[ནང་དོན་གནད་བསྡུས།] འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པའི་ལམ་གྱི་ངོ་སྤྲོད་ཉུང་བསྡུས་དང་། སྔགས་ལོག་སུན་འབྱིན་སྐོར་གྱི་དགག་ཡིག་ཐོག་མའི་གྲས་ཀྱི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ཤོག་ལ་བརྟགས་ཏེ། སྐབས་དེའི་གནས་སྟངས་དང་། བཀའ་ཤོག་དགྲམ་སའི་ཆོས་ལོག་སྤྱོད་མཁན་སུ་ཡིན་དང་། ཕྱིས་བྱུང་གི་མཁས་པ་ཚོས་དེ་ལ་འགྲེལ་བཤད་གནང་སྟངས། འགྲེལ་བཤད་དེ་དག་དོན་ལ་འབྱོར་ཡོད་མིན་དང་། ལྷ་བླ་མས་གསང་སྔགས་གསར་རྙིང་གང་དུའང་དགག་པ་བྱས་མེད་ཚུལ། འགོས་ཁུག་པ་ལྷས་བཙས་དང་། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། ཀརྨ་པ་མི་བསྐྱོད་རྡོ་རྗེ། བུ་སྟོན་རིན་ཆེན་གྲུབ་སོགས་ཀྱིས་མཛད་པར་གྲགས་པའི་སྔགས་ལོག་སུན་འབྱིན་དེ་དག་རྫུན་མ་ཡིན་ཚུལ་སོགས་གཞུང་ལུགས་དང་ལོ་རྒྱུས་སོགས་དང་ཁུངས་བྱས་ཏེ་སྨྲས་ཡོད།
[བརྡ་ཆད།] སྦྱོར་བ། སྒྲོལ་བ། ཧོམ། གསང་སྔགས། ཆོས་ཕུང་། འཆི་བ། སྒྲིབ་པ། རྡོ་རྗེའི་ཐེག་པ། ཐར་པ།
དང་པོ། སྔོན་འགྲོའི་ཚབ་ཏུ་བོད་ཀྱི་གསང་སྔགས་སྐོར་ཅུང་ཙམ་གླེང་བ།
དེང་གི་དུས་འདིར་མཁན་པོ་དང་དགེ་རྒན་ཡིན་པར་རློམ་པའི་སེར་བོ་དང་སྐྱ་བོའི་སྡེ་ཅི་རིགས་ནས་བྱུང་བ་སོགས་དང་ཅོལ་ཆུང་ཅལ་འདྲོགས་མཁན་མང་པོས་གསང་སྔགས་ཀྱི་བརྒལ་ལན་ལས་འཕྲོས་ཏེ་གླེང་སློང་དང་དཔྱད་གཏམ་སོགས་མང་པོར་སྤེལ་འདུག་ཀྱང་དེ་དག་ནི་ལོག་ལྟ་འཕེན་བའི་རྒྱུ་ཙམ་ལས་གླེང་རིན་ཡོད་པ་ཞིག་དང་དཔྱད་དུ་འོས་པའི་གཏམ་ཞིག་མི་སྣང་མོད། འོན་ཀྱང་འདི་ལྟར་མ་བརྟག་སྤྱི་བརྟོལ་སྨྲ་བའི་གང་ཟག་མང་དུ་བྱུང་ན། ཆོས་དང་གང་ཟག་ལ་སྐུལ་བ་འདེབས་མཁན་མང་དུ་བྱུང་བར་དོགས་ནས་འདིར་ཁོ་བོས་དེ་དག་ལ་འཁྲུལ་བ་ངོ་སྤྲོད་ཀྱི་ཚུལ་དུ་ཅུང་ཙམ་ཞིག་སྨྲ་བར་འདོད་དོ། །
དེ་ཡང་བདག་ཉིད་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་སྤྲུལ་དུ་གྲགས་པ་རྗེ་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པ་ཆེན་པོའི་མི་ཆོད་པ་མི་ཤིགས་པ་བརྟན་པ་སྲ་བ་འགྱུར་བ་མེད་པ་ཐམས་ཅད་དུ་ཐོགས་པ་མེད་པ་ཐམས་ཅད་དུ་མ་ཕམ་པ་སྟེ་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་རྡོ་རྗེའི་ཚིག་རྐང་དུ།[1] ཆོས་ཕུང་བརྒྱད་ཁྲི་སངས་རྒྱས་སྒྲུབ་པར་གཅིག །ཅེས་སངས་རྒྱས་ཀྱིས་གསུངས་པའི་བཀའ་མདོ་རྒྱུད་ཡོངས་སུ་རྫོགས་པ་ཐམས་ཅད་ཚིག་དང་ཡི་གེ་ན་གཅིག་ཀྱང་འདོར་རྒྱུ་མེད་པར་དབྱངས་གཅིག་དང་མགྲིན་གཅིག་དགོངས་པ་གཅིག་ཏུ་ཉམས་སུ་ལེན་དགོས་པར་གསུངས་པ་ལྟར། ཐབས་མཁན་ལ་ཐུགས་རྗེ་ཆེ་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གང་གིས་ཀྱང་བསྒྲུན་དུ་མེད་པ། བླ་ན་མེད་པ། གོང་ན་མེད་པ། རྩོད་པའི་ཟླ་ཐམས་ཅན་དང་བྲལ་བ། རང་དོན་སྤངས་བ་ཕུན་ཚོགས་དང་རྟོགས་པ་ཕུན་ཚོགས། གཞན་དོན་ཐབས་ཀྱི་ཕྲིན་ལས་ཕུན་སུམ་ཚོགས་པ་ལ་མི་འཇིགས་པའི་སེང་གེའི་སྒྲ་ཆེན་པོ་འཇིག་རྟེན་གསུམ་དུ་སྒྲོག་པའི་མཉམ་མེད་ཐུབ་པའི་དབང་པོ་གང་གིས། གང་ཟག་ཅིག་གི་རྒྱུད་ཀྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གཞོམ་ཕྱིར་དུ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན་ཏེ། དེ་ཡང་རྗེ་ཀུན་མཁྱེན་བླ་མ་མི་བསྐྱོད་རྡོ་རྗེས། སྤྱིར་སེམས་ཅན་ཐམས་ཅད་ལ་སྒྲིབ་གསུམ་རགས་ཕྲ་ཤིན་ཏུ་ཕྲ་བ་གསུམ་རྒྱུད་ལ་མི་ལྡན་པའི་སེམས་ཅན་ཡེ་མི་སྲིད་ལ། དེ་དག་གི་སྒྲིབ་པ་རགས་པ་འཁོར་བར་སྐྱེ་བ་ལེན་པའི་ཉེས་པ་ཙམ་སྦྱོང་བྱེད་དུ་ཉན་རང་གི་ཐེག་པ་བསྟན་པར་མཛད་ལ། ཉན་རང་དེ་དག་གི་རྒྱུད་ཀྱི་བསགས་སྦྱོང་གི་ཆེད་ཀྱི་ཆོས་སྒོ་དང་ཆོས་ཕུང་དེ་ཙམ་དུ་དབྱེ་བར་མཛད་ལ། སྒྲིབ་པ་ཕྲ་བ་འཁོར་བར་ལྟུང་བའི་ཉེས་པར་མ་ཟད་ཞི་བར་ལྟུང་བའི་ཉེས་པ་སྦྱོང་བྱེད་རྒྱུའི་ཐེག་པ་ཆེན་པོ་བསྟན་པར་མཛད་ལ། དེའང་ཐེག་པ་ཆེན་པོ་པ་དག་གི་རྒྱུད་ཀྱི་བསགས་སྦྱོང་གི་ཆེད་ཀྱི་ཆོས་སྒོ་དང་ཆོས་ཕུང་དེ་ཙམ་དུ་དབྱེ་བར་མཛད་ལ། ཤིན་ཏུ་ཕྲ་བའི་སྒྲིབ་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་བྱེད་ཀྱི་ཉེས་པ་སྦྱོང་བྱེད་འབྲས་བུ་རྡོ་རྗེའི་ཐེག་པ་བསྟན་པར་མཛད་ལ། གསང་ཆེན་གྱི་སྐལ་ལྡན་དེ་དག་གི་རྒྱུད་ཀྱི་བསགས་སྦྱོང་གི་ཆེད་ཀྱི་ཆོས་སྒོ་དང་ཆོས་ཕུང་དེ་ཙམ་དུ་དབྱེ་བར་མཛད་པ་ཡིན་པས། སངས་རྒྱས་ཀྱི་ཆོས་སྒོ་དང་ཆོས་ཕུང་དང་ཐེག་པའི་རིམ་པ་སྣ་ཚོགས་པ་གསུངས་སོ་ཅོག་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་ལ་བཀྲུ་བ་གསུམ་དང་ཕྱི་བ་གསུམ་གྱིས་དྲི་མ་སྦྱང་བ་བཞིན་སེམས་ཅན་རེ་རེའི་རྒྱུད་ཀྱི་སྒྲིབ་པའི་དྲི་མ་ཕྲ་རགས་ཤིན་ཏུ་ཕྲ་བ་གསུམ་ག་སྦྱོང་བྱེད་དུ་གསུངས་པ་ཡིན་པས། སངས་རྒྱས་ཀྱི་ཐེག་པ་དང་ཆོས་སྒོའི་རྗོད་བྱེད་དེ་སྙེད་ཀྱི་བརྗོད་བྱའི་དོན་སྣ་གཅིག་ཀྱང་མ་ལུས་པར་ཉམས་སུ་མ་བླངས་ན་སྒྲིབ་བཅས་ཀྱི་སེམས་ཅན་དག །སྒྲིབ་བྲལ་མཐར་ཐུག་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མི་ཐོབ་ཅེས་བཀའ་སྩལ་ཏོ། །ཞེས་གསུངས་པ་ཡིན་ལ། དེ་བཞིན་དུ་མཐར་ཐུག་སངས་མི་རྒྱ་བའི་གང་ཟག་རྡོག་མ་གཅིག་མེད་པ་ནི་ཁོ་བོས་ཐེག་གསུམ་གྱི་རྟོགས་རིགས་ལ་དཔྱད་པ་ཞེས་པ་རུ་ལེགས་པ་བཀྲལ་ཟིན་པས་སླར་ཡང་འདིར་ངལ་བ་མི་བྱ་ལ། སངས་རྒྱ་བ་ལ་ངེས་པར་འབྲས་བུ་རྡོ་རྗེའི་ཐེག་པའི་ལམ་ལ་མ་བརྟེན་པར་རྒྱ་མི་ནུས་པ་ནི་གོང་དུ་བཤད་མ་ཐག་པ་ཡིན་པས་དེ་བཞིན་དུ་ཤེས་དགོས་ལ། སླར་ཡང་འདིར་ཅུང་ཟད་སྤྲོས་ན། གལ་ཏེ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ནི། གཙུག་ལག་ཁང་གྲུ་བཞི་ཞིག་ཏུ་ཡོད་པའི་ནོར་བུ་རིན་པོ་ཆེ་ཡིན་པའི་དབང་དུ་བཏང་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི་གཙུག་ལག་ཁང་དེའི་སྒོ་བརྒྱད་ཁྲི་བཞི་སྟོང་ལྟ་བུ་ཞིག་ཡིན་པ་དང་དེའང་ཕྱོགས་བཞི་མཚམས་བརྒྱད་དུ་ཡོད་པ་སྤྱིར་མཁས་པ་རྣམས་ཀྱིས་འདོད་ལ། དེ་ལྟར་ན་སྒོ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གང་རུང་ཞིག་ནས་ནང་དུ་སོང་སྟེ། ནོར་བུ་ལག་ཏུ་ཐོབ་ན་ནོར་བུ་ཐོབ་པ་ལྟར། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གང་རུང་ལ་བསྟེན་ནས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་ན་སངས་རྒྱས་ཀྱི་གོ་འཕང་གྲུབ་པ་ཡོད་པ་སྤྱིར་མཁས་པ་རྣམས་ཀྱིས་བཞེད་ཀྱང་། དོན་ལ་ནི་དེ་ལྟར་མ་ཡིན་ཏེ། གཙུག་ལག་ཁང་དུ་ཡོད་པའི་ནོར་བུ་རིན་པོ་ཆེ་དེ་འཐོབ་པ་ལ་ངེས་པར་དུ་སྒོ་བརྒྱད་ཁྲི་བཞི་སྟོང་དེ་རིམ་བཞིན་བརྒལ་ཏེ་འགྲོ་དགོས་ལ། སྒོ་དེ་དག་ཀྱང་གོང་དུ་བསྟན་པ་ལྟར་ཕྱོགས་བཞི་མཚམས་བརྒྱད་དུ་ཡོད་པ་ལྟར་མ་ཡིན་པར་ཕྱི་ནང་གོ་རིམ་བཞིན་དུ་ཡོད་པ་ཞིག་ཏུ་གོ་དགོས་ལ། དེ་ཡང་སྒོ་མཐའ་མ་བརྒྱད་ཁྲི་བཞི་སྟོང་པ་རུ་བསླེབ་པ་ལ་སྒོ་དང་པོ་ནས་བགྲོད་དགོས་པ་ཡིན་པ་ལྟར། སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་ལ་དང་པོ་ཉན་ཐོས་ཀྱི་ཐེག་པ་ནས་བཟུང་མཐར་སྣང་གསུམ་འཕོ་བའི་བག་ཆགས་གཞོམ་ཕྱིར་འབྲས་བུ་རྡོ་རྗེའི་ཐེག་པའི་ལམ་ལ་མ་ཞུགས་པར་དེ་འཇོམས་བྱེད་ཀྱི་ལམ། རྒྱུ་ཕར་ཕྱིན་ཐེག་པ་སོགས་ལས་མེད་པས། ངེས་པར་དུ་འབྲས་བུ་རྡོ་རྗེའི་ཐེག་པའི་ལམ་ལ་ཞུགས་དགོས་པ་ཡིན་ཏེ། གྲུབ་ཆེན་ས་ར་ཧས། ལྷན་ཅིག་སྐྱེས་བྲལ་གཞན་གང་གིས། །མྱ་ངན་འདས་གང་སྒོམ་བྱེད་པ། །དེ་དག་འགས་ཀྱང་དོན་དམ་ནི། །གཅིག་ཤོས་འགྲུབ་པར་མི་འགྱུར་རོ། །ཞེས་དང་། འཕགས་པ་ལྷས་ཀྱང་། གང་ཞིག་སྐལ་པ་གྲངས་མེད་ནི། །མང་པོས་མ་ཐོབ་པར་འདོད་པའི། །སངས་རྒྱས་ཚེ་འདི་ཉིད་ཀྱིས་ནི། །འཐོབ་པ་འདི་ལ་ཐེ་ཚོམ་མེད། །ཞེས་དང་། ཙནྡྲ་པས་ཀྱང་། དེ་བས་ན་འདོད་ཆགས་ཅན་གྱི་སེམས་ཅན་ནི་འདོད་ཆགས་དང་བྲལ་བ་ལ་འཛུད་ལ། འདོད་ཆགས་དང་བྲལ་བ་རྣམས་འདོད་ཆགས་བར་མ་ལའོ། །འདོད་ཆགས་བར་མ་རྣམས་འདོད་ཆགས་ཆེན་པོ་ལ་འགོད་དོ། །ཞེས་ལ་སོགས་པ་རྒྱ་ཆེན་འབྱུང་ལ། འདིར་སྐབས་བབས་ཀྱི་རྒོལ་བ་ནི་རྒྱུ་ཕར་ཕྱིན་ཐེག་པར་གནས་པའི་གང་ཟག་རྣམས་ཡིན་པས་རྒྱུ་ཕར་ཕྱིན་ཐེག་པའི་སློབ་དཔོན་རྣམས་ཀྱི་ལུང་གིས་བསྒྲུབ་པ་ཡིན་ལ། འབྲས་བུ་རྡོ་རྗེ་ཐེག་པའི་ལུང་ནི་འདིར་བསྒྲུབ་བྱ་ལས་སྒྲུབ་བྱེད་དུ་མི་འགྲོ་བས་དེ་དག་གི་སྤྲོས་པ་བསྐྱུངས་སོ། །སྤྱིར་སངས་རྒྱས་ལ་མདོའི་སངས་རྒྱས་དང་སྔགས་ཀྱི་སངས་རྒྱས་གཉིས་སུ་ཐེག་ཆེན་ཆེན་པ་རྣམས་ཀྱིས་འབྱེད་པར་བྱེད་ལ། མདོའི་སངས་རྒྱས་ནི་གནས་སྐབས་ཀྱི་སངས་རྒྱས་ཙམ་ལས་མཐར་ཐུག་གི་སངས་རྒྱས་སུ་མི་འདོད་ལ། མཐར་ཐུག་གི་སངས་རྒྱས་ནི་གསང་སྔགས་བླ་མེད་ལས་འབྱུང་བའི་སངས་རྒྱས་ཁོ་ན་ཡིན་ལ། དེ་ཉིད་ལ་སངས་རྒྱས་མཚན་ཉིད་པ་ཞེས་ཀྱང་བྱ་བ་ཡིན་ནོ། །འོན་ཀྱང་ཐེག་དམན་པ་ལ་ཐེག་ཆེན་བཀའ་བསྒྲུབས་བྱས་པ་ལྟར། འདིར་རྒྱུ་ཕར་ཕྱིན་ཐེག་པ་པ་ལ་གསང་སྔགས་བླ་མེད་བཀར་བསྒྲུབ་དགོས་པ་ལྟར་དུ་འདུག་ཀྱང་དེ་དག་ནི་འདིར་མི་གླེང་ངོ་། །ཚུལ་འདི་དག་ནི་རྒྱ་ཆེར་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་དགོངས་གཅིག་དང་དེའི་འགྲེལ་ཆེན་ཐམས་ཅད་དང་། ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་དགོངས་གཅིག་འགྲེལ་ཆེན་དང་། བྱ་རྒྱུད་ཊིཀ་ཆེན་སོགས་ལས་རྒྱས་པར་འབྱུང་བས་ཤེས་འདོད་མཁན་དག་གིས་དེ་དག་ལ་གཟིགས་པར་འཚལ་ལོ། །
གཉིས་པ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ཤོག་སྐོར་གླེང་བ།
ད་ནི་དངོས་ཀྱི་དོན་ལ་འཇུག་པར་བྱ་སྟེ། དེ་ཡང་དང་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཛད་པར་གྲགས་པའི་ལྷ་བླ་མའི་བཀའ་ཤོག་གམ་པུ་ཧྲངས་ཀྱི་རྒྱལ་པོ་ལྷ་བླ་མའི་ཞལ་ནས་བོད་ཡུལ་གྱི་སྔགས་པ་རྣམས་ལ་བརྫངས་པ་ཞེས་པ་དེ་ཉིད་ལ་བརྟག་པར་བྱ་སྟེ། དང་པོ་[2]པུ་ཧྲངས་ཀྱི་རྒྱལ་པོ་ཞེས་པའང་བརྟག་དགོས་པ་ཞིག་སྟེ། ལྷ་བླ་མ་ཡེ་ཤེས་འོད་ནི་གུ་གེའི་རྒྱལ་པོ་ལས་པུ་ཧྲངས་ཀྱི་རྒྱལ་པོ་ཡིན་པར་གསུངས་པའི་ལོ་རྒྱུས་མེད་པ་དང་། སྤྱིར་མངའ་རིས་རྒྱལ་རྒྱུད་ཀྱི་ཁུངས་སུ། ལ་དྭགས་རྒྱལ་རབས་དང་། ཟངས་དཀར་རྒྱལ་རབས། ཡ་རྩེ་རྒྱལ་རབས། པུ་ཧྲངས་རྒྱལ་རབས། གུ་གེའི་རྒྱལ་རབས་བཅས་ཡོད་ཀྱང་། གུ་གེའི་པཎྟིཏས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་རུ། འདིར་བོད་ཀྱི་ལྷ་བཙན་པོ་སྐྱིད་ལྡེ་ཉི་མ་མགོན་ལ་སྲས་མགོན་གསུམ་འཁྲུངས་པའི་བར་པ་ནི། བཀྲ་ཤིས་མགོན་ཡིན་ལ། དེ་ལ་སྲས་གཉིས་འཁྲུངས་པ་ནི། གཅེན་འཁོར་རེ་དང་། གཅུང་སྲོང་ངེ་གཉིས་ཡིན་ནོ། །གཅེན་འཁོར་རེས་པུ་ཧྲངས་ལ་མངའ་མཛད། གཅུང་སྲོང་ངེས་གུ་གེ་ལ་མངའ་མཛད། ཅེས་གསལ་བས་པུ་ཧྲངས་དང་གུ་གེ་སོ་སོ་ཡིན་པ་གོ་སླ་ལ། ཡང་དེ་ཉིད་དུ། སླར་གཅུང་སྲོང་ངེ་རབ་ཏུ་བྱུང་བ་ནི་ལྷ་བླ་མ་ཡེ་ཤེས་འོད་འདི་ཉིད་དོ། །བོད་ཁམས་ཀྱི་མཁས་པ་མང་པོས་གཅེན་འཁོར་རེ་རབ་ཏུ་བྱུང་བ་ནི་ལྷ་བླ་མ་ཡེ་ཤེས་འོད་ཡིན་ནོ། །ཞེས་གསུངས་པ་ནི་ཅུང་ཟད་མཉམ་པར་མ་བཞག་པ་སྟེ། ཞེས་སྲོང་ངེ་ལྷ་བླ་མ་ཡེ་ཤེས་འོད་ཡིན་པར་གསུངས་ལ། དེབ་ཐེར་སྔོན་པོར། འཁོར་རེ་ལ་སྲས་ནཱ་ག་རཱ་ཛ་དང་དེ་བ་རཱ་ཛ་གཉིས་སོ། །འཁོར་རེ་ཡབ་སྲས་གསུམ་རབ་ཏུ་བྱུང་ནས་སྲོང་ངེ་ལ་སྲིད་གཏད་ཅེས་འཁོར་རེ་ལྷ་བླ་མ་ཡིན་པར་གསུངས་ཡོད་པས་གུ་གེའི་གྲགས་རྒྱལ་གྱིས་དེབ་སྔོན་འདི་དག་ལ་དགག་པ་གནང་བ་ཡིན་པ་འདྲ་འདུག །ལྷ་བླ་མ་ཡེ་ཤེས་འོད་ནས་ཁྲི་གྲགས་པའི་དབང་ཕྱུག་སྡེའི་བར་རྒྱལ་པོ་སུམ་ཅུའི་རིང་ལ་གུ་གེའི་རྒྱལ་རབས་ཆགས་ཡོད་ལ། ལྷ་བླ་མ་ནི་གུ་གེའི་རྒྱལ་རབས་དང་པོ་ཡིན་པ་ལས་པུ་ཧྲངས་རྒྱལ་པོར་མངའ་གསོལ་མཛད་པ་ནི་མ་མཐོང་བས་ཐོག་མར་’པུ་ཧྲེངས་ཀྱི་རྒྱལ་པོ་ལྷ་བླ་མའི་ཞལ་ནས་’ཞེས་པ་འདི་ལ་སོགས་པས་ཤོག་འཁྱར་འདི་རྫུན་མ་ཡིན་ནམ་སྙམ་པའི་རྒྱུ་མཚན་འགའ་འདུག་ཀྱང་གུ་གེའི་པཎྟིཏས་ལྷ་བླ་མར་ཆོས་ལོག་སུན་འབྱིན་གྱི་ཡི་གེ་ཡོད་པར་ཡང་ཡང་གསུངས་འདུག་པས་ད་ལྟ་མཐོང་དུ་ཡོད་པའི་བཀའ་ཤོག་འདི་ཉིད་ལས་ལོགས་སུ་མཐོང་དུ་མེད་པ་ན་འདི་ཉིད་ཡིན་དགོས་པ་ཡང་འདྲ་འདུག་གོ །
གསུམ་པ། བཀའ་ཤོག་དང་ལོ་ཚིགས་ཀྱི་སྐོར་གླེང་བ།
འོན་ཀྱང་སྤྱིའི་གནས་སྟངས་ལ་གཞིགས་ན་ལྷ་བླ་མ་ཉིད་རབ་ཏུ་བྱུང་ཟིན་ནས་གཟོད་བཀའ་ཤོག་འདི་བྲིས་པ་ཡིན་ནམ་སྙམ་པ་ཞིག་ཡོད་ཀྱང་། བཀའ་ཤོག་དེ་རུ་’པུ་ཧྲངས་ཀྱི་རྒྱལ་པོ་’ཞེས་གསལ་བ་ལྟར་ན་རབ་ཏུ་མ་བྱུང་བའི་སྔོན་ནས་བྲིས་ཡོད་པ་མངོན་འདུག །འོ་ན་ལྷ་བླ་མའི་རབ་ཏུ་བྱུང་ལོ་དང་འཁྲུངས་འདས་ཀྱི་ལོ་ཚིགས་གང་ཡིན་ནམ་ཟེར་ན། སྤྱིར་ལྷ་བླ་མའི་འཁྲུངས་འདས་ཀྱི་ལོ་ཚིགས་སྐོར་ལ་མི་མཐུན་པ་མང་ཡང་། གུ་གེའི་པཎྟིཏིའི་ལྷ་བླ་མའི་རྣམ་ཐར་རྒྱས་པ་རུ་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་བ་རྣམ་གཞི་བྱས་ཏེ་བྲིས་ན། གཞུང་དེ་ཉིད་དུ།[3] ཁྲི་ལྡེ་སྲོང་བཙན་མེ་མོ་ལུག་ལ་འཁྲུངས། །སོ་གཅིག་ས་གླང་པ་ལ་བསྙན་པར་རྫོགས། །ཐུབ་བསྟན་དར་རྒྱས་མཛད་ནས་གྱ་ལྔ་པ། །ས་མོ་ལུགས་ལ་མཐོ་གླིང་གནས་སུ་གཤེགས། །ཞེས་རང་ལུགས་སུ་གསུངས་ནས། འགའ་ཞིག་དོན་གསུམ་ལྕགས་ལུགས་ལ་འདས་དང་། །ས་ལུག་ལ་བལྟམས་རེ་གཅིག་ས་ལུག་ལ། །ཞི་བར་གཤེགས་ཅེས་དབུ་སྡེའི་མཁན་པོ་གསུང་། །སྔ་མ་རྩ་རྒྱུད་ལུང་དང་མཐུན་པ་གཞན། །ཞེས་བར་སྐབས་ཀྱི་ཚིགས་བཅད་ལྟར་དུ་གསུངས་འདུག་ལ། དེས་ན་འཁྲུངས་ལོ་མེ་ལུག་དེ་ནི་སྤྱི་ལོ་༩༤༧དང་། དེ་ནས་རབ་ཏུ་བྱུང་ལོ་ནི། ལོ་སོ་གཅིག་སོན་པ་ས་གླང་ཞེས་པ་དེ་ནོར། ལོ་སོ་གཅིག་པ་མེ་གླང་ཡིན། མེ་གླང་དེ་ནི་སྤྱི་ལོ་༩༧༧ཡིན། དགུང་ལོ་གྱ་ལྔ་པ་ས་ལུག་ལ་མཐོ་གླིང་གནས་སུ་གཤེགས་ཞེས་པ་ནོར། དགུང་གྲངས་གྱ་ལྔ་པ་ལ་གཤེགས་པ་ཡིན་ན། ལྕགས་ལུག་སྤྱི་ལོ་༡༠༣༡པ་ཡིན་དགོས་པ་ད་ལྟ་མཛུབ་མགོར་བགྲོངས་དང་ཤེས་ངེས་ལགས། འོན་ཀྱང་རྣམ་ཐར་དེ་ཉིད་དུ། ‘དེ་ནས་ས་མོ་ལུག་ལོ་ལ་མཐོ་གླིང་གཟིམ་ཁང་དུ་ཞི་བར་གཤེགས་པའི་ཚུལ་བསྟན་མོད། ཞེས་ཚིགས་བཅད་དུ་ཡོད་པ་ཇི་བཞིན་དུ་ཚིག་ལྷུག་ཏུ་ཡང་འདུག་ཀྱང་། ཡང་དེའི་ལྡེབ་མའི་རྒྱབ་ལོག་ཏུ་ཆུ་མོ་ཕག་གི་ལོ་ལ་ཡབ་ལྷ་བླ་མ་ཡེ་ཤེས་འོད་གྲོངས། ཞེས་ཀྱང་བྲིས་འདུག་པས་བརྟག་པར་བྱའོ། །ཡང་འདོད་པ་གཞན་ཞིག་ཏུ། ས་ལུག་སྤྱི་ལོ་༩༥༩ལོ་བལྟམས་པ་དང་། དགུང་ལོ་རེ་གཅིག་པ་སྤྱི་ལོ་༡༠༡༩ལོར་འདས་པར་འདོད་པའང་ཡོད་པར་འདོད་དོ། །རང་ལུགས་ནི་མེ་ལུག་༩༤༧ལ་འཁྲུངས་ནས་དགུང་ལོ་སོ་གཅིག་པ་མེ་གླང་༩༧༧ལ་རབ་ཏུ་བྱུང་དགུང་ལོ་གྱ་ལྔ་པ་ལྕགས་ལུག་༡༠༣༡ལོར་འདས་པར་བྱས་ན་ལེགས་པར་སྙམ་མོ། །འོན་ཀྱང་འདི་དག་ཞིབ་ཏུ་བརྟག་དགོས་པའི་གནད་མང་དུ་མཐོང་ཡང་། རེ་ཞིག་དེ་ཙམ་མོ། །
བཞི་པ། རྫོགས་ཆེན་བཏགས་པ་བའི་སྐོར་གླེང་བ།
ཡང་བཀའ་ཤོག་ཏུ། ད་ལྟ་ལས་ཟད་རྒྱལ་པོའི་ཁྲིམས་ཉམས་པས། །རྫོགས་ཆེན་མིང་བཏགས་ཆོས་ལོག་བོད་དུ་དར། །ལྟ་བ་ཕྱིན་ཅི་ལོག་གི་སར་ཐོགས་པ། །ཆོས་པར་མིང་བཏགས་སྔགས་ལོག་བོད་དུ་དར། །དེ་ཡིས་རྒྱལ་ཁམས་འཕུང་སྟེ་འདི་ལྟར་གྱུར། །སྒྲོལ་བ་དར་བས་ར་ལུག་ཉལ་ཐག་བཅད། །སྦྱོར་བ་དར་བས་མི་རིགས་འཆོལ་བ་འདྲེས། །སྨན་སྒྲུབ་དར་བས་ནད་པའི་གསོ་རྐྱེན་ཆད། །བམ་སྒྲུབ་དར་བས་དུར་སའི་མཆོད་པ་སྟོང་། །མཆོད་སྒྲུབ་དར་བས་མི་ལ་གསོན་སྒྲོལ་བྱུང་། །ཞེས་ལ་སོགས་པ་མང་འབྱུང་བ་རྣམས་རིམ་གྱིས་བརྟག་ན། ‘རྫོགས་ཆེན་མིང་བཏགས་ཆོས་ལོག་བོད་དུ་དར་’ཞེས་པ་འདི་ལ་བརྟག་པར་བྱ་བ་ཧ་ཅང་མང་མོད། ཕྱོགས་གཞན་ནས་མནོ་བསམ་བཞེས་ན། གཞན་ཞིག་གིས་ཆེད་དུ་ལྷད་བཙུད་པ་ཡིན་ནམ་སྙམ་པ་ཞིག་ཀྱང་འདུག །མིན་ནའང་ཆོག་སྟེ། བཀའ་ཤོག་འདི་ནི་ལྷ་བླ་མས་སྲིད་སྐྱོང་བཞིན་པའི་སྐབས་སམ་མེ་གླང་ལོ་སྤྱི་ལོ་༩༧༧ཡར་སྔོན་ནས་བྲིས་པ་ཞིག་ཡིན་ལ། དེ་ལྟར་ན་སྐབས་དེ་དག་ཏུ། རྫོགས་པ་ཆེན་པོ་ཆེན་པོ་ནི་བོད་རྒྱུད་ནང་བསྟན་གྱི་གསང་སྔགས་ཆེས་སྐད་གྲགས་ཆེ་བའི་བླ་མེད་མཚོན་བྱེད་ཀྱི་ཆོས་གཅིག་པུ་རུ་གྱུར་དུ་ཡོད་སྟབས། རྫོགས་ཆེན་ཉམས་ལེན་པ་མིན་ནའང་ཡིན་པར་རྫུ་བའི་མི་ཏོ་བ་ཡོད་མི་སྲིད་པའང་མ་རེད། དཔེར་ན་དུས་རབས་བཅུ་གཅིག་པའི་སྨད་དང་བཅུ་གཉིས་པའི་དུས་མགོ་རུ་བྱོན་པའི་པཎྟིཏ་ག་ཡ་དྷ་རས་ཀྱང་འགུས་ཁུག་པ་ལྷས་བཙས་ལ་ནཱ་རོ་པར་བརྫུས་པ་ལྟར་རོ། །མདོར་ན་སྐབས་དེར་སྔ་འགྱུར་སྙིང་མའི་རྫོགས་ཆེན་པ་མིན་བཞིན་དུ། གཞན་མགོ་སྐོར་གྱི་ལམ་ནས་ཆོས་ལོག་པ་འགའ་ཞིག་བྱུང་ཡོད་པ་ནི་གདོན་མི་བྱ་མོད་འོག་ཏུ་དེ་དག་ཁ་གསལ་གྱི་ལམ་ནས་སྤྲོ་ཐུབ་པར་བྱའོ། །ཡང་འདིར་ཕྱོགས་གཞན་ཞིག་ནས་དཔྱད་ན། སྐབས་དེར་བོན་གྱི་བསྟན་པ་རྒྱ་ཆེར་དར་ཡོད་པ་ནི་སྨོས་མ་དགོས་པ་རེད། བོན་གཞུང་གི་ཁྲོད་དུ་ལྟ་བ་བསྟན་པའི་གཞུང་རྫོགས་པ་རིན་ཆེན་གསེར་གྱི་ཕྲེང་ཞེས་པ་ཞིག་འདུག་པས་དེ་དག་ལ་ཉམས་ལེན་བྱེད་མཁན་དེ་དག་ལ་ཟེར་བ་ཡིན་ཡང་སྲིད། འདིའི་ཐད་དུ་དཔྱད་པ་མཁན་མང་པོས་རྫོགས་ཆེན་ཞེས་མིང་བཏགས་པ་དེ་ཡིན་ན་རྫོགས་ཆེན་ཡིན་དགོས་པ་སོགས་ཁས་ལེན་ནང་འགལ་དུ་མར་སྨྲས་འདུག་པ་དེ་ཚོ་མཐར་གཏུགས་ན་གྲྭ་པ་ལས་ལོག་ན་གྲྭ་པ་ཡིན་དགོས་པ་དང་སྐྱ་བོ་ལས་ལོག་ན་སྐྱ་བོ་ཡིན་དགོས་ཞེས་ཁས་བླངས་པ་ལས་ཁྱད་མེད་པའི་ཡིག་ཚོགས་མང་དུ་བྲིས་ཡོད་པ་དེ་དག་ལ་ནི་སྙིང་པོ་ཅི་ཡང་མ་མཐོང་ངོ་། །
ལྔ་པ། སྒྲོལ་བ་དང་འཆི་ཆོས་སྐོར་གླེང་བ།
‘སྒྲོལ་བ་དར་བས་ར་ལུག་ཉལ་ཐག་བཅད་’ཅེས་པ་འདི་ལ་བརྟག་ན། སྐབས་དེར་ཆེས་རྒྱུགས་ཆེ་བའི་ཆོས་ལུགས་རྣམས་ལ་བརྟག་དགོས་ལ། དེ་ཡང་གུ་གེ་གྲགས་པ་རྒྱལ་མཚན་གྱིས།[4] ཁྱད་པར་མངའ་རིས་ཀྱི་སའི་ཆར་གཙུག་ལག་ནི་བོན། ཞེས་པས་སྐབས་དེར་མངའ་རིས་ཕྱོགས་ཀྱི་ས་ཆར་བོན་ཆོས་བྱེད་མཁན་ཤིན་ཏུ་མང་བར་གོ་ནུས། ཡང་དེ་ཉིད་ལས། བློ་རྨོངས་སྙིང་རྗེ་མེད་ལ་འཚེ་བྱེད་པའི། །ཡི་དྭགས་གདོན་ངན་ཐལ་བ་ལྟར་མཆོད་ཅིང་། །བརྫུན་སླུ་སྒྱུ་མའི་གཙུག་ལག་བོན་ཆོས་སྤྱོད། །གཤིན་པོའི་རྗེས་སུ་ས་འོག་དུར་ཁུང་དུ། །གསོན་སྦས་བྱེད་པས་གཤིན་ལ་སྡིག་རྫོངས་འདེབས། །ཞེས་པས་སྐབས་དེར་སྙིང་རྗེ་མེད་པར་མཚོན་བྱེད་དུ་ཤ་མཆོད་དང་ཁྲག་མཆོད་མང་པོ་སྲུང་མ་ཡིན་པར་རློམ་པའི་འཇིག་རྟེན་པའི་ལྷ་ལ་མཆོད་ཅིང་། རྫུན་ནམ་གཞན་བསླུ་བྲིད་ཀྱི་ཆེད་དུ་གཙུག་ལག་གམ་རིག་གནས་ལ་བོན་གྱི་ཆོས་ལ་སྤྱོད་པ་དང་། གཤིན་པོའི་རྗེས་སུ་ས་འོག་གི་དུར་ཁུང་དུ་གསོན་པོ་སྦས་ཞེས་པ་ནི། དཔེར་ན་ཁྱོ་ག་ལྟ་བུ་ཞིག་ཤི་སོང་ན་དེའི་རྗེས་སུ་རང་གི་ཆུང་མ་སོགས་སྦས་དགོས་པའི་སྲོལ་ཡོད་པ་དེ་ལ་གོ་བ་ཡིན། གཤིན་པོ་གང་གི་རྗེས་སུ་རང་གི་ཆུང་མ་དང་ནོར་རྫས་རྣམས་སྦས་ན། དེ་ནི་གཤིན་པོ་དེས་ལོངས་སུ་སྤྱོད་ཆོག་པར་འདོད་པ་རེད། དེ་ནི་ནང་པ་སངས་རྒྱས་པའི་ཆོས་གཞུང་དང་མི་མཐུན་པ་ཞིག་ཡིན་ཏེ། ནང་པས་ནི། མི་ཤི་རྗེས་སུ་ལུས་ཕུང་ཤུལ་དུ་བསྐྱུར་ཏེ། རྣམ་ཤེས་ལུས་དང་ཁ་བྲལ་བ་ལ་ཤི་ཞེས་བཤད། ཤི་བའི་རྗེས་སུ་ཕུང་པོ་དང་མཉམ་དུ་ནོར་རྫས་ཅི་འདྲ་རྩལ་ཆེན་ཞིག་སྦས་ཀྱང་གཤིན་པོ་ལ་ཕན་པ་ཏིལ་འབྲུ་ཙམ་ཡང་མེད། གཤིན་པོའི་རྣམ་ཤེས་ནི། སྔོན་བསགས་ཀྱི་ལས་དགེ་སྡིག་གི་རྗེས་སུ་བྱ་སྤུ་རླུང་གིས་འཁྱེར་བ་ལྟར་འཁྱམ་འགྲོ་བར་འདོད་པའོ། །’སྒྲོལ་བ་དར་བས་’ཞེས་པ་དང་’སྦྱོར་བ་དར་བས་’ཞེས་པ་ལ་སོགས་པའི་ཚིག་དེ་དག་ལ་སོག་ཟློག་པ་དང་ཕྱིས་བྱུང་གི་མི་ཏོ་བ་མཁར་རྨེ་སོགས་ཀྱིས་གསང་སྔགས་ཀྱི་ཆོས་གཞུང་དངོས་དང་སྦྱར་ཏེ་མི་འགྲིག་བཞིན་འགྲེལ་ཁུལ་བྱས་འདུག་ཀྱང་ལོ་རྒྱུས་དང་འབྲས་བུ་རྡོ་རྗེའི་ཐེག་པའི་རྣམ་བཞག་སོགས་ལ་ཅི་ཡང་མ་ཤེས་པའི་རང་མཚང་མངོན་པ་ཙམ་དུ་ཟད་དོ། །འོན་ཀྱང་སྐབས་དེར་ཆོས་ལ་ཁ་གཡར་ཏེ་སྦྱོར་བ་བྱེད་མཁན་ཡོད་མི་སྲིད་པ་མ་ཡིན་པས་གང་ཟག་སྒེར་གྱི་སྐྱོན་ཆོས་ལ་གདགས་པར་མི་བྱའོ། །
དྲུག་པ། བཀའ་ཤོག་དགྲམ་སའི་ཕྱི་རྒོལ་སུ་ཡིན་གླེང་བ།
ཡང་འདིར་གུ་གེ་གྲགས་པ་རྒྱལ་མཚན་གྱི་གཞུང་དེ་ཉིད་དུ། བོད་ཁམས་ནག་པོ་དཀར་པོར་ཡོངས་བསྒྱུར་ཏེ། ལྷ་ཆོས་བདུད་རྩིའི་རང་བཞིན་ཚིམ་མཛད་ནས། །མི་ཡི་ལུས་ལ་ལྷ་ཡི་ལྷར་བསྒྲུབ་པ། །ཡ་མཚན་ངོ་མཚར་ཨེ་མ་ཧོ་རྨད་རེ་ཆེ། །ཞེས་པ་འདིས་ཆོས་ལོག་སྤྱོད་པའི་བོན་ནག་དེ་དག་བསྣུབས་ནས་ཡང་དག་པའི་ཆོས་འབའ་ཞིག་སྒྲུབ་མཁན་བོན་དཀར་དར་བར་མཛད་པ་ལ་ཟེར་བ་ཡིན་ཏེ། གྲགས་རྒྱལ་གྱི་གཞུང་དེར། གཤིན་པོའི་དོན་དོན་དུ་ནོར་དུར་དུ་སྦེད་པའི་ལུགས་ཡོད་པ་བཀག་ནས། དགེ་བ་བྱེད་དུ་བཅུག །བོན་ཉི་ཚེ་ཙམ་གཅིག་མཛད་དུ་བརྩལ་བ་ལ། བོན་པོས་ཀྱང་སྔོན་གྱི་བོན་གཞུང་རྙིང་པ་བཞག་པ་དེ་ཉིད་ལས་གསར་ཆོས་སུ་ཆོས་བོན་བསྲེས་པ་ལྟར་མི་བགྱིད། བགྱིད་ན་བོན་ཡིག་བསྲེག་པའི་འོག་ཏུ་ཆད་པ་རྟ་རེ་སྤྱད་ཞེས་གསུངས་པས་སོ། །
ཡང་གྲགས་རྒྱལ་གྱི་གཞུང་དེར།[5] ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་འདིས༢། ཆོས་མ་ཡིན་པར་སྤྱོད་པའི་ལོག་རྟོག་ཐམས་ཅད་ཞི་དྲག་སྒོ་ནས་ཚར་གཅོད་པར་མཛད་པ་ཡིན་ཏེ། དེ་ཡང་དང་པོ་ཞང་ཞུང་གི་ཡུལ་འདི་བོན་གྱིས་བདག་བྱས་ནས་དུར་ཤིད་ལ་སོགས་པ་སྤྱོད་ཚུལ་སྣ་ཚོགས་པ་དང་། ཨར་རྫོའི་[6]བན་དྷེ་བཅོ་བརྒྱད་ཞེས་བྱ་བ། ཐམས་ཅད་སྟོང་པ་ཉིད་དེ། ཅི་ཡང་མ་གྲུབ་པས། ར་རོག་པོའི་ཁོག་ཏུ་ལག་པ་བརྫངས་པ་དང་ཁྱད་པར་མེད་ཅེས་སོགས་ཟེར་ཞིང་སྦྱོར་སྒྲོལ་ཆོས་སུ་སྨྲ་བ་དང་། སྡིག་པ་ལ་ཆོས་ལྟར་སྤྱོད་པ་དུ་མ་བྱུང་བ་དེ་དག །དགག་པར་མཛད་པ་ཡིན་ཏེ། ཞེས་གསུངས་པས། མདོར་བསྡུས་ན། ལྷ་བླ་མའི་བཀའ་ཤོག་ཏུ། འོ་སྐོལ་མི་མཇེད་ལྷོ་ཡི་འཇམ་གླིང་འདིར། །ཞེས་པ་ནས། ཐར་བ་ཐོབ་པ་དཀའ་མོར་མི་མཆིའམ། །ཞེས་པའི་བར་ཤོ་ལོ་ཀ་ཉེར་དྲུག་དང་ཚིག་རྐང་གསུམ་གྱིས་བོན་པོའི་ཆོས་ལ་སྤྱོད་པ་དེ་དག་དང་ཨར་ཚོ་བན་དེ་བཅོ་བརྒྱད་པོ་དེ་དག་ལེགས་པར་བཀག་ཡོད་པ་ལས། ནང་པའི་གསང་སྔགས་གསར་རྙིང་གང་ལ་ཡང་དགག་མི་འདུག་ཅེས་ཁོ་བོས་གུ་གེའི་གྲགས་རྒྱལ་གྱི་རྣམ་ཐར་རྒྱས་པ་དེ་དང་ལྷ་བླ་མའི་བཀའ་ཤོག་གཉིས་སྦྲགས་མ་བྱས་ཏེ་བཀླགས་པའི་མྱོང་ཚོར་ཡིན།
འོན་ཀྱང་འདིར་ཆོས་ལོག་སྤྱོད་མཁན་ནི་བོན་པོ་ཡིན་པ་གུ་གེའི་པཎྟིཏ་གྲགས་པ་རྒྱལ་མཚན་གྱི་གཞུང་དེར་ལན་གཅིག་མིན་པར་ཡང་ཡང་སྨྲས་འདུག་པས་དེ་དག་སྤྲོས་ན། གོང་དུ་དྲངས་ཡོད་པའི་ལུང་ལྔ་དང་། ཡང་[7]གཞུང་དེར། ཤིན་ཏུ་མི་ཟད་པའི་གདུག་པ་ཅན། ལོག་པར་སྤྱོད་པ་རྣམས་ནི་དྲག་པོས་ཚར་གཅོད་པར་མཛད་པ་ཡིན་ཏེ། བོན་པོ་ཐམས་ཅད་བསྡུས་ནས་ཁང་པ་གཅིག་ཏུ་བཅུག་སྟེ། ཧོམ་ལ་གཤེགས་སུ་གསོལ། བོན་དཔེ་རྣམས་འགའ་ཞིག་ཆབ་ལ་སྦྱངས། འགའ་ཞིག་ཞུགས་ལ་གསོལ། འགའ་ཞིག་སར་བཞུགས་པར་གསོལ་ལོ། །འགའ་ཞིག་དྲི་གཞོན་ལ་སྤྱན་དྲང་བར་བྱའོ། །ཞེས་ཞི་བའི་མི་ཐུབ་པའི་མ་རུང་གདུག་པ་ཅན་གྱི་རིགས་ལ་དྲག་པོའི་ཚལ་བཅད་པ་དང་། ཧོམ་ལ་གཤེགས་སུ་གསོལ་ཞེས་པ་གསང་སྔགས་ཀྱི་བརྡ་ཆད་ལྟར་འདུག་ཀྱང་། ཕལ་ཆེར་བསད་པ་གོ་དགོས་སྙམ། བོན་ཆོས་ཀྱི་དཔེ་ཆ་རྣམས་ཀྱང་མེ་ལ་བསྲེག་པ་དང་ཆུ་ལ་བསྐུར་བ། ས་འོག་ལ་སྦས་པ་དང་རླུང་ལ་བསྐུར་བ་སོགས་བྱས་ཏེ་མི་མངོན་མའི་དབྱིངས་སུ་རྒྱས་བཏབ་པ་ཡིན་པ་གསལ་བོར་གསུངས་འདུག་གོ །ཡང་སྔགས་ལོག་གི་ཁྲོད་དུ་ཡོངས་སུ་གྲགས་པའི་པཎྟི་ཏ་ཤམ་ཐབས་སྔོན་པོ་ཅན་ཞེས་པ་སུས་ཀྱང་ངོས་མ་ཟིན་པ་དེ་ཉིད། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་བོན་པོ་ཡིན་པའང་གསལ་བར་གསུངས་འདུག་ལ། དེ་ལྟར་ན་ཨར་ཚོ་བན་དེ་བཅོ་བརྒྱད་ནི་མུ་སྟེགས་པའི་ངན་སྔགས་ཅན་དང་བོན་ཆོས་སྤྱོད་མཁན་ནམ་ཧྭ་ཤང་གི་ལྟ་བ་ཉམས་ལེན་མཁན་གང་ཡིན་ད་སྔོན་ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ་ཁ་ཡོད་པ་མ་མཐོང་བས་ཟེར་མི་ཐེག་མོད། ཤམ་ཐབས་སྔོན་པོ་ཅན་ནི་བོན་པོ་ཡིན་པ་གསལ་བོར་ངེས་ལ། ལྷ་བླ་མའི་བཀའ་ཤོག་དགྲམ་སའི་ཆེད་དུ་བྱ་བའི་གདུལ་བྱ་ནི་བོན་པོ་ཡིན་འདུག་པས་སོག་ཟློག་པ་སོགས་ཀྱིས་རང་ནུས་ཡོད་དགུས་སྐྱོན་དེ་དག་གསང་སྔགས་ལ་མི་འཇུག་ཚུལ་སོགས་མང་དུ་སྨྲས་པ་ངལ་བ་ཙམ་དུ་ཟད་དོ། །འདིའི་སྐོར་ལ་མཁར་རྨེས་སྔ་ཕྱི་རིམ་པས་དཔྱད་རྩོམ་བཞི་ཙམ་བྲིས་འདུག་པས་ཕྱི་མ་ཕྱི་མས་བཀའ་ཤོག་གི་ནང་དོན་དང་ཧ་ཅང་ཉེ་བའི་གནད་མང་དུ་དཀྲོལ་འདུག་གོ །ཡང་དེབ་ཐེར་སྔོན་པོ་ལས། དེར་ལྷ་བླ་མ་དང་གཞན་མང་པོ་ལ་ཤིན་ཏུ་གསང་བའི་སྒོ་ནས་དབང་བསྐུར་བ་མང་པོ་གནང་། གདམས་ངག་ཀྱང་མང་དུ་མཛད། ཅེས་ཇོ་བོ་རྗེས་ལྷ་བླ་མ་སོགས་ལ་གསང་སྔགས་ཀྱི་དབང་སོགས་བསྐུར་ཡོད་པ་ལ་གཞིགས་ནའང་དོན་གྱིས་གོ་ནུས། ཇོ་བོས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་ནི། ལྷ་བླ་མས་བོད་ན་ཆོས་དང་མི་མཐུན་པ་འདི་དང་འདི་ལྟ་བུ་མཆིས་པས། དེ་དག་གི་གཉེན་པོར་གྱུར་པའི་བསྟན་བཅོས་ཤིག་མཛད་པར་ཞུས་པས། བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སྟོན་པ་དེ་མཛད། ཅེས་དེབ་ཐེར་སྔོན་པོ་རུ་གསལ་ལ། བྱང་ཆུབ་ལམ་སྒྲོན་གྱི་སྒྲོན་མེ་རུ། སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཞེས་དེ་བཞིན་དུ་གསུངས་ཡོད། ཡང་སྔོན་གྱི་དུས་སུ་ཁ་ཅིག་གིས་རྒྱུད་གསང་བའི་སྙིང་པོ་རྒྱ་དཔེ་རུ་མེད་ཚུལ་དང་ཆོས་དག་མ་ཡིན་མིན་སོགས་དོན་མེད་པའི་བརྟག་པ་མང་དུ་བྱས་མོད། ད་ལྟ་ད་དུང་ཡང་ལྟ་རྒྱ་ལག་མཐིལ་ལས་མི་དོ་ཞིང་། མཐོང་རྒྱ་མཆན་ཁུང་ཙམ་ལས་མེད་པའི་མཁས་པར་རློམ་པའི་གཟུ་ལུམ་ཅན་དེ་ཚོའི་ཚིག་མཆན་དྲི་འཐུལ་ལེ་བས། བསྐྱར་ཟློས་དང་ཡང་བཤད་བྱེད་པ་མང་དུ་འདུག་ཀྱང་། དེ་དག་གི་དོགས་པ་ནི་ཁ་ཆེ་པཎ་ཆེན་གྱིས་བསམ་ཡས་ནས་གསང་སྙིང་གི་རྒྱ་དཔེ་རྙེད་ནས་ལོ་ཙཱ་བ་ཚོས་རིམ་གྱིས་བསྒྱུར་བ་ནས་བཟུང་རྩོད་པ་དེ་ངང་གིས་ཞུ་ཟིན་པ་ཡིན་ནོ། །དེབ་ཐེར་སྔོན་མོ་ལས་ཀྱང་། ཁ་ཆེ་པཎ་ཆེན་གྱིས་བསམ་ཡས་སུ་བྱོན་པའི་ཚེ་གསང་བ་སྙིང་པོའི་རྒྱ་དཔེ་རྙེད། ཕྱིས་དེ་རྟ་སྟོན་གཟི་བརྗིད་ཀྱི་ལག་ཏུ་བྱུང་ནས། ཁོང་གིས་ཤ་གང་ལོ་ཙཱ་བ་ལ་ཕུལ། དེས་བཅོམ་ལྡན་རིག་རལ་ལ་བསྐུར་ནས། བཅོམ་ལྡན་རལ་གྲི་ཐུགས་ཆེས་ཏེ། གསང་སྙིང་སྒྲུབ་པ་རྒྱན་གྱི་མེ་ཏོག་མཛད། ཅེས་གསུངས་སོ། ། བུ་སྟོན་རིན་པོ་ཆེས་ཀྱང་བསྟན་འགྱུར་གྱི་དཀར་ཆག་ཏུ། རྡོ་རྗེའི་བཞད་པའི་སྐོར་གྱི་ལེའུ་ཞེས་ཚན་པ་གཅིག་ཏུ་མཛད་པའི་རྡོ་རྗེ་བཞད་པའི་གསང་བ་འདུས་པའི་འགྲེལ་པ་ན། གསང་བ་སྙིང་པོའི་རྒྱུད་མང་དུ་དྲངས་ཤིང་། ཞེས་མཁས་པ་ཆེན་པོ་མགོས་ལོ་གཞོན་ནུའི་དཔལ་གྱིས་བུ་སྟོན་གྱིས་གསང་འདུས་འགྲེལ་པ་ན་གསང་སྙིང་གི་ལུང་དྲངས་ཡོད་པ་གསུངས་པ་ན་དོན་མེད་པའི་དོགས་པ་དེ་དག་ངང་གིས་ཡལ་བར་འགྱུར་རོ། །ད་དུང་བརྟག་དགོས་པའི་གནད་མང་དུ་མཆིས་ཀྱང་ཡི་གེས་འཇིགས་པས་སྤྲོས་པ་བསྐྱུངས་སོ། །
ཡང་ལྷ་བླ་མའི་རྣམ་ཐར་དུ། ཨར་རྫོའི་བན་དྷེ་བཅོ་བརྒྱད་ཞེས་བྱ་བ། ཐམས་ཅད་སྟོང་པ་ཉིད་དེ། ཅི་ཡང་མ་གྲུབ་པས། ར་རོག་པོའི་ཁོག་ཏུ་ལག་པ་བརྫངས་པ་དང་ཁྱད་པར་མེད་ཅེས་གསུངས་པ་འདི་དག་ལ་ལུས་ངག་གི་དགེ་སྦྱོང་གིས་འཚང་མི་རྒྱ། ཅི་ཡང་ཡང་མི་རྟོག་པའི་ངང་དུ་བྱར་མེད་ལ་གནས་ན་འཚང་རྒྱ་ཞེས་པ་དང་ཆ་འདྲ་བོ་འདུག་པས། སྐབས་དེར་ཧྭ་ཤང་གི་ལྟ་བ་དར་ཡོད་མེད་སོགས་ལའང་བརྟག་དགོས་པ་ཞིག་འདུག་ཀྱང་ཡིག་ཚོགས་མང་དུ་དོགས་པས་ལྷ་བླ་མའི་བཀའ་ཤོག་གི་སྐོར་གྱི་དཔྱད་པ་དེ་ཙམ་དུ་བྱས་སོ། །
བདུན་པ། ཕོ་བྲང་ཞི་བ་འོད་དང་མི་བསྐྱོད་པའི་བཀའ་ཤོག་རྫུན་མ་ཡིན་མིན་གླེང་བ།
བརྟག་པ་གཉིས་པ་བཀའ་ཤོག་གཞན་རྣམས་ལ་བརྟག་པར་བྱ་སྟེ། དེ་ཡང་ཕོ་བྲང་ཞི་བ་འོད་ཀྱི་མཛད་པར་གྲགས་པའི་བཀའ་ཤོག་དེ་རུ་ཡོངས་སུ་གྲགས་པའི་རྒྱུད་མང་པོའི་མཚན་སྨོས་ཏེ། མ་དག་ཚུལ་དང་མུ་སྟེགས་ཀྱི་རིམ་པ་དང་བསྲེས་ཡོད་ཚུལ་སོགས་རྒྱ་ཆེར་བཤད་འདུག་ཀྱང་། དེ་དག་བདེན་མིན་ནི་གཞུང་དེ་དག་དང་མུ་སྟེགས་ཀྱི་གཞུང་དང་སྦྲགས་ཏེ་དཔྱད་དགོས་པ་ལས་སྐྱེ་བོ་ཕལ་གྱི་རྣམ་རྟོག་ལ་ཤར་ཚུལ་ཙམ་སྨྲས་ན་ཉེས་པ་ལས་ལེགས་པའི་ཆ་ཅི་ཡང་མ་མཐོང་བས་རེ་ཞིག་དེ་དག་གླེང་དུ་མི་བཏུབ་མོད། འོན་ཀྱང་བཀའ་ཤོག་འདི་དབུ་རུ། ཆུ་ཕོ་སྤྲེའུ་ལོ་ལ་བཀའ་ཤོག་བརྫངས་པ་ཞེས་བྲིས་འདུག །དུང་དཀར་ཚིག་མཛོད་དུ། གུ་གེའི་ཆོས་འབྱུང་གི་བསྟན་རྩིས་ལ་དཔྱད་པའི་ནང་དུ་ཞི་བ་འོད་ལྕགས་ཡོས་ལོ་ལ་གཤེགས་པར་གསུངས་ཡོད་ཚུལ་དང་། ལྕགས་ཡོས་དེའང་ལྕགས་ཡོས་སྔོན་མ་༡༠༥༡ལ་མི་འཐད་ཚུལ་དང་ཕྱི་མ་༡༡༡༡ཡིན་དགོས་ཚུལ་སོགས་ལ་གཞིགས་ན་ལྕགས་ཡོས་ལོ་ལ་འདས་ཡོད་བ་ཏན་ཏན་ཡིན་ན། ཆུ་སྤྲེལ་དེ་དང་ལྕགས་ཡོད་གཉིས་ཀྱི་བར་དུ་ལོ་ཉི་ཤུ་ཡོད་པས་བརྟག་དགོས་པར་འདུག་གོ །ཐུའུ་བཀྭན་གྱིས།[8] ལོ་ཆེན་རིན་ཆེན་བཟང་པོའི་ཆོས་དང་ཆོས་མིན་རྣམ་འབྱེད་དང་། ལྷ་བླ་མ་ཡེ་ཤེས་འོད་དང་ཞི་བ་འོད། ཙ་མི་ལོ་ཙཱ། ཆག་ལོ་རྣམས་ཀྱི་སྤྲིངས་ཡིག་དང་། རྔོག་གི་གཟེ་མ་ར་མགོ །ས་པཎ་གྱི་སྡོམ་གསུམ་རབ་དབྱེ་རྣམས་སུ་རྙིང་མ་ལ་དམིགས་ཕུག་པའི་སྐྱོན་བརྗོད་མི་གསལ་ཡང་། ཞེས་བྲིས་འདུག་པས་ཁོང་གིས་མཇལ་བ་དང་ད་ལྟ་ཁོ་བོས་མཐོང་བ་འདི་གཉིས་མི་གཅིག་ན་ཐང་། རྗེས་སུ་ལྷད་བཅུག་པ་མིན་ན་ཁོ་བོས་མཐོང་བའི་ཞི་བ་འོད་ཀྱི་བཀའ་ཤོག་ཏུ་ནི། རྙིང་པ་མ་པ་རྣམས་ལ་དམིགས་ཕུག་སྟེ་ཆོས་དང་གང་ཟག་གཉིས་ཀ་རྒྱ་ཆེར་དགག་འདུག །ལོ་རྒྱུས་ཀྱི་ཡིག་ཚང་དག་ཏུ་ཞི་བ་འོད་ལ་བཀའ་ཤོག་ཡོད་པ་དམིགས་བསལ་མ་མཐོང་བས་བཀའ་ཤོག་འདི་རྫུན་མ་ཡིན་ཡང་སྲིད། ད་སྔོན་འདི་ལྟར་སྔགས་ལོག་ཕྱིན་འབྱིན་ཞེས་མིང་རྫིག་པོ་བཏགས་ཏེ། སྐད་གྲགས་ཆེ་བའི་མཁས་པ་རྣམས་ཀྱི་མིང་བརྐུས་ནས་ཡིག་གེ་རྫུན་མ་བྲིས་ཡོད་པ་མང་པོར་མཐོང་རྒྱུ་ཡོད། དཔེར་ན་རྗེ་བརྒྱད་པ་མི་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་མིང་བརྐུས་ཏེ། སྔགས་ལོག་ཕྱིན་འབྱིན་ལྟར་སྣང་ཞིག་བྲིས་པ་དེ་ལ་རྩོད་པ་དང་འུར་ཟིང་མང་དུ་བྱས་ཡོད་པ་དེས་མཚོན་པ་རེད། །སྔགས་ལོག་སུན་འབྱིན་དེའི་གཞུང་དངོས་ཁོ་བོའི་ལག་ཏུ་མ་སོན་ཡང་། རྗེ་བརྒྱད་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་‘གསང་སྔགས་སྔ་འགྱུར་ལས་འཕྲོས་པའི་བརྒལ་ལན་རྩོད་པ་མེད་པའི་སྟོན་པ་དང་བསྟན་པའི་བྱུང་བ་བརྗོད་པ་དྲང་པོའི་ས་སོན་ཞེས་བྱ་བ་བཞུགས་སོ། །’ཞེས་བྱ་བའི་བསྟན་བཅོས་འདི་ནི། རྗེ་མི་བསྐྱོད་པའི་མཚན་རྐུས་ཏེ་བྲིས་ཡོད་པའི་སྔགས་ལོག་ཕྱིན་འབྱིན་དེ་མཛད་པ་པོ་ཁོང་མིན་ཚུལ་དང་དེ་ལ་དགག་པ་ཞིག་ཀྱང་མཛད་ཡོད་པའི་བསྟན་བཅོས་ཤིག་རེད། གཞུང་དེ་རུ་གསལ་བ་ལྟར་ན། སྔགས་ལོག་སུན་འབྱིན་རྫུན་མ་དེའི་མཚན་ལ་‘ཀརྨ་པས་ཏི་གྲོ་བླ་མ་རྫོགས་ཆེན་པ་ལ་བཟློ་བ།’ ཞེས་བྲིས་འདུག །འདི་རྗེ་བརྒྱད་པ་ཀརྨ་པ་མི་བསྐྱོད་རྡོ་རྗེས་བརྩམས་པ་གཞིར་བྱས་ཏེ། དགག་ཡིག་ཤིན་ཏུ་མང་པོ་བརྩམས་ཡོད་པར་འདུག །སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས། ‘རྒྱལ་བའི་དབང་པོ་ཀརྨ་པ་མི་བསྐྱོད་རྡོ་རྗེས་གསང་སྔགས་རྙིང་མ་བ་རྣམས་ལ་དྲི་བའི་ཆབ་ཤོག་གནང་བའི་དྲིས་ལན་ལུང་རིགས་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ། །’ཞེས་པ་དང་། ཡང་སོག་ཟློག་པས། ཆབ་ཤོག་འདི་ལ་སྔོན་ཆད་དྲི་བའི་ལན། །རིམ་པ་གསུམ་ཙམ་མཛད་པ་མཐོང་མོད་ཀྱི། །ཞེས་སྔགས་ལོག་སུན་འབྱིན་རྫུན་མ་དེ་ལ་སོག་ཟློག་པའི་ལན་བྲིས་པའི་སྔོན་ནས་ཀྱང་དགག་ལན་གསུམ་ཡོད་པར་གསུངས་པ་དང་། སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས་མཛད་པའི་‘རྒྱལ་བའི་དབང་པོ་ཀརྨ་པས་རྙིང་མ་བ་ལ་དྲི་བ་ཆབ་ཤོག་ཏུ་གནང་བའི་དྲིན་ལན་ཆོས་དབྱིངས་འོད་གསལ་ཞེས་བྱ་བ་བཞུགས་སོ། །’ཞེས་པ་དེ་དང་། འཇམ་མགོན་མི་ཕམ་རྒྱ་མཚོ་སོགས་ཀྱིས་དགག་པ་ཡང་བྲིས་ཡོད། ད་དུང་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་མས། འགོས་ཁུག་པ་ལྷས་བཙས་དང་འབྲི་གུང་དཔལ་འཛིན་གཉིས་ཀྱིས་སྒྲུབ་བྱེད་མང་དུ་བཀོད་ནས་རྙིང་མའི་ཆོས་རྣམ་དག་མ་ཡིན་པར་སྒྲུབ་ཅིང་། ཤཱཀྱ་མཆོག་ལྡན་དང་ཀརྨ་པ་མི་བསྐྱོད་རྡོ་རྗེས་ཀྱང་དེའི་རྗེས་ཟློས་བྱས་འདུག་ཅེས། སྔགས་ལོག་ཕྱིན་འབྱིན་རྫུན་མ་དེ་མི་བསྐྱོད་པས་བརྩམས་པ་གཞིར་བྱས་པ་དང་། ངག་དབང་བློ་བཟང་རྒྱ་མཚོས་ཀྱང་། ཚར་ཆེན་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་རྗེ་མི་བསྐྱོད་རྡོ་རྗེས་རེས་གསང་སྔགས་རྙིང་མ་ཆོས་ལོག་དང་། སྐབས་འགར་གཏེར་ཁ་འོག་མའི་ཚེས་བཅུ་འཛུགས་པ། འབྲི་གུང་ཟུར་པ་རིན་ཆེན་དང་མཇལ་དུས་བསྙེན་ཕུར་སོགས་སྔགས་ཆས་རྣམས་དབུ་ཐོག་ཏུ་བཞག་ནས་ང་ཡང་འདི་འདྲ་བ་ཞིག་འདོད་ཅེས་གུས་པར་མཛད། ཞེས་སོགས་ཡིག་ཉོག་མང་དུ་བྲིས་ཏེ། ཆབ་ཤོག་རྫུན་མ་དེ་མི་བསྐྱོད་པ་ཡིན་པར་བཤད་འདུག །
ཡང་གཡག་སྡེ་པཎ་ཆེན་འདུལ་འཛིན་མཁྱེན་རབ་རྒྱ་མཚོས། དྲིན་ལས་ནོར་ཕྲེང་ཞེས་བརྒལ་ལན་གཅིག་བྲིས་པ་དང་། བརྒལ་ལན་དེར་རྒྱལ་བ་མི་སྐྱོད་རྡོ་རྗེའི་གསུང་ཡིན་ན་ལན་འབུལ་མི་ནུས་ལ། ཞེས་སྔགས་ལོག་སུན་འབྱིན་རྫུན་མ་དེ་རྫུན་མར་ཤེས་ནས་དེ་ལ་དགག་ཡིག་ཤིག་ཀྱང་མཛད། ཡང་རྗེ་མི་བསྐྱོད་རྡོ་རྗེས་གསང་སྔགས་སྔ་འགྱུར་ལས་འཕྲོས་པའི་བརྒལ་ལན་རྩོད་པ་མེད་པའི་སྟོན་པ་དང་བསྟན་པའི་བྱུང་བ་བརྗོད་པ་དྲང་པོའི་ས་སོན་ཞེས་པ་དེའི་དབུ་རུ། བདག་ཀརྨ་པའི་མཚན་གྱིས་འབོད་པའི་མི་བསྐྱོད་རྡོ་རྗེ་ཞེས་གྲགས་པས་བརྩམས་པ་ལྟར་བཅོས་ནས་སྔགས་ལོག་སུན་འབྱིན་ལྟར་སྣང་ཞིག་བརྩམས་འདུག་པ། གང་ཟག་སུ་ཞིག་གིས་བྱས་པ་མིང་དོན་བརྡ་མ་འཕྲོད་ཀྱང་། རྐྱེན་དེ་ལ་བརྟེན་ནས་དབུས་གཙང་གི་སྐྱེ་བོ་མང་པོ་ཞིག་བདག་ཅག་ལ་ལོག་ལྟས་དྲངས་པའི་ངག་འཆལ་ཅན་དུ་སྡང་བས་བལྟས་ནས། ཚིག་རྩུབ་མང་དུ་སྒྲོགས་པའི་སྡིག་ཏོ་འཕེལ་བའི་རྒྱུན་གཅོད་པའི་ཆེད་དུ་བརྗོད་པར་བྱ་སྟེ། ཞེས་དང་། མཇུག་ཏུ། ཐར་པ་འདོད་པའི་གང་ཟག་ཡིད་མགུ་ཞིང་སེམས་པ་ལྟ་ཞོག་དེའི་རྗེས་སུ་ཕྱོགས་ཏེ། ཟློས་པ་ཙམ་ཡང་མི་བྱ་བར་བདག་གིས་ཐལ་བདག་གིས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་སོ། །ཞེས་པ་ལ་སོགས་པ་དང་། ཡང་རྗེ་མི་བསྐྱོད་པ་ཁོང་གིས།[9] ༢༡ཡི་གེ་དེར་ཀརྨ་པས་ཏི་གྲོ་བླ་མ་རྫོགས་ཆེན་པ་ལ་བཟློ་བ། ཞེས་པ་ནས། བྱི་བ་ཧོར་ཟླ་བརྒྱད་པའི་ཡར་ངོ་ལ། སྙེ་མོར་བྲིས་པ་དགེ་བར་གྱུར་ཅིག །ཅེས་པའི་བར་གྱི་ཚིག་དོན་ཐམས་ཅད་རྫུན་དུ་སྦྱར་བ་འབའ་ཞིག་པར་སྣང་བས་ནོར་བ་དེ་ལྟའི་ཚུལ་ཡི་གེ་དག་ལ་མཆན་བུར་སྦྱར་ནས་བརྗོད་ན་གོ་སླ་བར་འགྱུར་བས། དེ་ཡང་ཤིང་ཕོ་བྱི་བའི་ལོ་སྙེ་མོར་བདག་བསྡད་པའི་དུས་དེར་ཏི་གྲོ་ན་རྫོགས་ཆེན་པའི་བླ་མ་གྲགས་ལྡན་སུ་ཡང་མེད་པའི་ཕྱིར། དེ་ལ་བཟློ་ཡིག་བྱས་སོ་ཞེས་པ་ནི་སྐུར་འདེབས་ཀྱི་རྫུན་ཆེན་པོར་སྣང་ངོ་། །ཞེས་ལ་སོགས་པ་ཕྱོགས་སྔ་ལྔ་བཅུ་ང་ལྔ་བླངས་ཏེ། ཆབ་ཤོག་རྫུན་མ་དེ་མཐར་ཆགས་སུ་དགག་འདུག་གོ །ད་དུང་རྗེ་ཉིད་ཀྱི་སློབ་ཆེན་དཔའ་བོ་གཙུག་ལག་ཕྲེང་བས་ཆོས་འབྱུང་མཁས་པའི་དགའ་སྟོན་དང་། རྣམ་པར་འཐག་པ་བསྡུས་པའི་བསྟན་བཅོས་ལོག་རྟོག་རྣམ་སྦྱོང་ཞེས་པ་གཉིས་ཀ་རུ་སྔགས་ལོག་སུན་འབྱིན་དེ་རྗེ་མི་བསྐྱོད་རྡོ་རྗེའི་གསུང་མ་ཡིན་པ་དང་། རྗེ་མི་བསྐྱོད་པའི་མཚན་བརྐུས་ཏེ་བྲིས་ཡོད་པ་སོགས་གསལ་བོར་གསུངས་ཡོད། ད་དུང་ཡང་དངོས་སློབ་ཞྭ་དམར་དཀོན་མཆོག་ཡན་ལག །པཎ་ཆེན་ངག་དབང་ཀུན་དགའ་ཆོས་འབྱོར། ཕྱིས་བྱུང་འབེ་ལོ་ཚེ་དབང་ཀུན་ཁྱབ་དང་སོགས་ཀྱི་སྔགས་ལོག་སུན་འབྱིན་དེ་རྫུན་མ་ཡིན་ཚུལ་དང་། རྗེ་ཉིད་ཀྱི་གསུང་མིན་པར་གསུངས་ཡོད་དོ། །དེ་བཞིན་དུ་ཕོ་བྲག་ཞི་བ་འོད་ཀྱིས་མཛད་པར་གྲགས་པའི་བཀའ་ཤོག་འདི་ཉིད་དུ་ལོང་བས་གླང་མཇུག་གི་ཚུལ་དུ་བྱས་ན་མི་རུང་བས་དང་པོ་དག་མ་ཡིན་མིན་ལའང་ཧ་ཅང་བརྟག་དགོས་པ་ཞིག་ཏུ་འདུག་གོ །
བརྒྱད་པ། འགོས་དང་ཆག་ལོ་བུ་སྟོན་གསུམ་གྱི་ཆབ་ཤོག་སྐོར་གླེང་བ།
ཡང་དབའ་བོ་གཙུག་ལག་ཕྲེང་བས་རྣམ་པར་འཐག་པ་བསྡུས་པའི་བསྟན་བཅོས་ལོག་རྟོག་རྣམ་སྦྱོང་དུ། འགོས་ཁུག་པ་ལྷས་བཙས་དང་ཆག་ལོ་གཉིས་ཀྱི་མཛད་པར་གྲགས་པའི་སྔགས་ལོག་ཕྱིན་འབྱིན་དེ་ལ་དགག་པ་མཐར་ཆགས་སུ་བྱས་ཏེ། མཇུག་ཏུ། སྤྱིར་ཁྱེད་ཀྱི་བརྗོད་པ་དེ་ཐམས་ཅད་ཁྱབ་པ་མེད་ཅིང་རྟགས་རང་ངོ་མ་ཁོ་ན་སྟེ། རྟགས་ཁྱབ་གཉིས་ཀ་མི་འགྲུབ་པ་ཁོར་སྣང་བས། འདི་འདྲའི་རིགས་པ་ནི་འགོས་ཁུག་པ་ལྷས་བཙས་དང་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ཙམ་ལ་ཡོང་བར་མི་ཐང་བས། འདི་དག་ནི་ངན་པ་གཞན་གྱི་ཁ་གཡར་དུ་གོར་མ་ཆག་པ་འདྲ་སྙམ་སྟེ། ལོ་ཙཱ་བ་ཆེན་པོ་འགོས་ལྷས་བཙས་ཀྱིས་ཞེས་རང་གིས་རང་ལ་ཆེན་པོར་འདོད་མི་རིགས་པ་དང་། བླ་མ་ཆེན་པོ་ཆོས་རྗེ་ཆག་ལོ་ཙཱ་བ་དེ་སྡེ་སྣོད་སྒྲ་ཚད་རྒྱུད་སྡེ་ཐམས་ཅད་ལ་མཁས་ཤིང་ཡིད་དམ་དཔག་མེད་ཞལ་གཟིགས་སྒྲོལ་མས་ལུང་བསྟན། ཁ་སརྤ་ཎི་རྨི་ལམ་ན་མཇལ་བ་དེས་ཞེས་སོགས་བྲིས་སྣང་། རང་གིས་རང་ལ་དེ་ཙམ་དུ་བསྟོད་ན་བླུན་ཆེན་རང་བསྟོད་དུ་འགྱུར་བ་དང་། དེག་སློང་ནི་མི་ཆོས་བླ་མ་བདེན་སྨྲའི་ལྟུང་བྱེད་སྤོང་བའི་ཕྱིར། ཁོང་དག་བརྩམས་པ་དངོས་མ་ཡིན་པའི་མཚན་ཉིད་དུ་སྣང་ལ། ཞེས་སོགས་དང་། ཡང་དེའི་ཕྱིར་བླུན་མོ་སྤྱི་བརྟོན་མཁན་ཞིག་གིས་ལོ་ཙཱ་བ་དེ་དག་ལ་ཁ་གཡར་ནས་བྱས་པ་ཁོ་ནར་སྣང་བས་སྐྱེས་ཆེན་དེ་དག་ལ་མ་དད་པར་ཡང་མ་བྱེད་ཅིག །ཅེས་འགོས་ཁུག་པ་ལྷས་བཙས་དང་ཆག་ལོས་བྲིས་པའི་སྔགས་ལོག་ཕྱིན་འབྱིན་དེ་གཉིས་རྫུན་མ་ཡིན་པར་དངོས་སུ་བརྟགས་ཏེ་གསུངས་པ་དང་། ཡང་བུ་སྟོན་གྱིས་མཛད་པར་གྲགས་པའི་སྔགས་ལོག་སུན་འབྱིན་དེ། རྫུན་པ་ཡིན་པར་ཐུའུ་བཀྭན་བློ་ཉིས་གསུངས་པ་ཡིན་ཏེ། བུ་སྟོན་གྱིས་མཛད་པ་ཡིན་ཁུལ་ཞིག་འདུག་པ་གསུང་འབུམ་གྱི་དཀར་ཆག་རྣམས་སུ་མི་སྣང་ཞིང་། ཚིག་སྦྱོར་ལ་དཔགས་ཀྱང་མཁས་པའི་གསུང་གི་ཉམས་མི་འདུག་པས། བླུན་པོ་ཞིག་གིས་བྲིས་ནས་བུ་སྟོན་རིན་པོ་ཆེ་ལ་ཁ་གཡར་བར་ཟད་དོ། །ཞེས་གསུངས་འདུག་པས་སྔགས་ལོག་སུན་འབྱིན་ཞེས་མིང་རྫིག་པོ་བཏགས་ཏེ་ཡིག་འཁྱར་ཡིད་རྟོན་མེད་པ་གསར་གཟོ་བ་མང་དུ་ཡོད་པར་སྣང་བས། ད་དུང་སྐབས་གཞན་ཞིག་ནས་སློབ་སྦྱོང་གི་གུང་གསེང་དང་བསྟུན་པས་དུས་ཚོད་ཀྱི་ཁོམ་སྐབས་སླར་ཡང་འཛོམ་པར་སྨོན་ནོ། །
མཇུག་བསྡུ་བའི་གཏམ།
རྩོམ་ཡིག་འདི་རུ་གུ་གེའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བོད་ཀྱི་སྔགས་པ་རྣམས་ལ་བརྫངས་པ་ཞེས་པའི་བཀའ་ཤོག་དེ་དང་གུ་གེའི་པཎྟི་ཏ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ལྷ་བླ་མའི་རྣམ་ཐར་རྒྱས་པ་ཞིག་ཡོད་པ་དེ་གཉིས་སྦྲགས་ཏེ་དཔེ་ཀློག་བྱས་པའི་མྱོང་ཚོར་གཞིར་བྱས་ལོ་རྒྱུས་ཡིག་ཚང་གཞན་དང་ཆོས་འབྱུང་སོགས་དང་། དེང་གི་དཔྱད་རྩོམ་རྣམས་གཞིར་བྱས། རང་གི་རྣམ་རྟོག་གི་འཆར་སྒོ་དབང་བཙན་པར་བྱས་ཏེ། གང་རིགས་པ་ལྡན་པ་ཐམས་ཅད་བསྡུས་ཤིང་མི་འཐད་པ་རྣམས་མི་འཐད་པ་ལུང་རིགས་ཀྱི་སྒོ་ནས་བརྗོད་གང་ཐུབ་བྱས་ཡོད། འོན་ཀྱང་ལོ་ཆེན་རིན་ཆེན་བཟང་པོའི་བཀའ་ཤོག་ཤིག་ཡོད་པར་གྲགས་ཀྱང་མཇལ་རྒྱུ་མ་བྱུང་བས། འདི་སྟོང་ཆ་ཅུང་ཙམ་ཡོད་ཤས་ཆེ། ཡིན་ཡང་ད་སྔོན་འདིའི་སྐོར་གླེང་མཁན་ཚོས། ཆོས་དང་འགལ་དོགས་དང་མིའི་ངོ་སྲུང་ཕྱིར་པཎྟི་ཏ་ཤམ་ཐམས་སྔོན་པོ་ཅན་དང་། ཨར་ཚོ་བན་དེ་བཅོ་བརྒྱད་ཅེས་ཁ་གཡར་བ་ཙམ་ལས་དོན་དངོས་བརྗོད་ཐུབ་མི་འདུག་སྙམ། སློབ་སྦྱོང་གི་བར་གསེང་བེད་སྤྱད་དེ། དེའི་སྐོར་གསལ་བོར་ཁ་གསལ་ངང་བརྗོད་ཡོད་སྙམ།
འདིར་གཞན་གྱི་ཐུགས་ལ་ཕོག་པ་དང་ཆོས་དང་འགལ་དོགས་ཀྱི་སེམས་ཁྲལ་རྣམས་སྤངས་ཏེ་རང་ནུས་ཅི་ལྕོགས་ཀྱིས་མ་གསང་དྲང་མོའི་ལམ་ནས་བཤད་ཡོད་པར་རློམ་ཡོད་པས། འདིའི་ནང་གི་ལྟ་ཚུལ་དང་བསམ་ཚུལ་ཚང་མ་སྒེར་གྱི་ལྷ་ཚུལ་དང་བསམ་ཚུལ་ཙམ་ཡིན་པས་སྤྱིའི་ཆགས་སྡང་སོགས་གང་ཡང་གླེང་བསླང་བྱ་བར་མི་རིགས་སོ། །
བོད་རབ་གནས་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོའི་ཐ་སྐར་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་གཉིས་པའི་ཉིན་ཁྱེའུ་ཆོས་ཀྱི་འབྱུང་གནས་ཀྱིས་མཇུག་གྲུབ་པར་བྲིས་པས་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག་ཅིག ། ། །
དཔྱད་གཞིའི་ཡིག་ཆ།
འགོས་ལོ་གཞོན་ནུའི་དཔལ། དེབ་ཐེར་སྔོན་པོ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས་པ།
དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་།
དཔའ་བོ་གཙུག་ལག་ཕྲེང་བ། རྣམ་པར་འཐག་པ་བསྡུས་པའི་བསྟན་བཅོས་ལོག་རྟོག་རྣམ་སྦྱོང་། འདི་འགོས་དང་ཆག་ལོ་འབྲི་གུང་དཔལ་འཛིན་ས་པཎ་སྡོམ་གསུམ་སོགས་ཀྱི་སྔགས་ལོག་སུན་འབྱིན་གྱི་བརྒལ་ལན་ཡིན།
ཚལ་པ་ཀུན་དགའ་རྡོ་རྗེ། དེབ་ཐེར་དམར་པོ། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།
ཇོ་བོ་རྗེའི་གསུང་འབུམ། རྔ་བ་ཀིརྟི་དགོན་དཔེ་མཛོད་ཁང་།
ངག་དབང་བློ་བཟང་རྒྱ་མཚོ། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་།
གུ་གེའི་པཎྟི་ཏ་གྲགས་པ་རྒྱལ་མཚན། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐུའུ་བཀྭན་གྲུབ་མཐའ། ཀན་སི་མི་རིགས་དཔེ་སྐྲུན་ཁང་།
མཁར་རྨེ་བསམ་གཏན་རྒྱལ་མཚན། མདའ་དང་འཕང་། ཀྲུང་གོའི་བོད་རིགས་དཔེ་སྐྲུན་ཁང་།
ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ། ལྷ་བཙན་པོའི་གདུང་རབས་ཚོག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་། འཇམ་དབྱངས་ཤེས་རིག་དཔེ་ཚོགས།
གུར་མགོན་སྐྱབས། གུ་གེ་རྒྱལ་རབས་དར་རྒུད་ཀྱི་ལོ་རྒྱུས་ཞིབ་འཇུག ཀྲུང་གོའི་བོད་རིགས་དཔེ་སྐྲུན་ཁང་།
བེ་རི་བསོད་ནམས་དབང་ཕྱུག དབུ་མའི་ལྟ་སྒོམ་དང་ཚན་རིག་རྣམ་བཤད། ཡུན་ནན་རིག་གནས་པར་སྐྲུན་ཁང་།
དཔྱད་ཡིག་དང་ཞབས་མཆན།
[1] འདིར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲིར་འདོད་པ་དང་བརྒྱད་ཁྲི་བཞི་སྟོང་དུ་འདོད་མཁན་མངོན་པའི་གཞུང་དུ་ཅི་རིགས་ཡོད་ཀྱང་སྐབས་དེ་བཞིན་དུ་ཤེས་དགོས་སོ། །
[2] སྤུ་ཧྲེངས་དང་པུ་ཧྲེངས་སྤུ་རང་དང་སྤུ་རེངས་སོགས་བྲི་ཚུལ་མང་པོར་འདུག་ཀྱང་བདག་གིས་ནི་གུ་གེའི་པཎྟིཏའི་རྣམ་ཐར་རྒྱས་པ་རུ་པུ་ཧྲངས་ཞེས་བྲིས་འདུག་པ་དེ་སོར་བཞག་བྱས་ཏེ་བྲིས་ཡོད།
[3] ལྷ་བླ་མ་འོད་ཀྱི་རྣམ་ཐར་རྒྱས་པ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༤
[4] ལྷ་བླ་མ་འོད་ཀྱི་རྣམ་ཐར་རྒྱས་པ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༩
[5] ལྷ་བླ་མ་འོད་ཀྱི་རྣམ་ཐར་རྒྱས་པ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༡༠
[6] ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་ནི་ལྷ་བླ་མ་ཡིན།
[7] ལྷ་བླ་མ་འོད་ཀྱི་རྣམ་ཐར་རྒྱས་པ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༡༡
[8] ཤོག་གྲངས། ༨༢
[9] སྔགས་ལོག་སུན་འབྱིན་རྫུན་མ་དེར་ཟེར་བ་རེད།