ནང་དོན་གནད་བསྡུས། བོན་གྱི་ལོ་རྒྱུས་དང་ངག་རྒྱུན་འབྲེལ་བའི་ངང་ནས་རྟ་དྭང་གི་ལོ་རྒྱུས་དང་ཞང་ཞུང་རྒྱལ་པོའི་གནའ་ཤུལ་དང་། སྐྱིད་གསུམ་བླ་བྲང་གི་སྐོར་སོགས་འདི་གར་རང་གིས་མྱོང་ཐོས་ཙམ་ཞིག་གླེང་ཡོད།
བརྡ་ཆད་གཙོ་བོ། ཞང་ཞུང་གི་གནའ་ཤུལ། རྟ་སྒོ། དྭང་ར། གུ་རུབ། སྐྱིད་གསུམ་བླ་བྲང་། བླ་བྲག བླ་མཚོ།
གླེང་གཞི།
དེ་ཡང་འཛམ་བུ་གླིང་གི་ལྟེ་བ་གནའ་བོའི་ཡ་གླིང་མཐོ་སྒང་དུ་སྟོབས་འབྱོར་མངའ་ཐང་རྒྱས་མྱོང་བའི་གནའ་བོའི་ཞང་ཞུང་རྒྱལ་ཁབ་ཀྱི་མངའ་ཁོངས་ཏེ། ཞང་ཞུང་སྒོ་ཕུགས་བར་གསུམ་ལའང་གསུམ་གསུམ་མོ། །[1] དེ་གང་ཞེ་ནའང་། ཞང་ཞུང་གཡས་སྒོ་དང་གཡོན་སྒོ་དབུས་སྒོ་གསུམ་དུ་ཡོད་པ་ལ། དེ་ཡང་གཡས་ནི་སྟག་རི་ཁྲ་བོ་སྨན་གྱི་རི་དང་། བར་ལ་མོ་གངས་ར་ཕྱི་ཡི་རི་དང་། སྒོ་མཁའ་འགྲོ་འདུས་གླིང་ཙ་ཡི་རི་དང་གསུམ་མོ། དེ་ལྟར་དུའང་གཡོན་སྒོ་ཕུགས་ཏི་སེ་དང་མ་པང་གཡུ་མཚོ། བར་རྟ་རྒོ་དང་དང་ར་གཡུ་མཚོ། སྒོ་ཐང་ལྷ་དང་གནམ་མཚོ་ཕྱུག་མོ་དང་གསུམ་མོ། དེ་ལྟར་དུའང་དབུས་སྒོ་ནི་ཕུགས་ཁྱུང་ཆེན་སྤུངས་རི་དང་ཁྱུང་ལུང་དངུལ་མཁར། བར་ལྷ་རི་གྱང་ཏོ་དང་རྒྱལ་མཁར་འཕན་གླིང་། སྒོ་ཤེ་ལེ་རྒྱ་སྐར་དང་ཁྱུང་པོ་གཏིང་རྫོང་སོགས་གསུམ་མོ། །ཞེས་པའི་ནང་གི་གཡོན་སྒོའི་བར་བ་རྟ་སྒོ་དང་དྭང་ར་གཡུ་མཚོའི་ཁྱབ་ཁོངས་སུ་འགྱུར་བའི་ས་ཁུལ་ལ་ཞང་ཞུང་སྒོ་མོ་བར་པའི་མངའ་སྡེར་གྲགས་ལ། འབེལ་གཏམ་ལུང་གི་སྙིང་པོ་ལས། ཞང་ཞུང་སྒོ་པ་འདི་ལ་ཡང་སྒོ་ཕུགས་བར་གསུམ་དུ་ཡོད་དེ། ཕུགས་པ་ཁྱུང་ལུང་གི་སྐོར་དང་།བར་བ་དྭང་ར་སྟ་སྒོའི་སྐོར། ཕྱི་མ་གྱིམ་ཤོད་ཤེ་ལེ་རྫོང་དྲུག་གི་སྐོར་ཞེས་འབོད་སྲོལ་ཡོད།[2]ཅེས་པའི་ནང་གི་བར་བ་རྟ་སྒོ་དང་དྭང་ར་ཞེས་ཞང་ཞུང་སྒོ་པའི་བར་བ་རུ་གཏོགས་པ་ལུང་ཚིག་དུ་མ་ལས་གསལ་བ་དེ་རྣམས་ཀྱིས་སྒྲུབ་བྱེད་ནུས་ལ། ངག་རྒྱུན་ནས་བཤད་པའི་ལོ་རྒྱུས་དང་དགོངས་པ་གཅིག་ཏུ་བབས་པ་ཡིན་ནོ། ། ཐེངས་འདིའི་གླེང་བྱ་ལ་ཡང་ཞང་ཞུང་སྒོ་མོ་བར་བ་ཡི་བླ་རི་རྟ་སྒོ་དང་བླ་མཚོ་དྭང་ར་གཡུ་མཚོའི་ལོ་རྒྱུས་དང་དེའི་ཉེ་འཁོར་དུ་ཆགས་པའི་ཞང་ཞུང་གི་རྒྱལ་རབས་ཀྱི་གནའ་ཤུལ། དྭང་ར་སྐྱིད་གསུམ་བླ་བྲང་སོགས་ནས་ས་བཅད་རྣམ་པ་གསུམ་གྱི་འཆད་པ་ལ། རྟ་སྒོ་དྭང་རའི་ལོ་རྒྱུས་དང་ཞང་ཞུང་གི་གནའ་ཤུལ་སྐོར་ནས་གླེང་བ། སྐྱིད་གསུམ་བླ་བྲང་དང་འབྲེལ་བའི་ལོ་རྒྱུས་གླེང་བ། མཐར་མཇུག་བསྡུ་བ་དང་གསུམ་མོ།
དང་པོ། རྟ་སྒོ་དྭང་རའི་ལོ་རྒྱུས་དང་ཞང་ཞུང་གི་གནའ་ཤུལ་གྱི་སྐོར་ནས་གླེང་བ།
རྟ་སྒོ་དྭང་རའི་ལོ་རྒྱུས་དང་ཞང་ཞུང་རྒྱལ་ཁབ་སྐབས་ཀྱི་གནའ་ཤུལ་གླེང་བ་ལ། ཞང་ཞུང་སྒོ་མོའི་བར་བའི་གནས་མཆོག་རྟ་སྒོ་དང་དྭང་ར་གཡུ་མཚོ་ནི། སྣོད་བཅུད་འཇིག་རྟེན་ཀུན་འབྱུང་ལྔའི་ཀློང་ནས་བྱུང་བ་ལྟར། དེ་གཉིས་ཀྱང་རྒྱུ་འབྱུང་བ་ལྔ་ལས་བརྟེན་ནས་གྲུབ་པ་ཞིག་ཡིན་ལ། དེ་ཡང་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་ལས། རྒྱུ་ལྔའི་བཅུད་ལས་སྒོང་གཉིས་སྲིད་[3]ཅེས་དང་། མེ་རི་གྱད་ཕུར་གྱི་མཚན་བསང་ལས། ཤེལ་སྒོང་ཕྱི་ཡི་ཤུན་པ་ལ། བླ་རི་གངས་དཀར་ཏི་སེ་སྲིད། ཤེལ་སྒོང་ནང་གི་སྒོང་ཆུ་ལ། བླ་མཚོ་མ་པང་གཡུ་མཚོ་སྲིད་[4]ཅེས་ལུང་དྲངས་པ་ལྟར།འབྱུང་བ་ལྔའི་བཅུད་ལས་འོད་སྒོང་དང་མུན་སྒོང་གཉིས་སུ་བྱུང་སྟེ། འོད་སྒོང་ལས་ཞང་བོད་ཀྱི་བླ་རི་དང་བླ་བྲག་བླ་མཚོ་དེ་རྣམས་འབྱུང་བའི་བཅུད་ལས་བྱུང་བ་ཡིན་པ་ལུང་དེས་དངོས་ཤུཊ་གཉིས་ལས་གསལ་ལ། དོན་དུ་བོན་གྱི་བླ་རི་བླ་མཚོ་དེ་རྣམས་འོད་སྒོང་ལས་བྱུང་བར་གྲགས་ཏེ། མེ་རི་གྱད་ཕུར་མཚན་ལས། ཤེལ་སྒོང་བརྡོལ་པའི་སྙིང་པོ་ལས། སྐུ་ལྷ་དབལ་ཆེན་གེ་ཁོད་སྲིད། ཤེལ་སྒོང་བར་གྱི་གདར་ཤ་ལས། ལྕམ་མོ་མུ་ཏིང་ཙ་མེད་སྲིད། ཤེལ་སྒོང་དཔྲི་ཡི་སྙིགས་མ་ལས། ཁོལ་མོ་མ་མོ་སྟག་རི་རོངས། མ་མོ་མཁའ་འགྲོ་ཐམས་ཅད་སྲིད། བླ་རི་བླ་མཚོ་གེ་ཁོད་གསུམ། སྲིད་མོ་ལྕམ་མོ་ཁོལ་མོ་ལྔ། སྤྱི་མཐུན་ལས་ཀྱིས་གྲུབ་པ་ཡིན་[5]ཞེས་གསུངས་པ་ལྟར། ཤེལ་སྒོང་ལས་རྟ་སྒོ་དང་དྭང་ར་གཡུ་མཚོ་གཉིས་ཡང་བྱུང་བར་གྲགས་སོ། །
དེ་གཉིས་བོན་གྱི་བསྟན་པའི་བླ་བྲག་དང་བླ་མཚོ་ཡིན་ཚུལ་ཡང་། མེ་རི་དཔལ་བོ་གྱད་ཕུར་གྱི་སྐོང་བ་ལས།[6] ཞང་ཞུང་ཡུལ་ལྗོངས་དབང་རི་ན། ལྷ་ཆེན་ཀུན་ཐོག་རིང་ནམ་དང་། ཤེད་ཟ་འཕྲུལ་ཆེན་བཤོས་པའི་སྲས། འཇིག་རྟེན་ལས་ཀྱི་གེ་ཁོད་ནི། སུམ་བརྒྱ་དྲུག་ཅུ་རབ་བལྟམས་པ། གཡའ་རི་གངས་ལ་བརྟེན་ཞིང་གནས། ལས་སུ་རྒྱལ་འགོང་དམ་སྲིའི་གཤེད། ཕ་དང་བོན་གྱི་ལྷ་དང་གསས། དེ་རྣམས་ནང་ནས་སྤྲུལ་པའི་གཙོ། བླ་རི་གངས་དཀར་ཏི་སེ་ལ། གསེར་གྱི་མེ་དཔུང་སེར་པོ་འབར། བླ་མཚོ་དྭང་ར་མ་པང་ལ། གཡུ་ཡི་དུད་པ་སྔོན་པོ་འཐུལ། བླ་བྲག་སྟ་སྒོ་[རྟ་སྒོའི་འབྲི་སྟངས་གཞན་ཞིག]བྲག་ཆེན་ལ། གསེར་གྱི་ཚ་ཚ་འཁྲུགས་ཅིང་འཕྲོ། རི་བྲག་མཚོ་ལ་སྤྲུལ་པའི་གསས། ཞེས་པའི་རྟ་སྒོ་དང་དྭང་ར་གཡུ་མཚོ་ནི། ཞང་ཞུང་གི་ཡུལ་ལྗོངས་སུ་ལྷ་ཆེན་ཀུན་ཐོག་རིང་ནམ་དང་། ཤེད་ཟ་འཕྲུལ་ཆེན་བཤོས་པའི་སྲས། འཇིག་རྟེན་གེ་ཁོད་སུམ་བརྒྱ་དྲུག་ཅུ་བལྟམས་པ་ལས། དེ་རྣམས་ཀྱི་ནང་ནས་སྤྲུལ་པའི་གཙོ་བོ་བླ་རི་དང་བླ་བྲག། བླ་མཚོ་བྱིན་གྱིས་བརླབས་པ་ལས། རྟ་སྒོ་དང་དྭང་ར་གཡུ་མཚོ་ནི། གེ་ཁོད་ཀྱི་བླ་བྲག་དང་བླ་མཚོ་རུ་རི་མཚོ་གཉིས་སུ་གནས་བཅས་པ་ལུང་དེས་དངོས་སུ་བསྟན་པ་ལ། གཞན་ཡང་རྟ་དྭང་སྐུ་བསྟོད་འཕྲིན་བཅོལ་ལས།[7] བསྭོ་སྔོན་ཚེ་བསྐལ་པ་ཆགས་པའི་དང་པོ་ལ། ཡེ་ཤེས་ལྷ་མཆོག་ཐབས་ཆེེན་རྫུ་འཕྲུལ་ལས། སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲི་སྲིད།དབྱིངས་ཀྱི་ཡུམ་ཆེན་ཤེས་རབ་རོལ་གར་ལས། ཤེས་རབ་ཡུམ་ཆེན་ཆུ་ལྕམ་རྒྱལ་མོ་སྲིད། དེ་གཉིས་ཐབས་ཤེས་རོལ་པའི་འཕྲོ་འདུ་ལས། སྲིད་པ་ཕོ་ཁྲི་མོ་འབུམ་ནང་བཅུད་སྲིད། དེ་ནང་དཀར་ཕྱོགས་འཆང་བ་ཐམས་ཅད་ལས། མགོན་དུ་ཨ་མ་སྤྲུལ་པའི་འོད་ཟེར་ལས། སངས་པོའི་ཐུགས་སྤྲུལ་ལྷ་རྒོད་ཐོག་པ་དང་། ཡུམ་གྱི་ཐུགས་སྤྲུལ་གནམ་ཕྱི་གུང་རྒྱལ་སྲིད། དེ་རྣམས་འཛམ་གླིང་གདུལ་དཀའ་འདུལ་བའི་ཕྱིར། ཡེ་ཤེས་ལྷ་མཆོག་ཐུཊ་རྗེའི་འོད་ཟེར་ལས། བོན་གྱི་བླ་རི་གངས་དཀར་ཏི་སེ་སྲིད།ལྷ་རྒོད་གསུང་གི་རྫུ་འཕྲུལ་འོད་ཟེར་ལས། བོན་གྱི་བླ་བྲག་གངས་གཉན་རྟ་སྒོ་སྲིད། གནམ་ཕྱི་གུང་རྒྱལ་ཞལ་ཆབ་ཐིག་པ་ལས། བོན་གྱི་བླ་མཚོ་དྭང་ར་མ་པང་སྲིད།ཅེས་གསུངས་པས། གངས་ཅན་ལྗོངས་འདིར་སྲིད་པ་དང་པོ་ནམ་མཁའི་ལྷས་བཟུངས་ཏེ། ཐུགས་ཀར་གེ་ཁོད་གཙང་མའི་ལྷ་རིཊ་རྣམས། གཡའ་རི་གངས་དཀར་རྩེ་ལ་གནས་བཅས་ཤིང་། སྨྲ་དང་མི་ཡི་མགོན་བྱེད་བོན་བསྟན་སྲུང་། དེ་དུས་སྨྲ་དང་མི་གཉིས་གཅིག་ཏུ་གནས། ཡུལ་མིང་སྨྲ་འམ་ལྷ་ཡུལ་གུང་ཐང་ཞེས། ལུང་དུ་བསྟན་པ་ལྟར་དུ་གེ་ཁོད་ཀྱི་ལྷས་མངའ་མཛད་སྐབས་སུ་བོན་གྱི་བླ་བྲག་གངས་གཉན་རྟ་སྒོ་དང་བླ་མཚོ་དྭང་ར་གཡུ་མཚོ་དེ་གཉིས་བྱུང་[8]བར་གྲགས་ལ། ཞང་བོད་ཀྱི་ཡུལ་གྱི་མིང་ལ་སྨྲ་འམ་ལྷ་ཡུལ་གུང་ཐང་འབོད་པར་གྲགས་སོ། ། གོང་དེ་ནི་རྟ་སྒོ་དང་དྭང་ར་གཡུ་མཚོ་བོན་གྱི་བླ་བྲག་དང་བླ་མཚོ་ཡིན་པ་ལུང་ལས་གྲུབ་ཚུལ་དང་དེ་གཉིས་ཀྱི་བྱུང་ཁུངས་ཀྱི་ལོ་རྒྱུས་གླེང་བ་དེ་ཡིན་ནོ། །
རྟ་སྒོ་དང་དྭང་རའི་གནས་མཆོག་དེ་གཉིས་ཀྱི་རྣམ་པ་དང་ཞང་ཞུང་གི་གནའ་ཤུལ་སྐོར་ནི། གནས་དེ་ཉིད་ཞང་ཞུང་བོན་གྱི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་བྱོན་པའི་ནང་ཚན་ཤེལ་རྒྱུང་ཧྲི་དོ་རྒྱལ་པོ་ཛོ་དམར་འོད་ཀྱི་བྱ་རུ་ཅན་དང་། ལིག་མུར་ནམ་མཁའི་རྒྱལ་པོ་བཻཌཱུརྱ་འོད་ཀྱི་བྱ་རུ་ཅན་གཉིས་ཀྱི་གདན་ས། བདག་ཅག་སྟོན་པ་གཤེན་རབ་མི་བོ་ཆེ་ཞབས་བཅགས་ཤིང་བྱིན་གྱིས་བརླབས་པས་གནས་མཆོག་ཁྱད་པར་ཅན་ཞིག་ཡིན་ལ། དེ་ཡང་ལྷ་ཆེན་རྟ་སྒོའི་མཆོད་བསྐང་ལས།[9] ཀྱཻ། མཛེས་པའི་གངས་རི་དཀར་པོ་འདི། བརྗིད་ལྡན་རི་རྒྱལ་ལྷུན་པོ་འདྲ། རྩེ་མོ་ནམ་མཁའི་དབྱིངས་སུ་རེག། སྤྲིན་དཀར་དར་གྱིས་གདུཊ་ཕུབ་ནས། དབུ་ལ་ན་བུན་འགྱིང་ཐོད་བཅིངས། ཉི་ཟླའི་འོད་ཟེར་ཐ་ལ་ལ། རྩ་བའི་ཆུ་གཏེར་ཆེ་ལ་ཟུག ས་གཞི་པད་མ་རྒྱས་འདྲའི་སྟེང་། སྣ་ལྔའི་མཛེས་པའི་ཆ་ག་ཅན། རྩི་ཐོག་སྣ་ཚོགས་བསམ་ལས་འདས། རི་དྭགས་སྤུན་དགུ་རྩེ་བྲོ་རྡུང་། བྱ་སྐད་མང་པོ་ཀྱུ་རུ་རུ། འབྲོང་གི་སྨན་དབྱངས་རྒྱུན་དུ་འཁོར། སྐེད་པ་བྲག་རི་རྔམ་པ་བརྗིད། ཐང་དཀར་གཤོག་རྒྱང་ཁོར་རོ་རོ། སྨན་ཁྱུག་ནེའུ་སིང་སྐྱེད་མོ་ཚལ། ལྗོན་ཤིང་གར་སྟབས་ཤིགས་སེ་ཤིག གཅན་གཟན་སྤུན་དགུ་འཛུམ་ཞིང་རྒྱུག ཕྱི་ལྟར་རྟ་སྒོའི་གངས་རི་ལ། ཞེས་གསུངས་ལྟར་དུ་རྟ་སྒོའི་གངས་རི་ཕྱིའི་ཡུལ་ལྗོངས་ངོ་མཚར་ལྟ་ན་སྟུག་པོའི་རྩི་ཤིང་དང་རི་དྭཊ་ལ་སོགས་ཀྱི་རྒྱན་ཞིང་ཕུལ་དུ་བྱུང་བའི་རྣམ་པ་བསྟན་ལ། ནང་ལྟར་ན་ཡི་དམ་མགོན་པོ་རྣམ་གསུམ་གྱི་ཕོ་བྲང་བརྗིད་ཞིང་མཉམ་པ། གསང་བ་ལྟར་ན་མ་སྲིང་མཁའ་འགྲོའི་ཚོགས་ཞིང་རྒྱ་ཆེ་ལ་གཏིང་ཟབ་པ། སྟོང་གསུམ་གྱི་གཏོས་དང་མཉམ་པ་ཡང་། ལྷ་ཆེན་རྟ་སྒོའི་མཆོད་བསྐང་ལས། ནང་ལྟར་རིན་ཆེན་གཞལ་ཡས་ཁང་། བལྟས་ན་སྡུག་པའི་ཕོ་བྲང་ཡིན། ལོངས་སྤྱོད་འདོད་དགུ་ཕུན་སུམ་ཚོཊ། ཟག་བཟས་བཏུངས་ལ་ཁྱད་པར་འཕགས་ཞེས་གསལ་བས་སྒྲུབ་ལ། རྟ་དྭང་སྐུ་བསྟོད་ཕྲིན་བཅོལ་ལས། བླ་བྲག་གངས་གཉན་རྟ་སྒོའི་རྩེ་མོ་ན། རྫོགས་པའི་སངས་རྒྱས་རྣམ་པར་རྒྱལ་བ་ལ། རྒྱན་དྲུག་དཔལ་བཞི་རྫོགས་པའི་ལྷ་ཚོགས་དང་། བདེར་གཤེགས་གཙོ་བཞི་བདེར་གཤེགས་སྟོང་རྩ་བཞུགས།[10] ཞེས་གསུངས་པས། གནས་དེ་ཉིད་ཀྱི་བྱིན་རླབས་ཡོན་ཏན་ཕྱི་ནང་གསུམ་གྱི་རྣམ་པའི་ངང་ནས་གནས་ཡོད་པ་བསྟན་ལ།བདག་ཅག་གི་སྟོན་པ་གཤེན་རབ་མི་བོས་ཞབས་བཅགས་ནས་བྱིན་གྱིས་བརླབས་པའི་སྐབས་སུ། རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་སྤྱན་སྔར་རྟ་སྒོ་དགེ་རྒན་གྱིས་དགེ་བསྙེན་གྱི་སྡོམ་པ་བླངས་པར་གྲགས་ཏེ། ལུང་ལས། རྟ་སྒོ་དགེ་རྒན་དགེ་བསྙེན་སྡོམ་པ་བླངས། གསང་མཚན་བདུད་འདུལ་ལྷ་བརྩན་མིང་དུ་གསོལ།[11] ཞེས་གསལ་བ་སོགས་ཀྱིས་གངས་གཉན་རྟ་སྒོའི་བཙན་དམག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་ཐམས་ཅད་གཡུང་དྲུང་བོན་གྱི་བསྟན་པའི་དཔལ་མགོན་རུ་གཏོགས་པ་དང་། རྟ་སྒོ་དཀར་པོ་ཡང་བོན་གྱི་བླ་བྲག་ཏུ་ངེས་པ་གོང་དུ་བསྟན་ཟིན་ནོ།
མཚོ་ཆེན་དྭང་ར་གཡུ་མཚོ་ཡང་ཡུམ་གནམ་ཕྱི་གུང་རྒྱལ་གྱི་ཞལ་ཆབ་ཐིགས་པ་ལས། འགྲོ་བ་སེམས་ཅན་འདྲེན་པའི་ཕྱིར་དུ་བོན་གྱི་བླ་མཚོ་དྭང་ར་དང་མ་པང་དེ་གཉིས་བྱིན་གྱིས་བརླབས་ནས་དེ་གཉིས་འགྲོ་བའི་དོན་དུ་མཚོ་ཡི་རྣམ་པར་འཁྱིལ་བ་གོང་དུ་དྲངས་པའི་ལུང་ལས་སྒྲུབ་ལ། དྭང་ར་རི་མཚོའི་དཀར་ཆག་ལས།[12] དེ་ཡི་ཕྱོགས་མཚམས་སྟེང་འོག་ཕྱི་ནང་ལ། སངས་རྒྱས་སྟོན་པ་འཆི་མེད་གཙུག་ཕུད་སོགས། བདེར་བཤེགས་གཤེན་རབ་སྟོང་དང་རྩ་བརྒྱད་དང་། ཕྱི་ནང་གསང་བའི་ཡི་དམ་རྒྱ་མཚོའི་ཚོགས། གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། ཞེས་གསུངས་པ་ལྟར། སངས་རྒྱས་དེ་རྣམས་ཀྱང་གཡུ་མཚོ་འདིའི་མཁའ་དབྱིངས་སྟེང་འོག་ཕྱོགས་མཚམས་སུ་བཞུགས་པར་ལུང་ལས་གྲུབ་ལ། འགྲོ་བའི་དོན་དུ་བྱོན་ཚུལ་ཡང་། དེ་ཉིད་ལས། ཁྱད་པར་ཀུན་བཟང་ཡུམ་ཆེན་ངོ་བོ་ལ། རྣམ་པ་དྭང་ར་ལས་ཀྱི་དབང་མོ་ཆེ། མཐིང་གི་མོ་བཙུན་རྒྱན་ལྡན་ཨུ་དཔལ་གྱིས། ཐོད་མཐིང་མཛེས་འཛུམ་བརྩེ་བས་འགྲོ་དྲུག་སྐྱོང་། གསོལ་བ་འདེབས་སོ་ཐུགས་རྗེས་བཟུང་དུ་གསོལ། །[13] ཞེས་པ་ལྟར། གནས་བདག་དྭང་ར་དབང་མོ་ནི། སྐུ་མདོག་སྔོན་པོ་ན་བཟའ་མནབས་པའི་ཆ་ལུགས་རྒྱན་ལྡན་གྱི་ལྷ་མོ། ཚུལ་དང་ལྡན་པ་ཐོད་པ་མཐིང་མདོག་ཅན་ཤིན་ཏུ་མཛེས་པ་འཛུམ་གྱིས་བརྩེ་བས་འགྲོ་དྲུག་བདེ་བའི་ལམ་དུ་སྐྱོང་ཐུབ་པ་ཞིག་ཡོད་པར་གྲགས་སོ། །
དྭང་ར་ཁྱུང་རྫོང་གི་དཀར་ཆག་ལས། སྤེ་བོན་ཐོག་འཕྲུལ་གྱིས་གསུངས་པ། གནས་བྲག་དཀར་ཁྱུང་རྫོང་བོན་གྱི་གནས། བྲག་དམར་གཡུ་བུན་མཛོད་ཀྱི་གནས། རྟ་སྒོ་གངས་རི་གཏེར་གྱི་གནས། དྭང་ར་བང་ལྔ་སྦས་པའི་གནས། མཚོ་མོ་ཁྱུང་གཤོག་རྟེན་གྱི་གནས། གནས་འདི་རྣམས་མཇལ་བའི་སྐལ་ལྡན་རྣམས། སྐྱེ་བ་མི་ལེན་མངོན་སངས་རྒྱས་[14]ཞེས་གསུངས་པར་གྲགས་པས། གནས་མཚོ་འདི་ཉིད་ཕྱག་སྐོར་སྒྲིབ་སྦྱོང་བྱས་ན་ཕན་པ་ཆེན་པོ་ཡོད་པ་ཡང་། དྭང་ར་རི་མཚོའི་དཀར་ཆག་དང་དྭང་ར་ཁྱུང་རྫོང་གི་དཀར་ཆག་སོགས་ལས་ཟབ་ཞིང་རྒྱས་པ་ཡོད་པས་འདིར་ཡིག་ཚོགས་འཇིགས་ནས་མ་བྲིས་པས་རྒྱས་པ་གཞན་ལ་བལྟ་བར་བྱའོ། །
ད་ལྟའི་ཆར་རྟ་སྒོ་དང་དྭང་ར་གཡུ་མཚོ་ནི། ནག་ཆུ་ཉི་མའི་ས་ཆར་འགྱིང་ངེར་གནས་ཤིང་འཁྱིལ་ལེར་ཆགས་ཡོད་ལ། དྭང་ར་གཡུ་མཚོ་ནི། བོད་ཀྱི་གཡུ་མཚོ་གསུམ་གྱི་ཡ་གྱལ་དང་། བོད་ཀྱི་མཚོ་ནང་ནས་གཏིང་ཚད་སྨི༢༡༠ལས་བརྒལ་ཡོད་པས། གཏིང་ཚད་སྨི་༩༩ཡོད་པའི་གནམ་མཚོའི་གཏིང་ཚད་ཀྱི་ལྡབ་གཉིས་ལྷག་ཙམ་ཡིན་པས། བོད་ཀྱི་མཚོ་གཏིང་ཚད་རིང་ཤོས་སུ་གྲགས།མཚོ་ངོས་༤༥༠༠ལྷག་གི་ས་ཆར་གནས་པ་ཡིན་ལ། དཀྱུས་ལ་སྤྱི་ལེ་༧༠དང་ཞེང་ལ་སྤྱི་ལེ་༡༥ནས་༢༠ཟིན་གྱི་ཡོད་ཅིང་། ཉེ་འཁོར་གྱི་རྩྭ་ཐང་གི་སྐྱེས་མཚར་བཟང་བ། ཞིང་ཁ་ཉུང་ཞིང་ལོ་ཏོག་ལེགས་པ་སོགས་ཀྱི་ཐུན་མིན་ངོ་མཚར་ཆེ་བའི་བྱང་ཐང་གི་ཡུལ་ལུང་གི་རྒྱན་པའི་གཡུ་མཚོ་ཞིག་ཡིན་ནོ། ཡུལ་ལུང་འདི་གར་གནའ་བོའི་མེས་པོའི་རྗེས་ཤུལ་མང་པོ་ཡོད་པའི་གནས་ཤིག་ཡིན་ལ། དེ་ཡང་ཞང་ཞུང་གི་བྱ་རུ་ཅན་གྱི་རྒྱལ་པོ་རྣམ་གཉིས་ཀྱི་མཁར་ཤུལ། འབུམ་ནང་རྫོང་། དྭང་ར་ཁྱུང་རྫོང་། འོལ་བུ་རྫོང་། ཧན་དར་རྫོང་། ཁྱི་ཟེ་རྫོང་། གྱམ་རོང་ཕྱུགས་ཚོ། ལྷ་སའི་མཁར་ཤུལ། གཡུ་བུན་རྐྱ་པ་རྫོང་ངམ་དྭང་ར་སེང་རྫོང་སོགས་གནའ་བོའི་ཞང་ཞུང་རྒྱལ་ཁབ་དང་འབྲེལ་བའི་རྫོང་ཤུལ་མང་བ། ཞིང་རོ་དང་སྡེ་ཤུལ་ཡང་དྭང་ར་ནང་ཁོག་ཏུ་ཤིན་ཏུ་མང་ངོ་། །
དེ་རྣམས་ཀྱི་ལོ་རྒྱུས་ནི་ཡུལ་དངོས་ལ་བསྐྱོད་ནས་དཔྱད་ཞོར་དུ་དཔེ་ཆ་[15]གཞན་ལས་ཤེས་པར་གནང་ན་ཤིན་ཏུ་བཟང་ངོ་། ། དེ་མིན་གནའ་བོའི་བྲག་བརྐོས་རི་མོ་ཡང་། དྲོ་ཉིན་གཤག་ཚང་རྡོ་བརྐོས་རི་མོ་དང་། རོང་དམར་བྲག་བརྐོས་རི་མོ། གཡུ་བུན་བྲག་བརྐོས་རི་མོ་སོགས་གནའ་བོའི་གདོད་མའི་སྤྱི་ཚོགས་དང་འབྲེལ་བའི་རྡོ་བརྐོས་རི་མོ། ཞང་ཞུང་རྒྱལ་རབས་ཀྱི་རིག་གནས་དང་འབྲེལ་བའི་གཡུང་དྲུང་གི་རི་མོ། དེ་བཞིན་ཞང་ཞུང་སྨར་ཡིག་དང་། ཉི་མ། ཟླ་བ། འདས་མཆོད་སྒྲུབ་པ། དམག་འཐབ་བྱེད་པ། རྔོན་རྒྱག་པ། སྐྱས་སྤོ་བྱེད་པ་སོགས་ཀྱི་རྣམ་པ་ཞིབ་ཕྲ་བརྐོས་པའི་རི་མོ་མང་ལ། གནའ་བོའི་མི་ཚོའི་ཐོན་སྐྱེད་འཚོ་བ་དང་འབྲེལ་བའི་བྲག་བརྐོས་རི་མོ། རི་དྭགས་འདུལ་སྦྱོང་བྱེད་པ་དང་། རྟ་བཞོན་པ་དང་། ཁྱི་འཁྲིད་པ། མདའ་འཕེན་པ། ཤྭ་བ་གསོད་པ་སོགས་ཀྱི་བྲག་བརྐོས་རི་མོ་ཕུན་སུམ་ཚོགས་པ་སོགས་ཡོད་[16]པ་ཡིན་ལ། ཞང་ཞུང་སད་ནེ་གའུ་ཡིས་ཕྱག་འཛུབ་ཀྱི་བྲིས་པའི་མ་ཏྲི་ཡི་གེ་སོགས་ཀྱི་རྡོ་བརྐོས་རི་མོ་ཕྱུག་པའི་ཞང་ཞུང་གནའ་བོའི་ལོ་རྒྱུས་དངོས་གསལ་དོད་པའི་ཞང་ཞུང་གི་ཡུལ་ལུང་ཞིག་པ་སྨོས་མེད་ཡིན་ནོ། །དེའི་ཉེ་འཁོར་དུ་གནས་པའི་བོན་དགོན་ཡང་རྟ་སྒོ་སེར་ཞིག་དགོན་དང་། དྭང་ར་ཕྱུག་ཚོ་དགོན། དྭང་ར་གཡུ་བུན་དགོན། དྭང་ར་འོམ་བུ་དགོན་ལ་སོགས་དགོན་ཤུལ་རི་ཁྲོད་དེ་རྣམས་ཀྱི་ལོ་རྒྱུས་ངོ་སྤྲོད་ནི། དཔེ་ཆ་གཞན་[17]ལ་བལྟ་བར་བྱའོ། ། འདིར་གླེང་མཚམས་དེ་ཙམ་གྱིས་ཆོག་པར་བྱའོ། །
གཉིས་པ། སྐྱིད་གསུམ་བླ་བྲང་དང་འབྲེལ་བའི་ལོ་རྒྱུས་གླེང་བ།
དྭང་ར་སྐྱིད་གསུམ་བླ་བྲང་ནི་ད་ལྟ་བོད་ལྗོངས་ནག་ཆུ་ས་གནས་ཉི་མ་རྫོང་རྒྱལ་འགོག་ཤང་གྲོང་ཚོ་བདུན་པའི་སྡེ་གྲོང་གི་ལྟེ་བར་གནས་ཡོད་ལ། དེ་ནི་དྭང་རའི་འགྲོ་འདྲེན་བཅུ་གསུམ་གྱི་ནང་ཚན་མི་ཡི་འགྲོ་བ་འདྲེན་པའི་གདན་ས་ཁྱད་པར་ཅན་ཞིག་ཡིན་ལ། དེ་ཉིད་གནའ་བོའི་ཞང་ཞུང་རྒྱལ་ཁབ་ཀྱི་ལྟེ་བའི་རྫོང་ཆེན་བཞི་འམ་དྲུག་གི་ནང་ཚན་དྭང་ར་ཁྱུང་ཆེན་རྫོང་གི་ལྷོ་ཕྱོགས་སུ་ཆགས་པའི་གནའ་བོའི་གུ་རུབ་སྡེ་འམ་གུ་རུབ་བླ་མའི་གདན་ས་ཁྱད་པར་ཅན་ཞིག་ཡིན། གུ་རུབ་ནི། བོན་གྱི་གདུང་རྒྱུད་ཀྱི་རུས་པ་ཞིག་ལ། གུ་རིབ་ཀྱི་མེས་པོ་དམུ་གཡང་རྗེ་བྱ་བ་ཞིག་བྱུང་བ་དེ་ལས་མཆེད་པ་མཁས་དབང་ཆོས་འཁོར་ཚང་གིས་དཔྱད་རྩོམ་[18]ཞིག་ཏུ་གསལ་ལ། གཞན་ཡང་བལ་པོའི་ཡུལ་དུ་ཞང་ཞུང་གུ་རུབ་ཀྱི་རུས་ལས་མཆེད་པའི་རུས་པ་ཞེས་ཡག་པོ་ཞིག་ཏུ་བརྩི་སྲོལ་ཡང་ཡོད་པར་གྲགས་ལ། དྭང་ར་ནང་དུ་ཡོད་པའི་གུ་རུབ་ཀྱི་རུས་རྒྱུད་དང་འབྲེལ་བའི་དཔེ་ཆ་ཆེས་དཀོན་ན་ཡང་།རུས་དེ་ཉིད་ནི་ཡུལ་ལུང་འདི་གའི་རུས་རྒྱུད་ཀྱི་ནང་ནས་གཙང་ཤོས་འདིར་བརྩི་བ་ཡིན་ནོ། རུས་རྒྱུད་འདི་བྱས་པའི་སྐྱེས་པ་ཕོ་མོ་ཐམས་ཅད་བླ་མ་དང་མཁའ་འགྲོར་བརྩི་སྲོལ་ཡོད་ལ། དྭང་རའི་འགྲོ་འདྲེན་བཅུ་གསུམ་གྱི་ཡ་གྱལ་མི་ཡི་འགྲོ་བ་འདྲེན་པ་ཡང་གུ་རུབ་བམ་གུ་རིབ་རུས་རྒྱུད་ཀྱི་མི་ལ་འཇོག་པ་ཡིན་ནོ། །
རུས་རྒྱུད་དེའི་ཕ་གཞིས་གཙོ་བོ་ནི། མཚོ་ཆེན་དྭང་ར་གཡུ་མཚོའི་ཤར་ཕྱོགས་སུ་བྱུང་ཡོད་ལ། སྤྱི་མིང་དུ་སྐྱིད་གསུམ་བླ་བྲང་འབོད་པ་ཡིན་ནོ། ཡུལ་ལུང་འདི་གའི་མིང་ལ་ཡང་གནའ་བོའི་དུས་སུ་སྐྱིད་འབར་འབོད་ཀྱི་ཡོད་པར་གྲགས་ལ། ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཀྲོངས་བའི་རྗེས་སུ། གུ་རུབ་སྡེ་ལ་བོད་རྒྱལ་གྱིས་གཡས་གྲལ་དང་། ཁྲལ་མེད་པ་བྱས་རྗེས་གཞི་ནས་ཡུལ་འདི་གར་ལོ་རེའི་ཡོང་བབས་ཐམས་ཅད་སྒེར་གྱི་འཚོ་བར་སྤྱོད་ཆོག་པ་སོགས་ཡུལ་ལུང་གཞན་དང་མི་འདྲ་བའི་སྲིད་ཁྲིམས་ལྷོད་པོ་བྱུང་བས། ཡུལ་གཞན་གྱི་མི་རྣམས་ཀྱིས་སྐྱིད་གསུམ་ཞེས་འབོད་ནས་རྗེས་སུ་རིམ་བཞིན་མིང་དེ་ཉིད་ཡུལ་མིང་དུ་གྱུར་པར་གྲགས་སོ། ། སྐྱིད་གསུམ་ཟེར་དོན་ཡང་འདི་གར་ཞང་ཞུང་གུ་རུབ་ཀྱི་སྡེ་ཡིན་པ་དང་། འདི་རུ་གུ་རུབ་ཀྱི་རྫོང་རི་རྫོང་། རྦང་ཝེར་རྫོང་། དབུ་རྩེ་རྫོང་གསུམ་ཡོད་པའི་འདི་གའི་ཡུལ་མིང་དུ་སྐྱིད་འབར་འབོད་པས་ཡུལ་མིང་དང་རྫོང་གསུམ་ཟུང་དུ་འབྲེལ་བའི་མིང་ལ་སྐྱིད་གསུམ་ཟེར་རོ། །
རྫོང་གསུམ་གྱི་ཞིག་ཤུལ་ད་ལྟ་ཡང་ཡོད་དོ། དྭང་ར་ནང་གི་ས་ཁོངས་སུ་ཞང་ཞུང་ཁྲི་སྡེའི་སྐབས་སུ་མི་འབོར་མང་པོ་ཞིག་བྱུང་མྱོང་བའི་སྡེ་ཤུལ་ལ་སོགས་ཤིན་ཏུ་མང་ཡང་། རིམ་བཞིན་རང་འབྱུང་ཁམས་ཀྱི་འགྱུར་ལྡོག་དང་།ནད་མུག་མཚོན་གྱི་འཁྲུག་རྩོད་སོགས་མང་པོ་ཞིག་བྱུང་ནས་མི་འབོར་ཉུང་དུ་སོང་བ་དང་། ཞིང་ཁ་མང་པོ་ཞིག་ཆར་ཆུ་ལ་སོགས་དབེན་པས་ཞིང་རོ་རུ་ལུས་པ་བཅས་དུས་ཀྱི་ཉག་འཕྲང་མང་པོ་ཞིག་བྱུང་བའི་རྐྱེན་བྱས་ཏེ། མཐར་དམངས་གཙོ་བཅོས་བསྒྱུར་མ་བྱས་པའི་གོང་དུ་དྭང་ར་སྐྱིད་གསུམ་དུ་དུད་ཚང་བཅུ་གསུམ་ལ་ཐུག་པའི་བར་དུ་ཉམས་རྒུད་སོང་བར་གྲགས།གནའ་བོའི་དུས་ནས་སྡེ་གྲོང་འདི་གར་བོན་གྱི་ཆོས་ལུགས་དང་ཁ་བྲལ་མ་མྱོང་བས་རྐྱེན་གྱིས་དུས་ཀྱི་ཉག་འཕྲང་གང་འདྲ་ཞིག་འཕྲད་ན་ཡང་གཡུང་དྲུང་བོན་ལ་དད་འདུན་བསླུ་མེད་གནང་བའི་སྦྱིན་བདག་ཞིག་ཡིན་པ་ངག་རྒྱུན་དུ་ཤོད་རྒྱུ་ཡོད་ལ། ཞང་ཞུང་སྙན་རྒྱུད་བླ་མའི་རྣམ་ཐར་ལས། གཤེན་རྒྱལ་ལྷ་རྩེ་ལ་བླ་མའི་ཞལ་ནས། ཁྱོད་ལ་རི་གཡུང་དྲུང་ལྷ་རྩེ་བྱ་བའི་དགོན་པ་ཞིག་ཡང་ངོ་། །ཡོན་བདག་སྐྱིད་འབར་རམ་སྐྱིད་གསུམ་ཟེར་བ་ཞིག་ཡོང་[19]གསུངས་སོ། ། ཞེས་དཔོན་ཆེན་ལྷུན་གྲུབ་མུ་ཐུར་གྱིས་ལུང་བསྟན་ནས་མཐར་བླ་མས་ལུང་བསྟན་པའི་ས་གནས་ཁྱད་པར་ཅན། གཡུང་དྲུང་ལྷ་རྩེ་རི་ལ་ཕོ་བྲང་བཏབ་ནས། ཡོན་བདག་སྐྱིད་འབར་རམ་སྐྱིད་གསུམ་ཟེར་གྱིས་ཞབས་ཏོག་འབུལ་གྱིན་བཞུགས་སོ། །[20] ཞེས་གསུངས་པ་ལྟར། གུ་རུབ་སྐྱིད་གསུམ་བླ་བྲང་ནས་དགོན་དེ་ཉིད་ཉམས་རྒུད་སོང་བའི་བར་དུ་ཆོས་འབྲེལ་བྱུང་བར་གྲགས་ལ། གཡུང་དྲུང་ལྷ་རྩེ་རུ་སྐྱིད་གསུམ་དགོན་པ་ཞེས་ཀྱང་མཚན་ཐོག་མྱོང་བར་བརྗོད་སྲོལ་ཡོད་དོ། །
གུ་རུབ་བམ་གུ་རིབ་ཀྱི་རུས་རྒྱུད་ཡིན་པའི་བླ་མ་ཧ་ཅང་མང་པོ་བྱུང་བར་གྲགས་ཀྱང་།ཐམས་ཅད་ཀྱི་མཚན་དྲངས་པའི་ནུས་པ་མེད་མོད།ལོ་རྒྱུས་ཡིག་ཆ་རུ་འཁོད་པ་རྣམས་ཀྱི་མཚན་དང་ངག་རྒྱུན་དུ་ཤོད་རྒྱུ་ཡོད་པའི་གུ་རུབ་ཀྱི་གདུང་ལས་བྱུང་བའི་བོན་གྱི་ཆོས་ལུགས་ཀྱི་ལོ་རྒྱུས་མི་སྣ་དེ་ཚོའི་མཚན་འདི་གར་བཀོད་ན་འདི་ལྟར་ཏེ། གུ་རུབ་ཀྱི་མེས་པོ་དམུ་གཡང་རྗེ། དམུ་བེར་སྐྱ། ཤིང་གུ་རིབ་དྲན་མར་སངས་ཏེ།[21] ཞེས་སོགས་གུ་རུབ་ཀྱི་མེས་པོ་རྣམས་དང་། གཞན་དུ་འཁོད་པ། གུ་རིབ་ལྷ་སྦྱིན། གུ་རིབ་དཔལ་བཟང་། གུ་རིབ་འབུམ་མེ། གུ་རིབ་སྣང་བཞེར་ལོད་པོ། གུ་རིབ་ཤིང་སླག་ཅན། གུ་རིབ་གསས་དགའ། གུ་རིབ་གྱེར་རྒྱུང་། དམུ་ཙོག་གེ གུ་རིབ་སྟོན་པ་རྒྱུང་ངེ་། དམུ་ཙོ་སྟངས། གུ་རིབ་ཁྲོ་རྒྱལ། དམུ་ཤོད་ཏྲམ་ཆེན་པོ། གུ་རུབ་ཙུ་གུ དམུ་རྒྱལ་བ་བློ་གྲོས། གུར་བོན་བཙན་བསྐྱབ། བྱ་བཏང་པ་འམ་ཚུལ་ཁྲིམས་བཟང་པོ། ས་ལེ་འོད་ཚུལ་ཁྲིམས་རྒྱལ་མཚན་ལ་སོགས་པ་ནི་རུས་གུ་རིབ་ཡིན་པའི་བླ་མ་དང་། དེ་མིན་[22]གུ་རིབ་ཙེན་པོ། གུ་རིབ་བཟའ་སྣང་སྒྲོན་ལེགས་གྲུབ།[23] ཞེས་དང་། ངག་རྒྱུན་དུ་ཤོད་རྒྱུ་ཡོད་པའི་གུ་རུབ་བླ་མ་དྭང་ར་ཤེས་རབ་རིན་ཆེན། གཞན་ཡང་༧སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱིས་གདམས་ངག་མང་པོ་ཞུ་སའི་སྐྱིད་གསུམ་གུ་རུ་འམ་གུ་རུབ་བླ་མ་རིན་ཆེན་གཙུག་ཕུད་ཟེར་བ་ཞིག་བཞུགས་ཡོད་པ་ཡང་༧སྐྱབས་མགོན་བླ་མ་རྣམ་ཐར་[24]དུ་གསལ་བས་སོ། འོལ་བུ་དགོན་གྱི་བླ་རབས་སུ་གསལ་བའི་གུ་རུབ་བླ་མ་ནི། གུ་རུབ་སྟོན་པ། གུ་རུབ་གཡུང་དྲུང་ཕུན་ཚོགས། གུ་རུབ་བསྟན་པ་དབང་གྲགས། གུ་རུབ་བཟོད་པ་རྒྱལ་མཚན། གུ་རུབ་འོད་ཟེར་སྐལ་བཟང་། ཞེས་པ་དེ་རྣམས་དང་། གུ་རུབ་ཚང་གི་སྲས་མོ་ཡང་། གུ་རུབ་བྱིན་ཝེ། གུ་རུབ་སྐལ་བཟང་གཡུ་སྒྲོན་སོགས་སྐྱིད་གསུམ་བླ་བྲང་ནས་མཆེད་པའི་གུ་རུབ་གདུང་རྒྱུད་མང་དུ་བྱུང་བར་གྲགས་ལ། དེ་རྣམས་ནི་བོན་གྱི་ཆོས་ལུགས་དང་ཁ་བྲལ་མ་མྱོང་བས་གུ་རུབ་རུས་ལས་མཆེད་པའི་བོན་པོ་འཁྲུལ་མེད་ཤ་སྟག་ཡིན་ལ། སྐྱིད་གསུམ་བླ་བྲང་གི་གདུང་རྒྱུད་བོན་གྱི་ཆོས་ལུགས་ཀྱི་གྲུབ་ཆ་གལ་ཆེ་ཞིག་ཟིན་ཡོད་དོ། ཁོ་བོས་ཤེས་པ་ནི་དེ་ཙམ་ལས་མ་བྱུང་བས། གུ་རུབ་བམ་གུ་རིབ་རུས་རྒྱུད་སྐོར་ལ་ཞིབ་ཕྲའི་དཔྱད་པ་ཞིག་མ་བྱུང་བས་གསན་མཁན་ཡོངས་ལ་དགོངས་དག་ཞུའོ། །
འདིར་གླེང་བྱ་གཙོ་བོ་སྐྱིད་གསུམ་བླ་བྲང་ངམ་གུ་རུབ་བླ་བྲང་ནི། གནའ་བོའི་དུས་ཡོད་པར་གྲགས་ལ། ད་ལྟར་ཡོད་པའི་ལྷ་ཁང་ཀ་བ་གཅིག་དེ་ཡང་ལོ་ངོ་གསུམ་བརྒྱའི་གོང་དུ་བསྐྱར་སྤོས་བྱས་ནས་བྱུང་པར་གྲགས། གནའ་བོའི་ལྷ་ཁང་རྙིང་པའི་ཤུལ་འདིར་༡༩༩༠ནང་དུ་བཟོ་བཅོས་བྱས་ནས།དུད་ཚང་གི་ཁང་པར་བསྐྱར་བཟོས་བྱས་པའི་ལོ་རྒྱུས་ཡང་ངག་རྒྱུན་དུ་ཤོད་རྒྱུ་ཡོད་དོ། །
ད་ལྟའི་ཆར་ལོ་ངོ་སུམ་བརྒྱའི་གོང་གི་ཀ་བ་གཅིག་གི་ཚད་གཞི་བྱས་པའི་སྐྱིད་གསུམ་བླ་བྲང་གི་ལྷ་ཁང་རྙིང་པ་ཞིག་དང་། ལྡེབས་རིས་རྙིང་པ་བོན་གྱི་གཙོ་འཁོར་རྣམ་གསུམ་གྱི་སྐུ་བརྙན་གྱང་བྲིས་རྙིང་པ་ཅན། གུ་རུབ་ཚེམས་དུང་། སྤུ་གྲི་ལྟག་ནག་ཞེས་པའི་རལ་གྲི་རྙིང་པ་བཅས་ལྷག་པ་ལས། དེ་མིན་ཁམས་ཆེན་གསེར་བྲིས་མ་ལ་སོགས་ཀྱི་བཀའ་དང་བཀའ་རྟེན། མཆོད་ཆ་མང་པོ་ཞིག་རིག་གནས་གསར་བརྗེའི་སྐབས་སུ་གཏོར་སྐྱོན་ཆེན་པོ་ཐེབས་ནས་མཇལ་ཡུལ་དུ་མ་འགྱུར་རོ། གནས་དེ་ནི་དྭང་རའི་འགྲོ་འདྲེན་བཅུ་གསུམ་གྱི་ཡ་གྱལ་མི་ཡི་འགྲོ་བ་འདྲེན་པའི་གདན་ས་ཁྱད་པར་ཅན་ཡིན་ནོ། ཞར་བྱུང་དུ་དྭང་རའི་འགྲོ་འདྲེན་བཅུ་གསུམ་གྱི་མཚན་འདི་གར་བཀོད་པ་ལ། དྭང་ར་རི་མཚོའི་དཀར་ཆག་ལས། མགོན་པོ་རྣམ་གསུམ་ཞང་ཞུང་ལྷ་འཁོར་གྱི། བླ་རི་ས་ཆུ་རྩྭ་རྡོ་ཤ་འབྲུག་མི། གྲི་བརྡར་རྡོ་དང་རྟེན་སྒམ་སྒོ་ལྕགས་བཅས། མཇལ་དང་རེག་ཆོག་འགྲོ་འདྲེན་ཁྱད་འཕགས་ལ། གསོལ་བ་འདེབས་སོ་སྒྲིབ་གཉིས་བྱང་བར་མཛོད་[25]ཅེས་ལུང་ལས་གསལ་བ་དེ་རྣམས་ལ། དྭང་རའི་འགྲོ་འདྲེན་བཅུ་གསུམ་འབོད་པ་ཡིན་ནོ། ། ཐེངས་འདིའི་གླེང་བྱ་རང་གིས་ཤེས་ཚོད་ཙམ་ཞིག་གོང་དུ་གླེང་ཟིན་པ་ཡིན་པས་དེ་ཙམ་གྱིས་ཆོག་པར་བྱའོ། །
མཇུག་བསྡུ་བའི་གཏམ།
མཐར་མཇུག་བསྡུ་བ་ནི། རྩོམ་ཡིག་འདིའི་བརྗོད་བྱར་གྱུར་པའི་རྟ་སྒོ་དང་དྭང་ར་གཡུ་མཚོའི་ཐོན་མའི་བྱུང་དང་། བོན་གྱི་བླ་བྲག་དང་བླ་མཚོ་ཡིན་པ་ལུང་ལས་བསྟན་ཚུལ། སྐྱིད་གསུམ་བླ་བྲང་ནི་བོན་གྱི་བསྟན་པའི་སྦྱིན་བདག་ཁྱད་པར་ཅན་ཞིག་ཡིན་ལ། མི་ཡི་འགྲོ་འདྲེན་པ་གུ་རུབ་ཀྱི་གདུང་རྒྱུད་ཀྱི་བོན་གྱི་རིག་གནས་ལ་མཛད་རྗེས་མི་དམན་པ་བཞག་ཡོད་པ་སོགས་ཀྱི་སྐོར་ནས་ལོ་རྒྱུས་ཀྱི་ལུང་ཚིག་དང་། ངག་རྒྱུན་གོ་བསྡུར་ནས་མདོར་བསྡུས་ཙམ་ཞིག་བྲིས་པ་དེ་ཉིད་རང་གཞན་ཀུན་ལ་ཕན་པའི་སྨོན་ལམ་དང་བཅས། མཐར་བསྡུས་ན་ཡུལ་ལུང་དེ་ཉིད་གཡུང་དྲུང་བོན་གྱི་རིག་གནས་ཀྱི་གྲུབ་ཆ་ལ་འབྲེལ་བ་ངེས་ཅན་ཡོད་པའི་དེའི་སྐོར་ལ་དོ་སྣང་མ་ཆུང་བ་མཁྱེན་ཞེས་པའི་རེ་ཚིག་ཞིག་འབོད་ཞོར་དུ། རང་གིས་བསམ་ཚུལ་དང་འབྲེལ་བའི་གླེང་གཞི་དེ་ཉིད་དེ་ཙམ་གྱིས་ཆོག་པར་བྱས་ནས་མཇུག་བསྡུས་པ་རྫོགས་སོ། །
དཔྱད་གཞིའི་ཡིག་ཆ།
[1] ཞང་བོད་ཀྱི་ལོ་རྒྱུས་ཕྱོགས་བསྒྲིགས། སྟོད་ཆ། སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག མཛད་པ་པོ། གྲུབ་དབང་བསྟན་འཛིན་རིན་ཆེན། ཤོག་ངོས། ༧༨༨
[2] ཞང་བོད་ཀྱི་ལོ་རྒྱུས་ཕྱོགས་བསྒྲིགས། སྨད་ཆ། སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།༢༠༡༦ལོར་དཔར། འབེལ་གཏམ་ལུང་གི་སྙིང་པོ། མཛད་པ་པོ།སྨན་སློབ་བསྟན་འཛིན་རྣམ་དག ཤོག་ངོས། ༩༧༤
[3] སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ །༢༠༡༤ལོར་དཔར། མཛད་པོ་དག་པོ་དྲན་པ་ནམ་མཁའ། ཤོག་ངོས།༥༩
[4] ཞང་བོད་གནས་མཆོག་རྟ་སྒོ་དྭང་རའི་ལོ་རྒྱུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། མཛད་པ་པོ། གཡུ་བུན་སྤྲུལ་སྐུ། ཤོག་ངོས།༦
[5] གོང་གི་དཔེ་ཆ་དེ་ཉིད་ལས།ཤོག་ངོས།༩
[6] ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོར་དཔར། འབེལ་གཏམ་ལུང་གི་སྙིང་པོ། མཛད་པ་པོ། སྨན་སློབ་བསྟན་འཛིན་རྣམ་དག། ཤོག་ངོས།༩༦༥
[7] ཞང་བོད་གནས་མཆོག་རྟ་སྒོ་དྭང་རའི་ལོ་རྒྱུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། མཛད་པ་པོ། གཡུ་བུན་སྤྲུས་སྐུ། ཤོག་ངོས།༡༠
[8] གཡུང་དྲུང་བོན་གྱི་བསྟན་འབྱུང་ལེགས་བཤད་སྐལ་བཟང་མགྲིན་རྒྱན། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། མཛད་པ་པོ། མཁས་དབང་དཔལ་ཚུལ། ༢༠༡༧ལོར་དཔར། ཤོག་ངོས།༢༧ནས་༢༨
[9] ཞང་བོད་གནས་མཆོག་རྟ་སྒོ་དྭང་རའི་ལོ་རྒྱུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། མཛད་པ་པོ། གཡུ་བུན་སྤྲུས་སྐུ། ཤོག་ངོས།༡༥
[10] ཞང་བོད་གནས་མཆོག་རྟ་སྒོ་དྭང་རའི་ལོ་རྒྱུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར །མཛད་པ་པོ། གཡུ་བུན་སྤྲུས་སྐུ །ཤོག་ངོས།༡༧
[11] ཞང་བོད་གནས་མཆོག་རྟ་སྒོ་དྭང་རའི་ལོ་རྒྱུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། མཛད་པ་པོ། གཡུ་བུན་སྤྲུས་སྐུ། ཤོག་ངོས། ༡༦
[12] དྭང་ར་རི་མཚོའི་དཀར་ཆག། མཁན་ཆེན་སྐལ་བཟང་ཉི་མས་གསུང་རྩོམ་གསོལ་འདེབས་བསྡུས་པ་ཞིག་ལ་གཞི་བྱས་ཏེ། གཡུང་གླིང་མཁན་ཟུར་ཤེར་བློས་བྲིས་པར་གྲགས།
[13] གོང་གི་དཔེ་ཆ་དེ་ཉིད།
[14] དྭང་ར་ཁྱུང་རྫོང་་གི་དཀར་ཆག སྣང་ཞིག་འདུལ་བ་རྒྱལ་མཚན་གྱིས་ཉམས་སྣང་ཡི་གེར་བཀོད་པ།
[15] གནས་མཆོག་དྭང་ར་གཡུ་མཚོའི་གནས་ཡིག་གི་པར་རིས་མིང་མཛོད་སོགས་ལ་ལྟ་བར་བྱའོ། ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར།
[16] ཉི་མ་རྫོང་ཁོངས་ཀྱི་རིག་དངོས་ཤུལ་བཞག སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། ཤོག་ངོས།༣༤,༣༧,༣༨
[17] གནས་མཆོག་དྭང་ར་གཡུ་མཚོའི་གནས་ཡིག་གི་པར་རིས་མིང་མཛོད་སོགས་ལ་བལྟ་བར་བྱའོ།།
[18] མུ་ཁྲི་བཙན་པོའི་དཔྱད་རྩོམ་བདམས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུཔ་ཁང་། ༢༠༡༥ལོར་དཔར། དམུ་རིགས་གཤེན་གྱི་དམུ་ལས་འཕྲོས་ཏེ་དམུ་ཡི་རིགས་རུས་རྣམས་ཀྱི་སྐོར་ལ་སྔོན་འགྲོའི་རགས་དཔྱད། རྩོམ་པ་པོ། ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར། ཤོག་ངོས།༡༤༢
[19] ཞང་བོད་ཀྱི་ལོ་རྒྱུས་ཕྱོགས་བསྒྲིགས། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོར་དཔར། རྫོགས་པ་ཆེན་པོ་ཞང་ཞུང་རྒྱུད་ཀྱི་བརྒྱུན་པའི་བླ་མའི་རྣམ་ཐར། མཛད་པ་པོ། སྤ་སྟོན་བསྟན་རྒྱལ་བཟང་པོ། ཤོག་ངོས།༢༢
[20] རྒྱལ་གཤེན་རིག་མཛོད། དེབ་ཕྲེང་གསུམ་པ། སི་ཁྲོན་མི་རིགས་དཔེ་སྐྲུཔ་ཁང་། ཞང་ཞུང་སྙན་རྒྱུད་ཀྱི་རྣམ་ཐར་ཆེན་མོ་སོགས། ཤོག་ངོས།༥༣
[21] མུ་ཁྲི་བཙན་པོའི་དཔྱད་རྩོམ་བདམས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོར་དཔར། དམུ་རིགས་གཤེན་གྱི་དམུ་ལས་འཕྲོས་ཏེ་དམུ་ཡི་རིགས་རུས་རྣམས་ཀྱི་སྐོར་ལ་སྔོན་འགྲོའི་རགས་དཔྱད། རྩོམ་པ་པོ། ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར། ཤོག་ངོས། ༡༤༢,༡༤༣
[22] ཞང་ཞུང་སྙན་རྒྱུད་རྣམ་ཐར་སྤ་སྟོན་ཅན་དུ་འཁོད་པའི་རུས་གུ་རུབ་ཡིན་པའི་བླ་མའི་མཚན་རྣམས།
[23] རྒྱལ་གཤེན་རིག་མཛོད།དེབ་ཕྲེང་གསུམ་པའི་ཞང་ཞུང་སྙན་རྒྱུད་རྣམ་ཐར་ལས་གསལ་ལ།སྤ་སྟོན་ཅན་ལ་མ་གསལ་པས།དེ་ཉིད་ལས་བཏུས་པའི་རུས་གུ་རུབ་ཅན་གྱི་ལོ་རྒྱུས་མི་སྣའི་མཚན།
[24] ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས། དེབ་ཕྲེང་གསུམ་པ། རྣམ་ཐར་སྐོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར། ཤོག་ངོས།༣༠༣
[25] དྭང་ར་རི་མཚོའི་དཀར་ཆག།མཁན་ཆེན་སྐལ་བཟང་ཉི་མས་གསུང་རྩོམ་གསོལ་འདེབས་བསྡུས་པ་ཞིག་ལ་གཞི་བྱས་ཏེ།གཡུང་གླིང་མཁན་ཟུར་ཤེར་བློས་བྲིས་པར་གྲགས།1
– – – – –