བོད་བཙན་པོའི་སྐབས་ཀྱི་ཆེས་གསང་བའི་དཀར་ཆག

ནང་དོན་སྙིང་བསྡུས། (སྒྲ་སྒྱུར་གྱི་བླ་བན་དྷེ་དཔལ་བརྩེགས་སོགས།, 2003)དཀར་ཆག་འཕང་ཐང་མ་ལས་ཨི་ཏི། སྔགས་ནང་པའི་འགྱུར་བྱང་གཞན་ན་བཞུགས།ཞེས་དང་། (བསོད་ནམས་དར་རྒྱས།, 2017)སྒྲ་སྦྱོར་བམ་གཉིས་ལས་གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གིས[1]་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུ་ཡང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང་། ལྡེམ་པོ་དག་ཏུ་བཤད་པ་མ་ཁྲོལ་ནས་སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་བྱུང[2]་། སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་བྱུང་ཞེས་གདགས་ཀྱི། ཕྱིན་ཆད་གཟུངས་སྔགས་དང་རྒྱུད་བླ་ནས་བཀའ་སྩལ་ཏེ། སྒྱུར་དུ་བཅུག་པ་མ་གཏོགས་པ། སྔགས་ཀྱི་རྒྱུད་དང་། སྔགས་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ་། (ཁོ་ཨིན།, ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས།, 2009)ཏུན་ཧོང་ཡིག་ཚང་ Pel.tib.0845 སྒྲ་སྦྱོར་བམ་པོ་གཉིས་པ་ལས་སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞྀང། བོད་སྐད་དུ་སྒྱུར་བ་དག་ཀྱང་བྱུང་ཞེས་གདའ༹ས་ཀྱིས། །ཕྱིན་ཅད་ཀྱང་གཟུང་སྔགས་དང། །བླ་ནས་བཀའ་སྩལད་དེ་སྒྱུར་དུ་བཅུག་པ་ལ་མ་གཏོགས་པར་སྔགས་ཀྱྀ་རྒྱུད་དང་སྔགས་ཀྱྀ་ཚིག་ཐུ་ཞིང་སྒྱུར་དུ་མྱྀ་གནངོ།ཞེས་གསུང་བ་ལྟར་བོད་བཙན་པོའི་སྐབས་ཀྱི་སྔགས་བླ་མེད་ཀྱི་གཞུང་ལུགས་རྣམས་གསང་བ་དང་བཀག་བསྡོམས་བྱས་པ་མ་ཟད་དེ་དག་གི་དཀར་ཆག་ཀྱང་གསང་བ་བྱས་པས་དགེ་མཚན་ཡོད་ཀྱང་ཕྱིས་སུ་རྩོད་རྙོག་མང་པོ་ཞིག་གི་འབྱུང་ཁུངས་ཆག་པ་མ་ཟད། ད་བར་བོད་བཙན་པོའི་སྐབས་ཀྱི་གསང་སྔགས་བླ་མེད་ཀྱི་གཞུང་རྣམས་གང་དུ་ཡོད་པ་དང་གང་དང་གང་ཡིན་པ་སོགས་ཀྱི་ཞིབ་འཇུག་དང་ངོ་སྤྲོད་གསལ་བོ་བྱུང་མེད་པར་བརྟེན། རྩོམ་ཡིག་འདིར་བོད་བཙན་པོའི་སྐབས་ཀྱི་དཀར་ཆག་དུ་མ་གསལ་ཞིང་གསང་བ་བྱས་པའི་གསང་སྔགས་བླ་མེད་ཀྱི་གཞུང་ལུགས་རྣམས་ཡིག་རྙིང་རྩ་ཆེན་ལྔ་ལ་ཞིབ་འཇུག་གིས་ངོས་འཛིན་དང་ངོ་སྤྲོད་གསལ་བོ་ཞིག་བྱུ་རྒྱུ་ནི་རྩོམ་ཡིག་འདིའི་བརྗོད་བྱ་སྙིང་པོ་ཡིན།

གནད་ཚིག རྒྱུད་སུམ་ཅུ་རྩ་དྲུག བཙན་པོ། དཀར་ཆག རྒྱུད། ལུང་། མན་ངག སྔགས་ནང་པ། འགྱུར་བྱང་། ཏནྟྲ་བཅོ་བརྒྱད། ལུང་གི་མདོ་བདུན། མན་གི་རྩ་བ་བཞི།

གླེང་སློང་བ།

དུས་རབས་བདུན་པ་ནས་དགུ་པའི་བར་ལོ་ངོ་སུམ་བརྒྱ་ལྷག་གི་རིང་མདོ་དབུས་མཐོ་སྒང་ནས་རྩ་བ་ཚུགས་པའི་བོད་བཙན་པོའི་མངའ་དབང་ནི། དམག་དོན་དང་། སྲིད་འབྱོར་རིག་གསུམ་བཅས་སྐབས་དེར་ཨེ་ཤ་ཡའི་ནང་རྩེ་མོར་སོན་པར་མ་ཟད། ཨེ་ཤ་ཡའི་ནང་ཆེས་སྟོབས་ཤུགས་ཆེ་ཞིང་མངའ་དབང་ལྡན་པའི་སྐབས་ཤིག་ཡིན།

སྐབས་དེའི་བཙན་པོ་རིམ་བྱུང་གིས་ཆོས་དང་རིག་གཞུང་ནང་འདྲེན་དང་གསར་གཏོད་བཅས་ཀྱི་རིན་ཐང་གཞལ་དུ་མེད་པའི་ཡིག་འཇོག་དེ་དག་དུས་ད་ལྟ་ཡང་འཛམ་གླིང་འདིར་ངོམ་རིན་ཆོག་པའི་རྩ་ཆེའི་རིན་ཐང་ལྡན་པ་ཤ་སྟག་ཡིན།

སྤྱི་ཚོགས་ཤིག་གི་ཤེས་ཡོན་གནས་ཚད་ངེས་ཅན་ཞིག་ཏུ་སླེབས་དགོས་ན། དུས་མཐུན་གྱི་དཔེ་མཛོད་དང་། དཔེ་མཛོད་འཛིན་སྐྱོང་ལམ་ལུགས་ཚད་ལྡན་ཞིག་དགོས་པ་བརྗོད་མི་དགོས་པར་བརྟེན། ཕྱི་ལོ་ ༢༠༡༨ ནས་ཁོ་བོས་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་བཟོ་སྐྲུན་བྱེད་སྐབས། ནུབ་ཕྱོགས་ཀྱི་དཔེ་མཛོད་རིག་པ་དང་། བོད་ཀྱི་དཀར་ཆག་ལམ་ལུགས། དེང་རབས་བརྡ་འཕྲིན་འཛིན་སྐྱོང་ལམ་ལུགས་བཅས་ལ་རྒྱུས་ལོན་དང་། རང་ནུས་གང་ཡོད་ཀྱིས་སློབ་གཉེར་ལ་ཞུགས་པ་ཡིན། དེའི་རྗེས་སུ་འབུམ་རམས་པའི་སློབ་གཉེར་གྱི་གོ་སྐབས་ཐོབ་པའི་སྐབས་སུའང་བོད་ཀྱི་དཔེ་མཛོད་རིག་པ་སྟེ། དེང་རབས་དང་མཐུན་པའི་བོད་ཀྱི་དཔེ་མཛོད་རིག་པའི་འཛིན་སྐྱོང་ལམ་ལུགས། ཞེས་པའི་འབུམ་རམས་པའི་དཔྱད་རྩོམ་དང་འབྲེལ་ནས་ཞིབ་འཇུག་དང་སློབ་གཉེར་སྔར་ལྷག་བྱེད་བཞིན་པ་ཡིན།

བརྒྱུད་རིམ་དེའི་ནང་། བོད་བཙན་པོའི་སྐབས་ཀྱི་ཡིག་མཛོད་དང་། ཡིག་ཆ་ཉར་ཚག་དང་འཛིན་སྐྱོང་། དཀར་ཆག་འགོད་སྟངས་བཅས་ལ་རྒྱུས་ལོན་བྱས་སྐབས་དོ་སྣང་བྱུང་བའི་གནད་དོན་གཅིག་འདིར་འགོད་འདོད་བྱུང་། དེ་ནི་བོད་བཙན་པོའི་སྐབས་ཀྱི་དཀར་ཆག་རྣམ་གསུམ་ཞེས་གྲགས་པའི་ནང་ཚན་དཀར་ཆག་འཕང་ཐང་མའི་མཇུག་དུ་བཀོད་པའི་ (སྒྲ་སྒྱུར་གྱི་བླ་བན་དྷེ་དཔལ་བརྩེགས་སོགས།, 2003) ཨི་ཏི། སྔགས་ནང་པའི་འགྱུར་བྱང་གཞན་ན་བཞུགས། །ཞེས་པ་དེ་རེད།  ཨི་ཏི། སྔགས་ནང་པའི་འགྱུར་བྱང་གཞན་དུ་ཡོད་ཅེས་པ་དང་འབྲེལ་བའི་རྩོམ་ཡིག་གམ་ཡིག་ཆ་གང་སར་བཙལ་ཡང་རྙེད་སོན་མ་བྱུང་། དེས་ན་འདིར་དེ་འབྲེལ་གྱི་དཔྱད་བརྗོད་ཅུང་ཙམ་སྤེལ་བའི་ལས་ལ་གཞུག་པར་བྱའོ།།

དངོས་གཞི།

སྔགས་ནང་པའི་འགྱུར་བྱང་གཞན་དུ་ཡོད་ཅེས་པའི་འགྱུར་བྱང་གང་དུ་ཡོད་ཅེ་ན། འགྱུར་བྱང་གསལ་བོ་ཞིག་སུ་གང་གིས་ད་པར་རྙེད་མེད་པར་མངོན་མོད། བོད་བཙན་པོའི་སྐབས་སུ། སྔགས་བླ་མེད་ཀྱི་འགྱུར་བྱང་ཡོད་པ་འཕང་ཐང་མའི་ནང་གསལ་བ་ལྟར་འཚོལ་ཞིབ་དང་རྩད་གཅོད་བྱ་རྒྱུ་ཧ་ཅང་གལ་ཆེ་བར་མ་ཟད། བོད་སིལ་བུའི་སྐབས་སྔགས་གསར་རྙིང་གི་མཚོན་པའི་སྤྱི་ཚོགས་ནང་གནད་དོན་མང་པོ་ཞིག་གི་གཞི་རྩའང་ཆག་ཡོད།

དེ་ལྟ་བུའི་གནད་དོན་འདི་ནི། ཚན་རིག་དང་མཐུན་པའི་ལམ་ནས་ཞིབ་འཇུག་གིས་དཔང་རྟགས་སྟོན་དགོས་པ་ལས་ཁ་ལ་གང་ཡོང་དང་། དག་སྣང་ཙམ་གྱིས་འགྲིག་ཐབས་མེད་པས། ཡིག་ཚགས་མང་པོ་ཞིག་དང་། ལྷག་པར་བོད་བཙན་པོའི་སྐབས་ཀྱི་ཡིག་ཚགས་ངོ་མར་གཞི་བཅོལ་དགོས་པ་ལྟར། ཁོ་བོས་ཞིབ་འཇུག་བྱས་པའི་གྲུབ་དོན་ནི། བོད་བཙན་པོའི་སྐབས་ཀྱི་ཡིག་ཚགས། ཏུན་ཧོང་ཡིག་རྙིང་། Pel.tib.0849 ནང་། རྒྱུད་ཆེན་པོ་སུམ་ཅུ་རྩ་དྲུག་སཾ་བོད་ཤན་སྦྱར་གྱི་དཀར་ཆག་ལྟ་བུ་ཞིག་འདུག་པ་དེ་རྙེད་བྱུང་། (ཁོ་ཨིན།, ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས།, 2009) རྒྱུད་དོན་འཕགས་བོད་ཤན་སྦྱར་ནང་དུ་འདི་ལྟར་གསལ།

ཚ་ཏི་ཤ་ཟོ་ག་ཏན་ཏྲ་། ། ཏན་ཏྲ་མ་ཡ་འཛ་ལ་། ། སྲི་སྨ་ཛ་ཏན་ཏྲ་། ། བེ་རོ་ཛ་ན་མ་ཡ་ཛྭ་ལ་ཏན་ཏྲ་།།
རྒྱུད་ཆེན་པོ་སུམ་ཅུ་རྩ་དྲུག་གང་ལ་བྱ་། རྒྱུད་སྒྱུ་འཕྲུལ་དྲ་བ་དང་། དཔལ་ཐམས་ཅད་འདུས་པའྀ་རྒྱུད་དང་། རྣམ་པར་སྣང་མཛད་རྒྱུད་སྒྱུ་འཕྲུལ་དྲ་བ་དང་།
མན་ཛུ་སྲི་མ་ཡ་ཛྭ་ལ་ཏན་ཏྲ་། ། ལོ་ཀེ་ཤྭ་ར་མ་ཡ་ཛྭ་ལ་ཏན་ཏྲ་། ། བ་ཛྲ་སྦད་ཏྭ་མ་ཡ་ཛྭ་ལ་ཏན་ཏྲ་། །
འཇམ་དཔལ་ཡེ་ཤེས་སེམས་པའི་རྒྱུད་སྒྱུ་འཕྲུལ་དྲ་བ་དང་། སྤྱན་རས་གཟིག་དབང་ཕྱུག་གི་རྒྱུད་སྒྱུ་འཕྲུལ་དྲ་བ་དང་། །རྡོ་རྗེ་སེམས་པའི་རྒྱུད་སྒྱུ་འཕྲུལ་དྲ་བ་དང་། །
དེ་བྱེ་མ་ཡ་ཛྭ་ལ་ཏན་ཏྲ་། །ག་ཡ་བ་ག་ཙིད་ད་ཏན་ཏྲ་། ། ག་ཡ་ཏན་ཏྲ་ས་རྦ་འབུ་ཏ་ས་མ་ཛོ་ག་། །
ལྷ་མོ་རྒྱུད་སྒྱུ་འཕྲུལ་དྲ་བ་དང་། སྐུ་གསུང་ཐུགས་གྀ་རྒྱུད་གསུམ་དང་། སྐུ་འྀ་སྦྱོར་བ་ཐམས་ཅད་སངས་རྒྱས་ཀྀ་རྣམ་སྦྱོར་གི་རྒྱུད་།
བ་ག་ཏན་ཏྲ་།འགུ་ཡ་ཏིལ་ཀ་། ། ཙིད་ཏ་ཏན་ཏྲ་།འགུ་ཛྱ་ས་མ་ཛ་། །མུ་ལ་ཏན་ཏྲ་། ། ཨ་མོ་ག་པ་ས་ཏ་ཏན་ཏྲ་། །
གསུང་གི་འགྲེལ་བ་ཟླ་གསང་ཐྀག་ལེ་རྒྱུད་། ཐུགས་ཀྱྀ་ཐིགས་པ་རྒྱུད་གསང་བ་འདུས་པ་དང་། རྩ་བའྀ་རྒྱུད་དང་། རྒྱུད་ཐབས་ཀྱྀ་ཞགས་པ་།
འགུ་ཡྱ་ཀར་རྦ་ཏན་ཏྲ་། ། བ་ཛྲེ་ཨམ་འབྲྀ་ཏ་ཏན་ཏྲ་། ། བ་ཛྲེ་ཙ་དུ་སྤྲྀ་སྟི་ཏན་ཏྲ་དང་། །
རྒྱུད་གསང་བའི་སྙིང་བོ་། །བདུད་རྩིའི་རྒྱུད་བམ་པོ་བརྒྱད་པ་དང་། །རྡོ་རྗེ་གདན་བཞྀའྀ་རྒྱུད་དང་། །
ཧེ་རུ་ཀ་ཨ་པུ་ཐ་ཏན་ཏྲ་། ། མ་རི་ཛི་ཀལ་པ་ཏན་ཏྲ་དང་། ། ལག་ཁྱི་མི་ཤ་ད་ན་ཏན་ཏྲ་། ། པན་ཙ་སྐན་དའ་བྱི་ར་ན་ཏན་ཏྲ་། །
ཧེ་རུ་ཀ་ཐམས་ཅད་འབྱུང་བའི་རྒྱུད་དང་། ། ལྷ་མོ་འོད་ཟེར་ཅན་འབྱུང་བའྀ་རྒྱུད་དང་། ། ཡང་དག་གྲུབ་པའི་རྒྱུད་དང་། ། ཕུང་བོ་ལྔའི་གྲུབ་པའྀ་ཏན་ཏྲ་དང་། །
འབུ་ཏ་ན་མ་ར་ཏན་ཏྲ་། ། ཨ་བ་ད་ར་ཏན་ཏྲ།དང་།  ཏད་ཏྭ་སང་ཀྲ་ཏན་ཏྲ་དང་། བཟོ་གོ་འོ་ཏྲོ་ཏན་ཏྲ་། །
འབྱུང་པོ་འབྱུང་བའི་རྒྱུད་དང་།
ཟོ་གོ་ཉི་རོད་།ཏན་ཏྲ་། ཟོ་གི་ནི་ཏན་ཏྲ་། །ཨོ་ལི་པད་ཏི་ཏན་ཏྲ་། ཨད་དྭ་ཤིན་ཏི་ཏན་ཏྲ་དང་།
ཤ་མ་ཡ་སིད་ཏི་ཏན་ཏྲ་དང་། ། ལང་ཀ་ཨ་བ་ད་ར་ཏན་ཏྲ་དང་། ། རད་ན་ཨ་བ་ལྀ་ཏན་ཏྲ་། ། ག་ར་ནྀ་བྱུ་ཏན་ཏྲ་། །
ཤུ་ག་ཏ་ཏི་ལ་ཀ་ཏན་ཏྲ་།། །། །། །།

ཅེས་པ་ལྟར། རྒྱུད་སྡེ་སུམ་ཅུ་རྩ་དྲུག་གསལ་བོར་བོད་བཙན་པོའི་སྐབས་ཡོད་པ་གསལ་བོ་བྱུང་པར་མ་ཟད། དཀར་ཆག་ལྡན་དཀར་དང་། འཕང་ཐང་མ་གཉིས་སུ་མ་གསལ་ཞིང་། འཕང་ཐང་མས་འགྱུར་བྱང་གཞན་དུ་ཡོད་ཅེས་པའི་འགྱུར་རྣམས་འདི་ཡིན་པར་ཡིད་འཐད་བྱུང་སྟེ། འདི་ནས་རྙེད་པའི་རྒྱུད་འདི་དག་ནི་མང་ཆེ་བ་ཞིག་ངོས་ཟིན་པར་མ་ཟད་སྔགས་བླ་མེད་རྒྱུད་སྡེ་རྐྱང་ཡིན་པར་ར་འཕྲོད་ཀྱིན་འདུག སྤྱིར་དེང་སང་སྔ་འགྱུར་རྙིང་མའི་ཡིག་ཆ་ནང་མང་ཆེ་བར་རྒྱུད་སུམ་ཅུ་རྩ་དྲུག་ཅེས་པའི་ཐ་སྙད་ཡོང་གྲགས་སུ་མི་སྣང་མོད། འོན་ཀྱང་གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་། གཙང་སྟོན་རྡོ་རྗེ་རྒྱལ་མཚན་སོགས་ཀྱིས་རྒྱུད་སུམ་ཅུ་རྩ་དྲུག་གི་དབྱེ་བ་ལེགས་པར་དབྱེ་འདུག་པ་དང་། དེ་དག་གིས་ཀྱང་སུམ་ཅུ་རྩ་དྲུག་དབྱེ་ཚུལ་མི་མཐུན་པ་ཅུང་ཙམ་རེ་དང་། གཙང་སྟོན་རང་གིས་མཛད་པའི་རྒྱུད་དབྱེ་རིན་ཆེན་ཕྲེང་བ་དང་། རྒྱུད་དབྱེ་བསྡུས་པ་རྒྱུད་འབུམ་གྱི་དབུ་བཀོད་པ། ཆོས་འབྱུང་གསལ་བྱེད་ལུང་བཅས་ཀྱི་ནང་ཅུང་ཙམ་མི་མཐུན་པར་འདུག་ནའང་། རྩ་བའི་ཆ་ནས་དེ་དག་གི་གཞི་གཅིག་ཡིན་པར་སྣང་།

ཡོངས་གྲགས་སུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རང་རྣམ་དུ་གྲགས་པ། གནུབས་སངས་རྒྱས་རིན་པོ་ཆེའི་བཀའ་ཤོག་རྒྱ་བོ་ཆེའི་ནང་སྔགས་ནང་པའི་རྒྱུད་རྣམས་བསྡུ་ན་རྒྱུད་ལུང་མན་ངག་གསུམ་དུ་འདུ་བ་དང་། དབྱེ་ན་སུམ་ཅུ་རྩ་དྲུག་ཏུ་ཕྱེས་ཡོད། དེ་ཉིད་ལས།

དེ་ལྟར་སྔགས་རྒྱུད་སུམ་ཅུ་རྩ་དྲུག་གནང་བ་འདི་ལྟར་ལགས། རྒྱུད་ཀྱི་ཡན་ལག་བརྒྱད་དང་ནི། སརྦ་བུདྷ་སམ་ཡོ་གི་ནི་ཏནྜ་ཞེས་བྱ་སྟེ། (༡)སངས་རྒྱ་མཉམ་སྦྱོར་གྱི་རྒྱུད་དང་། བུ་ཡ་ཙཀྲ་ཤཱི་ལ་ཀེའི་ཏནྡྲ་ཞེས་བྱ་ཏེ། (༢)ཟླ་གསང་ཐིག་ལེ་གསུང་གི་རྒྱུད། གུ་ཡ་ས་མ་ཏི་ལེན་ཏནྡྲ་ཞེས་བྱ་སྟེ། (༣)གསང་བ་འདུས་པ་ཐུགས་ཀྱི་རྒྱུད། ཀ་ཛི་པ་ནད་ལ་ཏནྡྲ་ཞེས་བྱ་སྟེ། (༡)གྲོལ་ལམ་བརྩེགས་པའི་རྒྱུད་དང་གླང་པོ་ཆེ་རབ་འབོག་གི་རྒྱུད་དང་། ཏ་ཏན་མ་ཧཱ་གུ་ཡི་ཏནྡྲ་ཞེས་བྱ་སྟེ་(༤)གློག་འགྱུ་ཕྲེང་བའི་རྒྱུད་དང་། དེ་ཁོ་ན་ཉིད་གསང་ཆེན་པོའི་རྒྱུད། མ་ལ་ཇ་ཡི་ཏནྡྲ་ཞེས་བྱ་སྟེ། (༦)སྒྱུ་འཕྲུལ་དྲྭ་བའི་རྒྱུད་དང་། ཀརྨ་མ་ལེ་ཏནྡྲ་ཞེས་བ་སྟེ། (༧)ལས་ཕྲེང་བའི་རྒྱུད་དང་། ཨ་པ་ཡ་སང་ཤི་ཏནྡྲ་ཞེས་བྱ་སྟེ།  (༨)ཐབས་ཀྱི་ཞགས་པའི་རྒྱུད་དང་། ཨ་ཏྲ་ཙིདྲ་ཀ་པ་རཱི་ཏནྡྲ་ཞེས་བྱ་སྟེ། (༩)དུ་མ་སྣང་བའི་རྒྱུད་དང་། སུ་ཏྲི་རམ་པ་ནི་ཏ་ཏནྡྲ་ཞེས་བྱ་སྟེ། (༡༠)སྒྲོལ་ལམ་བརྩེགས་པའི་རྒྱུད་དང་། ཨ་ལོ་ལེ་ཀ་མ་ལེའི་ཏནྡྲ་ཞེས་བྱ་སྟེ། (༡༡)གློག་འགྱུ་ཕྲེང་བའི་རྒྱུད་དང་། ཨེ་པ་ཏྲ་ཏིའི་ཏནྡྲ་ཞེས་བྱ་སྟེ། (༡༢)གཅིག་ལས་མང་པོ་འཕྲོས་པའི་རྒྱུད། ཨ་ཏི་པ་ཀ་ཨེ་ཀ་ན་ཏནྡྲ་ཞེས་བྱ་སྟེ། (༡༣)རྩེ་གཅིག་སྡུས་པའི་རྒྱུད་དང་། པྲ་པ་པྲ་ཏི་པྲ་ལ་ཏནྡྲ་ཞེས་སྟེ། (༡༤)ཕུར་པ་ཁྱི་ལ་བྱུང་བའི་རྒྱུད་དང་། ཁ་གལ་ཏེ་ན་ཏནྡྲ་ཞེས་བྱ་སྟེ། (༡༥)སྙིང་པོ་རོལ་པའི་ཏནྡྲ་དང། རི་བོ་བརྩེགས་པའི་རྒྱུད་དང་། ཤྲཱྀ་མ་ལེ་རེ་ཀ་མ་ལེའི་ཏནྡྲ་ཞེས་བྱ་སྟེ། (༡༦)དཔལ་ཕྲེང་དཀར་པོའི་རྒྱུད། ཨ་པ་ཏི་པ་ནཀི་ལ་ཡའི་ཏནྡྲ་ཞེས་བྱ་སྟེ། (༡༧)ཕུར་པ་ཀི་ལ་བཅུ་གཉིས་འབྱུང་བའི་རྒྱུད་དང་། ཁའི་བདག་ཧི་ལ་ཏནྡྲ་ཞེས་བྱ་སྟེ། (༡༨)སྙིང་པོ་རང་པའི་རྒྱུད་དང་། ནོར་བན་པུ་ཏྲ་ལོ་ཀི་ཏནྡྲ་ཞེས་བྱ་སྟེ། འཇིག་རྟེན་འདས་པའི་རྒྱུད་དང་བཅོད་བརྒྱད་དོ། དེ་ལ་ལུང་གི་མདོ་བདུན་ནི། གུ་ཡ་སྡུ་པན་རམ་པ་ན་ཏནྡྲ་ཞེས་བྱ་སྟེ། (༡)གསང་བ་མེ་དཔུང་འབར་བའི་རྒྱུད་དང་། བཛྲ་བིས་སིནྡྷ་རྒྱ་ཏནྡྲ་ཞེས་བྱ་སྟེ། (༢)རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་དང་། རརྣ་ཀ་ན་མ་ཛ་ལའི་ཏནྡྲ་ཞེས་བྱ་སྟེ་(༣)ནམ་མཁའ་མཛོད་རིན་པོ་ཆེའི་གལ་རྒྱུད་དང་། ཧ་ཡ་ཕྲ་མ་ཧིའི་ཏནྡྲ་ཞེས་བྱ་སྟེ། (༤)དབང་ཆེན་འདུས་པའི་རྒྱུད་དང་། རྟ་མཆོག་རོལ་བའི་རྒྱུད་དང་། ཀརྨ་པ་དྲ་ཧི་རི་ཀའི་ཏནྡྲ་ཞེས་བྱ་སྟེ་(༥)ཕྲིན་ལས་རོལ་པའི་རྒྱུད། གུ་ཡ་ཨཏྨ་ཏ་ཀུན་དྷ་ལའི་ཏནྡྲ་ཞེས་བྱ་སྟེ། (༦)བང་མཛོད་བདུད་རྩིའི་རྒྱུད་དང་། ཀརྨ་མ་ལེ་དེ་བྱི་ཤད་ཏ་པ་ཏ་རའི་ཏནྡྲ་ཞེས་བྱ་སྟེ། (༧)རྨད་དུ་བྱུང་བའི་བྱང་ཆུབ་ཀྱི་རྒྱུད་དང་བདུན་ནོ། དེ་ལ་མན་ངག་གི་རྩ་བ་བཞི་ལ། སིནྡྷི་ཕ་ལ་གོ་ཤ་ཏནྡྲ་ཞེས་བྱ་སྟེ། (༡)ཁུ་བྱུག་ཀློང་དགུ་ཀུན་མཛད་རིག་པ་མཆོག་གི་རྒྱུད། བྷོ་དྷི་ཙིཏྟ་མ་ལ་ཡའི་ཏནྡྲ་ཞེས་བྱ་སྟེ། (༢)བྱང་ཆུབ་སེམས་དཔའ་རྨད་དུ་བྱུང་བའི་རྒྱུད། མ་ཧཱ་ཛ་ལ་ཀ་དུ་ཏནྡྲ་ཞེས་བྱ་སྟེ། (༣)མི་ནུབ་རྒྱལ་མཚན་ནམ་མཁའ་མཛོད་ཆེན་པོའི་རྒྱུད་དང་། པྲཛྙཱ་དུ་བི་ཀའི་ཏནྡྲ་ཞེས་བྱ་སྟེ། (༤)ཆུབ་པ་རོལ་ཤེས་རབ་སྟོང་གི་སྟོབས་ཀྱི་བརྒྱན་པའི་རྒྱུད་དང་བཞིའོ། །དེ་ལ་ཡན་ལག་གི་རྒྱུད་ཕྱི་མ་བདུན་ནི། (༡)དབང་བསྐུར་རྒྱལ་པོའི་རྒྱུད་དང་། (༢)རིག་འཛིན་སྒྲུབ་པ་པའི་རྒྱུད་དང་། (༣)ཏིང་འཛིན་མཆོག་རྒྱུད་དང་། (༤)གསང་སྒོ་འབྲེལ་བའི་རྒྱུད་དང་། (༥)མ་མོ་རོལ་པའི་རྒྱུད་དང་། (༦)རྡོ་རྗེ་བདུད་རྩིའི་རྒྱུད་དང་། (༧)འབྲུ་སྟོང་གི་རྒྱུད་དང་བདུན་ནོ། དེ་ལྟར་གསང་སྔགས་རྒྱུད་སྡེ་མང་པོ་གནང་ནས། འདི་སྐད་གསུང་། རྒྱལ་པོ་བདག་གི་ཡབ་མེས་རྒྱལ་པོ་དྷརྨ་རཱ་ཛ་ནས་ད་ལྟ་ཡན་ཆད་དུ། བཀའ་གསང་རྨད་དུ་བྱུང་བའི་བཀའི་བརྒྱུད་པ་འདི། རྒྱུད་ལུང་མན་ངག་གསུམ་གྱིས་དོན་བསྡུས་ནས། བོད་ཀྱི་བན་ཆུང་ཁྱོད་ལ་ནན་ཏན་གྱིས། དེ་སྐད་གསུངས་ནས་བཀའི་རྒྱུད་མང་པོ་གཏད།ཅེས་དང་། (གཙང་སྟོན་རྡོ་རྗེ་རྒྱལ་མཚན།, ཆོས་རྗེ་ཀཿདམ་པ་ཡབ་སྲས་ཀྱི་གསུང་འབུམ་བཞུགས་སོ། རྒྱུད་དབྱེ་བསྡུས་པ་རྒྱུད་འབུམ་གྱི་དབུ།)རྒྱུད་དབྱེ་བསྡུས་པ་རྒྱུད་འབུམ་གྱི་དབུར་བཀོད་པ་ལས།གསང་བའི་བདག་པོས་ལུང་བསྟན་གདམས་ངག་བཞིན། རྒྱུད་སྟེ་སུམ་ཅུ་རྩ་དྲུག་ཐམས་ཅད་ཀུན། །རྒྱུད་དང་ལུང་དང་མན་ངག་གསུམ་དུ་ཕྱེས། །དེ་ཡང་རྒྱུད་ཀྱི་ཡན་ལག་བཅོ་བརྒྱད་དང་། །ལུང་གི་མདོ་བདུན་མན་ངག་རྒྱུད་སྡེ་བཞི། །དེ་ཡི་ཡན་ལག་རྒྱུད་བདུན་གྲགས་པའོ།

ཡང་། རྒྱུད་དབྱེ་རྒྱས་པ་རིན་ཆེན་ཕྲེང་བའི་ནང་དུ་མ་ཧཱ་དང་ཨ་ནུ་རྒྱུད་གྲངས་གཅིག་པ་ལ། (གཙང་སྟོན་རྡོ་རྗེ་རྒྱལ་མཚན།, རྒྱུད་དབྱེ་རྒྱས་པ་རིན་ཆེན་ཕྲེང་བ།)རྫོགས་པ་ཆེན་པོའི་སྐབས་སྐོར་གསུམ་བཀོད་པ་དེ་ཉིད་ལས།ནང་པ་ཐབས་ཀྱི་རྒྱུད་ལ་གསུམ་གྱི་བསྐྱེད་པ་མ་ཧཱ་ཡོ་ག་ནི། དཔལ་འཕྲེང་དམ་པའི་འགྲེལ་པ་སློབ་དཔོན་ཀུ་ཀུ་ར་ཙས་རྡོ་རྗེ་སེམས་དཔའ་མན་ངག་བཞིན་དུ་ཏནྟྲ་སྡེ་བཅོ་བརྒྱད་དུ་བསྡུས་པ་ཡིན་ཏེ། ཅེས་དང་། “རྫོགས་པ་ཨ་ནུ་ཡོ་གའི་རྒྱུད་སྟེ་ནི། ལུང་རྩ་བའི་མདོ་བདུན་དང་། ཕྱི་མའི་མདོ་བདུན་ནོ།། ཅེས་དང་། སྤྱིར་རྫོགས་པ་ཆེན་པོ་ལ་རྒྱལ་པོའི་སྐོར་དང་། བློན་པོའི་སྐོར། བྲམ་ཟེ་སྐོར་གསུམ་ལས་ཅེས་གསུངས། (གཙང་སྟོན་རྡོ་རྗེ་རྒྱལ་མཚན།, ཆོས་འབྱུང་གསལ་བྱེད་མེ་ལོང་།) ཡང་གཙང་སྟོན་གྱི་ཆོས་འབྱུང་གསལ་བྱེད་མེ་ལོང་ལས།མ་ཧཱ་ཡོ་ག་ལ་ཏནྟྲ་སྡེ་བཅོད་བརྒྱད་ ཅེས་དང་། ཨ་ནུ་ཡོ་ག་ལ་སྔགས་ཀྱི་མདོ་ལྔ། ཅེས་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་རྒྱུད་སྡེ་ཉི་ཤུ་རྩ་བཞི་སྟེ་རྩ་བའི་རྒྱུད་ལྔ། བཤད་པའི་རྒྱུད་བདུན། ཡན་ལག་གི་རྒྱུད་བདུན། བཏུས་པ་ལྔ་སྟེ་ཉི་ཤུ་རྩ་བཞི། ཅེས་དབྱེ་ཚུལ་ཅུང་མི་འདྲ་འདུག་ནའང་། རྩ་བའི་གཞི་གཅིག་ཡིན་པར་སྣང་ལ། དེ་ལྟར་གནུབས་ཆེན་དང་གཙང་སྟོན་སོགས་ཀྱིས་གསུང་པར་གཞིག་ན། འཇིག་རྟེན་འདས་པའི་རྒྱུད་བཅོད་བརྒྱད།  ལུང་གི་མདོ་བདུན། མན་ངག་རྩ་བ་བཞི། ཡན་ལག་གི་རྒྱུད་ཕྱི་མ་བདུན་བཅས་སྔགས་ཀྱི་རྒྱུད་སུམ་ཅུ་རྩ་དྲུག་དུ་འདུ་བར་གསུངས་ཡོད། སྤྱིར་ཏནྟྲ་ཆེན་པོ་བཅོ་བརྒྱད་སོགས་ནང་རྒྱུད་རྣམས་ཀྱི་དབྱེ་བསྡུ་ནི། སྔ་འགྱུར་གྱི་རྒྱུད་འགྲེལ་རྣམས་དང་། རྒྱུད་འབུམ་དཀར་ཆག་སོགས་སུ་མི་འདྲ་བ་སྣ་ཚོགས་མཆིས་ནའང་། རྩ་བའི་ནང་རྒྱུད་ཡོངས་རྫོགས་རྒྱུད་ལུང་མན་ངག་གསུམ་དུ་འདུ་བར་ཁྱད་པར་ཅི་ཡང་མེད། ལྷག་པར་གནུབས་ཆེན་ནི་བོད་བཙན་པོའི་དུས་མཇུག་གི་མཁས་གྲུབ་ཆེན་པོ་ཞིག་ཡིན་པར་མ་ཟད། ཁོང་གི་གསུང་དང་གོང་གསལ་ཏུན་ཧོང་གི་ཡིག་ཚགས་གཉིས་ཆེས་མཐུན་ཤོས་ཤིག་ཏུ་སྣང་།

མཐའ་དོན

གོང་གསལ་བརྗོད་པ་ལས་ལྷག་པའི་བོད་བཙན་པོའི་སྐབས་ཀྱི་སྔགས་བླ་མེད་ཀྱི་གཞུང་གཞན་ཞིག་མེད་པ་བཅས་ལ་བརྟེན། ཏུན་ཧོང་གི་ཡིག་ཚགས་སུ་འཁོད་པའི་རྒྱུད་སུམ་ཅུ་རྩ་དྲུག་ནི་བོད་བཙན་པོའི་སྐབས་ཀྱི་སྔགས་བླ་མེད་ཀྱི་དཀར་ཆག་ལོགས་སུ་ཡོད་ཅེས་པའི་ནང་དོན་འདི་ཡིན་པར་གསལ་བོར་ར་འཕྲོད་ཀྱིན་འདུག་ན། དཀར་ཆག་འཕང་ཐང་མར་གསལ་བའི་སྔགས་ནང་པའི་འགྱུར་བྱང་གཞན་ན་ཡོད་ཅེས་པའི་འགྱུར་དེ་དག་ནི་འདི་ལས་ལྷག་པའི་གསལ་བོ་ཞིག་ད་བར་རྙེད་མེད།  དེས་ན་ཏུན་ཧོང་ཡིག་ཚགས་སུ་བཀོད་པའི་སྔགས་བླ་མེད་ཀྱི་ཆོས་འབྱུང་ལྟ་བུའི་ཡིག་ཚག་འདི་ནི། བོད་བཙན་པོའི་སྐབས་ཀྱི་སྔགས་བླ་མེད་ཀྱི་དཀར་ཆག་ཡིན་པར་ངོས་འཛིན་བྱས་ན་མི་འགྲིག་པ་མེད་པར་མངོན།

ཏུན་ཧོང་ཡིག་ཚགས་སཾ་བོད་ཤན་སྦྱར་སུ་བཀོད་པ་བཞིན། གནུབས་ཀྱི་བཀའ་ཤོག་རྒྱ་བོ་ཆེར་ཡང་སཾ་བོད་ཤན་སྦྱར་དུ་བཀོད་འདུག ཡིག་ཆ་དེ་གཞི་ལ་བཞག་ནས་རྒྱུད་དེ་དག དེང་གི་རྙིང་འབུམ་ཁག་གི་ནང་ནས་གོང་གསལ་རྒྱུད་སྡེ་ཕར་ཆེ་རྙེད་ཀྱིན་འདུག་མོད། འདིར་ཡིག་ཚོགས་མང་བས་གཞན་དུ་འགོད་པར་བྱ། ཕྱི་ལོ་ ༡༩༢༤ ལོར་ཧྥ་རན་སིའི་རྩོམ་པ་པོ་ཇོ་སིབ་ཧག་ཀིན་ (Hackin, 1924)ཀྱིས་བརྩམས་པའི་དཔེ་དེབ་ནང་གོང་གསལ་ཏུན་ཧོང་ཡིག་ཆ་ཕབ་བཤུས་ཀྱིས་བོད་ཡིག་མ་དཔེ་གསར་བཟོ་དང་། ལེགས་སྦྱར་གྱི་ཡི་གེ་རྣམས་དེང་རབས་ཀྱི་ལེགས་སྦྱར་འབྲི་སྲོལ་གྱི་དག་ཆ་ལྟར་བཀོད་འདུག་མོད། ཧྥ་རན་སིའི་སྐད་ཡིག་ནང་ཡོད་པས་ཞིབ་ཆ་ཀློག་ཐབས་བྲལ།

འོན་ཀྱང་མ་མཐོང་ཕྱིར་ན་མེད་པ་མིན་ཅེས་གསུངས་བ་ལྟར་ད་དུང་འདི་ལ་དཔྱོད་ལྡན་རྣམས་ཀྱི་ཞིབ་འཇུག་ངེས་ཅན་གནང་ན། དཀར་ཆག་ཙམ་མིན་པར་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དང་། ལྷག་པར་སྔགས་གསར་རྙིང་གི་གནད་དོན་མང་པོ་ཞིག་གསེད་བཀྲོལ་ཚད་ལྡན་ཞིག་ཡོང་ངེས་ནའང་སྐབས་འདིར་བརྗོད་དོན་དང་མ་འབྲེལ་བས་དེ་ཙམ་གྱིས་འཐུས་པར་བྱས་སོ།།

འདི་ནི་ཁོ་བོས་བོད་ཀྱི་དཀར་ཆག་རིག་པ་ལ་སློབ་གཉེར་ཅུང་ཙམ་བྱས་པའི་སྐབས་སུ་དོ་སྣང་བྱུང་བ་ཞིག་ཡིན་པར་མ་ཟད། དེའི་སྐོར་ལ་འཚོལ་ཞིབ་དང་རྩད་གཅོད་གང་མང་བྱས་པའི་གྲུབ་འབྲས་ཤིག་ཡིན། སྐབས་འདི་དང་འབྲེལ་ནས་བདག་གི་ལས་རོགས་གྲོགས་མཆོག་དམ་པ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས་ཡིག་ཆའི་ཁུངས་ལུང་འཚོལ་རོགས་གནང་བར་ཐུགས་རྗེ་ཆེ་ཞུ།

ཡིག་ཆའི་ཁུངས།

[1] སྒྲ་སྒྱུར་གྱི་བླ་བན་དྷེ་དཔལ་བརྩེགས་སོགས།. (2003). དཀར་ཆག་འཕང་ཐང་མ།. པེ་ཅིན།: མི་རིགས་དཔེ་སྐྲུན་ཁང་།.

[2] བསོད་ནམས་དར་རྒྱས།, ས. (2017). བོད་ཀྱི་ལོ་ཙཱ་རིག་པའི་གནད་རབས་ཡིག་ཚང་གཅེས་བསྡུས།. པེ་ཅིན།: མི་རིགས་དཔེ་སྐྲུན་ཁང་།.

[3] ཁོ་ཨིན།, ཅ. (2009). ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས།. ཧྲང་ཧེ།: ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་།.

[4] གཙང་སྟོན་རྡོ་རྗེ་རྒྱལ་མཚན།. (n.d.). ཆོས་རྗེ་ཀཿདམ་པ་ཡབ་སྲས་ཀྱི་གསུང་འབུམ་བཞུགས་སོ། རྒྱུད་དབྱེ་བསྡུས་པ་རྒྱུད་འབུམ་གྱི་དབུ།. སི་ཁྲོན་མི་རིགས་དཔེ་སྒྲུན་ཁང་།.

[5] གཙང་སྟོན་རྡོ་རྗེ་རྒྱལ་མཚན།. (n.d.). རྒྱུད་དབྱེ་རྒྱས་པ་རིན་ཆེན་ཕྲེང་བ།. ཁྲིན་ཏུས།: སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།.

[6] གཙང་སྟོན་རྡོ་རྗེ་རྒྱལ་མཚན།. (n.d.). ཆོས་འབྱུང་གསལ་བྱེད་མེ་ལོང་།. ཁྲིན་ཏུས།: སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།.

[7] ཁོ་ཨིན།, ཅ. (2009). ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས།. ཧྲང་ཧེ།: ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་།.

[8] Hackin, J. (1924). Formulaire sanscrit-tibétain du Xe siècle. Paris: Librairie orientaliste Paul Geuther.

ཞབས་མཆན། 

[1] པེ་ཅིན་པར་མ་དང་སྣར་ཐང་།<<གི>>

[2] པེ་ཅིན་པར་མ་དང་སྣར་ཐང་།<<འབྱུང>>

– – – – –

Loading

2 མཆན།

  1. སམ་བོད་ཤན་སྦྱར་དེ་ལ་མཛད་བྱང་གསལ་འདུག་གམ
    སུས་བསྒྲིགས་པ་རེད།  དུས་རབ་དེ་དུས་ཀྱི་ཡིན་པའི་ཁུངས་སམ་མཚན་མ་གང་འདུག་གམ

  2. ༈ བཀུར་འོས་པའི་དགེ་བཤེས་སྨོན་ལམ་ལགས་ཀྱི་དཔྱད་རྩོམ་འདི་ཅུང་ཟད་ཐུང་ནའང་དབུ་ནས་གཤམ་བར་དུ་ཚིག་ལྷག་གཅིག་ཀྱང་མེད་པར་མ་ཟད། དོན་གྱིས་ལྗིད་པར་འདུག་ལ་ཁོ་བོ་ལའང་བློ་བསྐྱེད་ཤིན་ཏུ་ཆེན་པོ་ཐེབས། “སྔགས་ནང་པའི་འགྱུར་བྱང་ལོགས་ན་བཞུགས་”ཞེས་པར་གུས་པས་ཀྱང་བརྟག་དཔྱད་མང་དུ་བྱས་ཀྱང་འབྲས་མེད་དུ་གྱུར། དགེ་བཤེས་ལགས་ཀྱི་དཔྱད་གཞི་འདི་ཤིན་ཏུ་གལ་ཆེན་པོ་ཞིག་ལ་མཐོང་། ཁོང་ལ་ཐུགས་རྗེ་ཆེ་ཞུ།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།