བོད་མི་རིགས་ནི་རིག་གནས་ཡོད་པའི་མི་རིགས་ཤིག་ཡིན།

2
319

བསྡུས་དོན། ༡ སྔོན་འགྲོ་ལྟ་བུའི་རིག་གནས་ཕྲན་ཚེགས་དང་། ༢ རིག་གནས་ཐམས་ཅད་ཀྱི་སྒོ་ཡི་གེའི་བྱུང་རིམ། ༣ སྤྱི་ཚོགས་བདེ་འཇགས་དང་སྤྱོད་བཟང་ལ་དམིགས་པའི་རིག་གནས། ༤ ཆེད་མཁས་པ་ཉམས་མྱོང་ཅན་ལ་དམིགས་པའི་རིག་གནས། ༥ རིག་གནས་དང་སྤྱི་ཚོགས་འགལ་བས་དཀའ་རྙོག་བྱུང་ནས་སིལ་བུར་སོང་བ། ༦ སླར་ཡང་རིག་གནས་ལ་སྤྱི་ཚོགས་ཧྲིལ་པོས་འབད་འབུངས་བྱས་པ། ༧ རིག་གནས་ཀྱི་ལྟ་བས་སྤྱི་ཚོགས་ལ་གནོན་བཙིར་ཕོག་པ། ༨ རིག་གནས་པ་དང་སྤྱི་ཚོགས་ཀྱི་འགལ་བས་གཉིས་ཀ་ཉམས་རྒུད་སོང་བ།  ༩ ད་ལྟའི་གནས་སྐབས་སུ་བོད་རིགས་ཀྱི་རིགས་པ་ཉམས་རྒུད་ཕྱིན་ནས་འཇོན་ཐང་ཅན་མངོན་མི་ཐུབ་པ། ༡༠ མི་རབས་བརྒྱ་ལྷག་ལ་འབད་བརྩོན་བྱས་པའི་རིག་གནས་རྣམས་སྒོ་འགགས་གྲབས་ཡོད་པ།

གཙོ་ཚིག བོད་མི་རིགས། རིག་གནས། འབད་བརྩོན། རྒྱུན་རིང་ཤོས། ནུས་ཤུགས་ཡོད་རྒུ། སྔོན་འགྲོ། འཇོན་ཐང་ཅན།

གླེང་གཞི།

མི་རིགས་འདིའི་མི་ཚང་མས་མི་རབས་བརྒྱ་ཙམ་འབད་འབུངས་བྱས་ཤིང་ནུས་ཤུགས་ཡོད་རྒུ་བཏོན་ནས་བྱུང་བའི་རིག་གནས་ནི། བོད་ཀྱི་རིག་གནས་ཡིན་ལ་དེང་སྐབས་འཛམ་བུའི་གླིང་ལ་བོད་རིག་པ་ཞེས་མི་མང་པོས་གླེང་དུ་ཡོད་པ་བོད་མི་རིགས་ཀྱིས་དཀའ་ཉེན་གང་ལ་ཡང་མ་སྐྲག་པར་གདོང་ལེན་བྱས་པའི་འབྲས་བུ་ཡིན། དེ་ཡང་ཆེད་ལས་རིག་གནས་ཤས་ཆེ་བས་སྤྱི་ཚོགས་ཀྱི་རིག་གནས་དང་འཚོ་བ་ལ་མཐོང་ཆུང་དང་ཁྱད་སོད་མང་པོ་ཁེལ་ནས་སྤྱི་ཚོགས་ཉམས་རྒུད་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཡང་ཆགས་ཡོད་མོད། འོན་ཀྱང་རིག་གནས་འདི་དག་འཛམ་བུ་གླིང་དུ་གཤམས་ཐུབ་པ་འདི་མི་རིགས་ཤིག་གི་བྱས་རྗེས་དམིགས་བསལ་ཞིག་ཡིན། རིག་གནས་འདི་དག་བྱུང་རིམ་དང་དེའི་སྔོན་འགྲོ་ལྟ་བུའི་རིག་གནས་ཕྲན་ཚེགས་དང་བཅས་པའི་བྱུང་རིམ་རགས་པ་ཙམ་ཞུ་ན།

རྩོམ་ཡིག་དངོས།

སྤྱིར་གདོད་མའི་མི་རིགས་ནས་རིམ་བཞིན་ཤེས་རིག་དར་རྒྱས་བྱུང་བ་མིའི་རིགས་སྤྱིའི་ལོ་རྒྱུས་ཀྱི་ཆོས་ཉིད་ལྟ་བུ་ཡིན་པ་བཞིན། བོད་གངས་ཅན་ན་གནས་པའི་བོད་མི་རིགས་འདི་ཡང་ཐོག་མར་སྤྲེལ་དང་བྲག་སྲིན་ལས་མཆེད་པ་སོགས་ལོ་རྒྱུས་གཞན་དུ་ཤེས་ཤིང་། འདིར་དགོས་མཁོའི་དབང་གིས་རིག་གནས་དར་ཚུལ་དང་དེ་དག་ལ་འབད་འབུངས་བྱས་པ་བཅས་ཀྱི་སྐོར་མཚོན་ཙམ་གླེང་ན།

༡ སྔོན་འགྲོ་ལྟ་བུའི་རིག་གནས་ཕྲན་ཚེགས་དར་བ།

 དེ་ཡང་རྒྱལ་པོ་གཉའ་ཁྲི་[1]བཙན་པོའི་རིང་ནས་རྒྱལ་སྲིད་ཀྱི་བྱ་བ་བྱེད་པ་ལ་བོན་དང་སྒྲུང་དང་ལྡེའུའམ་། སྲུང་དང་ལྡེབས་ཞེས་ངག་ཐོག་ནས་སྤྱི་ཚོགས་ལྟ་བ་དང་མིའི་སྤྱོད་ལམ་གོང་འཕེལ་གཏོང་བའི་སློབ་གསོ་དར་སྤེལ་བཏང་། ལྷ་སྲས་གྲང་མ་[2]གསེར་རྩིག་༼སྤུ་དེ་གུང་རྒྱལ༽གི་སྐུ་རིང་ལ་གླུ་དང་བྲོའི་[3]སྲོལ་གཏོད། དེ་ནི་དབྱངས་རྟ་དང་སྦྲགས་ནས་སྙན་འཇེབས་དང་ལྡན་པས། དྲིལ་སྒྲགས་ཀྱི་ནུས་པ་དམིགས་བསལ་ཐོན་ཐུབ་པ་མ་ཟད། མི་ཚང་མས་དགའ་པོ་དང་ཉན་བཤད་བྱེད་རྒྱུར་རང་འགུལ་གྱིས་ཞོགས་འདེགས་བྱེད་མཁན་མང་པོ་ཡོང་བ་མ་ཟད། ངག་སློབ་རྒྱུད་འཛིན་དར་སྤེལ་བྱ་རྒྱུར་ཡང་སྟབས་བདེ།

༢ རིག་གནས་ཐམས་ཅད་ཀྱི་སྒོ་ཡི་གེའི་བྱུང་རིམ།

རྒྱལ་རབས་ལོ་རྒྱུས་ཕལ་ཆེ་བས་བོད་ལ་སྔ་ན་ཡི་གེ་མེད་པས་སྲོང་བཙན་སྐུ་ན་གཞོན་དུས་སུ་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱིས་ཡིག་འཕྲིན་ཡོང་ཡང་བོད་ལ་ངག་འཕྲིན་ཙམ་ལས་མེད་པས་ཡི་གེ་ཞིག་དགོས་གལ་ཆེ་བར་གཟིགས་ནས། རིམ་པ་དང་པོར་བློན་པོ་བློ་རྣོ་བ་བཅུ་དྲུག་[4]བཏང་ཡང་མི་རྒྱུ་གོད་པ་ལས་ཡི་གེ་མ་ཐོན་པས། སླར་ཡང་ཐོན་མི་སམྦྷོ་ཊ་[5]ཞུ་རྟེན་བཅས་བརྫངས་པས་སྒྲ་རྣམས་ལོབས་ཤིང་། བོད་དུ་ལོག་ནས་བོད་ཡིག་གསར་གཏོད་མཛད་པས་བོད་མི་རིགས་ཀྱི་རྨོངས་པའི་མུན་པ་རྣམས་ཕ་རོལ་དུ་སྤྲོད་ཅིང་། རིག་པའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་བརྙེད་པས། རྒྱལ་བློན་འབངས་དང་བཅས་པས་ཡི་གེ་སྦྱངས་ཤིང་མི་གཤིས་ཀུན་སྤྱོད་དང་ཡ་རབས་ལུགས་བཟང་། རྒྱལ་ཁྲིམས་ལ་སོགས་པ་ཡིག་ཐོག་ཏུ་བཀོད་ནས་ཁྱབ་སྤེལ་ལག་ལེན་བྱུང་། ལྷག་པར་རིག་གནས་གཞུང་ལུགས་རྒྱ་ཆེ་བ་རྣམས་དར་བའི་ཆ་རྐྱེན་མེད་མི་རུང་དུ་གྱུར་པས། ཧ་ཅང་གལ་གནད་ཆེ་བའི་རིག་གནས་ཀྱི་འགག་སྒོ་ཞིག་གཏོར་ཐུབ་པས་ཤེས་དཔལ་དར་བའི་ལམ་བཟང་བརྙེད་པ་ཡིན་ལགས་སོ། །

༣ སྤྱི་ཚོགས་བདེ་འཇགས་དང་སྤྱོད་བཟང་ལ་དམིགས་པའི་རིག་གནས།

ལྷ་ཆོས་དགེ་བཅུ་ལ་དང་མི་ཆོས་གཙང་མ་བཅུ་དྲུག་ལ་སོགས་པའི་ཁྲིམས་[6]བཅས་ཤིང་ལས་རྒྱུ་འབྲས་ཀྱི་ཆོས་ཅུང་ཟད་གོ་བས་ཟས་སྐོམ་ཤ་ཁྲག་ལ་དགའ་ཞིང་། གཏུམ་སྤྱོད་འཐབ་འཛིང་ལ་དགའ་བའི་མི་མང་པོ་ཞི་དུལ་བག་ཡོད་གཤིས་ཅན་དུ་རིམ་བཞིན་བསྒྱུར། འཁོད་ཤོམ་པ་ཞེས་པ་ས་གནས་སོ་སོའི་ཐོན་ཁུངས་ལ་དཔགས་པའི་ཁྲལ་དང་། རྒོད་གཡུང་ཕྱེ་ནས་དམག་དཔུང་འཛུགས་སྐྲུན་དང་དེར་མཁོ་བའི་རྟ་དང་བཟའ་བཅའ་སོགས་མཁོ་སྤྲོད་མཁན་རང་འགྲིག་གཏན་འབེབས་ཐུབ་པས། གང་ས་ནས་ཡར་རྒྱས་ཀྱི་ལམ་ཕྱེ།

༤ ཆེད་མཁས་པ་ཉམས་མྱོང་ཅན་ལ་དམིགས་པའི་རིག་གནས།

སྤྱི་ཚོགས་ལ་ཁ་ཚ་དགོས་གཏུགས་སུ་གྱུར་པ་སྨན་[7]དང་རྩིས་[8]དང་། ཤེས་རིག་ཡར་རྒྱས་གཏོང་བའི་མ་ཕྱི་ལྟ་བུ་དམ་པའི་ཆོས་སོགས་རིམ་བཞིན་དར་སྤེལ་བྱས། ལྷག་པར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་(742-796)གྱི་དུས་སུ་མཁན་སློབ་ཆོས་[9]གསུམ་ཞལ་འཛོམས་ཤིང་། བཻ་རོ་ཙ་ན་སོགས་ལོ་ཙཱ་ཡང་མང་དུ་བྱོན་ནས་ནང་དོན་རིག་པའི་གཞུང་ལུགས་ཆེན་པོ་རྣམས་མི་རིགས་གཞན་དག་སྐད་ལས་བོད་སྐད་དུ་བསྒྱུར་ནས་གཞུང་ཆེན་པོ་དེ་དག་གི་དོན་བོད་སྐད་ཀྱི་ཐོག་སློབ་གཉེར་ཐུབ་པས། རིག་གནས་དར་རྒྱས་ལ་སྒོ་འཕར་གསར་དུ་ཕྱེ། རིམ་པས་དེ་དག་ཉམས་ལེན་མཁན་ཡང་ཇེ་འཕེལ་དུ་གྱུར་ནས་གྲུབ་པ་ཐོབ་པའི་རྗེ་འབངས་ཉེར་ལྔ་སོགས་བྱོན་པས། གཞུང་ལུགས་དེ་དག་གི་ནུས་པ་དང་། སྒྱུར་གྱི་སྤུས་ཚད་སོགས་ལ་དངོས་དཔང་རང་བཞིན་གྱི་ཕན་འབྲས་ཐོབ་པས་བོད་མི་རིགས་སྤྱི་ལ་ཤུགས་རྐྱེན་ཆེན་པོ་བྱུང་ནས་སློབ་སྦྱོང་བྱེད་པའི་རླབས་རྒྱུན་གང་སར་ཁྱབ། འོན་ཀྱང་བོན་ཆོས་སོགས་རིག་གནས་ཀྱི་ལྟ་བ་མི་འདྲ་བ་འགའ་ཞིག་དང་འབྲེལ་ལམ་ཐོབ་ཐང་[10]ཐད་རྙོག་འཛིང་བྱུང་བ་ཡང་གོར་མ་ཆག །

༥ རིག་གནས་དང་སྤྱི་ཚོགས་འགལ་བས་དཀའ་རྙོག་བྱུང་བ།

 དེ་ལྟར་རིག་གནས་སྣེ་མང་དར་བ་དང་། དུས་རྒྱུན་ཁ་ཐོར་དུ་གནས་ནས་འཚོ་བ་ཁུ་སིམ་དུ་སྐྱེལ་བའི་མི་རིགས་འདིར་རིག་གནས་ལྟ་བ་ཤུགས་ཆེན་པོ་སླེབས་པས། སྤྱི་ཚོགས་ཀྱི་ལྟ་བ་དང་། སྤྱི་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་ལ་ཤུགས་རྐྱེན་འགྱུར་ལྡོག་ཆེན་པོ་བྱུང་ནས་རིམ་བཞིན་རིག་གནས་དང་སྤྱི་ཚོགས་བར་ལ་སྙོམས་སྒྲིག་མ་ཐུབ་པའི་དཀའ་ངལ་འཕྲད་འགོ་ཚུགས། ལྷག་པར་དུ་རིག་གནས་པ་རྣམས་ལ་མཐོང་ཆེན་བྱས་པས་སྤྱི་ཚོགས་ཐོག་གི་མི་དྲག་ཞན་མང་པོར་ཕོག་ཐུག་བྱུང་ནས་རིག་གནས་པ་དང་སྤྱི་ཚོགས་པའི་བར་ལ་འགལ་བ་ཇེ་[11]ཆེར་སོང་། འོན་ཀྱང་རིག་གནས་པ་རྣམས་ལ་བཤད་སྟེགས་ཡག་པ་དང་ཤོད་མཁས་པའི་སྟབས་ཀྱིས་སྤྱི་ཚོགས་པ་རྣམས་ལ་རྒྱབ་གཉེར་[12]ཅུང་ཟད་དཀའ་བའི་གནས་སུ་ལྷུང་། མཐར་ཕྱོགས་ལྷུང་རང་བཞིན་གྱི་དམག་འཁྲུག་བྱུང་ནས་བོད་བཙན་པོའི་ཆབ་སྲིད་ལ་དཀའ་ཉེན་[13]གཅིག་མཇུག་གཉིས་མཐུད་འཕྲད་ནས་མཐར་རྒྱལ་ཁྲིམས་འཇིགས་ཤིང་བོད་སིལ་[14]བུར་གྱུར་ནས། རིག་གནས་དང་སྤྱི་ཚོགས་གཉིས་ཀ་ཉམས་རྒུད་ཐོར་ཞིག་སོང་ནས་མི་ལོ་མང་པོར་དྲན་གསོ་ཙམ་བྱེད་དཀའ་བའི་གནས་སུ་གྱུར།

༦ སླར་ཡང་རིག་གནས་ལ་སྤྱི་ཚོགས་ཧྲིལ་པོས་འབད་འབུངས་བྱས་པ།

 འོན་ཀྱང་རིག་གནས་ཤ་ཐིམ་རུས་ཐིམ་ལྟ་བུ་མངོན་མེད་རྒྱུན་རིང་དུ་གནས་ཤིང་སྤྱི་ཚོགས་ཀྱི་ལྟ་བ་ནི་ཐོར་ཞིག་སོང་བ་སླར་གསོ་དཀའ་བའི་ངང་ན་གནས་པའི་སྐབས། སྔོན་བྱོན་ཕ་མེས་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ས་བོན་[15]དང་། རྒྱ་གར་སོགས་ནས་རིག་གནས་པ་འགའ་ཞིག་བོད་དུ་གསེར་འཚོལ་དཔལ་འབྱོར་སྒྲུབ་པར་ཡོང་བ་བཅས་ཀྱིས་སླར་ཡང་རིག་གནས་དར་སྤེལ་ལ་གསོན་ཤུགས་[16]གསར་པ་བསྣན་ནས་བོད་ཕྲུག་མང་པོར་[17]རིག་གནས་དར་སྤེལ་གཏོང་བའི་བསམ་པ་རྨ་མེད་པ་སྐྱེས་ནས། དཀའ་ཚེགས་སྲོག་བསྡོས་ཀྱིས་རིག་གནས་ནང་འདྲེན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུར་འབད་བརྩོན་བྱས་ལ། དེ་དག་མཐུན་རྐྱེན་སྒྲུབ་མཁན་ཡང་བཙན་པོའི་སྐབས་ལྟ་བུའི་ཆབ་སྲིད་དང་དཔལ་འབྱོར་གྱི་འགན་ལེན་མེད་ཀྱང་། རང་རང་སོ་སོས་ནུས་པས་གང་ལྕོགས་དང་སྐབས་དོན་གང་ཐུག་གིས་མཐུན་རྐྱེན་ཡང་འགའ་ཞིག་ལ་གང་འཚམས་རག་ཀྱང་མང་ཆེ་བ་ནི་དཀའ་སྤྱད་ཁོ་ནས་དང་ལེན་བྱས་ནས་ལོ་ཙཱ་[18]སོགས་སློབ་སྦྱོང་བྱེད་མཁན་དང་། དེ་དག་གི་ཉེ་དུ་སོགས་མང་པོ་ཤི་གོད་བྱུང་ཡང་[19]སློབ་སྦྱོང་གི་བསམ་པར་འགྱུར་ལྡོག་མ་བྱུང་བར་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིན་པས་བོད་མི་རིགས་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་དང་རྒྱ་ཆེ་གཏིང་ཟབ་ངང་རྒྱ་ཁྱབ་རང་བཞིན་གྱིས་འཕེལ་རྒྱས་ཕྱིན་པ་རེད། ལོ་ཙཱ་བ་དེ་དག་གིས་ཀྱང་རྒྱ་གར་དུ་འབད་བརྩོན་ཆེན་པོ་བྱས་པས་མ་ཚད་སླར་བོད་དུ་སླེབས་ནས་ཀྱང་། དཀའ་ཚེགས་དང་ལེན་ཁོ་ན་བྱས་ཤིང་འགའ་ཞིག་གིས་རྒྱ་གར་ནས་པཎྜི་ཏའམ་གྲུབ་ཐོབ་སོགས་རིག་གནས་མཁས་པའམ་མྱོང་བ་ཅན་གདན་དྲངས་ནས་ཤུགས་རྐྱེན་ཆེན་པོ་བྱུང་། དཔེར་ན། ཇོ་བོ་རྗེ་དང་། ཟླ་བ་མགོན་པོ། འབུམ་ཕྲག་གསུམ་པ། ཤཱཀྱ་ཤྲཱི་སོགས་ལྟ་བུ་དང་། དེ་དག་ལ་འབུལ་བ་སོགས་ས་བོད་འབངས་སྤྱིས་རང་འབབ་དུ་བཀྲལ་བ་དང་དང་བླངས་ཀྱིས་ཕུལ་བ་སོགས་བྱ་ཐབས་འདྲ་མིན་ཙམ་ལས་ཆེ་འདོན་ཆུང་འདོན་བྱས་ནས་ལོ་པཎ་རྣམས་ཁ་མ་སྐྱེངས་[20]པ་སྤྱི་ཚོགས་ཡོངས་ཀྱིས་ནུས་ཤུགས་བཏོན་པ་ལས་བྱུང་བ་ལགས་སོ། །

༧ རིག་གནས་ཀྱི་ལྟ་བས་སྤྱི་ཚོགས་ལ་གནོན་བཙིར་ཕོག་པ།

 འོན་ཀྱང་རང་ཅག་བོད་རིགས་རྣམས་ནི་ཤས་ཆེ་བ་གྲོང་གསེབ་ལུང་ཁུག་ནས་ཡོང་བ་ཡིན་པས། སྤྱི་ཚོགས་ཀྱི་མཐོང་རྒྱ་ཆུང་ཞིང་རིག་གནས་ཀྱི་ལྟ་བ་འདྲ་མིན་མི་འཆུན་པ་ལྟ་བུའི་རང་གི་དགའ་ཕྱོགས་དེ་ལས་གཞན་པའི་ལམ་ཡག་པའམ་ལེགས་པ་ཞིག་མེད་པར་འདོད་པའི་བསམ་པ་དེས་སྤྱི་ཚོགས་དང་རིག་གནས་གཉིས་ཀ་ལ་སྐྱོན་ཆེན་པོ་བྱུང་ཞིང་། ལྷག་པར་རིག་གནས་པ་མང་པོས་སྤྱི་ཚོགས་པའམ་སྤྱི་ཚོགས་ཀྱི་ལྟ་བ་ཅན་རྣམས་ལ་མཐོང་ཆུང་ཁྱད་གསོད་ཤུགས་ཆེར་ཕོག་ནས་སྤྱི་ཚོགས་ལ་འགོག་རྐྱེན་[21]སྣ་ཚོགས་འཕྲད་པ་དང་། རིག་གནས་པ་ནང་ཁུལ་ལ་ཡང་རང་གི་དགའ་ཕྱོགས་[22]སམ་གྲུབ་མཐའ་ལས་གཞན་རྣམས་ལམ་ནོར་བའམ་ནུས་མེད་ལྟ་བུ་ཡིན་ཤག་གིས་རིག་གནས་པ་ལྟ་བ་འདྲ་མིན་མཉམ་དུ་གནས་ཐབས་མེད་པ་དང་། གལ་སྲིད་རང་དང་འདྲ་བའི་གྲུབ་མཐའ་གཞན་འཛིན་པ་ཞིག་ཉེ་འཁོར་དུ་སླེབས་ན། དེ་ནི་རང་གི་སྐལ་བ་འཕྲོག་མཁན་ནམ་གདུལ་བྱ་འཛད་མཁན་ཡིན་པ་མ་ཟད། འབྲེལ་ལྟོས་རྣམས་ལམ་ངན་ལ་འཁྲིད་མཁན་ཡིན་ཤག་གིས། སྤྱི་ཚོགས་ལ་གཏམ་འདྲ་མིན་བསྒྲགས་པ་དང་། རང་ལྷར་བསྒྲུབས་ནས་གཞན་དེ་བདུད་ཡིན་པའི་དྲིལ་བསྒྲགས་བྱེད་པས། མཐོང་ཐོས་ཞན་པའི་སྤྱི་ཚོགས་[23]ལ་འགལ་ཟླ་འདྲ་མིན་བཟོ་ཡི་ཡོད་པ་དེས། སྤྱི་ཚོགས་དང་རིག་གནས་གཉིས་ཀ་རྙོག་འཛིང་གི་ལམ་དུ་འཁྲིད་པ་ལགས་སོ། །

༨ རིག་གནས་པ་དང་སྤྱི་ཚོགས་ལ་འགལ་བ་བྱུང་ནས་གཉིས་ཀ་ཉམས་རྒུད་སོང་བ།

མཐར་རིག་གནས་པ་མང་པོས་སྤྱི་ཚོགས་ཀྱི་གོ་སའམ་ལས་གནས་[24]འཕྲོགས་པས་སྤྱི་ཚོགས་ལ་ཉམས་རྒུད་ཤུགས་ཆེ་བྱུང་བ་མ་ཟད། རིག་གནས་ཀྱང་ལྷད་ཅན་ལྟ་བུར་སོང་ནས་མི་རིགས་ཡོངས་རྫོགས་ཀྱིས་མི་རབས་བརྒྱ་ལྷག་ཙམ་འབད་པ་བྱས་པའི་རིག་གནས་དེ་ཡང་ལྟ་སྤྱོད་ལག་ལེན་ཚད་ལྡན་རྣམས་ལག་ལེན་བྱེད་མཁན་[25]ཇེ་ཉུང་དུ་སོང་ནས་རིག་གནས་ཀྱི་ཕན་ནུས་ཉམས་པ་དང་། ཡང་དག་པའི་ལྟ་བ་ལ་ཡིད་ཆེས་བྱེད་མཁན་དང་བཅོས་མེད་ཀྱི་ལྷག་བསམ་བཅངས་མཁན་ཡང་ཇེ་ཉུང་དུ་སོང་བ། ལྷག་པར་སྤྱི་ཚོགས་ལ་འགོ་ཁྲིད་དང་རིག་གནས་ཁྱབ་སྤེལ། ཤེས་བྱ་ཡར་རྒྱས། ལས་བརྩོན་སྐུལ་སློང་སོགས་ལས་ཀ་མང་པོ་འཐུས་ཤོར་སོང་ནས་ངལ་རྩོལ་ཐོན་སྐྱེད་མཁན་དང་། དེའི་འབྲས་བུ་ལོངས་སུ་སྤྱོད་མཁན་གཉིས་ཧེ་བག་ཆེན་པོ་བྱུང་ནས་སྤྱི་ཚོགས་ཡོངས་སུ་རྒུད་པ་མ་ཟད། རིག་གནས་ལ་ཡང་རྣམ་གྲངས་[26]ཉམས་རྒུད་བྱུང་བ་དང་། ནང་ཁུལ་མཐུན་སྒྲིལ་མེད་པས་གཅིག་གིས་གཅིག་ལ་གནོན་བཙིར་ཁོ་ན་བྱས་ནས་ཕྱི་ནང་གང་ནས་བལྟས་ཀྱང་སྐྱོན་ཅན་ཤ་སྟག་ཆགས་པ་རེད། ལྷག་དོན་རིག་གནས་པ་མང་པོ་སྤྱི་ཚོགས་ཀྱི་ལས་གནས་སུ་ཐོན་པས་སྤྱི་ཚོགས་ཀྱི་ཤེས་བྱ་དང་ཉམས་མྱོང་གང་ཡང་མེད་པའི་སྟེང་། རིག་གནས་ཀྱི་ལྟ་བ་རྐྱང་པས་སྤྱི་ཚོགས་ལ་གནོན་ཤུགས་ཆེན་པོ་སྤྲད་ནས་སྤྱི་ཚོགས་ཉམས་པ་མ་ཟད་རིག་གནས་པ་རང་ཡང་རིག་གནས་སློབ་སྦྱོང་དང་། ལག་ལེན་ཉམས་མྱོང་གསོག་པའི་དུས་ཚོད་མང་པོ་འཕྲོ་རླགས་སོང་ནས་རིག་གནས་པ་ཚད་ལྡན་བྱེད་པར་འགོག་རྐྱེན་ཁོ་ན་ཆགས་པ་རེད།

༩ ད་ལྟའི་གནས་སྐབས་སུ་བོད་རིགས་ཀྱི་རིགས་པ་ཉམས་རྒུད་ཕྱིན་ནས་འཇོན་ཐང་ཅན་མངོན་མི་ཐུབ་པ།

 དེ་ཡང་དིང་སྐབས་འཛམ་བུ་གླིང་གི་མི་རིགས་གཞན་རྣམས་ཤེས་རིག་དང་མི་རིགས་མང་ཆེ་བ་ཡར་རྒྱས་འགྲོ་མཁན་རྐྱང་ཡིན་ཀྱང་། ང་ཚོ་བོད་རིགས་ནི་སྔོན་གྱི་རིག་གནས་རྙིང་པ་རྣམས་ངོམ་ཙམ་ངོམ་བྱེད་པ་ལས། དེ་དག་ངོ་སྤྲོད་དྲང་ནན་ཞིག་ཀྱང་བྱེད་མཁན་དཀོན་པ་དང་། ལྷག་པར་དུ་ཚན་རིག་ལག་རྩལ་དར་སྤེལ་ལ་སྨན་པའི་འགྱུར་ཡིག་དྲག་པ་ཙམ་ཡང་མེད་པ། བོད་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་ཅུ་དོན་བགྲངས་པ་སོང་ཞིང་། མི་རབས་གསུམ་ཙམ་ཚར་ལོངས་བྱས་ཀྱང་མར་ལེ་རིང་ལུགས་མཁས་པ་ཚད་ལྡན་བོད་རང་སྐྱོངས་ལྗོངས་ཀྱི་ཧྲུའུ་ཅི་ཙམ་ཡང་མ་བྱུང་བ་དང་། ཕྱི་ཕྱོགས་རྒྱལ་ཁབ་ཁག་ལ་གནས་པའི་བོད་རིགས་ན་གཞོན་ནས་ཤེས་ཡོན་སྦྱངས་ཀྱང་ཚན་རིག་ལག་རྩལ་པ་འདི་ཡིན་མི་གཅིག་ཀྱང་ཐོན་མ་ཐུབ་པ་ནི། ཕ་མེས་གོང་མ་རྣམས་ལ་ངོ་གནོང་དགོས་པ་ཞིག་རེད། དཔལ་འབྱོར་སོགས་མཐུན་རྐྱེན་གང་ཡག་འཛོམས་ཡོད་ཀྱང་ཆབ་སྲིད་དང་ཚན་རིག་ལག་རྩལ། རིག་གནས་སོགས་དངོས་ཡོད་མིའི་འཇོན་ཐང་ལ་ཡར་རྒྱས་ཕར་ཞོག །ཕ་མེས་ཀྱི་རྗེས་ཤུལ་ཟིན་པ་ཙམ་ཡང་མེད་པ་མངོན་གསལ་རེད།

དཔེར་ན། ཨ་མི་རི་ཀའི་མི་རིགས་ནག་པོ་ལ་མཚོན་ན། ཨོ་པ་མས་ཨ་རིའི་སྲིད་འཛིན་བྱས་པ་འཛམ་གླིང་ཚང་མས་མཐོང་གསལ་རེད། དེ་མི་རིགས་ནག་པོ་ཡར་རྒྱས་ཕྱིན་པའི་དཔང་པོ་མངོན་གསལ་ཞིག་མ་རེད་དམ།

དེས་ན་ང་ཚོ་བོད་རིགས་ནི། བོད་རང་སྐྱོང་ལྗོངས་ཀྱི་ཧྲུའུ་ཅི་ཞིག་ཀྱང་ཐོན་མྱོང་མེད་པ་ནི། མི་རིགས་འདིའི་འཇོན་ཐང་ཡར་རྒྱས་འགྲོ་ཡི་མེད་པ་མངོན་གསལ་མ་རེད་དམ།

༡༠ མི་རབས་བརྒྱ་ལྷག་ལ་འབད་བརྩོན་བྱས་པའི་རིག་གནས་རྣམས་སྒོ་འགགས་གྲབས་ཡོད་པ།

བོད་རིགས་མང་ཆེ་བ་སྐད་ཡིག་གཞན་དག་བེད་སྤྱོད་བྱེད་མཁན་རྐྱང་རྐྱང་ཆགས་ནས་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མཁན་ཉུང་ཉུང་ཙམ་ལས་མེད། དཔེར་ན། ལྷ་ས་ནི་བོད་ཀྱི་གྲོང་ཁྱེར་ཆེ་ཤོས་དང་སྔོན་དུས་ནས་བཟུང་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་ལྟེ་གནས་ཡིན་པ་མངོན་གསལ་རེད། འོན་ཀྱང་དིང་སྐབས་ལྷ་སའི་ལས་ཁུངས་ཚང་མར་རྒྱ་ཡིག་རྐྱང་རྐྱང་ལས་བོད་ཡིག་བེད་སྤྱོད་མེད་པ་རེད། དེས་རྐྱེན་པས་བོད་རིགས་ལས་བྱེད་པ་མང་ཆེ་བ་དང་མང་ཚོགས་ཚང་མས་བོད་ཡིག་ནི། བེད་སྤྱོད་མེད་པའི་ཡི་གེར་བརྩི་བ་དང་། སྦྱངས་ཀྱང་འབྲས་བུ་མངོན་གསལ་བ་མེད་པར་ངོས་འཛིན་བྱེད་པ། ཐ་ན་གྲོང་གསེབ་ནས་ཡོང་བའི་བོད་རིགས་ཀྱི་ཕྲུག་གུ་རྣམས་ཀྱང་བུ་བཅོལ་ཁང་ནས་རྒྱ་སྐད་ཁོ་ན་སྦྱངས་ནས་ཕྲུག་གུ་རྣམས་བོད་ཕྲུག་ཡིན་བཞིན་དུ་རྒྱ་ཕྲུག་ཆགས་འགྲོ་ཡི་ཡོད་པ་རེད། དེས་ན་མི་རིགས་ཀྱི་ངོ་བོའམ་མཚོན་རྟགས་འགྱུར་བ་མ་ཟད། ཕ་མེས་ཡང་མེས་མི་རབས་བརྒྱ་ལྷག་ཙམ་མི་ཤུགས་དང་དངོས་ཤུགས་གྲངས་མེད་བཏང་ནས་བོད་ཀྱི་རིག་གནས་རྣམས་བོད་ཀྱི་སྐད་ཡིག་ཁོ་ནའི་སྟེང་ན་ཡོད་པས་དེ་དག་ཚང་མ་སྒོ་འགགས་པའི་ཉེན་ཁ་ཆེན་པོ་མངོན་སུམ་མིག་ལམ་ན་ཡོད་པ་ཚང་མས་ཤེས་དགོས། བོད་རིག་པ་ཡིན་ཟེར་ནས་རིག་གནས་ཕྱོགས་རེ་བའི་ལྟ་བ་དམ་བཟུང་བྱས་པ་དེས། མི་རིགས་འདི་མི་རབས་མང་པོ་ཕུང་དུ་བཅུག་པ་མ་ཟད། ད་ནས་མི་རིགས་འདི་རྩ་རླག་གཏོང་རྒྱུའི་ཉེན་ཁ་ཆེན་པོ་མཐོང་བས། རིག་གནས་ཕྱོགས་རེ་བ་རྣམས་རྒྱུན་འཛིན་ཙམ་གྱིས་འཐུས་ཤིང་། གཙོ་བོ་སྤྱི་ཚོགས་རིག་གནས་དང་། སྤྱི་ཚོགས་ལ་དམིགས་པའི་སྐད་ཡིག་ཡར་རྒྱས་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་མཐོང་ངོ་། །གལ་སྲིད་སྤྱི་ཚོགས་དང་སྐད་ཡིག་ཁ་བྲལ་ན། རིག་གནས་པ་ཕྱོགས་རེ་འཛིན་པ་རྣམས་བདག་པོ་རླག་པའི་ཁྱི་རྒན་ཆགས་རྒྱུ་ཡིན་པ་སྨོས་མེད་ལགས་པས། མཇུག་འབྲས་དེར་བསམ་བློ་གཏོང་འཕོད་པ་ཞིག་ངེས་པར་གནང་འཚལ་ལོ། །

མཇུག་བསྡུ་བའི་གཏམ།

དེ་ལྟར་མི་རིགས་འདིའི་ལོ་རྒྱུས་ཡིག་ཐོག་ན་ཡོད་པ་རྣམས་དང་། ད་ལྟའི་གནས་སྐབས་བཅས་ལས་དཔགས་ནས་ཕྱོགས་བསྡོམས་སུ་བཀོད་པ་འདི། རང་མཉམ་རྣམས་ལ་དྲན་པ་གསོ་ཕྱིར་ཡིག་ལམ་དུ་བཀོད་པ་ཙམ་ལགས་སོ། །

               དཔྱད་གཞིའི་ཡིག་རིགས་སམ་གཏམ་གྱི་ཁུངས།

ཁམས་སྤྲུལ་བསོད་ནམས་དོན་གྲུབ་ཀྱི་ལོ་ཚིགས། རྩོམ་སྒྲིག་བྱེད་བཞིན་པ།

མཐོ་ལྡིང་ནས་རྙེད་པའི་ཡིག་རྙིང་རྒྱལ་རབས། བྲིས། དབུ་ཞབས་མ་ཚང་བ།

ཆོས་འབྱུང་མཁས་པ་དགའ་བྱེད། ཤིང་སྤར་མ། གློག་རྡུལ།

བུ་སྟོན་ཆོས་འབྱུང་། བྲིས་མ། གློག་རྡུལ།

མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། བྲིས་མ། གློག་རྡུལ།

སྔོན་གྱི་གཏམ་མེ་ཏོག་ཕྲེང་བ། བྲིས། ནེའུ་པཎྜི་ཏས་མཛད་པ། གློག་རྡུལ།

དཔྱད་ཡིག་དང་ཞབས་མཆན། 

[1] ཁམས་སྤྲུལ་བསོད་ནམས་དོན་གྲུབ་ཀྱི་བཞེད་པ་ལྟར་ན། སྤྱི་ལོའི་གོང་གི་ལོ་ B.C.༥༦༡ B.C.༥༣༩ ལོར་དགུང་ལོ་ཉེར་གཉིས་ལ་ཁྲིར་ཕེབས།

[2] བོད་ཀྱི་གནའ་རབས་ལོ་རྒྱུས་བདམས་བཏུས་གངས་ལྗོངས་འོད་འབུམP14ལས། སྤུ་དེ་གུང་རྒྱལ་གྲོངས་ན། གྲངས་མོ་གནམ་གསེར་བརྩིག །གསེར་བརྩིག་གི་སྲས། ཐོ་ལེགས་བཙན་པོ། ཞེས་སོགས་བྱུང་ངོ་། །འོན་ཀྱང་ཆོས་འབྱུང་མཁས་དགའ་ནས་དྲང་མོ་གསེར་ཐིག་ཅེས་ཡབ་གྲི་གུམ་བཙན་པོའི་སྤུར་ལྷ་རུ་བསྟེན་པ་ཞིག་གི་མིང་ཡིན་པར་བཤད།

[3]  མངའ་རིས་མཐོ་ལྡིང་ནས་ཉེ་ཆར་བརྙེད་པའི་རྒྱལ་རབས་ཡིག་རྙིང་དབུ་ཞབས་མ་ཚང་བ་ལས། ལྷ་སྲས་གྲང་མ་གསེར་རྩིག་གི་སྐུ་རིང་ལ། ཆོས་ལུགས་དེ་བས་བཟང་བ་ཅིག་མཛད་པར་བཞེད་ནས་སྤྱོད་པ་བྲོ་གླུའི་སྲོལ་གཏོད་དེ། སྐོར་གླུ་དང་། གདང་གླུ་དང་། བགབ་བགབ་དང་། སྟག་ཆོད་ལ་སྩོགས་པ་སྤྱོད་པ་ནི་རྩེ་འཇོ། ཞེས་སོགས་འཁོད།

[4]  ཆོས་འབྱུང་མཁས་དགའ། ཤིང་སྤར་མ། ལེ་ཚན་ཇ ལྡེབ་༡༥ན༤པ་ལས། མཐའ་བཞིའི་རྒྱལ་པོས་དཔྱ་དང་སྐྱེས་ལོ་ཏང་དུ་འབུལ་བ་ལ་ཞབས་ཏོག་འདི་དང་འདི་ཡོད་དོ་ཞེས་ཡི་གེ་ཕུལ་བ་ལ།  བོད་ཀྱིས་སྐྱེས་ལན་ལ་ངག་ཕྲིན་ལས་ཡི་གེ་མི་ཤེས་ཅེས་སྣང་ཞིང་ཀ་བཀོལ་མའི་དངོས་བསྟན་དགུང་ལོ་བཞི་ལ་ཡབ་གཤེགས་ནས་རྒྱལ་ས་མཛད་པ་འདྲ་བར་སྣང་།  ཡུལ་གྲུ་གཞན་གྱི་ཡི་གེར་མ་ལྟོས་པ།  །བོད་ལ་རང་གི་ཡི་གེ་དགོས་པར་གཟིགས།  །བློན་པོ་བློ་གསལ་དུ་མ་རྒྱ་གར་དུ།  །བཏང་ཡང་ཡི་གེའི་བཞེད་པ་མ་འགྲུབ་ནས།  །བོད་ཀྱི་བློན་པོ་བློ་རྣོ་བ་བཅུ་དྲུག་ལ་གསེར་བསྐུར་ནས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བས་ལ་ལ་ཐང་འདྲེ་ཅན་རྣམ་པ་གསུམ་ལ་བརྡུགས་བས་འགྲོ་མ་ནུས།  །ལ་ལ་ཚད་པས་ཤི།  ལ་ལ་རྒྱ་སྐད་མ་ཤེས་པར་ལོག་སྐད།

[5] བུ་སྟོན་ཆོས་འབྱུང་བྲིས་མ། ལྡེབ་༡༡༦ན༡ དེ་ནས་བོད་ལ་ཡི་གེ་མེད་པས་ཐོན་མི་ཨ་ནུའི་བུ་ལ་འཁོར་བཅུ་དྲུག་དང་བཅས་པ་ཡི་གེ་སློབ་ཏུ་བཏང་བས་པཎ་ཌི་ཏ་ལྷའི་རིག་པ་སེང་གེ་ལ་སྒྲ་བསླབས་ཏེ་བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ། ཨཱ་ལི་བཞིར་བསྡུས་ཏེ་གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ནས་ལྷ་སའི་སྐུ་མཁར་མ་རུར་བཅོས་ནས་ཡི་གེ་དང་སྒྲའི་བསྟན་བཅོས་བརྒྱད་མཛད་དེ་རྒྱལ་པོས་ལོ་བཞིར་མཚམས་བཅད་དེ་བསླབས་སོ། །

[6] ཆོས་འབྱུང་མཁས་དགའ། ཤིང་སྤར་མ། ལེ་ཚན་ཇ ལྡེབ་༡༨བ༣པ་ལས། ད་ནི་ངས་རྒྱལ་ཁྲིམས་ཆེན་པོ་བཅའ་དགོས།  སྔོན་ཡང་ཁྲིམས་མེད་པས་རྒྱལ་ཕྲན་རྣམས་སོ་སོར་འཁྱར་བ་ཡིན།  ད་དུང་ཁྲིམས་མེད་ན་ཉེས་བྱེད་དར་ཞིང་ངའི་འབངས་རྣམས་སྡུག་བསྔལ་བར་འགྱུར་བས་ཁྲིམས་བཅའ་བར་བྱའོ་གསུངས་ནས་བཅས་སྐད།  བཀའ་ཡི་ཁྲིམས་ཡིག་ཆེན་པོ་རྣམ་དྲུག་མཛད།  །ཐོག་མར་བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ།  །ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་བཅད།  །རྒོད་ཀྱི་སྟོང་སྡེ་དྲུག་བཅུ་རྩ་གཅིག་ཕྱེ།  །གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་འབྱེད།  །ཞང་གསུམ་བློན་བཅས་དབུས་ཀྱི་འདུན་ས་འཛིན།  །དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་།  །དེ་ལ་བོད་ཀྱི་ཁོས་དྲུག་ཞེས་སུ་གྲགས།  །དེ་ཡང་ཁྲིམས་ཡིག་དྲུག་ནི།  ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས༡།  འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས༢། རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས༣། །མ་ལོན་ཞུ་བཅད་ཀྱི་ཁྲིམས༤།  དབང་ཆེན་བཅད་ཀྱི་སྤྱི་ཁྲིམས༥།  ཁབ་སོ་ནང་པའི་ཁྲིམས་ཏེ་༦དྲུག་གོ།

[7] ཤེས་བྱ་སྤྱིའི་ཁོག་དབུབ་བྲིས་མ་ལྡེབ་༡༣༤བ༢ལས། དེ་ནས་སྲོང་བཙན་སྒམ་པོའི་དུས་སུ་མིང་ཚིག་ཐམས་ཅད་ཡི་གེ་ལ་གདབ་ཏུ་རུང་བ་བྱུང་བས། རྒྱ་མོ་བཟའ་ཝོན་ཤིང་ཀོང་ཅོས་ཁྱེར་བའི་སྨན་དཔྱད་ཆེན་མོ་ཞེས་བྱ་བ་ཧ་ཤང་མ་ཧཱ་དེ་བ་དང་དྷརྨ་ཀོ་ཥ་གཉིས་ཀྱིས་བསྒྱུར་ཞིང་། ཡང་རྒྱ་གར་གྱི་སྨན་པ་བྷཱ་ར་དྷཱ་ཛ་དང་། རྒྱ་ནག་གི་སྨན་པ་ཧེན་ཝེན་ཧང་དེ། སྟག་གཟིག་གམ་ཁྲོམ་གྱི་སྨན་པ་ག་ལེས་ནོས་ཞེས་བྱ་བ་གསུམ་སྤྱན་དྲངས་པ་ལ་བརྟེན་ནས། རྒྱ་གར་གྱི་སྨན་པས་འབུ་ཤག་མ་བུ་ཆེ་ཆུང་དང་སྦྱོར་བ་མར་གསར། རྒྱ་ནག་གི་སྨན་པས་རྒྱ་དཔྱད་ཐོར་བུ་ཆེ་ཆུང་། སྟག་གཟིག་གི་སྨན་པས་མགོ་སྔོན་བསྡུས་པ་དང་དེ་པོའི་གཏར་དཔྱད་སོགས་བསྒྱུར་ཞིང་། གསུམ་ཀ་སྡོམས་ནས་མི་འཇིགས་པའི་མཚོན་ཆ་ཞེས་བྱ་བ་བམ་པོ་བདུན་པ་བརྩམས་ནས་ཕུལ། ཞེས་སོགས་འཁོད།

[8] རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད། སི་ཁྲོན་དཔེ་སྐྲུན་ཁང་གིས་བསྐྲུན་པ། P 163 ར་སའི་གཙུག་ལག་ཁང་བཞེངས་ནས། ལོ་གསུམ་ལོན་ཙ་ན། བོད་འབངས་བྱིན་པོས། ནམ་ཟླ་དུས་བཞིའི་རྩིས་མ་ཤེས། བཤན་མ་ཕྱེད་པ་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དགོངས་པ་ལ། ངས་ཆོས་འཇིག་རྟེན(116.བ)གྱི་ཁྲིམས་འཆོས། བོད་འབངས་དགེ་ལ་བསྐུལ་ཐུབ་བྱུང་ནའང་། འཇིག་རྟེན་པ་རྣམ་རྟོག་གི་དྲ་བ་སེལ་ཐབས། རྒྱ་དཀར་ནག་གི་རྩིས་ཀྱང་རྒྱས་པར་སྤེལ་ནས། རྒྱལ་ཁམས་ལ་ཕན་གདགས་དགོས་སྙམས་པ་འཁྲུངས་ཏེ། བོད་མི་བློ་གསལ་ཤེས་རབ་དང་ལྡན་པ། འབྲེ་སྙ་བརྟན་དང་། ལང་ཚོ་ལྡོ་ལེགས། བྱ་གག་སྟོང་ཀུན། འདར་མི་སྟག་ཁ་བྱ་བ་དང་བཞི་པོ་ལ། གསེར་གྱི་སྤར་:ཏུ་[རུ]། དངུལ་གྱི་ཡང་ཁོལ་ཅན་བརྒྱད། གསེར་སྤ་རུ་རེ་རེ། ལམ་ཆས་གསེར་ཕྱེ་བྲེ་ཕྱེད་དང་བཅས་པ་བསྐུར་ནས། ཁྱེད་རྣམས་རྒྱ་ནག་ཡུལ་དུ་སོང་ལ། བོད་ཀྱི་རྒྱལ་ཁམས་འདིར་ཕན་པའི་གཙུག་ལག་སློབ་ནས་སྤྱོན་ཅིག སྔར་བོད་ན། ཀོང་ཇོས་ཁྱེར་བྱུང་བའི་ནག་རྩིས་དྲུག་ཅུ་སྐོར་ཟུར་ཙམ་དང་། རྒྱ་གར་ནས་བསྒྱུར་བའི་རྟེན་འབྲེལ་བཅུ་གཉིས། ཉི་མ་དྲུག་བསྐོར་ཙམ་མོ། །དཀར་ནག་གི་རྩིས་མ་དར་བས། (117.ན)གསོན་གཤིན་གྱི་རྩིས་དང་། ནམ་ཟླའི་དུས་བཞིའི་ཐོབ་ལུགས། རྒྱ་ནག་པོ་ལ་གཏུགས་དགོས་པར་འདུག་པས། མཁས་པར་སློབས་སྤྱོན་ཅིག བྱ་དགའ་ཆེན་པོ་བྱེད་པ་ཡིན་ནོ་གསུངས་པའི་བཀའ་སྒོ་ནས་རྫངས་བཏང་པས། ཁོང་བཞི་པོས་ཕྱིན་ཏེ། རྒྱ་ནག་ཏུ་སྔོན་ལ། མཁས་པ་མི་བཞི་ལ། རང་སར་གཏུགས། དེ་པའི་ནང་ན། ནམ་ཟླའི་རྩིས་ལ་མཁས་པ། རྒྱ་ཁྲི་མཧཱ་ཡ་ན་བྱ་བ་ལ། བོད་མི་བཞི་ཁས་ཞུས། ལོ་གཅིག་དང་ཟླ་བ་བདུན་བསྡད། གཞན་གྱི་རྒྱུད་ཆེན་ལ་སོགས་མ་བུ་ཚང་མ་རང་ནི་མ་གནང་། རྒྱུད་སྣང་གསལ་སྒྲོན་མེ་དང་། སྤང་རྒྱ་བླ་མ། གནམ་ས་རྗེས་གཅོད་དང་། ཕྱག་ཤོག་འབྲེང་བུའི་གབ་རྩེ་ཙམ་གནང་བས། བློ་གསལ་དེ་རྣམས་ཀྱིས། གསོན་གཤིན་གྱི་རྩིས་དང་། ནམ་ཟླ་དུས་བཞི་ཤན་ཕྱེད་པར་བྱས་ནས། ཡར་ལ་སྡེབས་ཡོངས། དེའི་སྐབས་ན། སླབས་ཤེས་ཀྱི་ཡོན་ཏན་གང་ལའང་། (117.བ)སྟངས་འབུལ་དགོས་པས་ན། རྗེ་ས་བདག་རྒྱལ་པོ་དབུ་ལ་བཞུགས་པའི་ཁྲོམ་ཚོགས་སར། ནག་རྩིས་གང་ཤེས་པ་ཐམས་ཅད། བོད་སྐད་དུ་བསྒྱུར་ལས།    སྟངས་ཕུལ་ཅིག་གསུངས་པ་ལ། འབྲེ་སྙ་བརྟན་གྱིས་གང་ཤེས་བཤད། དེ་ལ་བྱ་གག་གིས་དགག་པ་བཏང་། དེ་རྟིང་ལང་ཚོ་ལྡོང་ལེགས་ཀྱིས་བཤད། དེ་ལའང་བྱ་གག་གིས་སྐྱོན་བཙལ། དེ་ནས་རྒྱལ་པོ་ལ་རྒྱབ་བཅོལ་ཏེ། བྱ་གག་རང་གིས་བཤད་པས། བླ་སྒོ་གསུམ་ཀ་ཕྱེ། མཁས་པར་གྲགས། རྒྱལ་བློན་ཐམས་ཅད་ཐུགས་མཉེས་སོ། ། ཞེས་འཁོད།

[9] མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་བྲིས་མ། ལྡེབ་༡༩༥བ༣ལས། སློབ་དཔོན་ལ་བསམ་ཡས་བཞེངས་བའི་གྲོགས་ཞུ་བ་ཕུལ་བར། སློབ་དཔོན་གྱིས་སྔར་ལྷ་འདྲེ་ཐམས་ཅད་དམ་ལ་ཐོགས་ནས་ཡོད་པས། དེ་མ་ཐག་ཏུ་སློབ་དཔོན་གྱིས་རྡོ་རྗེ་འགྲོས་བྱས་ནས་སྣ་དྲངས། དེའི་ཕྱི་ན་ཕར་བོད་རུ་བཞིའི་མི་ཁྲི་ཚོ་ལྔ་དྲུག་གིས་གྱང་བཏང་བས། ཞེས་སོགས་བསམ་ཡས་བཞེངས་ཚུལ་དང་། ཆོས་འབྱུང་དེའི་ལྡེབ་༡༩༩བ༧པ་ནས། བོད་ལ་ཆོས་སྤྱོད་པའི་ཁོད་བཤམས་ཞེས་པ་ནི། དཔལ་ཤྲི་ན་ལེནྡྲ་ལ་དཔེ་བླངས་ནས། བསླབ་པའི་གྲྭ་བཅུ་གཉིས། ལྷར་འབུལ་བ་དྲུག་(200ན)སྒོམ་ས་ཆེན་པོ་བརྒྱད། སྒོམ་གྲྭ་ཆེན་པོ་བཞི། བློ་སྦྱོང་གི་གྲྭ་བཅུ་གཉིས། དབུས་ན་ཁམས་གསུམ་མི་ལྡོག་སྒྲོལ་མ་དང་། དཀར་ཆུང་གི་ལྷ་ཁང་དང་། འོན་ཅང་རྡོ་དང་། དགྱེས་མཚལ་དང་བཞིའོ། །མདོ་ཁམས་ན་ལྗང་གི་ར་མགོ་དང་། ཏྲེའི་ཀ་བྲག་དང་། སྤྱི་ཐོག་ངང་མོ་འགྲིན་དང་། སྟེང་ཁང་ཆེན་མོ་དང་བཞིའོ། །མདོ་སྨད་ན་སྣའི་འོར་འཇེད་དང་། ཞའི་བེར་ཀ་དང་།  ལྕོང་ཁང་ཆེན་མོ་དང་། ཀའི་ཀླུང་ཤོད་དང་{བཞི་སྟེ་}བཅུ་གཉིས། ལྷར་འབུལ་བ་དྲུག་ལ། དབུས་ན་ལྷ་ས་དང་། བསམ་ཡས་གཉིས། ཁམས་ན་ཀ་ཆུའི་གཡུ་རྩེ་དང་གསུམ། བཀའ་ཁོང་གི་ཐུགས་རྗེ་ལྷུན་གྲུབ་དང་། མདོ་ཁམས་ཀློང་ཐང་འཇིག་རྟེན་སྒྲོལ་མ་དང་། འུ་རུའི་བྱམས་ཆེན་སྙོམས་དྲུག་གོ །སྒོམ་ས་བརྒྱད་ལ། དབུས་ན་འཆིང་བུ་དང་ཡེར་པ་གཉིས། མྱང་གི་ཞྭ་དང་གསུམ། དཔལ་ཆུ་བོ་རི་དང་བཞི། མདོ་ཁམས་ན་དན་ཏིག་ཤན་དང་ལྔ། འབུམ་གླིང་དང་དྲུག །ཨ་ལུང་དང་བདུན། ཀློང་ཐང་ཨརྻ་གླིང་དང་བརྒྱད་དོ། །བློ་སྦྱོང་གི་གྲྭ་བཅུ་གཉིས་ལ། དབུས་ན་འཆིང་བུ་ཡེར་པ་དང་ཞྭའི་ལྷ་ཁང་དང་བཞི།(ཞེས་པ་གཅིག་ཆད)ཁམས་ན་དན་ཏིག་ཤན་དང་། འབུམ་གླིང་དང་། ཨན་ཆུང་དང་། དེ་བའི་བླ་ཚལ་དང་བཞི། མདོ་སྨད་ན་ཀློང་ཐང་ཨཪྻའི་ལུང་དང་། མེས་ཤོད་སེང་གླིང་གི་དབེན་གནས། འཛེང་རྒྱལ་བྱིན་གྱི་དབེན་གནས། དཔུང་བོར་གྱི་ཐང་ཤིང་རྒྱལ་བའི་དབེན་གནས་དང་། གླང་ལུང་གི་དྲའུ་ཏོག་དང་བཅུ་གཉིས་ཏེ། སྤྱིར་དབེན་གནས་སུམ་ཅུ་ཡོད་དོ། །སྒོམ་གྲྭ་བཞི་ནི། ཤར་ཕྱོགས་དྭགས་ལྷའི་བྲག་ཕུག་ནི། འདྲེ་རྒྱལ་(200བ)བའི་བློ་གྲོས་ཀྱིས་མཛད། ལྷོ་ཕྱོགས་སྟག་དང་སེང་གེ་ལུང་གི་བྲག་ཕུག་ནི་གླང་དཔལ་གྱི་སེང་གེས་མཛད། ནུབ་བྲག་དམར་པོའི་མཐིང་ཕུག་ནི་སྣུབས་ནམ་མཁའ་སྙིང་པོས་མཛད། བྱང་ཕྱོགས་ཨརྻ་པ་ལོའི་སྒོམ་གྲྭ་ནི་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས་མཛད། སད་མི་བཅུ་གསུམ་རབ་ཏུ་བྱུང་ཞེས་པ་ནི། དགེ་སློང་ལ་སྔ་བ་རྦའི་བན་དྷེ་གཉིས་ཏེ། སྦ་གསལ་སྣང་། སྦ་གསལ་སྦྱར་གཉིས་སོ། བཙུན་པ་ངན་ལམ། ལྷ་ལུང་དཔལ་གྱི་རྡོ་རྗེ། བློ་རྣོ་བ་རིན་ཆེན་དང་། ལན་གསུམ་རྒྱལ་བ་བྱང་ཆུབ། མཁས་པ་བཻ་རོ་ཙ་ནའོ། ། གནས་བརྟན་ལ་སྔ་བ་འོར་རྒྱད་ཁ་ཕུན། སྨན་ཤཱཀྱ། འགར་ཤཱཀྱ་འོ། །མཐུ་ཆེ་བ་སྣུབས་ནམ་མཁའ་སྙིང་པོ། བློ་རྣོ་བ་ཡོན་ཏན་སྙིང་པོ། བློ་རྣོ་བ་ཤེས་རབ་དང་ལྡན་པ་མྱང་ཁམས་པ་གོ་ཆ་འོ། །ཆོས་ཁྲིམས་རྒྱལ་ཁྲིམས་ཉི་མ་ཤར་བ་འདྲ་ཞེས་པ་ནི། དེ་ལྟར་ཆོས་ལུགས་ཟབ་མོ་མི་ནུབ་པའི་རྒྱལ་མཚན་དར་ཞིང་རྒྱས་པར་གྱུར། མི་ལུགས་བཟང་པོས་བཀའ་དྲིན་ཀུན་ལ་ཁྱབ། དེའི་དབང་གིས་མངའ་ཐང་ཆེ། ཆབ་སྲིད་མཐོ། དབུ་རྨོག་བཙན། ཞེས་སོ། །

[10] ཆོས་འབྱུང་མཁས་པ་དགའ་བྱེད་སྤར་མ། ལྡེབ་༨༠བ༡ནས། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས།  །བསྟན་མ་བཅུ་གཉིས་ཐང་ལྷ་ཤམ་པོ་སོགས།  །ལྷ་སྲིན་དྲེགས་པ་ཅན་རྣམས་མ་ལུས་བཏུལ།  །ཉི་ཚེའི་དམྱལ་བ་མང་དུ་སྟོངས་པར་དྲངས།  ། བྱེ་མ་ཐམས་ཅད་ཚལ་དང་ནེ་སིང་དང་།  །གྲམ་པ་ཐམས་ཅད་ཞིང་ས་གཤིན་པོར་བྱ།  །རི་ཀུན་ནགས་དང་སྤང་དུ་བསྒྱུར་བ་ཡིས།  །བོད་ཡུལ་ཤིན་ཏུ་བཟང་པོ་མཛད་དགོངས་ཚེ།  །བོད་འབངས་བསོད་ནམས་དམན་པས་མ་ཐེག་སྟེ།  །བློན་པོ་རྣམས་ཀྱི་གློ་བར་ཆུད་མ་གྱུར།  །ཞེས་དང་། ཡང་ཆོས་འབྱུང་དེ་ཉིད་ལྡེབ་༨༩བ༦ནས། དེ་ནས་ཆོས་ཀྱི་འདུན་ས་ནི་བྲག་དམར་མཚོ་མོ་མགུར་དུ་ཕུབ།  །གསལ་སྣང་ནི་ཆོས་ཀྱི་ཚུགས་དཔོན་བླར་བསྐོས་ནས་དུས་དེར་བོན་པོ་དང་བོན་བློོན་རྣམས་ཁ་ལོག་སྟེ་ཆོས་མི་བྱེད་བོན་བྱའོ་ཟེར་བས་བོ་དྷི་ས་ཏྭའི་ཞལ་ནས་རྒྱལ་ཁམས་གཅིག་ཏུ་ཆོས་ལུགས་གཉིས་བྱུང་ན་ཤིན་ཏུ་སྡིག་ཆེ།  འོ་ཅག་རྩོད་པ་བྱས་ལ་ཁྱེད་རྒྱལ་ན་ང་འགྲོ་བོན་སྤེལ།  ཆོས་རྒྱལ་ན་བོན་བསྣུབས་ལ་དམ་པའི་ལྷ་ཆོས་བྱ་གསུང་།  སླད་ཀྱིས་ཆོས་དང་བོན་འགྲན་པར་ཆད་ན་དེ་ལ་དཔང་པོ་མེད།  དེ་ནས་ཕག་གི་ལོ་ལ་ཕོ་བྲང་ཟུར་ཕུད་རྐྱང་བུ་ཚལ་ན་བཞུགས་པའི་ཚེ་ཆོས་ཀྱི་ཁ་འཛིན་ཞང་ཉ་བཟང་དང་།  གཉེར་སྟག་བཙན་གདོང་གཟིགས་དང་།  སེང་མགོ་ལྷ་ལུང་གཟིགས་དང་།  ཉང་ཤོ་མ་དང་བཞི་བོ་དྷི་ས་ཏྭའི་ཁ་འཛིན་དང་ཤགས་འདེབས་སུ་བསྐོས།  བོན་གྱི་ཁ་འཛིན་ངམ་ཏ་ར་ཀླུ་གོང་།  རྩིས་པ་ཆེན་པོ་ཁྱུང་བོ་དུམ་ཚུགས།  ཁྱུང་པོ་རྩེ་བ་ཚེ་མི་དང་ཅོག་ལ་སོགས་བསྐོས་ཏེ་རྩོད་པ་ལས་བོན་ཁུངས་ངན་ལ་གཏན་ཚིཊ་ཆུང་།  ལྷ་ཆོས་ཁུངས་བཟང་ལ་གཏན་ཚིགས་རྒྱ་ཆེ་ཟབ་ལ་གཏིང་རིང་ཤགས་བཟང་ལ་རྣོ་སྟེ་མ་ཐུབ་ནས་འཕན་ཡུལ་གྱི་བྱི་བོན་པོས་བསྒྱུར་བའི་གཤེན་ཁུགས་པ་ཐམས་ཅད་ཀྱང་བསེ་རགས་སུ་གྱུར་པས་ཕྱིན་ཆད་བོན་བགྱིད་དུ་མི་གནང་བར་ཆད།  གཤིན་གྱི་ཕྱིར་གནག་རྟ་དང་སྲོག་ཆགས་གསོད་པ་དང་ཤ་འདེབས་སུ་མི་གནང་།  རྗེའི་སྐུ་རིམ་དང་བར་ཆད་སེལ་བ་ལ་འདྲེ་སྲིན་ལ་དུས་བོན་རེ་བྱེད་ན་ཚེ་མི་དང་ཞང་ཞུང་མ་གཏོགས་གཞན་བགྱིད་དུ་མི་གནང་བར་བཅས་ཏེ་བོན་གྱི་དཔེ་ཀུན་ཆུ་ལ་བསྐུར།  ལྷག་མ་ཕྱིས་མཆོད་རྟེན་ནག་པོར་མནན་ནོ།  །ད་ནས་སླན་ཆད་ཆོས་བྱ་བ་དང་ལྷ་ཁང་རྩིག་པར་ཆད་པ་དང་།  བློན་པོ་མགོས་བཤུམས་པ་ལ་བཙན་པོས་བཀའ་བསྩལ་པ།  ཁྱོད་ལྷ་ཆོས་བྱ་ཞིང་ལྷ་ཁང་རྩིག་པར་མི་དགའ་འམ།  བློན་པོས་གསོལ་པ།  ལྷ་ཆོས་ནི་བཟང་ན་ད་ཆོས་བྱེད་ཡོང་རྩ་ན་རྒས་གཏུགས་པས་མི་ལོན་ཏེ་གློ་བ་ལ་བཅགས་མོད།  རྗེ་ལྷ་གཅིག་དམ་ཆོས།  དེ་ཡང་གཏིང་རེ་ཟབ།  མོན་བུ་དེ་ཡང་སྨྲ་རེ་མཁས།  ཅེས་གསོལ་བ་དང་འོ་ན་བློན་ཆེན་འོར་ཆེ་གསུངས་ནས་ཤོ་ལ་གེས་སོ།  །

[11]ཆོས་འབྱུང་མཁས་དགའ་སྤར་མ་ལྡེབ་༡༢༢བ༡ལས། དེ་ནས་ཆོས་འཁོར་གྱི་རྐྱེན་ཉིས་བརྒྱ་ལྔ་བཅུ་བླ་ནས་གནང་སྟེ་བཅོམ་ལྡན་འདས་ཀྱི་རིང་ལུགས་ལ་ལོ་རེའི་ཟླ་བ་གཅིག་ལ་ནས་ཁལ་བདུན་བཅུ་རྩ་ལྔ།  ན་བཟའ་ནི་མང་སྟེ་འཕན་གྱི་བྲུངས་ལ་སྦྱོར།  ན་བཟའ་ཕྲུགས་རེ་རེ།  སྤོད་མར་སྲང་སྟོང་དང་བརྒྱ།  ཆིབས་དངོག་ཐེག་པ་རེ་རེ།  ཤོག་བུ་དེབ་བཞི།  གནག་ཚ་ཡུག་གསུམ།  ལན་ཚྭ་ཟད་ལེན།  མཆིམས་ཕུའི་སྒོམ་ཆེན་ཉི་ཤུ་རྩ་ལྔ་ལ་ནས་ཁལ་ལྔ་བཅུ་རྩ་ལྔ།  སྤོད་མར་སྲང་བརྒྱད་བརྒྱ་རེ།  ཆིབས་པ་རེ།  ན་བཟའ་དྲུག་ཕྲུགས་རེ།  ཆོས་གྲའི་སློབ་དཔོན་དུ་བསྐོ་བ་བཅུ་གསུམ་ལ་ནས་ཁལ་ལྔ་བཅུ་རྩ་ལྔ་ལྔ།  ན་བཟའ་ཕྲུགས་རེ།  ཆབ་མར་སྲང་བརྒྱད་བརྒྱ་རེ།  མཚམས་ཀྱི་བནྡྷེ་རང་ག་མ་རྣམས་ལ་གང་ཟག་རེ་རེ་ལ་ནས་ཁལ་བརྒྱད་རེ།  ཤོག་བུ་དེབ་གཉིས་རེ།  སྣག་ཚ་ཡུག་རེ།  སློབ་གཉེར་བ་ཉི་ཤུ་རྩ་ལྔ་ལ་རེ་རེ་ལ་ནས་ཁལ་ཉི་ཤུ་རྩ་ལྔ་རེ།  གོས་སུམ་ཕྲུཊ་རེ་རྒྱུན་དུ་གནང་ནས།  དཀོན་མཆོག་གསུམ་གྱི་རྟེན་ཡུན་རིང་དུ་གནས་པའི་ཆེད་དུ་དཀོན་མཆོག་གི་རྟེན་ལ་འབངས་མི་ཁྱིམ་བརྒྱ་བནྡྷེ་རེ་རེ་ལ་འབངས་མི་ཁྱིམ་གསུམ་གསུམ་དུ་བཅད།  འབངས་ལྷ་རིས་ལ་བླ་ནས་དབང་མི་བྱ་བར་ཆད་ནས་དབང་དགེ་འདུན་ལ་བསྐུར།  ལྷ་ཆོས་དར་བར་མཛད་པས་རྗེ་ལྷ་སྲས་བཀའ་དྲིན་ཆེ་བ་ལགས་སོ།  །སླད་ཀྱིས་བཙན་པོ་སློབ་དཔོན་པདྨ་སམྦྷ་ཝའི་ཆོས་ཀྱང་འཕྲོ་ལ་ལུས་པས་ཐུགས་མ་ཚིམ་ནས་བཻ་རོ་ཙ་ན་དང་གཙང་བཙུན་ལེགས་གྲུབ་གཉིས་འཚོལ་དུ་བཏང་།  སླར་ལོག་པ་ལ་པཎྜི་ཏ་མ་བྱོན་པས་གོ་བ་མ་ཆེ་སྟེ་རྒྱ་གར་གྱི་སྙན་ཕྲའི་དབང་དུ་ཐལ་ནས་བཻ་རོ་ཙ་ན་ཚ་བ་རོང་དུ་བསྐྲད།  ཀ་མ་ལ་ཤཱི་ལ་མུ་སྟེགས་ཀྱིས་གཤེད་མ་བཏང་ནས་ནུབ་མོ་སྒྲ་བསྒྱུར་གྱི་ཁང་པར་གཟིགས་མལ་དུ་མཁལ་མ་མཉེས་ནས་བཀྲོངས་སོ་ཞེས་བྱུང་ངོ་།  །

[12]  ཆོས་འབྱུང་མཁས་དགའ་སྤར་མ་ལྡེབ་༡༣༤བ༡ལས། ཆོས་ཁྲིམས་ཤིན་ཏུ་དམ་པས་བློན་པོ་སྡིག་ལ་དགའ་བ་རྣམས་སྐྱོ་སྟེ་རང་ཅག་འདི་ཙམ་དུ་གུ་དོག་པ་ཅིས་ལན་ཟེར་བ་ལ་འགའ་ཞིག་གིས་རབ་ཏུ་བྱུང་བ་ལ་སྡང་མིག་བལྟས་མཛུབ་མོ་ཀེར་ཏེ་འདི་རྣམས་ཀྱིས་ལན་ཟེར་བ་རྒྱལ་པོས་གསན་ནས་དཀོན་མཆོག་ལ་དེ་ལྟར་བྱེད་པ་མི་རིགས་ཀྱིས་དེའི་མིག་ཕྱུང་མཛུབ་མོ་ཆོད་ཅེས་བཀའ་བསྩལ་ཏོ།  །

[13] ཆོས་འབྱུང་མཁས་དགའ་སྤར་མ་ལྡེབ་༡༣༤བ༦ལས། དེ་ནས་བཙུན་མོ་ངང་ཚུལ་མ་དང་བྲན་ཀ་དཔལ་ཡོན་མཛའ་འོ་ཞེས་སྙན་ཕྲ་གསོལ་བས་ཁྲིམས་ལ་སྦྱོར་ཞིག་ཅེས་གསུང་བ་ན་བཙུན་མོ་ངང་ཚུལ་མ་ཤིན་ཏུ་སྡུག་བསྔལ་ཏེ་རང་ལྕེབས་ནས་ཤི།  བློན་ཆེན་པོ་བྲན་ཀ་དཔལ་ཡོན་གྱིས་ཁོ་རང་བསད་ན་རྒྱལ་པོ་ཡང་དགྲོངས་ཀྱིས་དོགས་ཏེ་བྱང་དུ་བྲོས་ནས་ས་འོག་ཏུ་ལྕགས་ཀྱི་སྲོག་པ་རྩ་བསྒྲུབས།

[14] ཆོས་འབྱུང་མཁས་དགའ་སྤར་མ་ལྡེབ་༡༣༧བ༡ལས། ལྷ་ས་བསམ་ཡས་གཉིས་ཀར་དང་པོར་བཤས་ཁང་བྱས།  ཕྱིས་ཝ་ཚང་དང་སྤྱང་ཚང་བཅས་གཞན་ལྷ་ཁང་མང་དུ་བཤིག།  གསུང་རབ་གང་རྙེད་མེར་བསྲེགས་ལ་ཆུར་བསྐྱུར།  ལ་ལ་སའི་འོག་ཏུ་སྦས།  པཎྜི་ཏ་བྲོས་མ་ཐར་བ་ལ་ལ་མོན་དུ་བཙོངས།  རྨ་རིན་ཆེན་མཆོག་དང་མྱང་ཏིང་འཛིན་བཟང་པོ་སོགས་སྐྱེས་བུ་དམ་པ་མང་དུ་བཀྲོངས།  རབ་ཏུ་བྱུང་བ་ཕལ་ཆེར་ས་མཐར་བྲོས་ཅིང་མ་ཐར་བ་རྣམས་ཁྱིམ་པར་ཕབ།  མ་ཉན་པ་བསད།  ལ་ལ་ཁྲིད་ནས་རྒྱལ་བློན་རྣམས་ཀྱི་རྟ་འབབས་འཛེག་གི་ཚེ་སྒུར་དུ་བཅུག་ནས་སྟེགས་བྱེད།  ལ་ལ་རྔ་གཤང་བསྐུར་ཏེ་རྔོན་པ་ལ་གཏོང་སྐད།  དེའི་ཚེ་ལྷ་སྲིན་ཐམས་ཅད་འཁྲུགས་ནས་རྒྱལ་ཁྲིམས་འཇིག་པའི་ལྟས་ངན་སྣ་ཚོགས་བྱུང་སྟེ།  ས་ཆེར་གཡོས།  ཕྱོགས་ཚིག་སྟེ་ནམ་མཁའ་ཁྲག་མདོག་ཏུ་གྱུར།  སྐར་མདའ་འཁྲུག།  བོད་རྒྱའི་མཚམས་སི་ཧ་ཅི་འུ་ལ་ཐང་དཀྱིལ་ན་བོད་ལ་དབང་བའི་རི་བརྩིགས་ཡོད་པ་འགྱེལ་བས་ཀླུ་ཆུ་ཞག་གསུམ་འགགས་ཏེ་བསྐྱིལ་ནས་གྱེན་དུ་ལོག།  ཆུ་ནང་ནས་འོད་དང་སྒྲ་ཆེན་པོ་དང་ཐོགས་འབབ་པ་བྱུང་།  དེའི་ཚེ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡེར་པ་བྲག་ལྷར་རྩེ་གཅིག་ཏུ་སྒོམ་པའི་ཚེ་འོད་དང་སྒྲ་དང་ས་གཡོས་མང་པོས་ཐེ་ཚོམ་དུ་གྱུར་ཏེ་ཕྱིར་གཟིགས་པས་བཙུན་པ་རྔ་གཤང་ཐོགས་ཏེ་ཁྱི་ཁྲིད་ནས་ལིངས་བྱེད་པ་མཐོང་བས་རྒྱལ་པོས་བསྟན་པ་བསྣུབས་པར་ཤེས་ཏེ་སྙིང་རྗེ་ཁྱད་པར་ཅན་སྐྱེས།  དཔལ་མགོན་པོ་དང་མ་གཅིག་དཔལ་ལྷ་དང་གྲིབ་ཀྱི་རྫོང་བཙན་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་ཕྱིར་རྒྱལ་པོ་སྡིག་ཅན་དགྲོལ་ཞིག་བདག་ཅག་གིས་གྲོགས་བྱའོ་ཞེས་ཡང་ཡང་དུ་བསྐུལ།  ཕོད་ཀ་དང་ཞྭ་ནང་དཀར་ཕྱི་ནག་པོ་གྱོན།  ཕུ་ཐུང་དུ་ལྕགས་མདའ་ལྕགས་གཞུ་བཅུག།  རྟ་དཀར་སོལ་བ་བྱུགས་པ་ལ་ཞོན་ནས་ཕྱིན།  དེའི་ཚེ་བློན་འབངས་ཆོས་ལ་དགའ་བ་ཐམས་ཅད་འདུས་ནས་ངུ་འབོད་དང་མྱ་ངན་བྱས།  རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འདི་ལྟ་བུ་མཛད་པར་མི་རིགས།  ཡབ་མེས་ཐམས་ཅད་ཀྱི་ཡིག་ཚངས་དང་དཀོར་མཛོད་ཀྱི་སྒྲོམ་བུ་རྡོ་རིང་གི་ཡི་གེ་ཐམས་ཅད་གཟིགས་ཤིིག་ཅེས་མགྲིན་གཅིག་ངུ་འབོད་ཆེན་པོ་བྱས།  རྒྱལ་པོ་ནུབ་ཕྱོགས་གླ་བའི་ཚལ་ན་མིག་མང་རྩེ་ཞིང་ཡོད་པ་འབངས་རྣམས་ཀྱི་ངུ་འབོད་ཐོས་པས་སེམས་མ་བདེ་སྟེ་རྡོ་རིང་གི་ཡི་གེ་ཀློག་གིན་ཡོད་པས་མཐོང་སྟེ་མགོན་པོ་ནག་པོ་བྱུང་ཟེར་སྐད།  དེར་རྟ་བབ་རྒྱལ་པོ་(དར་མ་803-841)རྡོ་རིང་གི་རུས་སྦལ་ལ་སྒུ་སྟེགས་སུ་འདུག་པ་ལ་ཕྱག་བྱེད་པ་ལྟར་བཅོས་ཏེ་ཕྱག་དང་པོ་ལ་ཕུ་ཐུང་གི་ནང་མཐེབ་ལྟོང་སྤྲད་གཉིས་པ་ལ་མདའ་བཀང་།  གསུམ་པ་ལ་འཕངས་པས་སྨིན་མཚམས་སུ་ཕོག་སྟེ་མདེའུ་ལྟག་པར་ཕྱུང་།  ཡང་ན་ལོ་གསུམ་གྱིས་སྔས་ཡང་ན་ལོ་གསུམ་གྱིས་འཕྱིས་ཞེས་པ་ཁ་ནས་ཤོར་ཏེ་ཕྱག་གཉིས་མདའ་ལ་འཇུས་ནས་གྲོངས།

[15] མཁས་པ་ལྡེའསུ་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་བྲིས་མ། ལྡེབ་༢༡༩ན༧ལས། ཆུ་བོ་རིའི་དགོན་གྲྭ་ན། གཡོ་དགེ་འབྱུང་། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་གསུམ་ཡོད་པས། ཧོར་གྱི་ཡུལ་(219བ)དུ་ཕྱིན་ཙ་ན། དེར་ཡང་ཆོས་ལུགས་ལ་འགོད་པར་མ་ནུས་ནས། ཧོར་གྱི་དགེ་བསྙེན་ཤཱཀྱ་པྲ་བ་དང་འགྲོགས་ནས། མདོ་སྨད་ཨན་ཆུང་རྣམ་རྫོང་གི་དགོན་པར་བཞུགས་པའི་ཚེ། བླ་ཆེན་པོས་ཞལ་ལྟར་ཕྱིན་ཏེ། མཇལ་བས་ཆོས་གཅིག་སློབ་པར་ཞུས་པས། འདུལ་བ་འོད་ལྡན་བསྟན་ནས་འདི་ལ་ལྟོས་དང་། དད་ན་གྲོས་བྱ་ཡི་གསུངས་པས། དེ་ཁྱེར་ནས་ལམ་ན་ཕར་ལྟ་བཞིན་ཕྱིན་པས། དད་ནས་མཆི་མ་ཡང་ཤོར། དེ་ནས་ཟླ་གཅིག་ལོན་ནས་རབ་ཏུ་བྱུང་། གཡོས་མཁན་པོ་བྱས། གཙང་གིས་སློབ་དཔོན་བྱས། དམར་གྱིས་གསང་ཏེ་སྟོན་པ་བྱས་ནས། རྒྱ་ནག་གི་ཧ་ཤང་སྐྱེ་བ། ཧ་ཤང་གིམ་འབག བླ་ཆེན་པོ་གསུམ་རབ་ཏུ་བྱུང་ནས། བླ་ཆེན་པོ་ལ་དགེ་བ་གསལ་དུ་བཏགས་སོ། །དེ་ནས་ལོ་འགའ་ལོན་པ་ན། བྲུམ་འབར་བ་བྱ་བས་གསུམ་པོ་ལ་རབ་ཏུ་འབྱུང་བར་ཞུས་པས། གཡོ་ན་རེ་ཁོ་བོ་རྒས་པས་མཁན་བུ་མི་འཁྱོངས་བས། དགེ་བ་གསལ་གྱིས་མཁན་པོ་གྱིས་ལ་གནས་གཞི་ཚུགས། བསྟན་པ་སྤེལ་ཞེས་གསུངས་པས། དགེ་བ་གསལ་ན་རེ་བདག་གིས་སྡོམ་པ་བླངས་ནས་ལོ་ལྔ་ལས་མ་ལོན་པར་དེ་ལྟར་རུང་ངམ་ཞུས་པས། མཁན་སློབ་ལ་དྲི་མ་ཤས་གཅིག་འབྱུང་སྟེ། སྡོམ་པ་སྐྱེ་བ་ལ་མི་གནོད་པས་གྱིས་ཤིག་གསུངས་ནས། དགེ་བ་གསལ་གྱིས་མཁན་པོ་བྱས། གཙང་གི་སློབ་དཔོན་བྱས་ཏེ། བྲུམ་རབ་ཏུ་བྱུང་སྟེ་ཡེ་ཤེས་རྒྱལ་མཚན་དུ་བཏགས། གཞན་ཡ་གོང་ཡེ་ཤེས་གཡུང་དྲུང་དང་། ཤོ་ཆུང་ལེགས་(220ན)རབ་དྲག་པ་དང་། སྣུབས་དཔལ་གྱི་བྱང་ཆུབ་དང་། རློན་འབར་བ་བྱང་ཆུབ་ལ་སོགས་པ་མང་པོ་ལ་བཀའ་དྲིན་གནང་ངོ་། མདོ་སྨད་ནས་བསྟན་པའི་མེ་རོ་བསླངས་པས་བླ་ཆེན་ཞེས་སོ། །བྲུམ་ཡེ་ཤེས་རྒྱལ་མཚན་གྱིས་ཀྱང་། ཡང་གོང་ཡེ་ཤེས་གཡུང་དྲུང་དང་བསྡེབས་ནས་ཀྱང་མཁན་སློབ་ཀྱི་གྲ་མཛད་པ་ན། སློབ་མ་རྣམས་ལ་དགེ་འདུན་གྱི་ཆེད་དུ་ཞིང་རྨོ་བ་བཀག་གོ །ཕྱུགས་སྲེལ་བ་ཡང་མ་གནང་། འོག་ཏུ་འདིང་བའི་དོམ་སྟན་ཡང་ཕྱུང་ངོ་། །བཙུན་པའི་ཕུལ་དུ་ཕྱིན་པས་མཚན་ཡང་ཨ་ཙརྱ་ཡེ་ཤེས་རྒྱལ་མཚན་དུ་གྲགས་སོ། །

[16] སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ཞེས་བྱ་བ་ནེའུ་པཎྜི་ཏས་མཛད་པ། བྲིས་མ། ལྡེབ་༡༧བ༥པ་ལས། དེས་ན་དབུས་གཙང་གི་མི་དྲུག་གིས། བླ་ཆེན་པོ་དགོངས་པ་གསལ་(892-?)ལ་སྡོམ་པ་བླང་ངོ་ཞེས་གཡོམ་རྒྱུགས་སུ་འཆད་པ་ནི་ཤིན་ཏུ་ནོར་བ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། དེའི་ཚེ་འཁམས་ན་བསྟན་པ་རྒྱས་པ་ཐོས་ནས། ཆོས་བྱེད་འདོད་པ་རྣམས་འཁམས་སུ་འགྲོ་བར་སེམས་པ་ལ། འཁམས་ནས་སྡོམ་པ་ལེན་དུ་བྱོན་པ་ནི། སྔ་མ་བདུན། ཕྱི་མ་ལྔ་སྟེ་བཅུ་གཉིས་ཡིན་ནོ། །དང་པོ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་ཡེ་ཤེས་ཡོན་ཏན། ཚོང་དགེ་ཤེས་རབ་སེང་གེ །ལོ་སྟོན་རྡོ་རྗེ་དབང་ཕྱུག །སུམ་པ་ཡེ་ཤེས་བློ་གྲོས། རྒྱ་བློ་གྲོས་ཤེས་རབ། གཞོན་བན་ཆོས་མཆོག་དང་བདུན་གྱིས། གྲུམ་ཨ་ཙརྱ་ཡེ་ཤེས་རྒྱལ་མཚན་ལ་མཁན་པོ་ཞུས། ལྕོག་རོ་ཤེས་རབ་བྱང་ཆུབ་ལ་སློབ་དཔོན་ཞུས་ནས་བཀའ་དྲིན་མནོས་ཏེ། སྔ་མ་ལྔ་དགེ་སློང་དུ་བྱས། ཕྱི་མ་གཉིས་དགེ་བསྙེན་དུ་བྱས་སོ། །དེའི་འོག་ཏུ་ཕྱིས་ཕྱིན་པ་ལྔ་ནི། མཐའ་བཞི་རྒྱལ་བ་འཕགས། རག་ཤི་ཚུལ་ཁྲིམས་འབྱུང་གནས། རྦ་བཙུན་བློ་གྲོས་དབང་ཕྱུག །སྐྱེ་ལེགས་ཉང་བན་ཆོས་སྐྱབས། གྲུམ་ཤིང་ཤེར་སྨོན་ལམ་མོ། །ཞེས་སོགས་བསྟན་པའི་མེ་རོ་སྨད་ནས་གསོས་པའི་སྐོར་དང་།

[17] ལྷག་པར་ལོ་ཆེན་རིན་བཟང་(958-1055)དང་། ལྷ་བླ་མ་ཁུ་དབོན་སོགས་སྟོད་འདུལ་དང་བཅས་པ་བསྟན་པ་རྨངས་ནས་གསོས་ཤིང་། དཀའ་ཚེགས་ཆེན་པོས་ཇོ་བོ་རྗེ་དང་པཱ་ལ་རྣམ་གསུམ་སོགས་པཎ་གྲུབ་གདན་དྲངས་པ་དང་། གཞན་ཡང་རྩ་མི་སངས་རྒྱས་གྲགས་དང་། བ་རི་རིན་ཆེན་གྲགས། རྭ་ལོ་རྡོ་རྗེ་གྲགས། གཉན་ལོ་དར་མ་གྲགས། སྤོང་ཞོ་གསལ་བ་གྲགས། ཁེའུ་གད་འཁོར་ལོ་གྲགས་སོགས་གྲགས་པའི་མིང་ཅན་མང་པོ་དང་། མར་པ་ཆོས་བློ་དང་། མར་པ་དོ་པ། རྔོག་ལོ་བློ་ལྡན་ཤེས་རབ། རྨ་ལོ་གཉིས། ལོ་ཆུང་ལེགས་ཤེ། རྒ་ལོ་གཞོན་དཔལ། སྟེང་པ་ལོ་ཙཱ་བ་སྐུ་མཆེད་སོགས་བུ་སྟོན་ཆོས་འབྱུང་ལྟར་ན། ཐོན་མི་སམྦོ་ཊ་ནས་ལེགས་པའི་བློ་གྲོས་བར་ལ་ལོ་ཙཱ་༡༩༢བྱུང་བས། བསྟན་རྩིས་གསལ་པའི་སྒྲོན་མེ་ལས། བུ་སྟོན་ཆོས་འབྱུང་གི་དེའི་སྟེང་ལ་བཅུ་དྲུག་བསྣན་པས་ཉིས་བརྒྱད་དང་བརྒྱད་བྱུང་། ལྷག་པར་དཔྱལ་གྱི་རུས་ཁོ་ན་ནས་དཔྱལ་ལོ་སེ་རྩ་དམར་རུ་ནས་དཔྱལ་ལོ་དོན་ཡོད་དཔལ་བར་ལ་ལོ་ཙཱ་བ་དགུ་བྱུང་བར་མངོན། དེ་ལྟ་བུའི་བོད་ཕྲུག་མང་པོས་དཀའ་སྤྱད་སྲོག་དང་བསྡོས་ནས་རིག་གནས་དོན་གཉེར་བྱས།

[18] ལོ་ཙཱ་བ་སོགས་སློབ་སྦྱོང་དོན་གཉེར་བ་རྒྱ་བལ་དུ་འགྲོ་མཁན་རྣམས་ཀྱི་མཐུན་རྐྱེན་གཙོ་བོ་གསེར་ཡིན་ཞིང་། དེ་མིན་གཡག་རྔ་དང་། གླ་རྩི་སོགས་རགས་རྩིས་བྱས་ན་<<བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ>>P61ལས། ལོ་ཙཱ་བ་མི་རེས་ཆ་སྙོམས་གསེར་སྲང་༨༠ནས་༡༠༠ལྷག་ཙམ་བར་ཁྱེར་དགོས་པ་དང་། བོད་སིལ་བུའི་དུས་སྐབས་སུ་བོད་ནས་ཕྱི་རྒྱལ་དུ་སངས་རྒྱས་ཆོས་ལུགས་སློབ་སྦྱོང་བྱེད་པར་ཕེབས་མཁན་གྱི་ལོ་ཙཱ་བ་སྔ་རྗེས་བསྡོམས་པའི་མི་གྲངས་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཟིན་པ་དེས་སངས་རྒྱས་ཆོས་ལུགས་སྔ་དར་དུས་ལས་ལྡབ་གཉིས་ཀྱིས་མང་བ་ཡོད། དེ་བཞིན་དུ་ཧིན་རྡུ་དང་། པ་ཅི་སི་ཐན། ཨ་ཧྥུ་ཧན། ཀསྨིར་བཅས་ནས་བོད་དུ་ཕེབས་པའི་པཎྜི་ཏ་ཡང་བོད་སིལ་བུའི་དུས་དཀྱིལ་དང་དུས་མཇུག་དེར་སྔ་རྗེས་བསྡོམས་པའི་མི་གྲངས་བདུན་ཅུ་དོན་གསུམ་བྱུང་ཡོད་པ་དེ་ཡང་སྔ་དར་དུས་ལས་ལྡབ་གཉིས་ཀྱིས་མང་བ་རེད། ཅེས་དང་། ལོ་ཙཱ་བ་བརྒྱ་དང་ལྔ་བཅུ་ང་གསུམ་གྱིས་ཕྱི་རྒྱལ་དུ་སློབ་སྦྱོང་གནང་བའི་ལོ་གྲངས་ཆ་སྙོམས་ཀྱིས་ལོ་དགུ་དང་ལོ་རེའི་འགྲོ་སོང་གསེར་སྲང་བརྒྱད་ཅུ་བཏང་བར་ཆ་བཞག་ན། ལོ་དགུའི་རིང་གསེར་སྲང་ཆིག་འབུམ་ཆིག་ཁྲི་དགུ་སྟོང་བརྒྱ་དང་དྲུག་ཅུ་ཐམ་པ་ཕྱི་རྒྱལ་དུ་འཁྱར་བ་རེད། ཅེས་འཁོད། དེ་ལྟ་བུའི་འགྲོ་གྲོན་ཆེན་པོ་དེ་བོད་མི་རིགས་ཀྱི་རིག་གནས་ཀྱི་ཆེད་དུ་གངས་ཅན་པ་ཐུན་མོང་ངམ་ཐོན་ཁུངས་གང་ཡོད་ནས་བཏང་ཡོད་པས་མི་རིགས་འདིས་རིག་གནས་ཀྱི་ཆེད་དུ་རྩ་འགངས་ཆེ་བའི་དངོས་པོ་གཏོང་རྒྱུར་སེར་སྣ་མེད་པའི་སྙིང་སྟོབས་མཚོན་ཡོད།

[19] བཙན་པོའི་སྐབས་སུ་ཡི་གེ་འཚོལ་མི་བཅུ་དྲུག་གི་ནང་ནས་མང་ཆེ་བ་དང་།  རྩང་ལེགས་གྲུབ་གོད་པ་དང་། སིལ་བུའི་སྐབས་ནས་ལོ་ཆེན་རིན་རིན་བཟང་གི་མཆེད་གྲོགས་ཉེར་གཅིག་ཡོད་པའི་མང་ཆེ་བ། ས་ཆེན་ཀུན་སྙིང་གི་སྲས་ཀུན་དགའ་འབར། སྟེང་པ་ལོ་ཙཱ་བའི་གཅུང་ཆོས་འབར། ཀུ་མ་ར་ཀཱིརྟི་བྱ་བ་ཁམས་པ་ལོ་ཙཱ་བ། བླ་མ་དཔྱལ་ལོའི་གཅུང་པོ་དགེ་བཤེས་ལྔ་རྩེ་འཁོར་སུམ་ཅུ་རྩ་ལྔ་བཅས་པ་གྲོངས། མ་ཟད། ཁྲོ་ལོའི་རྣམ་ཐར་བྲིས་མ་ལྡེབ་༢༧ན༣པ་ལས། སྔོན་བོད་(པ་)སོང་བ་རྣམས་ཀྱི་རྣ་ཐོས་ལ་གསེར་མིད་ན་མི་རྙེད་བྱ་བ་དང་། གཤང་ལམ་དུ་བཅུག་ན་ཕན་བྱ་བ་ལ་ལག་ལེན་ལ་བཏབ་པ་བྱུང་ནས། ལུས་ཐམས་ཅད་དུམ་བུར་བཏུབ། གསེར་ཡོད་དམ་ཟེར་ཞིང་རྒྱུ་མ་བརྡས་སྐད། ཅེས་ཀྱང་འཁོད། གཞན་ཡང་ལོ་ཙཱ་རྣམས་དོ་ཤི་དོ་ཆད་ཀྱི་དཀའ་ཚེགས་མང་པོ་མྱངས་པའི་གཏམ་རྒྱུད་མང་དུ་ཡོད་དོ། །དཔེར་ན། རྔོག་ལོ་ཆེན་པོ་ཚད་པས་བཏབ་ནས་ཆོས་གསན་པ་ལ་གེགས་བྱུང་བས། སྐུ་ལུས་སྨད་ས་དོང་དུ་ཞུགས་ནས་ཆོས་གསན་པ་དང་། གྲུབ་ཆེན་ཨུ་རྒྱན་པ་ཨུ་རྒྱན་ཡུལ་དུ་བྱོན་རིང་ལ་རྡུང་གཏག་ཁོ་ན་བདུན་ཅུ་དོན་གཉིས་མྱངས་པ་སོགས། དཀའ་ཁག་མང་པོ་མྱངས།

[20] འབྲོག་མི་ལོ་ཙཱ་(993-1074)བས་ག་ཡ་དྷ་ར་ལ་གསེར་སྲང་ལྔ་བརྒྱ་ཕུལ་བ་དང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཤངས་པའི་གསེར་ཆོས་རྣམས་ལ་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་པ་དང་།  པཎ་ཆེན་ཟླ་བ་མགོན་པོ་ལ་ཡང་འབུལ་བ་ཆེན་པོ་ཐེངས་མང་ཕུལ་བ་དང་། ཇོ་བོ་རྗེའི་གདན་ས་བི་ཀྲ་མ་ཤི་ལར་ཡང་གསེར་སོགས་མང་པོ་ཕུལ་བའི་སྐོར་ཡོད།

[21]  རིག་གནས་པ་རང་ཉིད་སྤྱི་ཚོགས་ལ་བརྟེན་ནས་གནས་བཞིན་དུ་སྤྱི་ཚོགས་ལ་མཐོང་ཆུང་བྱེད་པ་ཞིང་འབྲོག་ལས་ཐོན་སྐྱེད་བྱེད་ཐབས་དང་སྤྱི་ཚོགས་ཀྱི་རིག་གནས་ལག་ཤེས་སོགས་ལ་མཐོང་ཆུང་ཁྱད་སོད་བྱེད་པ་དང་། སྤྱི་ཚོགས་ལས་རྩོལ་པའི་འབྲས་བུ་ལོངས་སུ་སྤྱོད་བཞིན་དུ་དེ་དག་གང་ནས་ཡོང་དང་གང་འདྲ་སེ་བྱུང་ཙམ་ཡང་བསམ་བློ་མི་གཏོང་བར། གསེར་དངུལ་དར་གོས་དངོས་རིགས་སྣང་ཆེན་ཁྱེར་མཁན་ཁོ་ན་སྦྱིན་བདག་ཡིན་པའི་ངོས་འཛིན་བྱེད་པ་དང་། རིག་གནས་པའམ་གྲྭ་བཙུན་སེར་མོ་བ་གང་མང་གསོ་སྐྱོང་བྱེད་པ་ལས། དེ་དག་ལ་བཟའ་བཏུང་སོགས་འཚོ་བའི་ཉེར་མཁོ་སྒྲུབ་མཁན་རྣམས་ལ་མཐོང་ཆེན་མི་བྱེད་པ། སྤྱི་ཚོགས་ཀྱི་ཐོན་ཁུངས་ཉམས་ཞན་དུ་འགྲོ་བ་དང་། ཞིང་འབྲོག་ཐོན་སྐྱེད་ལ་གནོད་འཚེ་འཕོག་དུས་དུས་ཐོག་ཏུ་བསྐྱར་གསོ་བྱ་རྒྱུར་མཐོང་ཆེན་མི་བྱེད་པ། ལྷག་པར་སྤྱི་ཚོགས་ཐོན་སྐྱེད་བྱེད་མཁན་དང་དེའི་འབྲས་བུ་ཟ་མཁན་ལ་ཧེ་བག་ཡོད་མེད་ཞིབ་དཔྱད་མ་བྱས་པར་ལས་རྩོལ་པར་མཐོང་ཆེན་མ་ཐུབ་པས་ལས་རྩོལ་པ་ཇེ་ཉུང་དུ་སོང་ནས། སྤྱི་ཚོགས་ཐོག་ཟ་ཉལ་མཁན་ཇེ་མང་དང་། ཁྲལ་དམག་ཁུངས་མ་འཁྱོལ་ནས་ཡུལ་བུད་ཁུངས་སྟོངས་ཇེ་མང་དུ་སོང་ནས་སྤྱི་ཚོགས་ཉམས་ཞན་དུ་སོང་བ།

[22]  བཙན་པོ་རྣམས་ཀྱི་སྐུ་དུས་སུ་བན་བོན་འཁྲུགས་པ་བྱུང་བ་དང་། དུས་རབས་བཅུ་གཉིས་པར་མདོ་སྔགས་འགལ་བའི་རྩོད་གླེང་བྱུང་བ། དུས་རབས་བཅུ་གསུམ་པར་ས་འབྲི་འཁྲུག་པ་བྱུང་བ། དེ་རྗེས་རྩོད་གླེང་བར་མ་ཆད་པའི་ངང་ནས། དུས་རབས་བཅུ་དྲུག་པ་དང་བཅུ་བདུན་པར་བཀའ་དགེའི་འཁྲུག་པ་བྱུང་བ་མ་ཟད། རིག་གནས་པ་འགའ་ཞིག་གིས་རང་གི་དགའ་ཕྱོགས་ཀྱི་དོན་དུ་མི་རིགས་གཞན་ལ་མགོ་བཏགས་ནས་ཕྱི་ནས་དམག་སྣ་ཁྲིད་པ་སོགས་རང་གི་དགའ་ཕྱོགས་ཙམ་གྱི་དོན་དུ་ཡོད་ཚད་བཙོང་ནས་སྤྱི་ཚོགས་དང་རིག་གནས་གང་ལ་ཡང་ལྟ་ཉན་པ་མེད་པ་བཟོས་པ་སོགས་ཕུགས་འདུན་དང་འཇུག་འབྲས་ལ་བསམ་བློ་གཏོང་མི་ཤེས་མཁན་གྱི་མི་རིགས་ཤིག་ཆགས་པར་མངོན།

[23] ངེད་ཀྱིས་འཛིན་པ་འདི་ཁོ་ན་བསྟན་པ་ཡང་དག་གམ། ཤཱཀྱ་ཐུབ་པའི་བསྟན་པ་ཡིན་པ་ལས་གཞན་རྣམས་ལྷད་ཅན་ནམ་སྐྱོན་ཅན་ཡིན་པས། ལམ་ཡང་དག་མ་ཡིན་པར་སྨྲ་བ་དང་། ངེད་ཀྱི་འདི་ཁོ་ན་ཐལ་འགྱུར་བའི་ལྟ་བ་ཡིན་པ་དང་། མགོན་པོ་ཀླུ་སྒྲུབ་ལ་སོགས་པས་གཏན་ལ་ཕབ་པ་ཇི་མ་ཇི་བཞིན་ཡིན་རབས་ཤོད་པ། གཞན་རྣམས་མུ་སྟེགས་པ་སོགས་རྣམ་དག་མ་ཡིན་པ་འདྲེས་པ་ཡིན་ཚུལ་ཤོད་པ་མ་ཟད། ཉེ་འཁོར་དུ་ལས་རིགས་གཅིག་མཐུན་ཞིག་སླེབས་སོང་ན་དེ་ནི་རང་གི་སྐལ་བ་འཕྲོག་མཁན་ཁོ་ནར་ངོས་འཛིན་བྱེད་པ་བཅས་ནི་གྲོང་གསེབ་པ་མཐོང་རྒྱ་ཆུང་བའི་རྟགས་ཁོ་ནར་ངེས་ཀྱང་གཞན་ལ་སྐྱོན་འཛུགས་ཁོ་ན་བྱེད་པ་ནི་ངེད་གངས་ཅན་པ་རྣམས་ཀྱི་ལུགས་སོ། །

[24] རིག་གནས་པའམ་གྲྭ་པ་མང་པོར་རྩེ་དྲུང་དུ་(དུས་རབས་18པའི་ནང་)མིང་བཏགས་ནས་སྤྱི་ཚོགས་ཀྱི་ཤེས་ཡོན་དང་ཉམས་མྱོང་གང་ཡང་མེད་བཞིན་དུ་སྤྱི་ཚོགས་ཀྱི་འགོ་འཁྲིད་ལས་གནས་སུ་བསྐོས་པས་སྤྱི་ཚོགས་ལ་དོ་ཕོག་བྱུང་། ལྷག་པར་དུ་གྲྭ་པ་ཕལ་ཆེ་བ་ལ་རིག་གནས་ཀྱི་ལྟ་བ་རྐྱང་པ་རེ་ཡོད་ཅིང་རྣ་ཅོག་སྲབ་པས་སྤྱི་ཚོགས་ལ་ལས་ཀ་ཚུགས་ཐུབ་བྱེད་པར་ཧ་ཅང་མི་འཚམས།

[25] མཚན་ཉིད་ཀྱི་གཞུང་སོ་སོའི་སྲོལ་གཏོད་སློབ་དཔོན་རྣམས་ཀྱི་རྩ་བའི་བསྟན་བྱའམ་དགོངས་པ་གཙོ་བོར་མི་བྱེད་པར། སྐབས་ཐོག་ཏུ་ལན་བརྒྱག་རྒྱུ་ཞིག་གཙོ་བོར་བྱེད་པ་དང་། སྒོམ་ཆེན་ཉམས་ལེན་པ་རྣམས་ཀྱང་སྒྲུབ་པ་ཉམས་ལེན་ལ་འབད་འབུངས་མ་བྱས་པར་ལས་ཀ་ཞིག་འགོ་བཙུགས་མ་ཐག་གྲུབ་པ་དགོས་པའི་འདོད་ཐག་ཉེ་དྲགས་པས། སྒྲུབ་པ་ཉམས་ལེན་འགོ་ཚུགས་པ་དང་གྲུབ་རྟགས་སམ་རྟགས་མཚན་མ་ཁྱད་པར་བ་ཞིག་འདོད་པ་དང་། དེ་ཡང་མི་ཚང་མར་མངོན་ཞིང་ཀུན་གྱིས་བཀུར་བ་ཞིག་འདོད་པ་མང་ཆེ་བ་མངོན།

[26] སྔོན་ནས་དར་བའི་གྲུབ་མཐའ་ཞི་བྱེད་དང་། ཤངས་པ་བཀའ་རྒྱུད། གཅོད་ཡུལ་བ། བུ་ལུགས་པ་རྣམས་གདམས་ངག་ཅུང་ཟད་འདྲེས་ནས་ཡོད་པ་ལས། མིང་མེད་དུ་སོང་བ་དང་། ཇོ་ནང་དང་། བོ་དོང་པ་ཡང་ཉམས་ཆག་ཆེན་པོ་བྱུང་བ་དང་། དིང་སྐབས་མི་མང་ཆེ་བས་ས་དགེ་བཀའ་རྙིང་བཞི་བོན་དང་ལྔ་ཞེས་སོགས་གཞན་རྣམས་བྱུང་བའི་སྒྲོས་ཙམ་མི་གཏོང་བ་ནི། རིག་གནས་པ་རྣམས་རང་སྣང་ཅན་ཡིན་པ་མཚོན། གཞན་ཡང་སྤྱི་ཚོགས་རིག་གནས་མང་པོར་མཐོང་ཆུང་གིས་འཛིན་སྐྱོང་མ་ཐུབ་པར་ནུབ་པར་ངེས། རིག་གནས་ཀྱི་རྣམ་གྲངས་འདི་དག་ནུབ་པ་ཡང་དབང་སྲིད་འཛིན་མཁན་རྣམས་ཀྱིས་སྤྱི་སྙོམས་ཀྱི་ལྟ་རྟོག་མ་ཐུབ་པ་དང་འབྲེལ་པ་ཆེན་པོ་ཡོད་ལ་འགན་ཡང་ཡོད་པ་ལགས་སོ། །

– – – – –

Loading

2 མཆན།

  1. གནད་ལ་འཁེལ་བའི་དཔྱད་བརྗོད་ཀྱི་འབེལ་གཏམ་ཤ་སྟག་རེད། ལེགས་སོ།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།