས་འབྱུང་ལས། “དེའི་སློབ་མ་པདྨ་བཛྲ་ནི་རིག་པའི་གནས་ལྔ་མཐའ་དག་ལ་མཁས་པར་སྦྱངས། ཁྱད་པར་དུ་ཡེ་ཤེས་འབྱུང་གནས་སྦས་པ་ལ་གཤིན་རྗེའི་གཤེད་ཀྱི་དབང་རྒྱུད་གདམས་པ་དང་བཅས་པ་གསན། སྒྲུབ་པ་མཛད་པས་ཡི་དམ་གྱི་ཞལ་གཟིགས་ཏེ་དངོས་གྲུབ་བརྙེས་སོ།། དེའི་སློབ་མ་ཇོ་བོ་ཡེ་རངས་པ་ཐུགས་རྗེ་ཆེན་པོ་ལ་མཚན་དྰི་བཾ་ཀ་ར་རཀྴི་ཏ་དང་། བྷ་རོ་ཕྱག་བསྡུམ་པ་ཞེས་པར་ཡང་གྲགས། ཕྱག་བསྡུམ་པའི་རྒྱུ་མཚན་ནི། གཞོན་ནུའི་དུས་རྒྱལ་པོའི་ཁྲིམས་དང་འགལ་བས་ཕྱག་བཅད་དེ་བསྡུམ་པོར་སོང་བ་ཡིན། ཕྱི་རོལ་པའི་གཞུང་ལ་སྦྱངས་ཤིང་མུ་སྟེགས་ཀྱི་ལྷ་རིག་བྱེད་གསང་བར་སྨྲ་བ་ཡིན་པ་ལ། ཨོ་རྒྱན་དུ་ཕྱིན་ནས་སྤྱོད་པ་བརྩམས་པས་སྤྱོད་བྱ་མ་རན་པར་བྱས་པས་སྨྱོན་པར་གྱུར་ཏེ། ཨོ་རྒྱན་ན་བྱིན་རླབས་ཆེ་བ་སློབ་དཔོན་པདྨ་བཛྲ་ལ་བྱིན་རླབས་དང་དབང་བསྐུར་ཞུས་པས་སྨྱོ་བ་བསངས།”

“ནང་པ་སངས་རྒྱས་པའི་ཆོས་ལ་ཡིད་ཆེས་ཏེ་བླ་མ་པདྨ་བཛྲ་ལ་རྡོ་རྗེ་འཇིགས་བྱེད་དང་ཕག་མོ་ཞལ་གཉིས་མའི་སྐོར་སོགས་མང་དུ་གསན། སྒྲུབ་པ་མཛད་པས་དངོས་གྲུབ་བརྙེས། བྷ་མ་བྷ་རོས་རྒྱལ་པོ་སིང་ག་ལའི་ཁྲིམས་དང་འགལ་བ་བྱས་པས་ཆད་པ་གཅོད་དུ་འོང་ཟེར་བ་ལ།  བསམ་གཏན་གྱི་རྟོག་པ་ལ་བརྟེན་ནས་རྒྱལ་པོ་ལ་དབང་སྡུད་མཛད་པས་ཆད་པའི་སྤྲོས་པ་ཞི་ནས། རྒྱལ་པོ་འཁོར་དང་བཅས་པ་གུས་པ་འབུལ་དུ་བྱུང་སྟེ་སྤྱོད་པ་མཐར་ཕྱིན་པར་མཛད་དོ།། ནཱ་རོ་པའི་དངོས་སློབ་མཁས་པ་ཆེན་པོ་པྲ་ཛྙ་རཀྵི་ལས་བདེ་མཆོག་གི་དབང་རྒྱུད་གདམས་པ་དང་བཅས་པ་ལེགས་པར་གསན་ཏོ།། དེ་བས་བལ་ཡུལ་དུ་ཕེབས་ཏེ་སྒྲུབ་པ་མཛད་པས་རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་མངོན་སུམ་དུ་གཟིགས། སྒྲུབ་ཐབས་ཀྱི་བསྟན་བཅོས་རྩོམ་པ་དང་གཞན་དོན་གྱིས་ཤིག་པའི་གསུང་གི་སྣང་བ་ཐོབ་པས། བལ་ཡུལ་གྱི་པཎཌིཏ་ཐམས་ཅད་འདུས་པ་ལ་ནག་འཇིགས་སྐོར་གསུམ་གྱི་རྒྱུད་འགྲེལ་གདམས་པ་དང་བཅས་པ་བཤད་པས་སྙན་པ་ཆེར་རྒྱས་ནས། རྭ་ལོ་ཙྪ་བ་སོགས་བོད་ཀྱི་ལོ་ཙྪ་བ་མང་པོས་ཀྱང་ཞབས་ལ་གཏུགས་ཏེ་བསྟན་བཅོས་ཀྱང་མང་དུ་མཛད། བསྟན་བཅོས་ཀྱི་གྲངས་འོག་ཏུ་རྭ་ལོའི་རྣམ་ཐར་གྱི་སྐབས་སུ་འཆད།   དབུས་གཙང་གི་མཐིལ་དུ་ཡང་ཕེབས་ཏེ། གསུང་ཆོས་མང་དུ་གསུངས་པས། གཞན་དོན་འཕྲིན་ལས་ལྷག་པར་རྒྱས། སླར་བལ་ཡུལ་དུ་བྱོན་ཡུན་རིང་དུ་བཞུགས་ཏེ། གཤིན་རྗེའི་གཤེད་ཀྱི་སྐོར་རྣམས་བལ་ཡུལ་དང་གངས་ཅན་གྱི་ལྗོངས་སུ་ཐམས་ཅད་དུ་རྒྱས་པར་མཛད་དོ།།” [6]

ཡང་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་དུ།  “དེ་ལ་བྷ་རོ་ཕྱག་རྡུམ་དང་། མི་ཙ་ལིང་བ་གཉིས་ཀྱིས་ཞུས། བྷ་རོ་ཕྱག་རྡུམ་ནི། འཁྲུངས་ཡུལ་བལ་བོ། རིགས་བྲམ་ཟེ། དང་པོ་ཕྱི་པ་ཡིན། རྒྱལ་པོའི་ཆད་པ་བྱུང་བས་ཕྱག་གཡོན་རྡུམ་པོ་ཡིན། ཕྱི་རོལ་པའི་གཞུང་ལ་སྦྱངས་ཤིང་རིག་བྱེད་ཀྱི་ལྷ་གསང་བར་སྨྲ་བ་ཡིན་པས། ཨུ་རྒྱན་དུ་ཕྱིན་ནས་སྤྱོད་པ་བརྩམས་ཤིང་། ལྷ་དྲག་པོ་བསྒྲུབས་པས་གོང་མ་ནོན་པར་སྨྱོ་བར་གྱུར་པ། དེ་དུས་ཨུ་རྒྱན་ན་བྱིན་རླབས་ཆེ་བར་གྲགས་པ་སློབ་དཔོན་པདྨ་བཛྲ་ལ་བྱིན་རླབས་དང་དབང་བསྐུར་ཞུས་པས་སྨྱོ་བ་སངས། ནང་པའི་ཆོས་ལ་ཡིད་ཆེས་ཏེ་ནག་པོ་སྐོར་གསུམ་ལ་སོགས་གསན་ཏེ་བསྒྲུབས་པས། དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཟིགས། གྲུབ་པ་བརྙེས། ཁོང་གི་གཡོག་དང་། མཐའ་འཁོབ་ཀྱི་རྒྱལ་པོ་ཅིག་འཁྲུག རྒྱལ་པོ་དེ་དམག་བྱེད་པར་བརྩམས་པས་འཁོར་རྣམས་ཀྱིས་བྲོས་པ་དྲག་ཞུས་པས་མ་གསན་པར། ཏིང་ངེ་འཛིན་ཙམ་གྱིས་དབང་དུ་མཛད་དེ། ཞག་འགའ་ན་རྒྱལ་པོ་དེ་འཁོར་བཅས་འོངས་ཤིང་འབུལ་བ་ཆེན་པོ་བྱས། ཞབས་སྤྱི་བོས་བླངས་ཏེ། བསམ་གཏན་གྱི་རྟོགས་པ་ཐོབ་པའི་རྟགས་སོ།།”[7]ཞེས་པ་འདི་ལས། ཡང་གོང་གསལ་འཇིགས་བྱེད་ཆོས་འབྱུང་དུ་བྷ་རོ་ཕྱག་རྡུམ་དང་མི་ཙ་ལིང་པ་གཉིས་མི་གཅིག་མ་ཡིན་པར་བསྒྲུབས་པ་ནི།  “རྒྱལ་བ་གོང་མའི་གསུང་ལྟར་འདི་ཡམ་བུ་པ་དང་དྰི་བཾ་ཀ་ར་མེ་ཙ་ལིང་པ་ཡིན་པས་མི་གཅིག་ལ། དེས་ན་རྒྱ་སྟོན་གྱི་ཆོས་འབྱུང་ཉོག་རིང་བ་དེ་དང་། འཁོན་སྟོན་གྱི་གསར་རྙིང་བསྲེས་པའི་ཆོས་འབྱུང་གཉིས་ཀར་དེ་གཉིས་གཅིག་ཡིན་རྒྱུ་བ་བྱས་ཤིན་ཏུ་འཁྲུལ་ལོ།། འདི་ལ་པཎ་ཆེན་འཇམ་དབྱངས་ཟེར། རྭ་ལོས་ཀྱང་བྷ་རོའི་སྒྲུབ་ཐབས་རྣམ་གསུམ་ཡོད་གསུངས་པ་ལྟར། ཞལ་གཅིག་ཕྱག་གཉིས། ཞལ་གཅིག་ཕྱག་བཞི། ཞལ་གསུམ་ཕྱག་དྲུག་གི་སྒྲུབ་ཐབས་གསུམ་བྱས་སོ།། མེ་ཙ་ལིང་པའམ་རབ་བྱུང་གི་མཚན་ལ་དྰི་བཾ་ཀ་ར་རཀྵི་ཏ་ཟེར། དེ་ཡང་བལ་བོ་ཡིན། བཞུགས་གནས་མེ་ཙ་ལིང་པ་ཡིན་པས་མེ་ཙ་ལིང་པར་གྲགས། རྟེན་དགེ་སློང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ་མ་པྲཛྙྰ་རཀྵི་ཏ། ཀ་ན་ཀ་ཤྰི་དང་། དྷརྨ་ཨྰ་ཀ་ར་མ་ཏི་དང་། པདྨ་བཛྲ་སོགས་ལ་གསན་ཅིང་སྦྱངས་པས་ཕལ་ཆེར་མཁྱེན།”[8]ཞེས་སོགས་བྱུང་།

གོང་གསལ་མེ་ཙ་ལིང་པ་བལ་ཡུལ་ནས་ཡིན་པ་དེ་དང་། བྷ་རོའི་བཀའ་བཞིན་རྭ་ལོས་རྒྱ་གར་གྱི་གདན་ས་ཆེན་པོ་ན་ལེནྡྲར་མཇལ་ཏེ་དགེ་ཚུལ་དང་དགེ་སློང་གི་བསླབ་སྡོམ་ཞུ་སའི་མཁན་པོ་མན་ཛ་གླིང་པ་གཉིས་ཕལ་ཆེར་མི་གཅིག་ཡིན་པ་འདྲ་ཞིང་། མན་ཛ་གླིང་པས་རྭ་ལོ་ཕྱག་ཕྱིར་ཁྲིད་ནས་བལ་ཡུལ་མན་ཛ་གླིང་དུ་ལོ་དྲུག་དང་ཟླ་བ་དྲུག་གི་བར་དུ་བཞུགས་རིང་། བདེ་མཆོག་རྩ་རྒྱུད་དང་། བཤད་རྒྱུད་འབྱུང་བ་རྣམ་གསུམ། མངོན་རྫོགས་བླ་མ། མཁའ་འགྲོ་མ་ཀུན་སྤྱོད། རྡོ་རྗེ་མཁའ་འགྲོ སཾ་བུ་ཊི། དགྱེས་རྡོར་རྩ་རྒྱུད། བརྟག་གཉིས། བཤད་རྒྱུད་རྡོ་རྗེ་གུར། དཔལ་རྡོ་རྗེ་གདན་བཞིའི་རྩ་རྒྱུད། དེའི་རྒྱུད་ཕྱི་མ། གསང་འདུས་རྩ་རྒྱུད། བཤད་རྒྱུད་རྡོ་རྗེའི་འཕྲེང་བ། དགུངས་པ་ལུང་སྟོན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། ལྷ་མོ་བཞིས་ཞུས། གཤིན་རྗེ་གཤེད་དམར་པོ་ལྷ་ལྔ་དང་བཅུ་གསུམ་མ། སོགས་ཞུས་འདུག་ཀྱང་། དེང་སྐབས་ཡོངས་གྲགས་ཀྱི་འཇིགས་བྱེད་སྐུ་མདོག་མཐིང་ནག་ཅན་རི་བོ་དགེ་ལྡན་པས་ཡི་དམ་དུ་འཛིན་པ་འདིའི་དབང་ལུང་ཁྲིད་གསུམ་ཞུས་མིན་གསལ་ཁ་མི་འདུག

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་འཁྲུངས་ཡུལ་སྔ་མོའི་ཟ་ཧོར་དང་དེང་སང་གི་བྷང་ལ་རྡེ་ཞི་ཡིན་པ་མ་གཏོགས། འཁྲུངས་ཡུལ་བལ་ཡུལ་ཡིན་ལུགས་ཤིག་ཁོང་གི་རྣམ་ཐར་གང་དུ་ཡང་མ་བཤད་པས། དགེ་བཤེས་ཚང་གི་འཁྲུལ་གཞི་ནི་མེ་ཙ་ལིང་པའི་རབ་བྱུང་གི་མཚན་ཟུར་དུ་དྰི་བཾ་ཀ་ར་ཞེས་པ་ཡོད་པ་འདི་ཙམ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། དེ་བཞིན་གལ་སྲིད་ཁོང་གིས་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་ལ་གཟིགས་ཡོད་ན་ཡང་འཁྲུལ་བ་དེ་འདྲ་ཞིག་ཡོང་མི་སྲིད་པའི་ཚོད་དུ་འདུག་ལ། འཇམ་བཞད་ཀྱིས་རྭ་ལོ་ཙྰ་བས་བྷ་རོ་ཕྱག་རྡུམ་དང་དྰི་བཾ་ཀ་ར་རཀྵི་ཏ་གཉིས་ཀ་ལས་འཇིགས་བྱེད་ཀྱི་གདམས་པ་གསན་པར་གསུངས།

༣ བྷ་རོ་ཕྱག་རྡུམ་གཞན་ཞིག་གླེང་བ། 

འདིར་བྷ་རོ་ཕྱག་རྡུམ་ཞེས་པའི་མཚན་ཐོགས་པའི་མི་སྣ་གཞན་ཞིག་སྟེ། གསོ་བ་རིག་པར་ཕྱག་རྗེས་ཆེ་བའི་བལ་བོ་ཐུགས་རྗེ་ཆེན་པོའམ་བལ་བོ་བྷ་རོ་ཕྱག་རྡུམ་ཞེས་པ་ཞིག་ཀྱང་ལོ་རྒྱུས་སྟེང་བྱུང་མྱོང་འདུག་ཅིང་། ནང་བསྟན་རིག་མཛོད་དུ་ཁོང་གི་མཚན་ལ་རིམ་པ་བཞིན། བྷ་རོ་ཕྱག་རྡུམ། ཕྱག་རྡུམ། བལ་པོ་ཐུགས་རྗེ་ཆེན་པོ། བལ་པོ་བྷ་རོ་ཕྱག་རྡུམ། མེ་ལྷ་ཕྱག་རྡུམ། བཱ་རོ་ཕྱག་རྡུམ། ཞེས་པའི་མཚན་གྱི་རྣམ་གྲངས་མི་འདྲ་བ་དྲུག་བཀོད་ཡོད་ཅིང་། དེའི་གཤམ་དུ་ཁོང་གི་གསོ་རིག་བརྩམས་ཆོས་ཁག་སྟེ། མན་ངག་བེ་བུམ་ནག་པོ།  སྨན་དཔྱད་རིན་ཆེན་འདུས་པ་ཨ་ཙ་རའི་མན་ངག འབུམ་ཁུ་ཚུར། ཁུ་ཚུར་འབུམ། བེའུ་བུམ་ནག་པོ། འབུམ་ཁུ་ཚུར། སྙན་བརྒྱུད་བེ་བུམ་ནག་པོ་དང་མན་ངག་རིན་ཆེན་གཏེར་མཛོད་བཅས་ཡོད།

བྷ་རོ་ཕྱག་རྡུམ་མིང་ཅན་གྱི་གསོ་རིག་མཁས་པ་འདིའི་སྐོར་ལ་སྨན་རྩིས་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་འདི་ལྟར་བྲིས་འདུག “བྷ་རོ་ཕྱག་རྡུམ་མམ་སྐྱེས་བུ་མེ་ལྷ་ཞེས་པ་ནི་བོད་ཀྱི་མངའ་རིས་རྒྱལ་་བརྒྱུད་མངའ་བདག་རྩེ་ལྡེའི་སྐབས་ཨོ་རྒྱན་ཡུལ་ནས་བོད་ལ་སྤྱུགས་པའི་སྨན་པ་མཁས་ཅན་ཞིག་ཡིན། སྐྱེས་བུ་མེ་ལྷའི་ཡབ་ནི་སློབ་དཔོན་ཛི་ན་མི་ཏྲ་ཞེས་པ་དེ་ཡིན་ཅིང་། ཨོ་རྒྱན་ཡུལ་དུ་གསོ་རིག་རྒྱ་མཚོའི་ཕ་མཐར་སོན་པས་རྒྱལ་པོའི་བླ་སྨན་མཛད་དུས་བཙུན་མོའི་ནད་བཅོས་པའི་སྐབས་མི་ཚངས་སྤྱོད་ཀྱི་ ཉེས་པ་ཤོར་བར་བརྟེན་རྒྱལ་པོས་གསོད་པར་ཕངས་ཏེ་ཉེས་ཁྲིམས་ལ་ཕྱག་་ བཅད་པས་བྷ་རོ་ཕྱག་རྡུམ་ཞེས་ཟེར། ། བོད་དུ་ཕེབས་རྗེས་སྙན་བརྒྱུད་བེ་བུམ་ནག་པོ་དང་།   ཆུང་དཔྱད་བེ་བུམ་སྔོན་པོ། འབུམ་ཁུ་ཚུར། དྷེ་སྐོར་ཕྱི་ནང་གསང་གསུམ་སོགས་མན་ ངག་གི་ཡིག་སྣ་མང་དུ་མཛད། མཐའ་བཞི་དང་། དགོན་སྟོང་། ཟེའུ་ སྨན་པ་སྟེ་ཐུགས་སྲས་བཞི། ཉང་དང་། གཡའ། འབེ་ལ་སོགས་པ་ཞལ སློབ་དུ་མ་བྱུང་ཞེས་སྡེ་སྲིད་ཁོག་འབུགས་ནང་དུ་གསལ།

འདིར་བསྟན་བྷ་རོ་ཕྱག་རྡུམ་མམ་སྐྱེས་བུ་མེ་ལྷའི་རྣམ་ཐར་ཅུང་ཟད་ཞིབ་པ་སྙན་བརྒྱུད་བེ་བུམ་ནག་པོའི་ལེའུ་དང་པོ་བརྒྱུད་པའི་ལོ་རྒྱུས་ལས། ཨོ་རྒྱན་ཡུལ་དུ་སྐུ་འཁྲུངས་པའི། ། སྤྲུལ་སྐུ་སྐྱེས་བུ་མེ་ལྷ་དེས། ། དྲང་སྲོང་བརྒྱུད་པ་མ་ཆད་པ། ། ཡང་མེས་ཤིནྟ་གརྦྷ་ལགས། ། མེས་པོ་ཨུ་པ་དེ་ཤ་ལགས། །ཡབ་ནི་ཛི་ན་མི་ཏྲ་ལགས། །ལག་རྡུམ་ཞེས་བྱ་བླ་དྭགས་ལགས། །རྒྱུ་མཚན་རྒྱལ་པོའི་བླ་སྨན་བྱས། ། བཙུན་མོ་བཅོས་པ་ཉེས་པ་ཤོར། །རྒྱལ་པོའི་བཀའ་ཡི་ཆད་པ་བྱུང་། །བསད་པར་ཕངས་ནས་ལག་ཚིགས་བཅད། །ལས་ཀྱི་སྟོབས་ཀྱིས་བོད་དུ་སྤྲུགས། །ཡབ་ཅིག་ཛི་ན་མི་ཏྲ་དེས། ། ཐུགས་ཀྱི་པདྨ་ཁ་ཕྱེས་ནས། ། སྙན་བརྒྱུད་གདམས་པ་མ་ལུས་པ། །སྤུ་རངས་མཐོ་ལྡིང་བསྐྱལ་ནས་ནི། །སྲས་ལ་ཚིག་ཅིག་མ་ཆད་པ། །ཡི་གེ་རིས་སུ་མ་བཏབ་པར། ། སྙན་བརྒྱུད་གདམས་པ་གནང་བ་ཡིན། །དྷེ་སྐོར་མ་བུའི་སྨན་དཔྱད་ཀྱང་། ། ཚིག་ལ་ལྷག་ཆད་མེད་པ་རུ། །དོན་དུ་བསྡུས་ནས་བསྟན་པ་ཡིན། །དེ་ནས་རིམ་གྱིས་བརྒྱུད་པ་ལ། །སྤུ་རངས་མྱང་ལ་གནང་བ་ཡིན། །དེ་ནས་སྙེ་མོ་གཞུ་རུ་བྱོན། །ཇོ་བོ་མྱང་སྨན་རིང་མོ་ལ། །དྷེ་སྐོར་མ་བུའི་སྨན་དཔྱད་དང་། ། གྲང་བའི་བཅོས་ཐབས་ཐུར་མའི་སྐོར། །གདམས་པ་མྱང་ལ་གནང་བ་ཡིན། ། དེ་ནས་དབུ་རུ་ཡེར་པར་བྱོན། །དེ་ལ་སློབ་མ་བཞི་ ཡོད་དེ། ། མཐའ་བཞི་དགོན་དང་སྟོང་དང་གསུམ། ། ཟེ་འུ་སྨན་པ་དེ་དང་བཞི། །དེ་ནི་ཐུགས་ཀྱི་སྲས་བཞི་ཡིན། །གཡའ་དང་བྷེ་ལ་སོགས་པ་རྣམས། ། ཞར་ལ་བསླབས་པའི་སློབ་མ་ཡིན། ། སྐར་ཆུང་མཐའ་བཞི་ཤག་གེ་ལ། ། རྨ་རྣམས་སྐོར་གསུམ་བསླབས་པ་ཡིན། ། སྒྲགས་ཀྱི་གྱེར་སྟོན་ཆོས་གྲགས་ལ། ། གྲང་བའི་སྐོར་གསུམ་བསླབས་པ་ལགས། །སྟོད་ལུང་ཟེ་འུ་སྨན་པ་ལ། ། བྲུལ་ ཚེའི་སྐོར་ཚོ་བསླབས་པ་ལགས། །ཡར་ལུང་སྟོང་སྨན་ཤག་ཆུང་ལ། །ཚ་གྲང་རླུང་གསུམ་བསླབས་པ་ལགས། །ཞལ་ནས་གསུངས་པའི་གདམས་པ་ལ། །དྲིས་ལན་སྐོར་ཚོ་ཟེར་བ་ལགས། །ཡི་གེ་མེད་པའི་གདམས་པ་ལ། །ནག་པོ་སྐོར་གསུམ་ཟེར་བ་ལགས། ། ནག་པོ་སྐོར་གསུམ་གདམས་པ་འདི། ། སྟོང་ལ་སློབ་གྲངས་མང་ན་ཡང་། །ཐོར་ཐོར་གནང་བ་འགའ་ཙམ་ལས། །རྒྱས་པར་བྱིན་པ་གཅིག་ཀྱང་མེད། །འཕན་ཡུལ་རྦས་སྨན་རྡོར་རྒྱལ་དང་། །གཙང་སྨན་ཏྲེ་ཡི་ཁ་ལེབ་གཉིས། ། གྲ་ཕྱིའི་བེ་སྨན་བྱང་རྒྱལ་གསུམ། ། ཐུགས་བཏགས་པ་ཡི་བུ་གསུམ་ཡིན། །གྲ་ཕྱ་བེ་སྨན་བྱང་རྒྱལ་གསུམ། །ཐུགས་བཏགས་པ་ཡི་བུ་གསུམ་ཡིན། །གྲ་ཕྱིའི་བེ་སྨན་བྱང་རྒྱལ་དེས། །ཞལ་གདམས་ཡི་གེར་བཀོད་པ་ཡིན། ། བུ་དང་ཚ་ལ་ཕོག་པ་ལགས། །དེ་ནས་སྐྱོགས་སྨན་དག་ལ་གནང་། །དེ་ནས་རིམ་པས་བདག་ལ་གནང་། །སྙན་བརྒྱུད་ཚིག་གཅིག་མ་ཆད་པར། །སྙན་ནས་ སྙན་དུ་བརྒྱུད་པ་ཡིན། །ཞལ་ནས་ཞལ་དུ་བརྒྱུད་པ་ཡིན། །ཐུགས་ནས་ཐུགས་སུ་བརྒྱུད་པ་ཡིན། ། འདི་ལྟ་བུ་ཡི་གདམས་པ་འདི། །འཛམ་བུའི་གླིང་ན་དཀོན་པ་ཡིན། ། དཀོན་མོད་ནམ་མཁའ་མེ་ཏོག་འདྲ། །བྱིན་རླབས་ཁྲི་གདུགས་ཉི་མ་འདྲ། །དཀོན་མོད་རྒྱལ་ཁམས་མི་ལ་དྲིས། །བདེན་རྫུན་ལག་ཏུ་ལོངས་ལ་ལྟོས། ། ། སྦྱོར་བ་རེ་ལ་རྟ་རེ་རི། ། སྤྱིར་ན་ནོར་བུ་རིན་ཆེན་འདྲ། ། དགོས་འདོད་ཐམས་ཅད་འབྱུང་བ་ཡིན། །ཞེས་སྐྱེས་བུ་མེ་ལྷ་བོད་དུ་ཕེབས་ནས་སྨན་དཔྱད་དང་སློབ་མ་བསྐྱངས་ཚུལ་དེ་ལྟར་ཡིན་ཅིང་། བོད་ཀྱི་གསོ་རིག་དར་བྱེད་ལྔ་བཅུ་རྩ་བརྒྱད་བགྲངས་པའི་སྐབས་སུ། སྐྱེས་བུ་མེ་ལྷ་ཞེས་པ་ནི་ནམ་མཁའ་ལྟར་ཁྱབ་པ་གཅིག་ཅེས་པའི་མཚན་གྱིས་གཟེངས་བསྟོད་ཡོད་ལ། སྐྱེས་བུ་མེ་ལྷས་ལག་ལེན་རྒྱས་བཤད་དར། །སྤུ་རངས་ཉང་སྨན་ཐུར་མ་ཚད་མེད་དར། ། སྟོང་སྨན་སྟག་ཆུང་ཚད་པའི་སྒོས་བཅོས་དར།།’’ [9]ཞེས་སོགས་གསལ་ལོ། །

གོང་གསལ་རྣམ་ཐར་ནང་གསལ་བ་ལྟར་ན། སྨན་པ་བྷ་རོ་ཕྱག་རྡུམ་འདི་རྒྱ་གར་ཨོ་རྒྱན་ཡུལ་དུ་འཁྲུངས་ཤིང་། རྗེས་སུ་བོད་དུ་ཡང་ཕེབས་པ་མ་ཟད། གསོ་རིག་བསྟན་པར་ཕྱག་རྗེས་ཀྱང་ཆེན་པོ་ཞིག་བཞག་འདུག་པས། བྷ་རོ་དང་ཕྱག་རྡུམ་གཉིས་ཀའི་མིང་གི་རྣམ་གྲངས་དང་ལྡན་པའི་གོང་གསལ་མི་སྣ་འདི་གཉིས་ལ་འབྲེལ་བ་ཅི་ཡང་མེད་པར་སྣང་ཡང་། སྨན་པ་བྷ་རོ་ཕྱག་རྡུམ་ལ་བལ་བོ་ཐུགས་རྗེ་ཆེན་པོ་ཞེས་པའི་མིང་འདི་ཅི་ལྟར་ཐོགས་པ་ཡིན་པའི་སྐོར་ལ་ཡང་ཞིབ་འཇུག་བྱེད་དགོས་པར་མཐོང་ངོ་།།

༤ ཇོ་བོ་རྗེའི་མཛད་ཆེན་ངོ་མ་དེ་གང་ཡིན་ནམ། 

འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་དུ། དང་པོ་འཇིགས་བྱེད་རྭ་ལུགས། གཉིས་པ་སྐྱོ་ལུགས། གསུམ་པ་ཞང་ལུགས། བཞི་པ་མལ་ལུགས། ལྔ་པ་གཉོས་ལུགས། དྲུག་པ་བཱ་རི་ལུགས། བདུན་པ་ཁྱུང་པོའི་ལུགས། བརྒྱད་པ་མི་ཏྲ་ཛོ་ཀིའི་ལུགས་བཅས་ཀྱི་བླ་བརྒྱུད་བཤད་ཀྱང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འཇིགས་བྱེད་ཀྱི་བླ་བརྒྱུད་དུ་མ་བགྲངས་ཤིང་། ཇོ་བོ་གདན་འདྲེན་པ་པོ་ནག་ཚོ་ལོ་ཙཱ་བས་ཇོ་བོར་བསྟེན་ནས་འཇིགས་བྱེད་དགྲ་ནག་གི་སྐོར་ཡིག་སྒྱུར་མཛད་པ་ཙམ་ཞིག་བྱུང་ངོ་། །

སྤྱིར་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་མཁས་བཙུན་བཟང་དང་འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ་སྟེ་མཁས་ཚུལ་དགུའི་ཕྱོགས་སུ་རྒྱ་གར་པཎ་ཆེན་དག་གི་ཁྲོད་དུ་སྙན་གྲགས་ཆེ་ཞིང་།  བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་མདོ་ཕྱོགས་སོ་སོར་ཐར་པ་འདུལ་བའི་ཀུན་སྤྱོད་དང་ཐེག་ཆེན་བྱང་ཆུབ་སེམས་དཔའི་ཉམས་ལེན་གྱི་བསྟན་པའི་མེ་རོ་གསོ་མཁན་ཞིག་ཏུ་ཡོངས་སུ་གྲགས་པའི་རྣམ་ཐར་ངོ་མཚར་ཆེ་བ་སྨྲོས་མ་དགོས་ཀྱང་། བཀའ་གདམས་ཐིག་ལེ་བཅུ་དྲུག་དང་སྒྲོལ་མ། ཁྲོ་བོ་མི་གཡོ་བ་གསུམ་གྱི་དབང་ལུང་མན་ངག་གི་བརྒྱུད་པའི་བླ་མ་ཞིག་ཡིན་པ་མ་གཏོགས། གསང་སྔགས་ཀྱི་རྒྱུད་སྡེ་གཞན་དག་དང་ཁྱད་པར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ལུང་མན་ངག་གི་ཁུངས་གཏུགས་སའི་བླ་བརྒྱུད་ཡོངས་གྲགས་རྣམས་ཀྱི་ཁྲོད་དུ་མཚན་བྱང་བཅུག་མེད་པ་ཞིག་རེད།

ཇོ་བོ་རྗེ་གསང་སྔགས་ལ་མཁས་པའི་ཚུལ་རྒྱ་གར་ན་གྲགས་ཆེ་ལུགས་དང་། འབྲོམ་སྟོན་པས་ཇོ་བོ་ལ་བོད་དུ་གསང་སྔགས་ཁྱབ་བརྡལ་དུ་སྤེལ་མ་བཅུག་པའི་ཚུལ་ཡང་རྣམ་ཐར་ལོ་རྒྱུས་དག་ལ་གསལ་བོར་འཁོད་ཡོད་ལ། བྱེ་བྲག་རི་བོ་དགེ་ལྡན་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བླ་བརྒྱུད་ཁུངས་གཏུགས་ས་གཙོ་བོ་ནི་མཐུ་སྟོབས་དབང་ཕྱུག་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ནས་བརྒྱུད་པའི་འཇིགས་བྱེད་རྭ་ལུགས་ཡིན་པ་དང་། རྒྱུ་མཚན་དེར་བརྟེན་འཁོན་སྟོན་དང་འཇམ་དབྱངས་བཞད་པ་གཉིས་ཀས་འཇིགས་བྱེད་ཆོས་འབྱུང་རྩོམ་སྐབས། རྭ་ལུགས་འཇིགས་བྱེད་གཙོར་བཏོན་བྱས་པ་དང་། དེང་སྐབས་དགེ་ལྡན་པའི་གྲྭ་ས་ཁག་ཏུ་ཡི་དམ་དུ་གཙོ་བོར་བཟུང་སྟེ་ཚོགས་འདོན་དུ་ཆག་མེད་སྒོམ་སྒྲུབ་བྱེད་བཞིན་པའི་འཇིགས་བྱེད་དེ་ཡང་རྭ་ལུགས་ཁོ་ན་ཡིན་ཞིང་། རྭ་ལུགས་ཀྱི་བླ་བརྒྱུད་ཁྲོད་དུ་བཞུགས་པའི་མར་མེ་མཛད་དཔལ་དེ་ནི་གོང་བརྗོད་ལྟར། རྭ་ལོ་ཙཱ་བའི་བླ་མ་བལ་བོའི་གྲུབ་ཆེན་དཱི་བཾ་ཀ་ར་རཀྵི་ཏ་ཡིན་པ་ལས། འཁྲུངས་ཡུལ་ཟ་ཧོར་ནས་ཡིན་པའི་ཇོ་བོ་རྗེ་དྰི་བཾ་ཀ་ར་མ་ཡིན་པ་གོང་དུ་དྲངས་པའི་ལུང་དེ་དག་གིས་གསལ་བར་བྱས་ཡོད་དོ།།

གལ་སྲིད་ཇོ་བོ་རྗེས་བོད་དུ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ལུང་མན་ངག་གི་རྒྱུན་སྤེལ་ཡོད་ཚེ། ཁོང་གི་སློབ་མ་གྲགས་ཆེན་དག་གི་ཁྲོད་དུ་རྡོ་རྗེ་འཇིགས་བྱེད་ཀྱི་བླ་བརྒྱུད་དུ་བགྲང་ཆོག་པ་རེ་ཡོད་དགོས་ཀྱང་དེ་ནི་ཡོངས་གྲགས་སུ་མི་འདུག ཇོ་བོའི་བོད་ཀྱི་སློབ་མ་གལ་ཆེ་བའི་གྲས་རྗེ་ཙོང་ཁ་པས་བྱང་ཆུབ་ལམ་རིམ་ཆེན་མོར་བགྲངས་པ་རྣམས་ནི།  “མངའ་རིས་ནས་ལོ་ཙྪ་བ་རིན་ཆེན་བཟང་པོ། ནག་ཚོ་ལོ་ཙྪ་བ། ལྷ་བླ་མ་བྱང་ཆུབ་འོད། གཙང་ནས་འགར་དགེ་བ་དང་འགོས་ཁུག་པ་ལྷས་བཙས། ལྷོ་བྲག་ནས་ཆག་པ་ཁྲི་མཆོག་དང་དགེ་བ་སྐྱོང་། ཁམས་ནས་རྣལ་འབྱོར་བ་ཆེན་པོ། དགོན་པ་བ། ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ། དབུས་ནས་ཁུ་རྔོག་འབྲོམ་གསུམ་བྱུང་ངོ་།།”[10]

མཉམ་མེད་ཇོ་བོ་ཆེན་པོ་ལྷ་གཅིག་དྰི་བཾ་ཀ་ར་ནི་བོད་གངས་ཅན་ལྗོངས་སུ་ལྷ་བཞི་ཆོས་གསུམ་སྟེ་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་སྲོལ་འབྱེད་པ་པོ་ཡིན་ཞིང་། བཀའ་གདམས་པའི་ཡོངས་གྲགས་ཀྱི་ལྷ་བཞི་ནི་ཐུབ་དབང་དང་ཐུགས་རྗེ་ཆེན་པོ། སྒྲོལ་མ་དང་ཁྲོ་བོ་མི་གཡོ་བ་བཅས་ཡིན་པ་དང་། ཆོས་གསུམ་ནི་མངོན་པ་འདུལ་བ་མདོ་སྡེ་སྡེ་སྡེ་སྣོད་གསུམ་ཡིན། ཁོང་གིས་མདོ་སྔགས་གཉིས་ཀའི་ཆོས་གསུངས་པ་དང་། གསང་སྔགས་ལ་མཚོན་ན་ཡང་ཕལ་ཆེར་རྒྱུད་སྡེ་བཞི་ཀའི་ཁོངས་གཏོགས་ཀྱི་དབང་སྐུར་རྒྱུད་བཤད་མན་ངག་གནང་ཡོད་ཚོད་དུ་འདུག གསང་སྔགས་བླ་མེད་ཀྱི་རྒྱུད་སྡེ་ལ་མཚོན་ན། ཁོང་གི་སློབ་མ་གཙོ་བོའི་གྲས་སྤྱི་དང་ཁྱད་པར་དུ།  “གསང་བའི་གནས་སུ་ཇོ་བོ་རྗེས་འབྲོམ་རིན་པོ་ཆེ་ལ་རྒྱུད་སྡེ་བཞིའི་མན་ངག་ཡོངས་རྫོགས་གནང་ཞིང་། ཁྱད་པར་ཕ་རྒྱུད་གསང་བ་འདུས་པ་དང་། མ་རྒྱུད་འཁོར་ལོ་སྡོམ་པའི་མན་ངག་མཐའ་དག་དང་། བླ་མེད་སྤྱིའི་མན་ངག་མཐར་ཐུག་པ་གྲུབ་པ་སྡེ་བདུན་དང་། སྙིང་པོ་སྐོར་གསུམ་གྱི་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཡོངས་སུ་རྫོགས་པར་གནང་ངོ་།།”[11]

གོང་གསལ་ལུང་དེའི་ནང་དུ་གསལ་བོར་བསྟན་པ་ཞིག་སྟེ། ཇོ་བོ་རྗེས་འབྲོམ་སྟོན་པར་གསང་འདུས་དང་བདེ་མཆོག་སོགས་བླ་མེད་ཀྱི་དབང་གདམས་ངག་གསུངས་པ་ཧ་ཅང་གསལ་མོད། རྡོ་རྗེ་འཇིགས་བྱེད་ཀྱི་གདམས་པ་གསུངས་ཚུལ་ཞིག་གསལ་བོར་བསྟན་མེད་པ་དང་། གལ་སྲིད་འཇིགས་བྱེད་ཀྱི་དབང་བསྐུར་གདམས་ངག་གསུངས་ཡོད་པའི་དབང་དུ་བྱས་ཀྱང་། བོད་གངས་ཅན་པའི་ལྗོངས་སུ་ཇོ་བོའི་སློབ་མ་གཙོ་བོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་ཁུ་རྔོག་སོགས་ལས་བརྒྱུད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ལུང་མན་ངག་གི་རྒྱུན་ཞིག་འཚོལ་དགོས་ན། བཀའ་གདམས་ཆོས་འབྱུང་ལས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་ཆེས་ཐོག་མར་ཀློག་དགོས་ཤིང་། དེ་ཡང་ཁོང་གི་གསུང་འབུམ་ཁྲོད་དུ། མཚན་བྱང་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་འདི་ཉིད་སློབ་དཔོན་མར་མེ་མཛད་དཔལ་བཟང་པོས་མཛད་པ་བཞུགས་སོ།། ཞེས་དང་། མཛད་བྱང་ལ། སློབ་དཔོན་ཤྲྰི་བྷི་ཛྙྰས་མཛད་པ་རྫོགས་སོ།།[12] ཞེས་དང་ཞིག་དང་། མཚན་བྱང་ལ།  གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། མཛད་བྱང་ལ། རྒྱ་གར་གྱི་མཁན་པོ་མར་མེ་མཛད་པས་མཛད་པའོ།།[13]ཞེས་པ་འདི་གཉིས་ཙམ་ཞིག་མཇལ་རྒྱུ་མེད་ཅིང་། འདི་གཉིས་ཇོ་བོའི་གསུང་འབུམ་ཁྲོད་དུ་ཡོད་པ་ཙམ་ལས། དེའི་དབང་ལུང་མན་ངག་གི་རྒྱུན་བོད་བརྒྱུད་ནང་བསྟན་སྤྱི་དང་ཁྱད་པར་རི་བོ་དགེ་ལྡན་པར་བརྒྱུད་ཚུལ་གྱི་ཚད་ཐུབ་ཡིག་ཆ་ཡིད་ཆེས་འཕེར་བ་ཞིག་ཁོ་བོ་ད་སྔ་ཕན་ཆད་མཇལ་མ་སོང་།

ཇོ་བོ་བཀའ་གདམས་པའི་བསྟན་འཛིན་གྱི་སྐྱེས་བུ་དག་གི་ཁྲོད་དུ་ཡི་དམ་གྱི་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པའི་གང་ཟག་ཀྱང་མང་པོ་ཞིག་བྱུང་ཡོད་ན་ཡང་། ཁོང་ཅག་གི་ཡི་དམ་གཙོ་བོ་དེ་བཀའ་གདམས་བསྟན་པའི་མེས་པོ་ཇོ་བོ་རྗེ་དང་འབྲོམ་སྟོན་པ་སོགས་ལས་བརྒྱུད་པའི་བཀའ་གདམས་ལྷ་བཞིའི་ཁྲོད་ཀྱི་ཁྲོ་བོ་མི་གཡོ་བ་ཡིན་ལུགས་མ་གཏོགས། བླ་མེད་རྒྱུད་སྡེ་ལས་བྱུང་བའི་རྡོ་རྗེ་འཇིགས་བྱེད་མིན་པ་ནི། བཀའ་གདམས་རྣམ་ཐར་སྤྱི་དང་ཁྱད་པར་དུ་ཡོངས་འཛིན་ཡེ་རྒྱམ་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ཞིབ་མཇལ་བྱས་ན་ཧ་ཅང་བདེ་བླགས་སུ་རྟོགས་ཐུབ་བོ།།

༥ མཇུག་བསྡུ་བ། 

མཐའ་སྡོམ་དགེ་བཤེས་དཔྱི་ས་ཡོན་ཏན་ཁོང་གི་འཁྲུལ་གཞི་གཙོ་བོ་ཞིག་ནི། རྭ་ལོའི་བླ་མ་དྰྀ་བཾ་ཀ་ར་རཀྵི་ཏ་དང་ཇོ་བོ་རྗེའི་མཚན་དཱི་བཾ་ཀ་ར་གཉིས་འདྲ་སེ་ཞིག་ཡོད་པ་དང་། དྰི་བཾ་ཀ་ར་བོད་སྐད་དུ་བསྒྱུར་ན་མར་མེ་མཛད་ཅེས་པ་ཞིག་ཡིན་པས། རི་བོ་དགེ་ལུགས་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བླ་བརྒྱུད་ཁྲོད་ཀྱི་མར་མེ་མཛད་ཅེས་པའི་མཚན་ཅན་གྱི་བླ་མ་དེ་ཐད་ཀར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིན་ངེས་རེད་བསམས་པ་ཁོ་ན་ཡིན་པ་ཙམ་ལས། ཁོང་ལ་ཇོ་བོ་རྗེས་བོད་ཀྱི་ཡུལ་དུ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་བརྒྱུད་སྤྱི་དང་ཁྱད་པར་དུ་རྗེ་ཙོང་པས་ཡི་དམ་གྱི་མཐིལ་དུ་མཛད་པའི་འཇིགས་བྱེད་དཔའ་གཅིག་དང་ལྷ་བཅུ་མའི་དབང་ལུང་ཁྲིད་གསུམ་དར་སྤེལ་མཛད་པའི་ལུང་དང་རིགས་པ། ལོ་རྒྱུས་དང་དཔྱད་གཞིའི་ཡིག་རིགས་སོགས་ཁུངས་འཕེར་ངེས་ཅན་དེ་ཙམ་ཡོད་ཀྱི་མ་རེད་སྙམ་མོ།།

ཡང་གཅིག་བཤད་ན། དེ་རིང་ཁོ་བོའི་གྲོགས་པོ་ལྷ་ས་བ་རྒན་བསྟན་འཛིན་དགེ་ལེགས་ལགས་ཀྱིས་རྭ་ལོ་ཙཱ་བའི་དངོས་སློབ་པཎ་ཆེན་འུ་ཡུག་པས་མཛད་པའི་རྭ་ལོ་ཙཱ་བའི་རྣམ་ཐར་<<རྭ་ལོའི་རྣམ་ཐར་དད་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་བ་བཞུགས་སོ།།>>  རྭ་ལོའི་དངོས་སློབ་འུ་ཡུག་པ་བན་ཤེས་ཆོས་སྐྱོང་གིས་མཛད་པ། ཞེས་པ་ཞིག་བསྐུར་འབྱོར་བྱུང་བའི་ནང་དུ། རྭ་ལོ་ཙཱ་བའི་སྐུ་གཟུགས་ཐུང་ཞིང་ཡིད་དུ་འགྲོ་བ་ཞིག་མེད་པས། ཁོང་གི་ཆུང་མ་དགེ་མས་ཁོང་མ་འདོད་པར། སློབ་དཔོན་དཀོན་རྡོར་གྱི་ཁང་པ་ན།། སྦལ་བ་གཅིག་དང་རྨ་བྱ་གཅིག །སོགས་ཀྱི་གླུ་བླངས་ནས་ཕྱིར་ཕ་ཁྱིམ་དུ་བྲོས་པས། རྭ་ལོས་འཕྲང་གཅིག་ཏུ་བསྒུགས་ནས་བཟུང་སྟེ་མོའི་སྣ་རྩ་བ་ནས་བྲེགས་ལུགས་དང་། རྭ་ལོས་མཐུ་དང་པོ་སློབ་ས་བལ་བོའི་མུ་སྟེགས་པ་ཞིག་ཡིན་ལུགས། བླ་མ་བྷ་རོ་མཇལ་དོན་དང་པོ་དེ་ནི་མུ་སྟེགས་པ་དེའི་མཐུ་ནུས་ཕྱིར་ཟློག་གི་ཆེད་དུ་ཡིན་ལུགས། བྷ་རོའི་ལམ་སྟོན་བཞིན་བལ་བོ་ཐུགས་རྗེ་ཆེན་པོར་ན་ལེནྡྲ་ནས་མཇལ་ལུགས། བླ་མ་དེར་དབང་གདམས་ངག་མང་པོ་དང་ཁྱད་པར་གཤིན་རྗེ་ནག་པོའི་རྒྱུད་དང་དབང་ལུང་གསན་ལུགས་སོགས། རྭ་ཡེ་ཤེས་སེང་གེའི་རྭ་ལོ་ཙཱ་བའི་རྣམ་ཐར་དང་། འཁོན་སྟོན་དང་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་སོགས་དང་མཐུན་མི་མཐུན་གང་འཚམ་རེ་ཡོད་པ་ཞིག་ལག་སོན་བྱུང་བ་དང་། རྣམ་ཐར་འདི་ནི་ལྷ་སའི་དཔེ་མཛོད་ག་གེ་མོ་ཞིག་གི་ནང་དུ་ཡོད་པའི་ཡིག་རྙིང་འབྲུ་ཚ་མ་ཞིག་གློག་ཀླད་དུ་གཏགས་ཏེ་པར་པའི་དེབ་གཟུགས་ཤོག་ལྷེ་བཅུ་གཉིས་བཞུགས་པ་ཞིག་འདུག་ཅིང་། རྒན་བསྟན་འཛིན་དགེ་ལགས་ཀྱིས། རྣམ་ཐར་འདི་དང་ལོ་ཤས་སྔོན་མདོ་སྨད་རེབ་གོང་གི་ཁྱིམ་ཚང་ཞིག་ནས་རྭ་ལོའི་རྣམ་ཐར་ཞིག་རྙེད་པ་གཉིས་ཀའི་ཚིག་དོན་གཅིག་མཚུངས་ཡིན་ལུགས་ཀྱང་གསུངས་སོང་།

དཔྱད་གཞིའི་ཡིག་ཆ། 

[1] Weixin Official Accounts Platform (qq.com)

[2] མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྭ་ལོ་ཙྰ་བའི་རྣམ་པར་ཐར་པ་ཀུན་ཁྱབ་སྙན་པའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།། རྭ་ཡེ་ཤེས་སེང་གེ ལག་བྲིས་མ། ཤོག་ངོས། 11-12

[3] གོང་གསལ་དེབ། ཤོག་ངོས། 12

[4] This feels illegal to do in Nepal, Lalitpur 🇳🇵 – YouTube དྲ་ཐག་འདི་བརྒྱུད་ནས་གྲོང་ཁྱེར་ཡེ་རང་གི་ཆ་ཤས་ཤིག་མཐོང་ཐུབ། ཡེ་རང་ལ་དེང་སང་ལ་ལི་པུར་Lalitpur དུ་འབོད་ཅིང་བལ་ཡུལ་རྒྱལ་སའི་ལྷོ་ངོས་སུ་ཐག་ཧ་ཅང་ཉེ་བའི་སར་ཡོད།

[5] གོང་གསལ་དེབ། ཤོག་ངོས། 14-15

[6] འཇིགས་བྱེད་ཆོས་འབྱུང་ཡིད་བཞིན་གྱི་ནོར་བུའི་འཕྲེང་བ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། 2016  ཤོག་ངོས། 47-50

[7] དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་འབྱུང་ཁམས་གསུམ་ལས་རྣམ་པར་རྒྱལ་བ་དངོས་གྲུབ་ཀྱི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།  འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས། བླ་བྲང་དཔར་མའི་དཔེ་ཆ་སྣ་རིང་། ཤོག་ངོས་ 69  སྲིབ། ནས། ཤོག་ངོས་ 70 ཉིན་ངོས།

[8] གོང་གསལ། ཤོག་ངོས་ ༧༠ ཉིན་ངོས།

[9] གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། བྱམས་པ་འཕྲིན་ལས།  མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ 2000 ཤོག་ངོས་ 123-124

[10] བྱང་ཆུབ་ལམ་རིམ་ཆེན་མོ་བཞུགས་སོ།། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། མཚོ་སྔོན་པར་མ་རྒྱ་གར་ཝྰ་ཎ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང་ནས་སྐྱར་དཔར་བྱས་པ། སྤྱི་ལོ་ 1993 ཤོག་ངོས་11

[11] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། སྤྱི་ལོ1990  ཤོག་ངོས། 197

[12] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་ 2006 ཤོག་ངོས། 906 ནས 909

[13] གོང་གསལ་པར་མའི་ཤོག་ངོས། 963

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།