དབུས་བཟའ་མཁའ་འགྲོའི་ལོ་ཚིགས་སྐོར་གྱི་དག་སེལ།

0
746

ནང་དོན་གནད་བསྡུས། དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོའི་རྣམ་ཐར་ལ་མཚོན་ན།  ཤིན་ཏུ་དུས་ཚོད་ཀྱིས་རྒྱང་ཁད་ཆོད་པ་མིན་མོད། ཞིབ་ཀྱིས་དཔྱད་ན་རྣམ་ཐར་ཁ་སྐོང་སོགས་ལས་བྱུང་བའི་ལོ་ཚིགས་ལའང་ནང་འགལ་དང་། གཏན་ནས་ཁས་ལེན་ཐབས་མེད་པའི་ལོ་ཚིགས་སོགས་ཀྱང་བཙན་གྱིས་བར་དང་བར་དུ་བཅུག་ཡོད་པ་མཐོང་བས། རྩོམ་འདིའི་ནང་དུ་འཁྲུངས་འདས་གཉིས་དང་མདོ་སྨད་མགོ་ལོག་གི་གསེར་རྟའི་ས་ཆར་ཕེབས་དུས་ཀྱི་ལོ་ཚིགས་གསུམ་དམིགས་སུ་བཏོན་ཏེ། རྩིས་ཀྱི་འབྱུང་ཁམས་དང་ཕྱི་ལོའི་ལོ་ཚིགས་གཉིས་རེ་རེ་ནས་ལྟོ་སྦྱར་ཞིང་ཁ་སྤྲད་དེ། ནོར་བ་ལ་དག་སེལ་དང་གཤའ་མ་ལ་ལུང་དང་རིག་པས་ཁུངས་སྐྱེལ་བྱས་ནས།  མཁའ་འགྲོ་མ་བདེ་བའི་རྡོ་རྗེའི་སྐུ་ཚེའི་ནང་གི་སྣོག་མི་བྲ་བའི་གལ་གནད་ཅན་གྱི་ལོ་ཚིགས་དེ་དག་གཏན་ལ་འབེབས་པའི་ཐད་དུ་གླེང་སློང་བྱས་ཤིང་དཔྱད་པ་བཏང་ཡོད།

གནད་ཚིག ལོ་ཚིགས།    དག་སེལ།   དགུང་སྙིང་།   ལུང་བསྟན།

གླེང་གཞི།

དབུས་བཟའ་མཁའ་འགྲོ་མའི་འཁྲུངས་འདས་ལོ་ཚིགས་ཀྱི་སྐོར་ལ་མི་མཐུན་པའི་ལུགས་གཉིས་ཙམ་འདུག    གཅིག་ནི་དབུས་བཟའི་རང་རྣམ་དང་རྣམ་ཐར་ཁ་སྐོང་སོགས་ཀྱི་ལུགས་དེ་དང་། དེ་ལས་གཞན་དབུས་བཟའི་གསུང་འབུམ་དག་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་སྐབས་མགོ་ལོག་ཁུལ་གནའ་རྩོམ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་སྦྱར་བའི་ལོ་ཚིགས་དེ་རེད།  དེ་ནི་མཁའ་འགྲོ་མའི་འཁྲུངས་འདས་ཀྱི་ལོ་ཚིགས་དང་རྦད་དེ་མི་མཐུན་པས་འདིར་ཁོ་བོས་གླེང་བར་བྱ་བ་ནི་དབུས་བཟའ་མཁའ་འགྲོ་མ་ཀུན་བཟང་བདེ་སྐྱོང་དབང་མོ་གང་ཉིད་ཀྱི་འཁྲུངས་འདས་ཀྱི་ལོ་ཚིགས་སྐོར་ལ་འགལ་མེད་ཅིག་གཏན་འབེབ་ཡོང་བའི་ཐབས་སུ་འབད་བརྩོན་བྱེད་སྙིང་འདོད་པར་གྱུར་པ་དང་། དེ་ལས་རྒྱུ་མཚན་གཞན་གཅིག་ཏུ་ན། དབུས་བཟའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་བརྡ་ཚང་དགོན་དང་གཏེར་ཆེན་ཡབ་སྲས་རྣམས་ཀྱི་གདུང་རྒྱུད་ཀྱི་ཞལ་སྐྱིན་མ་ཆད་པར་ཁྲི་རབས་སུ་བགྱིད་པའི་ལྷ་འབངས་སུ་སྐྱེས་པས་ན་དགོན་སྡེ་སྤྱི་དང་། གཏེར་ཆེན་བདུད་འཇོམས་ཡབ་སྲས་ཀྱི་མཛད་རྣམ་དག་བཀླགས་སྐབས་མཁའ་འགྲོ་མ་བདེ་བའི་རྡོ་རྗེའི་མཛད་པ་ལ་དམིགས་བསལ་གྱི་དོ་སྣང་ཅུང་ཟད་མ་འདྲ་བ་ཞིག་བྱུང་བའི་ཤུགས་རྐྱེན་ལ་བརྟེན་ནས་དཔྱད་བྱར་བདམས་ནས་དཔྱད་པ་བཏང་བ་ཡིན།

དང་པོ།    འཁྲུངས་ལོའི་ལོ་ཚིགས།

དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོའི་སྐུ་པར།

དབུས་བཟའི་གསུང་འབུམ་ཕྱོགས་བསྒྲིགས་སུ་རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས་ལ་མགོ་ལོག་ཁུལ་གནའ་རྩོམ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་འཁྲུངས་ལོ་བཀོད་པ་ནི“སྤྱི་ལོ་དུས་རབས་བཅུ་དགུ་བའི་སྨད་ཙམ(1880_1929)ལ་དབུས་འགྱུར་ལྷ་ལྡན་གྱི་གྲོང་ཁྱེར་ཆེན་པོའི་རྒྱ་སྡེ་ར་ག་ཤར་བའི་ཡུལ་གྲོང་གི་མི་དཔོན་ཆེན་པོ་བཙན་ཕྱུག་གཉིས་ལྡན་གྱི་མི་དབང་བྱམས་པ་མགོན་པོ་ཞེས་པའི་ལྷ་ལྕམ་གནུབས་བཟའ་ཚེ་རིང་ཆོས་འཛོམས་ལ་སྐུ་འཁྲུངས”[1]ཞེས་བཀོད་ཡོད་པ་དང་། དེ་ལས་གཞན་རང་རྣམ་གྱི་དཀྱིལ་དུ་སྐུ་འཁྲུངས་དུས་ཀྱི་ལོ་ཚིགས་ལ་འབྱུང་ཁམས་བཀོད་པ་རུའང་མ་ཡིག་ལྟར་ན་ཆུ་འབྲུག་ཅེས་བྲིས་ཡོད་པ་ལ་ཟླ་རྟགས་ཀྱི་ནང་དུ་འབྱུང་ཁམས་ལྕགས་ཡིན་པ་དང་ལོ་རུས་འབྲུག་ཡིན་པར་བཅོས་འདུག  ལྕགས་འབྲུག་འདི་ནི་གོང་གི་རྩོམ་པ་པོའི་ངོ་སྤྲོད་དུ་བཀོད་ཡོད་པའི་ཕྱི་ལོ(1880)ལ་ཁེལ་ཡོད་པ་ཡིན།

དེ་བཞིན་འཁྲུངས་གཞིས་ཀྱང་ངོས་འཛིན་གནད་དུ་ཐིངས་ཤིང་ར་སྤྲོད་ཡོང་ཤག་ཤག་ཅིག་ནི་སུས་ཀྱང་རྙེད་མེད།   རྒྱ་སྡེ་ར་ག་ཤར་རམ་ཤག་ཅེས་ཅི་བདེར་བྲིས་ཡོད་པ་དེར་སྐུ་འཁྲུངས་ཞེས་གསལ་མོད། དོན་དམ་པར་འདི་འདྲའི་མི་དཔོན་དང་སྐུ་དྲག་གི་གཞིས་ཀ་སྟོབས་ལྡན་ཞིག་དུས་རབས་བཅུ་དགུ་པའི་དུས་སྨད་དུ་ལྷ་སའི་ཉེ་འཁོར་ལ་ཡོད་མེད་ཀྱང་ཤིན་ཏུ་གསལ་ཁ་མ་ཆོད་པ་ཞིག་ཏུ་སོང་ཡོད། འདིའི་སྐོར་ལ《The University of Chicago》ཨ་རིའི་གྲོང་ཁྱེར་ཆི་ཁ་གྷོ་གཙུག་ལག་མཐོ་རིམ་སློབ་གྲྭའི་སློབ་དཔོན(Sarah Jacoby)སཱ་ར་ཡཱ་ཁོབ་ཀྱི《བརྩེ་དུང་དང་ཐར་བ་》ཞེས་པ་དང་ 《 སེ་ར་མཁའ་འགྲོའི་རང་རྣམ་ལས་མཐོང་བའི་ཁོ་མོའི་མི་ཚེ་གླེང་བ》ཞེས་པའི་དཔྱད་རྩོམ་དག་དང་དབུས་བཟའི་རྣམ་ཐར་དབྱིན་བསྒྱུར་མའི་ངོ་སྤྲོད་དང་ཆས་པ་བཀྲ་ཤིས་རྒྱ་མཚོས་བརྩམས་པའི《དབུས་བཟའ་མཁའ་འགྲོ་མའི་རང་རྣམ་སྐལ་ལྡན་དད་པའི་མཆོད་སྡོང་ལ་དཔྱད་པ》སོགས་སུའང་འཁྲུངས་གཞིས་ཀྱི་ཐད་ལ་ངོས་འཛིན་དང་རྩད་ཞིབ་ཆེར་བྱས་མེད་ལ། ཅུང་དོ་སྣང་བྱས་པ་དག་གིས་ཀྱང་མདོ་མཁར་བའི་ཤག་དང་འབྲེལ་བ་ཡོད་པ་ལྟར་དུ་བཀྲལ་ཡོད་པའི་སྐོར་བོད་རིག་པ་ཞིབ་འཇུག་གི་དེབ་ཕྲེང་བཅོ་ལྔ་པ་ལས་《དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོའི་མི་ཚེའི་ལོ་རྒྱུས་ལ་དཔྱད་པ》ཞེས་པར་བཀོད་པ་བསྡུས་ཙམ་འདིར་དྲངས་ན“ཕོ་བྲང་རྒྱ་ར་ག་ཤར་དང་ལྷ་སའི་སྐུ་དྲག་མདོ་མཁར་ཚང་གི་ཕོ་བྲང་རག་ག་ཤག་མིང་ཉེ་བར་མ་ཟད། གཉིས་ཀ་ཇོ་ཁང་གི་ནུབ་ཕྱོགས་སུ་ཡོད་པ། སྟག་ལུང་དགོན་པའི་འབྲེལ་བ་བཅས་ཀྱིས་གཅིག་ཡིན་མིན་བཤད་ཡོད་མོད། དེ་ལས་གཞན་པའི་བདེན་དཔང་མི་རྙེད་ཅེས་བྲིས་ཡོད།”[2]ཅེས་དང་ཡང་དེ་ལས། “དུས་རབས་ཉི་ཤུའི་དུས་སྟོད་ཀྱི་ལྷ་སའི་ས་ཁྲར།  མདོ་མཁར་ཚང་གི་ཕོ་བྲང་ལ་རག་ག་ཤག་ཅེས་འབོད་པ་དང་།  དེ་དང་རྒྱ་ར་ག་ཤར་གཉིས་གཅིག་ཡིན་པར་བཤད་ཡོད ”[3]ཅེས་གསལ་ན་ཡང་།    གཞན་རྒྱུ་མཚན་ཡིན་ཤག་ཤག་ཅིག་དང་གནས་ལུགས་ཁུངས་ལྡན་ཞིག་སུས་ཀྱང་གླེང་ཐུབ་མེད།

གཞན་ཡང་རྒྱ་ར་ཁ་ཞེས་པའི་མིང་འདི་གླེང་སྐབས་འདི་དང་འབྲེལ་བ་ཡོད་ཡོད་འདྲ་བའི་མ་གླེང་ཐབས་མེད་ཀྱི་རྒྱ་ར་ཁ་ལུང་པ་ཞེས་པ་ཞིག་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་བྲག་གཡབ་ཁུལ་གྱི་ཁུངས་སུ་ཡོད་པའི་ལུང་པ་ཞིག་ཡིན་པ་དང་། ལུང་པ་དེ་ནི་བྲག་གཡབ་ཁུལ་བུ་ཆུ་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་ཤར་ལྷོའི་ངོས་ཀྱི་སྤྱི་ལེ༦༤ལྷག་ཙམ་གྱི་སར་ཡོད་ཅིང་རྒྱ་ཡིག་ཏུའང་སྒྲ་ཐད་བསྒྱུར་བྱས་ཏེ “甲热卡 ”དང “甲日卡 ”  ཞེས་འབྲི་སྟངས་ཅུང་མ་འདྲ་བར་སྣང་ཡང་།   ཁོ་བོའི་སེམས་པར་དབུས་བཟའི་ཡབ་གཞིས་ཀྱི་ཡུལ་འདི་ནས་ཡིན་པ་ལ་ཕྱིས་སུ་ལྷ་སར་རྒྱུ་རྐྱེན་གང་རུང་ཞིག་གི་ཆེད་དུ་གནས་སྤོས་པ་ཞིག་མིན་ནམ་དྲན།  ཡབ་གཞིས་ཀྱི་མིང་དེ་ཡུལ་མིང་དང་། ས་མིང་། གྲོང་པའི་མིང་།   རུས་རྒྱུད་ཀྱི་མིང་སོགས་ཁྱིམ་གཞིས་སྒེར་བའི་མིང་དུ་ཆགས་པའི་སྐོར་ནི་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་དུ་ཧ་ཅང་མང་པོ་ཡོད་དེ།   དཔེར་ན་སྟག་འཚེར་ཡབ་གཞིས་ལྟ་བུས་མཚོན་ཏེ་ཤེས་པར་བྱ་བའི་རིགས་སོ།།  མཁའ་འགྲོ་ཉིད་ཀྱི་རང་རྣམ་དུ་གསལ་བ་ལྟར་ན་སོག་པོ་དབང་གི་གདུང་རྒྱུད་དུ་འཁྲུངས་པ་ལ་རྒྱ་སྡེ་དང་བོད་ཤོག་པ་གཉིས་ཀྱི་དུད་ཁྱིམ་མང་པོར་བཀའ་འབེབ་དང་ལས་བསྐོས་བྱེད་ཆོག་པའི་དཔོན་རྒྱུད་ཅིག་ཡིན་པར་ཆེར་བཤད་ཡོད་མོད།   དུས་རབས་བཅུ་དགུ་པའི་སྨད་དང་ཉི་ཤུའི་སྟོད་དུ་དེ་འདྲའི་བཀའ་བསྒོ་དབང་བཙན་དུ་གནས་པའི་མི་དྲག་དང་ཁྱིམ་ཆེན་ཞིག་ཡོད་པ་ནི་ཤིན་ཏུ་བདེན་པའི་ཆ་ཆེར་མ་རྙེད་པ་ཞིག་ཏུ་སོང་ཡོད་པ་འདྲ།     བརྒྱ་ལ་དེ་འདྲ་ཞིག་ཡོད་ནའང་ཡིག་ངག་གཉིས་ཀར་ཡོད་མེད་ཀྱི་རྗེས་ཤུལ་ཕྲ་མོ་ཙམ་བཙལ་ཡང་མི་རྙེད་པའི་ཚོད་ཙམ་དུ་སོང་ཡོད་པ་ནི་ཅུང་ཟད་ཡང་འཐད་ལྡན་དུ་འཛིན་མི་ཐུབ་པ་ཞིག་ཏུ་སོང་མེད་དམ་སྙམ།  འཁྲུངས་དུས་ཀྱི་ལོ་ལ་ཚད་མར་འཛིན་དགོས་པ་ནི་རང་རྣམ་དུ་དྲངས་པའི་ལུང་བྱང་སྐོར་ལས་གསལ་བ་དང་ལྷག་ཏུ་རྒིས་ལེ་གཏེར་ཆེན་ནམ་ཁྲག་འཐུང་བདུད་འཇོམས་གླིང་པའི་རིགས་སྲས་ལྔ་པ་སྤྲུལ་སྐུ་དྲི་མེད་འོད་ཟེར་དང་མཇལ་བའི་ལོ་དང་མདོ་སྨད་མགོ་ལོག་གསེར་རྟའི་རྟ་ཤུལ་གོང་མའི་སྡེ་བར་ཕེབས་པའི་ལོ་དང་དགོངས་པ་དབྱིངས་སུ་བསྡུས་པའི་ལོ་ཚིགས་གསུམ་ལ་འབྱུང་ཁམས་དང་དགུང་གྲངས་ཀྱི་ལོ་གཉིས་ཀའི་འཕལ་ཀ་ཞིབ་པར་སྤྲད་དེ་ཡང་དག་བདེན་པའི་གཏམ་ཞིག་བཤད་པར་འབད་རྒྱུ་ནི་ཤིན་ཏུ་གལ་ཆེན་ཞིག་ཏུ་སོང་ཡོད་པར་སྣང་།       དེ་མིན་རྩོམ་སྒྲིག་པ་དག་གིས་བཀོད་པའི་ལོ་ཚིགས་ནི་འཁྲུངས་འདས་དང་མཛད་རྣམ་གྱི་བབ་དང་འགྲིག་པའི་སྐལ་བ་ཡེ་མེད་པའི་གནས་སུ་སོང་ཡོད།

དེ་བཞིན་དུ་ལུང་བསྟན་གྱི་བསྟན་དོན་དག་དང་ཡང་འགལ་བ་ལྟག་སྤྲོད་དུ་སོང་ཡོད་པ་ནི་འདིར་འཁོད་པའི་ལུང་བསྟན་གྱི་ལོ་ཚིགས་དྲངས་པ་དག་ལས་ཤེས་ཐུབ།   དཔེར་ན།  ཆུ་འབྲུག་ལོའམ་ལྕགས་ཡོས་གང་རུང་དུ་འཁྲུངས་པར་ལུང་བསྟན་པ་ནི་གཏེར་གྱི་ཁ་བྱང་དག་དང་ལུང་བསྟན་ལས་གསལ་ཞིང་འཁྲུངས་དུས་ཀྱི་ལོ་ཚིགས་སྐོར《རང་རྣམ་ཆེན་མོར》 “ རྒྱ་སྡེ་རྣམས་ཀྱིས་ངེད་ཀྱི་ལོ་ཐོབ་པ་ཡིན། གནམ་གང་གཉིས་ཡོད་པས་དེའི་ལན་གྱིས་ཡོས་བུ་ལོ་པ་ཡིན་ཟེར། བོད་ཤོག་པ་རྣམས་ཀྱིས་རྒྱལ་ཁམས་བོད་ཀྱི་ཚེས་གཅིག་གི་ཉིན་སྐུ་འཁྲུངས་པ་ཡིན་པས་འབྲུག་ལོ་ཐོབ་པ་ཡིན་ཟེར་ནས།  རྒྱ་སྡེ་བོད་སྡེ་གཉིས་ཀྱིས་མིང་བཏགས་པ་ལ་ཁ་མ་འཆམ”[4]ཞེས་གསལ་ཞིང་།   དེ་བཞིན་གཏེར་སྟོན་དག་གིས་ལོ་ངོ་བརྒྱ་ཕྲག་བཞི་ལྔའི་གོང་ནས་ལུང་གིས་ཟིན་པའི་སྐོར་ལས་འཁྲུངས་དུས་ངོས་བཟུང་བ་ལ 《རང་རྣམ་ཆེན་མོར》“གཏེར་སྟོན་པདྨ་གླིང་པའི་ཟབ་ཆོས་སྙིང་བྱང་དམར་པོ་ལས།  མ་འོངས་དུས་བབ་ལྷ་ལྡན་ཆོས་གླིང་དུ།།  རྡོ་རྗེ་ཕག་མོའི་རྣམ་འཕྲུལ་བདེ་བའི་མཚན།།   ཆུ་འབྲུག་ལོ་པ་སྤྱི་མགྲིན་སྙིང་ག་རུ།།   བཾ་དང་ཧ་རི་ནི་སའི་རི་མོ་ཤར།།  ཟབ་གཏེར་གཉིས་འདོམས་གདུལ་བྱ་ཐབས་ཀྱིས་སྐྱོང་།།”[5]ཞེས་བྱུང་ཡོད་པ་དང་།  ཡང་《རང་རྣམ་ཆེན་མོ་》ལས།“པདྨ་མཚོ་སྐྱིད་དམ་ཇོ་མོ་སྨན་མོའི་དག་སྣང་ཞལ་ཆེམས་ལས།  མ་འོངས་ང་སྤྲུལ་ཡོས་སམ་འབྲུག་ལོ་པ།། ཁྱིམ་པའི་ཚུལ་འཛིན་སུ་ཁ་བཛྲ་ཞེས།། སྨོན་ལམ་དབང་གིས་མདོ་སྨད་གནས་ཡུལ་འགྲིམ།། ཡང་གསང་མཁའ་འགྲོའི་ཐུགས་སྒྲུབ་ཆོས་གཏེར་འབྱིན།། ཆོས་དབང་སྤྲུལ་པ་རིགས་ཀྱི་མྱུ་གུར་སྲིད།། བསྟན་པ་རེས་དར་རེས་མི་དར་བ་འབྱུང་།། ”[6]ཞེས་དང་ཡང་། “དཔའ་བོ་ལས་རབ་རྡོ་རྗེའི་གཏེར་ལུང་ལས། མཚོ་རྒྱལ་སྤྲུལ་པ་ཏཱ་རེའི་མིང་།། འབྲུག་ལོ་སྙིང་དབུས་བཾ་ཡིག་མཚན།། ལྷ་ལྡན་ནུབ་ཀྱི་ཕྱོགས་ནས་འོང་།། དེར་འཕྲད་ཚེ་ཆོས་བསྟན་པ་རྒྱས།། ” [7]ཞེས་དང་གཞན་ཡང་མཁའ་འགྲོ་ཉིད་ཀྱི“རང་གཏེར་མཁའ་འགྲོ་དགོངས་འདུས་ཁ་བྱང་ལས། མ་འོངས་སྙིགས་མ་ལྔ་བདོའི་དུས་ཀྱི་ཚེ།། ཕག་མོའི་བྱིན་ཐོབ་མཚོ་རྒྱལ་སྐུ་ཡི་སྤྲུལ།། ཞི་བ་རྡོ་རྗེ་མཚོ་ཡི་ཐུགས་ཀྱི་གར།། སྦས་པའི་རྣལ་འབྱོར་ཟབ་གཏེར་ཕྲན་བུ་དབང་།།  ཆུ་འབྲུག་ལོ་འཛིན་དི་བཾ་ཏཱ་རེ་འམ།།  སུ་ཁ་བཛྲ་མིང་གིས་ཆོས་འདི་སྟོན།། ཐབས་གྲོགས་ཆོས་བདག་སྨོན་ལམ་དབང་གིས་འཛོམ།། བཟང་འབྲེལ་ཚེ་འདིར་མཁའ་འགྲོའི་གླིང་དུ་འདྲེན།། ངན་འབྲེལ་འཁོར་བ་མཐའ་ཅན་མ་འོངས་དུས།། གདུལ་བྱར་གྱུར་ནས་དཔལ་རིར་འཁོད་པར་ངེས།། ” [8]ཞེས་བཀོད་པའི་གོང་འོག་གི་གཏེར་ལུང་འདི་དག་ཏུ་བཤད་པའི་ཆུ་འབྲུག་ལོ་པ་ཡིན་དགོས་ན་ནི(1892)ལ་ཁེལ་དགོས་པ་དང་ཡོས་ཡིན་ན་ལྕགས་ཡོས་ཏེ(1891)བྱས་ན་ནི་ཕྱིས་ཀྱི་ལོ་རྒྱུས་ཀྱི་བབ་དང་མཐུན་ཞིང་ལོ་ཚིགས་སོགས་ཀྱང་མ་ནོར་བར་ལྟོ་སྦྱར་བར་ནུས་པས་དབུས་བཟའ་མཁའ་འགྲོ་མའི་སྐུ་ཚེའི་མཛད་པ་ཡི་ལོ་རྒྱུས་ཀྱི་གཞུང་རྟ་དཀྲུག་པར་བྱེད་པའི་མགོ་རྙོག་ཅི་ཡང་ཡོང་མི་སྲིད་དོ།།

ཟབ་གཏེར་གཉིས་འདོམས་ཞེས་བྱ་བ་ནི་དེབ་ཆུང་ཨ་རུ་རའི་དགའ་ཚུལ་དུ་མཆན་འགྲེལ་གྱི་ཚུལ་དུ “རིགས་སྲས་དྲི་མེད་འོད་ཟེར་གྱི་ཟབ་གཏེར་དང་མཁའ་འགྲོ་ཉིད་ཀྱི་ཟབ་གཏེར་གཉིས་སོ།།” [9]ཞེས་བཀྲལ་ཡོད་ཀྱང་། 《རང་རྣམ་ཆེན་མོར》 “གནས་རྡོ་རྗེའི་རྫོང་དུ་གཅིག་ཏུ་འཁོད།། གཏེར་གཉིས་ཀྱིས་གདུལ་བྱ་ཐབས་ཀྱིས་འདྲེན།།  ”[10] ཞེས་ཁོང་ཡབ་ཡུམ་གཉིས་ཐབས་ཤེས་ཟུང་འཇུག་གི་ཚུལ་དུ་ས་གདན་ཐོག་གཅིག་ལ་འཛོམ་རྒྱུའི་སྐལ་བ་ཐོབ་ན་གཏེར་གཉིས་བསྟན་པ་དར་བར་འགྱུར་བ་གསལ་ཞིང་། ཡང་དེ་ལས། “དཔའ་བོ་དེ་དང་ཁྱེད་གཉིས་ལྷན་འཛོམས་ན།། ལྷོ་ནས་ལྷོ་རུ་གཏེར་གཉིས་བསྟན་པ་དར།། ”[11]ཞེས་གཏེར་གཉིས་དང་གཏེར་གཉིས་ཞེས་ཡང་དང་ཡང་དུ་ལུང་བསྟན་དག་ལས་བྱུང་ཡོད་ཀྱང་།  གཏེར་འདི་གཉིས་ནི་ཡབ་སྲས་གཉིས་ཀྱི་ཟབ་གཏེར་ཡིན་མིན་དང་ཡབ་ཡུམ་ཟུང་གི་ཟབ་གཏེར་ཡིན་མིན་གྱི་ཐད་ལ་གསལ་ཁ་མེད། ལར་ན་མཁའ་འགྲོ་མའི་སྐུ་ཚེའི་སྨད་ཙམ་ལ་གཏེར་ཆེན་ཡབ་སྲས་གཉིས་ཀྱི་ཟབ་གཏེར་དག་དབང་སྐུར་ལུང་གནང་དང་པར་བརྐོས་ཡིག་དཔར་གྱི་མཛད་པ་རྒྱ་ཆེར་བྱས་པའི་སྐོར་རང་རྣམ་ཆེན་མོར་གསལ་བ་འདིར་བཀོད་ན“གཏེར་ཆེན་ཡབ་སྲས་རྣམ་གཉིས་ཀྱི་གསུང་འབུམ་པུསྟི་ཀ་བཞི་བཅུ་དང་། བདག་གི་ཉམས་རིས་ཀྱི་སྐོར་རྣམས་དང་། ཁྱོན་པུསྟི་ཀ་བཞི་བཅུ་ཞེ་བཞི་སོགས་འབྲི་བཞེངས་ལེགས་པར་ཚར”[12]ཞེས་དང་ཡང་དེ་ཉིད་ལས།  “གཏེར་ཆེན་བླ་མ་རིན་པོ་ཆེའི་གསུང་འབུམ་ཡོངས་རྫོགས་འབྲི་བར་དམ་བཅའ་དང་། འཛིན་སྐྱོང་གི་ཐུགས་རྒྱ་བསྐྱེད་ཚེ།   རང་ནས་ཀྱང་དེ་ལྟར་གྱི་ཡི་གེ་བྲི་གཞི་ཤོག་གུ་དང་།  སྣག་མཚལ་སོགས་དང་།   ཁོང་རྣམས་ཀྱིས་གསོལ་བཅའ་སོགས་ཀྱི་མཐུན་རྐྱེན་ཡོན་བདག་བྱས” [13] ཞེས་སྤྲུལ་སྐུ་དྲི་མེད་འོད་ཟེར་གྱི་གསུང་ཆོས་དཔར་བཏབ་དང་འབྲི་བཞེངས་བྱས་པ་དང་། གཞན་ཡང་“སྐྱབས་རྗེ་བསོད་སྤྲུལ་རིན་པོ་ཆེའི་མདུན་ནས་གཏེར་ཆེན་བདུད་འཇོམས་རྡོ་རྗེའི་ཟབ་ཆོས་ཆ་ཚང་འབྲི་རྒྱུ་དམ་བཅའ་ཕུལ” [14]ཞེས་པ་དང་ཡང་བླ་མ་རྒིས་གཏེར་ཡབ་སྲས་ཀྱི་ཟབ་ཆོས་སྐོར་ལ་ཕྱག་ལས་དང་སྐུ་ཚེགས་འགྲོ་གྲོན་གྱི་ཡོན་འབུལ་བ་སོགས་ལ་མ་འཛེམ་པར་ཤ་ཐང་ཐང་ངང་ཝོ་བརྒྱལ་མང་དུ་བསྐྱོན་ཡོད་པ་གསལ་ཞིང་ཡང《རང་རྣམ་ཆེན་མོར》“རང་ནས་ཀྱང་ལུགས་གཉིས་ཀྱི་བྱ་བས་བླ་མ་ཡབ་སྲས་ཀྱི་བསྟན་པ་ལ་ཞབས་ཞུ་ཅི་འགྲུབ་བྱས་པ་མ་གཏོགས་ཞབས་འདྲེན་དུ་སོང་མེད་པའི་ལོ་རྒྱུས་ཞིབ་པར་བཤད་པས། ཁོང་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་བྱས་སོ།། དེ་ནས་ཚུལ་རྡོར་གྱི་ནུ་བོ་རྡོ་རྗེ་སྲུང་གི་ངག་ཞུས་ལྟར།   སྤྲུལ་སྐུ་རྡོ་རྗེ་དགྲ་འདུལ་སང་གི་སྐུ་མདུན་ལ་རང་གི་ཉེ་གནས་ཚུལ་རྡོར་བཏང་ནས་ཡིག་དཔེ་གཡར་དགོས་པའི་རྒྱུ་མཚན་ཞུས་ཚེ། སྤྲུལ་བའི་སྐུ་དེ་ཉིད་ཀྱིས་ཀྱང་ཐུགས་དགྱེས་བཞིན་པས་ཡིག་དཔེ་ཅི་དགོས་ཐམས་ཅད་གཡར་རོགས་མཛད་ནས། ངེད་ཅག་རྣམས་ཟླ་བ་གཅིག་ལྷག་ཙམ་དུ་གནས་དེ་གར་བསྡད་ནས་ཞུ་དག་དང་དཔེ་ཆོད་སོགས་ཞིབ་རྒྱས་སུ་གྲུབ།”[15]ཅེས་འཁོད་ཡོད་པ་དང་རྫོང་གཏེར་ཀུན་བཟང་ཉི་མས་མཚོན་པའི་བླ་མ་དང་སྤྲུལ་སྐུ་སོགས་འཁོར་སློབ་མང་དུ་རྒྱས་ཤིང་གཏེར་ཆེན་ཡབ་སྲས་ཀྱི་ཟབ་ཆོས་དག་ཀྱང་རྒྱ་ཆེར་དར་རྒྱས་སུ་བཏང་ཡོད་པར་གསལ་བའི་སྐོར་འདིར་བཀོད་ན“འཇིགས་དགའི་ཡང་སྤྲུལ་ཆོས་ཉིད་དོན་རྟོགས་དང་།  སྐྱབས་རྗེ་བདུད་འཇོམས་རྡོ་རྗེའི་སྐུ་སྲས་མཁྱེན་སྤྲུལ་རིན་པོ་ཆེའི་ཡང་སྲིད་སྤྲུལ་བའི་སྐུ་ཀུན་བཟང་བསྟན་པའི་ཉི་མ་སོགས་སེར་དགོན་གྱི་བླ་སེར་ཆེ་གྲྭ་ཐམས་ཅད་དང་། གཞན་ཡང་ཕྱོགས་འདུས་ཀྱི་བླ་སྤྲུལ་རྣམས་ལ་གཏེར་ཆེན་བདུད་འཇོམས་རྡོ་རྗེའི་ཟབ་ཆོས་ཀྱི་དབང་ལུང་ཁྲིད་ལ་སོགས་པ་ཞིབ་རྒྱས་སུ་ཕུལ།”[16]ཞེས་སོགས་གསུང་བར་གཞིགས་ན་གཏེར་ཆེན་ཡབ་སྲས་རྣམ་གཉིས་ཀྱི་གསུང་ཆོས་ཡོངས་ལ་ཕྱག་ལས་རྒྱ་ཆེར་བྱས་ཡོད་པ་གསལ་བས་ན།  སྤྲུལ་སྐུ་དྲི་མེད་འོད་ཟེར་དང་ཁོང་ཡབ་ཡུམ་གཉིས་ཀྱི་ཟབ་གཏེར་དག་ལ་གོ་དགོས་མིན་དང་། ཡང་ན། གྲུབ་དབང་སྐྱབས་རྗེ་བླ་མ་བདུད་འཇོམས་གླིང་པ་ཡབ་སྲས་རྣམ་གཉིས་ཀྱི་ཟབ་གཏེར་ལ་གོ་བ་ལེན་དགོས་མིན་ནི་དཔྱད་པའི་གནས་ཤིག་ཏུ་སོང་ཡོད་པར་སྙམ།

གཉིས་པ།    མདོ་སྨད་དུ་བྱོན་པའི་ལོ་ཚིགས།

མཁའ་འགྲོ་མ་གང་ཉིད་ཀྱི་སྐུ་ཚེའི་མཛད་རྣམ་གླེང་བ་ལ་མདོ་སྨད་ཀྱི་མགོ་ལོག་གི་ཡུལ་དུ་ཕེབས་པའི་ལོ་དེ་ནི་ཤེས་དགོས་པའི་གནད་འགག་གལ་ཆེན་ཞིག་ཡིན་ཞིང་། མ་བཤད་ཀྱང་ཐུ་མེད་ཅིག་ཏུ་སོང་ཡོད། དེ་ལ་མགོ་ལོག་ཁུལ་གནའ་རྩོམ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་འཁྲུངས་ལོ་བཀོད་པ་ལྟར་འཐད་ལྡན་དུ་བཟུང་སྟེ། ཕྱི་ལོ(1880)ལ་འཁྲུངས་པ་ཇི་བཞིན་དུ་ཁས་བླངས་ནའང་། དགུང་ལོ་བཅོ་ལྔར་སོན་པའི་ལོ་དེར་སྤྲུལ་སྐུ་དྲི་མེད་འོད་ཟེར་སོགས་དབུས་མཇལ་བ་རྣམས་ཀྱི་སྒར་བའི་རྗེས་འབྲངས་སྟེ་ཡོང་བ་ཡིན་པ་ནི་བསྣོག་མེད་སྒུལ་མེད་དུ་ཁས་མ་བླངས་རང་བླངས་སུ་ཆགས་ཡོད་པ་རང་རྣམ་ལས“བཅོ་ལྔར་མཁའ་འགྲོའི་བཀའ་བཞིན་ཤར་གྱི་ཕྱོགས།། མདོ་ཁམས་སྲིན་པོའི་གླིང་འདྲའི་ཡུལ་དུ་འོང་།། ”[17]ཞེས་དང་ཡང་དེ་ཉིད་ལས།  “ལོ་ངོག་བཅུ་དྲུག་སྐབས་འཕན་པོའི་ཁོག་ལ་ཐོན་སོང་བས། དེ་ཀར་དབུས་སྒར་པ་དང་། སྤྲུལ་སྐུ་བཀའ་དྲིན་ཅན་སོགས་ཐམས་ཅད་བཞུགས་འདུག”[18]ཅེས་འཁོད་ཡོད་པ་དང་།  སྤྲུལ་སྐུ་དྲི་མེད་ཀྱི་རྣམ་ཐར་དུའང “མོ་ལོ་བཅོ་ལྔའི་དུས་ནས་ཡུལ་ཁྱིམ་ཉེ་འབྲེལ་ཐམས་ཅད་བཙན་ཐབས་སུ་སྤངས”[19] ཞེས་འཁོད་པས་ན་བསམ་གཞིགས་གི་ནུས་པ་རྩལ་དུ་བཏོན་ནས་ཚིག་གི་སྔ་ཕྱི་ཐོད་གཏུག་སྟེ། དོན་གྱི་གནད་ལ་དམིགས་སུ་ཕེབས་ཐུབ་པ་ཞིག་བྱས་ཏེ་དཔྱད་པ་བཏང་ན།  སྤྲུལ་སྐུ་དྲི་མེད་འོད་ཟེར་ཡང་ཕྱི་ལོ(1881)སྟེ་ལྕགས་སྦྲུལ་ལོར་འཁྲུངས་པ་ནི《སྤྲུལ་སྐུ་དྲི་མེད་ཀྱི་རྣམ་ཐར་དུ》“ལྕགས་སྦྲུལ་ལོའི་ས་ག་ཟླ་བའི་ཡར་ཚེས་ལ་འཁྲུངས”[20]ཞེས་གསལ་བོར་བྱུང་བ་དང་། དེ་ནས་དགུང་གྲངས་ཉེར་བདུན་བཞེས་པ་རབ་བྱུང༡༥པའི་བགྲང་བྱ༤༢ལོན་པ་ལ་དབུས་ལྷ་ལྡན་གྱི་ཕྱོགས་སུ་ལྷ་དང་བླ་མའི་བཀའ་ལུང་དང་སྤྲུལ་སྐུ་ཉིད་ཀྱི་ཉིན་མོའི་མཐོང་སྣང་དང་མཚན་མོའི་གཟིམ་ལམ་གང་ལ་བརྟགས་ཀྱང་དགོས་པ་དང་དགོངས་གཞི་རྒྱ་ཆེ་བ་ཡོད་པས་ཕྱག་ཕེབས་མཛད་དེ་དབུས་ཀྱི་ཇོ་ཤཱཀ་རྣམ་གཉིས། གདན་ས་སེ་འབྲས་དགེ་གསུམ།  ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཕྱག་ཕེབས་མཛད་མྱོང་བའི་གྲོ་མོ་དང་།  ལྷག་ཏུ་ལྷོ་གནས་གངས་རི་ཐོད་དཀར་སོགས་སུ་ཕེབས། གངས་རི་ཐོད་དཀར་ནི་སྤྲུལ་སྐུ་དྲི་མེད་འོད་ཟེར་ཉིད་མདོ་སྔགས་ཆོས་ཚུལ་སྨྲ་བར་ཆགས་ཐོགས་བྲལ་ཞིང་ཐེག་པ་རིམ་དགུའི་རྩེ་མོར་སེངྒེ་བཞིན་འགྱིང་བའི་གསང་སྔགས་སྔ་འགྱུར་བའི་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ཀུན་མཁྱེན་རོང་ཀློང་གཉིས་ལས་ཀློང་ཆེན་རབ་འབྱམས་པའི་སྐུ་སྐྱེ་བཞེས་སྐབས་མཛོད་རིན་པོ་ཆེ་བདུན་བརྩམ་གནང་མཛད་སའི་གནས་གལ་ཆེན་ཞིག་ཡིན་ཞིང་། གནས་དེར་ཕེབས་ནས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ། བླ་སྒྲུབ་ཀྱི་སྐུ་མཚམས་དམ་པོར་བཞུགས་ཤིང་གཏེར་ཁ་ཡང་མང་དུ་སྤྱན་དྲངས་པ་ཡིན།

དབུས་སུ་ཕེབས་པའི་སྐབས་དེར་སྤྲུལ་སྐུ་དྲི་མེད་འོད་ཟེར་དགུང་གྲངས་ག་ཚོད་ཡིན་པའི་སྐོར་རྣམ་ཐར་ལས། “རྗེ་དེ་ཉིད་དགུང་ལོ་ཉེར་བདུན་ལོར་དབུས་ཕྱོགས་ལ་ཕེབས”[21]ཞེས་གསལ་བོར་འཁོད་ཡོད་ཅིང་།  དེ་ལྟར་འཁོད་པ་དེས་སྤྲུལ་སྐུ་དྲི་མེད་འོད་ཟེར་དགུང་ལོ་ཉེར་བདུན་བཞེས་པ་དང་དབུས་བཟའ་མཁའ་འགྲོ་དགུང་ལོ་བཅོ་ལྔ་བཞེས་པ་གཉིས་ཀྱི་ལོ་ཚིགས་སྒྲིག་དགོས་པ་ནི་ཡབ་ཡུམ་གཉིས་ཀྱི་རྣམ་པར་ཐར་བ་རུ་ཁ་གསལ་གཏིང་གསལ་དུ་བྱུང་བས།  སྤྲུལ་སྐུ་དྲི་མེད་འཁོར་བཅས་དབུས་སུ་ཕེབས་པའི་ལོ་ནི་ལྕགས་སྦྲུལ་གྱི་འཁྲུངས་ལོ་ནས་བརྩིས་ན་དགུང་ལོ་ཉེར་བདུན་བཞེས་པ་ཕྱི་ལོ(1907)ནས(1908)ལ་ཁེལ་དགོས་པ་ཡིན། ལོ་སྔ་ཕྱིའི་བར་ཁྱད་ཡོད་པ་ནི་ལོ་གདན་བརྩིས་དང་མ་བརྩིས་ཀྱི་ཁྱད་པར་དུ་ཙམ་དུ་སོང་ཡོད་ཅིང་། གང་ལྟར་ཡང་དབུས་བཟའ་དགུང་ལོ་བཅོ་ལྔ་བཞེས་པ་དང་སྤྲུལ་སྐུ་དྲི་མེད་འོད་ཟེར་དགུང་ལོ་ཉེར་བདུན་བཞེས་པར་མཇལ་འཕྲད་དང་རྗེས་བཟུང་མ་འོངས་པར་ཟབ་གཏེར་སྒོ་རྒྱ་འབྱེད་པའི་རྟེན་འབྲེལ་དུས་སུ་བབས་པ་ཡིན་པའི་སྐོར་གོང་སྨྲས་ཀྱི་ལུང་དུ་དྲངས་པ་ཀུན་ལས་ཤིན་ཏུ་གསལ་བོར་ར་སྤྲོད་དང་ཁུངས་སྐྱེལ་བྱུང་ཡོད།  དེས་ན་དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ་ནི་ཕྱི་ལོ(1892)ལ་འཁྲུངས་ཤིང་དགུང་ལོ་བཅོ་ལྔའི་སྐབས་སྤྲུལ་སྐུ་དྲི་མེད་འོད་ཟེར་དང་མཇལ་ཏེ་མདོ་སྨད་དུ་ཕྱག་ཕེབས་མཛད་པ་ཞིག་ཏུ་ཁེལ་དགོས།

དེ་ལྟར་མ་བྱས་པར་རྩོམ་སྒྲིག་པ་ཁོང་ཅག་གི་འདོད་པ་ལྟར་དུ་ལོ་ཚིགས་བཀོད་ན་ནི་སྤྲུལ་སྐུ་དྲི་མེད་འོད་ཟེར་དང་ལོ་གཅིག་གི་སྔ་ཕྱི་ཙམ་ལས་དགུང་གྲངས་ན་མཉམ་དུ་ཁེལ་གྱིན་པའི་སྐྱོན་དུ་འགྱུར་བ་ཡིན། སྤྲུལ་སྐུ་དྲི་མེད་འོད་ཟེར་དབུས་སུ་ཕེབས་པའི་ལོ་ནི་གོང་སྨྲས་བཞིན་ཡིན་ལ་དེ་ལས་ཀྱང་དབུས་བཟའ་མཁའ་འགྲོ་དང་སྤྲུལ་སྐུ་དྲི་མེད་འོད་ཟེར་གཉིས་དགུང་གྲངས་ན་མཉམ་མིན་པ་ནི 《 སྤྲུལ་སྐུ་དྲི་མེད་ཀྱི་རྣམ་ཐར་དུ 》 “མཁའ་འགྲོ་ངའི་རྩར་བཞུགས་བཞག་རུང་ཚིག་ངན་མེད་ངེས་ཀྱང༔ ད་ང་རང་ཁ་ལོ་ནམ་ཟླ་མཐོ་འགྲོ་བ་ཡིན་པས ༔ ཐབས་ཅི་ཡོད་ཀྱིས་བྱ་བ་མི་མང་སྙམ་གི་གསུངས ༔”[22]ཚིག་འདིས་ཀྱང་ཁོང་རྣམ་པ་གཉིས་དགུང་མཉམ་མིན་པ་གསལ་ཞིང་། ལོ་ཡི་བགྲང་བྱ་རེ་རེ་ནས་བརྩིས་ན་འདི་དུས་སྤྲུལ་སྐུ་དྲི་མེད་འོད་ཟེར་དགུང་ལོ་སོ་དགུ་ནས་བཞི་བཅུ་ཙམ་དང་དབུས་བཟའ་མཁའ་འགྲོ་དགུང་ལོ་ཉེར་བརྒྱད་ནས་ཉེར་དགུ་ཙམ་ལ་ཁེལ་ཡོད། གཞན་ཁོང་ཡབ་ཡུམ་གཉིས་ཀྱི་དགུང་སྙིང་སྦྲུལ་དང་འབྲུག་ཡིན་པའི་ཐད་ལ་ལུང་ཚིག་ཅིག་གིས་ཇེ་གསལ་དུ་བཏང་ན་ “ལྕགས་སྦྲུལ་ནག་པོ་འབྲུག་གི་ལྟོ་བར་སྙན།། ”[23]ཞེས་པ་དེ་སྤྲུལ་སྐུ་དྲི་མེད་འོད་ཟེར་གྱི་རྣམ་ཐར་དུ་ཡང་ཇི་བཞིན་འཁོད་ཡོད་ཅིང་། འདི་ཡིས་ཡབ་ཡུམ་གཉིས་ཀྱི་དགུང་སྙིང་ལྕགས་སྦྲུལ་དང་ཆུ་འབྲུག་ཡིན་པ། དེ་གཉིས་ཀྱི་རྟེན་འབྲེལ་དུས་སུ་སྨིན་ན་བསྟན་པ་རྒྱ་ཆེར་དར་བ་གསལ་བར་བསྟན་ཡོད་པ་ཡིན།  དེ་མིན་ཁོང་ཅག་གི་འདོད་པ་ལྟར་བྱས་ཏེ།  ལྕགས་འབྲུག་སྟེ་ཕྱི་ལོ(1880)ལོར་དབུས་བཟའ་མཁའ་འགྲོ་འཁྲུངས་པ་དང་ལྕགས་སྦྲུལ་སྟེ་ཕྱི་ལོ(1881)ལ་སྤྲུལ་སྐུ་དྲི་མེད་འོད་ཟེར་འཁྲུངས་པ་དང་།  ཁོང་རྣམ་པ་གཉིས་ལོ་སྔ་རྟིང་ལྟར་འཁྲུངས་པས་ཀྱང་ཆོག་གོ་ཞེས་བཤད་ན་ནི།  གོང་སྨྲས་ཀྱི་ལུང་ཚིག་ཡོངས་དང་དེར་བརྟེན་པའི་མཛད་པ་ཐམས་ཅད་བྱེ་མའི་ཆིངས་བུ་ལྟར་ཆ་འཇོག་མི་རྙེད་པའི་སྐྱོན་གཡོལ་དུ་མེད་པ་ཞིག་འབབ་པར་ངེས་པ་ཡིན་ནོ།།  དཔྱད་པ་གཟི་བོར་བཏང་སྟེ་ཟབ་གཏེར་བསྟན་པའི་བདག་པོ་ཡབ་ཡུམ་གཉིས་ཀྱི་སྐྱེས་རབས་རྣམ་ཐར་དག་ཞིབ་ཏུ་མཇལ་ནས་འབྱུང་ཁམས་དང་ལོ་ཚིགས་དག་གི་གོང་འོག་བསྒྲིགས་ན་ནི་སྤང་བླང་ཇི་ལྟར་བྱེད་དགོས་མིན་ཐད་ལ་ནམ་ལངས་ན་ཉི་མ་ཤར་བའི་དཔེ་རུ་འགྱུར་ཡོང་བ་ཞིག་ཏུ་འདུག་གོ།

གསུམ་པ།    སྐུ་ཞིང་གཤེགས་པའི་ལོ་ཚིགས།

སྤྱིར་དགོངས་པ་རྫོགས་པའི་ལོ་ནི་དགུང་གྲངས་ཞེ་དགུ་བཞེས་པར་སྐུ་གཤེགས་ཞེས་བཤད་ཀྱང་། གོང་དུ་ཞུས་པ་ལྟར་གྱི་ཁོང་ཚོའི་འདོད་པའི་འཁྲུངས་ལོ་དང་སྦྱར་ན་ནི་ཕྱི་ལོ(1929)ལ་སྐུ་གཤེགས་པ་ཡིན་མོད། དེ་ལྟར་བྱས་ན་ནི་གོང་ཞུས་ལྟར་སྤྲུལ་སྐུ་ཡབ་ཡུམ་གཉིས་དགུང་གྲངས་ན་མཉམ་དུ་འབབ་དགོས་པ་དང་།  མཁའ་འགྲོ་མའི་སྐུ་ཚེའི་སྨད་ཀྱི་མཛད་འཕྲིན་དག་ཀྱང་ཉུང་དུ་སྟུང་དགོས་པ་སོགས་ཀྱི་སྐྱོན་གཞོལ་མེད་དུ་འབབ་པ་ཡིན།   དེ་ལས་གཞན་མདོ་སྨད་དུ་བྱོན་པའི་ལོ་སོགས་ལ་རྩི་གཞི་མི་འདྲ་བའི་ཁྱད་པར་དང་།   འཁྲུངས་ལོའི་ལོ་ངོགས་གང་དུ་ངོས་འཛིན་དང་ལོ་གདན་བརྩི་མིན་གྱི་ཁྱད་གཞིའི་དབང་གིས་དགུང་གྲངས་ཞེ་བརྒྱད་པ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་སྟེ་ཕྱི་ལོ(1940)ལ་ཞིང་དུ་གཤེགས་ཞེས་པ་དང་། ཡང་དགུང་གྲངས་ཞེ་དགུ་པ་རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ཕྱི་ལོ(1941)ལ་ཁམས་ཀྱི་རི་བོ་ཆེར་ཞབས་དྲུངས་སྐྱབས་མགོན་གྱི་ཕོ་བྲང་གི་ཡང་རྩེ་རུ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པ་ཡིན་ཞེས་དེབ་ཆུང་ཨ་རུའི་དགའ་ཚལ་དུ་འཁོད་ཡོད།

སྤྱིར་ན་རྣམ་ཐར་རང་རྣམ་ཆེན་མོ་དང་རང་རྣམ་ཚིག་བཅད་མ་གཉིས་ཀར་སྤྱིར་མཁའ་འགྲོ་མ་ཉིད་ཀྱི་སྐུ་ཚེའི་མཛད་པ་ཅུང་ཟད་རྒྱས་པའི་ཚུལ་དུ་བཀོད་ཡོད་ཀྱང་།  དགུང་ལོ་ཞེ་བཞི་ནས་ཞེ་དགུའི་བར་ལོ་དྲུག་རིང་གི་མཛད་པ་དང་མཐར་ཐུག་དགོངས་པ་དབྱིངས་སུ་བསྡུས་པའི་སྐོར་ལ་རང་རྣམ་སོགས་སུ་མི་གསལ་བས།   མཁའ་འགྲོ་མའི་དངོས་སློབ་ཀྱི་ནང་ནས་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཆོས་ཚན་ཡོངས་རྫོགས་གྲ་མ་ཉམས་གྲུ་མ་ཞིག་པར་བུམ་པ་གང་བཤོས་ཀྱི་ཚུལ་དུ་གདམས་པ་གཅིག་བརྒྱུད་དུ་ཐོབ་པའི་ཆོས་ཀྱི་བདག་པོ་དང་ཡིག་རིས་པ་གཙོ་བོ་སློབ་མའི་མཆོག་ཏུ་གྱུར་པ་ཚུལ་ཁྲིམས་རྡོ་རྗེས་མཛད་པའི་མཁའ་འགྲོ་མ་འདས་རྗེས་ཀྱི་རྣམ་ཐར་དོན་བསྡུས་སུ་བཀོད་པ་ཞེས་པར་ཅུང་ཟད་གསལ་ནའང་ཧ་ཅང་ཞིབ་རྒྱས་ནི་མིན་མོད་ཀྱང་།  དེར་གསལ་བའི་སྐོར་འདིར་བཀོད་ན “དུས་འཛིན་ས་འབྲུག་ལོའི་དགུང་གྲངས་ཞེ་དགུ་ལ་བབས་ཚེ”[24]ཞེས་དང་།  “ཟླ་བ་ལྔ་བའི་ཚེས་མགོར་ཡར་རི་བོ་ཆེར་བྱོན་དགོས་གསུངས་ཏེ།  རིམ་བཞིན་ཞབས་དྲུང་སྐྱབས་མགོན་གྱི་ཕོ་བྲང་ཡང་རྩེར་ཕེབས་ཏེ།  ཚེས་ཉི་ཤུའི་ཉི་མ་ཕྱེད་ཡོལ་ཙམ་དུ་ཧིག་སྒྲ་དྲག་པོ་མཛད་པའི་རྐྱེན་གྱིས་ཞིང་ཁམས་སུ་གཤེགས་པ་ཡིན ”[25]ཞེས་རྣམ་ཐར་ཁ་སྐོང་དུའང་དེ་ལྟར་བྲིས་ཡོད་པ་ཡིན།   “དགུང་གྲངས་ཞེ་དགུ་ལ་བབས་ཚེ”ཞེས་པ་དང “ས་འབྲུག”གཉིས་ནི་རྦད་དེ་གཞི་གཅིག་ཏུ་འབབ་པའི་གླགས་ཤིག་མེད་ལ།   ས་འབྲུག་ཏུ་ཁེལ་དགོས་ན་ནི་ཕྱི་ལོ(1928)དང་མཁའ་འགྲོ་མ་དགུང་ལོ་སོ་དྲུག་ལ་ཞིང་དུ་གཤེགས་པར་མ་ཁེལ་ཐབས་མེད་དུ་སོང་ཡོད། དེ་ལས་གཞན་རྩོམ་སྒྲིག་པ་དག་གིས་འདོད་པའི་ལོ་ཚིགས་ལྟར་སྐུ་ཞིང་བརྗེ་དུས(1929)ཡིན་པ་རྩོམ་པ་པོའི་ངོ་སྤྲོད་དུ་བཤད་འདུག་པ་དང་། ཡང་རྣམ་ཐར་དོན་བསྡུས་ལས་སྐུ་ཞིང་གཤེགས་དུས་ཀྱི་འབྱུང་ཁམས་ངོས་འཛིན་སྐབས་སུ་རྩོམ་སྒྲིག་ཚན་ཆུང་གིས་ “ས་འབྲུག”ལ་ནོར་བཅོས་ཀྱི་ཚུལ་དུ་ཟླ་རྟགས་སུ་འབྱུང་ཁམས་ལྕགས་ཡིན་པར་བྲིས་འདུག་མོད།  རྩོམ་སྒྲིག་པ་དག་གིས་འདོད་པ་བཞིན་སྐུ་གཤེགས་དུས་ཕྱི་ལོ(1929)ཡིན་པ་དང་འབྱུང་ཁམས་ལྕགས་སུ་ཁེལ་ཡོད་པ་ཞིག་ནི་ཆེས་འགྲིག་ཐབས་དཀའ་བ་ཞིག་ཡིན་ཏེ། རྒྱུ་མཚན། ཕྱི་ལོ(1929)ནི་རྩིས་གཞུང་གང་དུ་བཙལ་ཀྱང་ས་སྦྲུལ་དུ་འབབ་པ་ལས་ལྕགས་འབྲུག་ཏུ་འབབ་ཐབས་དུས་ནམ་འབྱུང་བར་མི་འགྱུར་རོ།།  དེ་བཞིན་འཁྲུངས་དུས་ཀྱི་འབྱུང་ཁམས་ལྕགས་འབྲུག་ཡིན་པ་དང་སྐུ་གཤེགས་དུས་ཀྱང་ལྕགས་འབྲུག་ཅིག་ཏུ་ནི་དུས་གཏན་དུ་བསྒྲིག་ཐབས་མེད་པ་ཡིན།  ཡང་ན་ནི་མཁའ་འགྲོ་མ་དགོངས་གྲངས་དྲུག་ཅུ་རེ་གཅིག་ལ་བཞུགས་དགོས་པ་ཡིན།  དེ་ལྟར་ན་དྲུག་ཅུ་རེ་གཅིག་རེའི་མཚམས་སུ་འབྱུང་ཁམས་རེ་བསྐྱར་མར་མགོ་འཛིན་པ་ཡིན་མོད།  དེ་ནི་མ་ཡིན་དགོངས་གྲངས་ཞེ་དགུ་ལས་མ་བཞུགས་པར་ཁས་ལེན་བཞིན་དུ་བཅུ་གྲངས་བཞིའི་ནང་དུ་འབྱུང་ཁམས་དང་ལོ་རྟགས་ཆ་འདྲ་བ་གཉིས་ཡོང་ཐབས་གཞི་ནས་མེད་པ་ཡིན།

དེ་བཞིན་དུ་རྣམ་ཐར་ཁ་སྐོང་གི་རྩོམ་པ་པོའི་དགོངས་བཞེད་ལྟར་དུ་ཁས་བླངས་ན་ཡང་སྐྱོན་ཤིན་ཏུ་འབབ་པར་འགྱུར་ཏེ། དཔེར་ན། ཆུ་འབྲུག་ནས་ལྕགས་སྦྲུལ་བར་དུ་ས་འབྲུག་གཅིག་ལས་འོངས་ཐབས་མེད་པས་ན་ས་འབྲུག་ལ་གཤེགས་པར་ཁས་བླངས་ན་ནི་ངེས་པར་དུ་དགུང་ལོ་སོ་དྲུག་ལ་གཤེགས་པར་ཁས་ལེན་དགོས་པ་ཡིན། གལ་ཏེ་དེ་ལྟར་བྱས་ན་ནི་མཁའ་འགྲོ་མ་ཆུ་འབྲུག་ལ་འཁྲུངས་པའི་སྐོར་རང་རྣམ་ཉིད་ལས་ཁས་བླངས་ཡོད་པ་དང་།  གཞན་གཅིག་ཏུ་ན་ཚུལ་ཁྲིམས་རྡོ་རྗེ་རང་ཉིད་ཀྱིས་མཛད་པའི་རྣམ་ཐར་ཁ་སྐོང་གི་མཁའ་འགྲོ་མའི་སྐུ་ཚེའི་སྨད་ཀྱི་མཛད་པ་དང་།  རང་རྣམ་རྒྱས་བསྡུས་གཉིས་སམ་བཅད་ལྷུག་གཉིས་ཀར་མ་བཀོད་པའི་སྐོར་གྱི་ཕྱི་ལོ(1936) དགུང་ལོ་ཞེ་བཞི་བཞེས་པ་ནས་ཕྱི་ལོ(1941)གི་དགུང་ལོ་ཞེ་དགུའི་བར་གྱི་ལོ་དྲུག་རིང་གི་མཛད་པ་ཀུན་ཁ་སྐོང་གི་ཚུལ་དུ་བྲིས་པའི་རྣམ་ཐར་གྱི་གཞུང་རྟ་དེའང་རྨང་ནས་དཀྲུགས་པར་བྱེད་པ་དང་། ཡང་ན་རྣམ་ཐར་དེ་སྒྲོ་བཏགས་ཀྱི་སྒྲུང་བསྒྲིགས་པ་ཙམ་དུ་འགྱུར་བའི་སྐྱོན་སོགས་འབབ་པ་ཡིན།  སྤྱིར་ན་དམའ་སྤྲང་པོ་དང་མཐོ་རྒྱལ་པོ་གང་ཡིན་རུང་མི་ཚེའི་བརྒྱུད་རིམ་དང་སྐུ་ཚེའི་མཛད་པ་གང་ཞིག་ལ་དཔྱད་པ་བཏང་རུང་། གླེང་སློང་བྱས་ཀྱང་ལོ་ཚིགས་ཡང་དག་ཅིག་གོང་འོག་མ་འཛོལ་བར་ཤེས་དགོས་པ་ནི་རྩ་བའི་རྨང་གཞི་རྐང་གཅིག་ཏུ་མཐོང་ངོ་།།  དེས་ན་ཁོ་བོས་ཀྱང་མཁའ་འགྲོ་མའི་རྣམ་ཐར་གང་རྙེད་ཚད་ཀུན་ཞིབ་ཏུ་བཀླགས་པས་ན་ལོ་ཚིགས་བར་གྱི་འགལ་འཛོལ་དང་འཕྲི་སྣོན་གྱི་འཕེལ་འགྲིབ་དག་ལ་ཞིབ་ཏུ་བསམ་ཞིང་ཅུང་ཟད་ཅིག་དཔྱད་པ་བཏང་བའི་བཟོ་ལྟ་ཙམ་དུ་བགྱིས་པའི་ཁུལ་བྱས་པ་ཡིན་ནོ།།

མཇུག་གི་གཏམ།

དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ་ནི་འདི་ནས་ཕྱིར་བརྩིས་ན་ལོ་ངོ་བཅུ་ཕྲག་བརྒྱད་ལྷག་ཙམ་སོང་བའི་མཚམས་སུ་བྱོན་པའི་མཁས་གྲུབ་གཉིས་ལྡན་གྱི་མཁའ་འགྲོ་མ་ཞིག་ཡིན་མོད།  རང་རྣམ་དང་ཁ་སྐོང་གི་རྣམ་ཐར་སོགས་ལས་གཞན་ཡིག་ཚང་ཁུངས་ཐུབ་ཅིག་གཞི་བཅོལ་ས་མེད་པས། རྒྱལ་ཕྱི་ནང་གཉིས་ཆ་ནས་ཁོང་གི་མཛད་པ་དང་གསུང་ཆོས་ལ་དོ་སྣང་བྱེད་མཁན་དུ་མ་བྱུང་ཡང་། འཁྲུངས་གཞིས་དང་གདུང་ཁུངས་ཀྱི་མཐིལ་དང་ཕུག་སུས་ཀྱང་གཏིང་གསལ་ཞིག་རྟོག་མེད།  ཁོ་བོས་ཀྱང་འདི་ལ་དོ་སྣང་ཙམ་བྱས་ཀྱང་ད་དུང་མ་འདང་པའི་ཆ་མང་བས་ན།  མུ་ནས་མུ་རུ་འདིར་ཉམས་ཞིབ་དང་ཁ་གསབ་བྱ་འཆར་ཡོད།   རྩོམ་འདིར་ཆེད་བརྗོད་བྱས་ཡོད་པ་ནི་འཁྲུངས་འདས་གཉིས་དང་མདོ་སྨད་དུ་ནམ་ཕེབས་ཀྱི་ལོ་ཚིགས་སོགས་དམིགས་སུ་བཀར་ནས་དཔྱད་བཏང་བ་ཡིན།  མཁའ་འགྲོ་མ་《བདེ་བའི་རྡོ་རྗེ》[26]ནི་རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་ལ་སྐུ་འཁྲུངས་པ་དང་མདོ་སྨད་ཀྱི་ཡུལ་དུ་དགུང་ལོ་བཅོ་ལྔ་བཞེས་སྐབས་ཏེ་རབ་བྱུང་བཅོ་ལྔ་པའི་མེ་ལུག་ལ་ཕེབས་ནས། མཐར་དགུང་ལོ་བཞི་བཅུ་ཞེ་དགུ་སྟེ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ལ་ཁམས་ཀྱི་རི་བོ་ཆེར་སྐུ་གཤེགས་པ་ཞིག་ཡིན།

དཔྱད་ཡིག་དང་ཞབས་མཆན།

[1] 2009ལོའི་དབུས་བཟའ་མཁའ་འགྲོའི་གསུང་འབུམ་ཕྱོགས་བསྒྲིགས་ལས་རྩོམ་པོའི་ངོ་སྤྲོད་མདོར་བསྡུས།  ཤོག་གྲངས1 སྟེང་གསལ།

[2] སངས་རྒྱས་འཚོ།  དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོའི་མི་ཚེའི་ལོ་རྒྱུས་ལ་དཔྱད་པ།  ཤོག་གྲངས202 ཀྱི་སྟེང་གསལ། མི་རིགས་དཔེ་སྐྲུན་ཁང་།

[3] སངས་རྒྱས་འཚོ།  དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོའི་མི་ཚེའི་ལོ་རྒྱུས་ལ་དཔྱད་པ།  ཤོག་གྲངས202 ཀྱི་སྟེང་གསལ། མི་རིགས་དཔེ་སྐྲུན་ཁང་།

[4] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས11 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[5] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས7 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[6] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས8 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[7] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས8 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།   སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[8] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས9 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[9] པདྨ་འོད་གསལ་མཐའ་ཡས།  དེབ་ཆུང་ཨ་རུ་རའི་དགའ་ཚལ་ཞེས་བྱ་བ་བཞུགས། ཤོག་གྲངས84 སྟེང་གསལ།   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  2003.9

[10] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས327 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[11] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། རང་རྣམ་ཚིགས་བཅད་མ་ཀུ་སུ་ལའི་ཉམས་བྱུང་གི་གཏམ་ཞེས་བྱ་བ་བཞུགས།  ཤོག་གྲངས559 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[12] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས514 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[13] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས516 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[14] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས483 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[15] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས484 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[16] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས489སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[17] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས137 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[18] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས104 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[19] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། སྐྱབས་རྗེ་ཐམས་ཅད་མཁྱེན་པ་གྲུབ་པའི་དབང་ཕྱུག་ཟབ་གཏེར་རྒྱ་མཚོའི་མངའ་བདག་རིན་པོ་ཆེ་པདྨ་འགྲོ་འདུལ་གསང་སྔགས་གླིང་པའི་ཤིང་རྟ་རཏྣའི་ཆུན་འཕྱང་ཨུཏྤ་ལའི་ཕྲེང་བ་བཞུགས་སོ།། ཤོག་གྲངས220 སྟེང་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་བཀྲམ། 2013.12

[20] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། སྐྱབས་རྗེ་ཐམས་ཅད་མཁྱེན་པ་གྲུབ་པའི་དབང་ཕྱུག་ཟབ་གཏེར་རྒྱ་མཚོའི་མངའ་བདག་རིན་པོ་ཆེ་པདྨ་འགྲོ་འདུལ་གསང་སྔགས་གླིང་པའི་ཤིང་རྟ་རཏྣའི་ཆུན་འཕྱང་ཨུཏྤ་ལའི་ཕྲེང་བ་བཞུགས་སོ།། ཤོག་གྲངས5 སྟེང་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་བཀྲམ།  2013.12

[21] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། སྐྱབས་རྗེ་ཐམས་ཅད་མཁྱེན་པ་གྲུབ་པའི་དབང་ཕྱུག་ཟབ་གཏེར་རྒྱ་མཚོའི་མངའ་བདག་རིན་པོ་ཆེ་པདྨ་འགྲོ་འདུལ་གསང་སྔགས་གླིང་པའི་ཤིང་རྟ་རཏྣའི་ཆུན་འཕྱང་ཨུཏྤ་ལའི་ཕྲེང་བ་བཞུགས་སོ།། ཤོག་གྲངས147 སྟེང་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་བཀྲམ། 2013.12

[22] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། སྐྱབས་རྗེ་ཐམས་ཅད་མཁྱེན་པ་གྲུབ་པའི་དབང་ཕྱུག་ཟབ་གཏེར་རྒྱ་མཚོའི་མངའ་བདག་རིན་པོ་ཆེ་པདྨ་འགྲོ་འདུལ་གསང་སྔགས་གླིང་པའི་ཤིང་རྟ་རཏྣའི་ཆུན་འཕྱང་ཨུཏྤ་ལའི་ཕྲེང་བ་བཞུགས་སོ།། ཤོག་གྲངས236 སྟེང་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་བཀྲམ། 2013.12

[23] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས559 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[24] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས544 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[25] དབུས་བཟའ་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་བ་ངེས་འབྱུང་འདྲེན་པའི་ཤིང་རྟ་སྐལ་ལྡན་དད་པའི་མཆོད་སྡོང་བཞུགས་སོ།།    ཤོག་གྲངས544 སྟེང་གསལ། སི་ཁྲིན་དཔེ་སྐྲུན་ཚོགས་པ།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།  2009.1

[26]སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ། ༤ ཀུན་བཟང་ཆོས་ཉིད་དབང་མོ། ༥ བདེ་བའི་རྡོ་རྗེ། ༦ ཀུན་དགའ་དབང་མོ། ༧ པདྨ་སྒྲོན་དཀར། ༨ སྐལ་བཟང་སྒྲོལ་མ། ༩ སུ་ཁ་བཛྲ། ༡༠ སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ་བཅས་སོ།།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།