བོད་ཀྱི་རིམས་སོན་འགོག་སྨན་གྱི་ལོ་རྒྱུས་དཔྱད་གཞི་ཐོར་བསྡུས། (རགས་ཟིན་གཉིས་པ།)

0
677

– – – པཎ་ཆེན་བློ་བཟང་ཡེ་ཤེས(1663-1737) ཀྱི་སྐུ་ཚེ་དང་འབྲུམ་བུའི་ནད་ཡམས་ཀྱི་དཀའ་ངལ།

ནང་དོན་གནད་བསྡུས། དུས་རབས་ ༡༧ པའི་སྔ་ཕྱི་བོད་ཡུལ་དུ་འབྲུམ་ནད་ཀྱི་རྦ་རླབས་ཤུགས་ཆེར་འཕྱུར་བཞིན་ཡོད་ཅིང་། སྐབས་དེར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་སྐུ་ཚེ་རིང་དུ་འབྲུམ་ནད་ཀྱིས་དཀའ་ཚེགས་ཅི་ཙམ་སྤྲད་པ་དང་། དེའི་དབང་གིས་རྒྱ་ནག་གོང་མས་གདན་ཞུ་བྱས་ཀྱང་ཕེབས་མ་ཐུབ་པའི་སྐོར་སོགས་རང་རྣམ་འོད་དཀར་ཅན་གྱི་ཕྲེང་བ་དཔྱད་གཞིར་བཟུང་སྟེ་ཅུང་ཙམ་གླེང་ཡོད།

གནད་ཚིག །འབྲུམ་ནད། སྔོན་འགོག །འབྲུམ་འཛུགས། པཎ་ཆེན་བློ་བཟང་ཡེ་ཤེས། རྒྱ་ནག་གོང་མ།

གླེང་གཞི།

དེ་ལ་ཐོག་མར་དུས་རབས་ ༡༦ པའི་ནང་དུ་རྒྱ་བོད་ཧོར་གསུམ་གྱི་ཡུལ་གྲུ་ཁག་ཏུ་འབྲུམ་བུས་གཙོས་པའི་རིམས་ནད་ཀྱིས་སུན་གཙེར་ཇི་ལྟར་བཟོས་ཚུལ་རྩོམ་ཡིག་སྔ་མའི་ནང་དུ་རགས་རིམ་ཙམ་ཞུས་ཟིན་པས། ད་རེས་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ (༡༦༦༣-༡༧༣༧) ཀྱི་རང་རྣམ་འོད་དཀར་ཅན་གྱི་ཕྲེང་བ་གཞིར་བཟུང་སྟེ། ཁོང་གིས་རྒྱུན་དུ་འབྲུམ་བུ་ལ་དོགས་ཟོན་ཆེན་པོ་གནང་ནས་སྐུ་མཚམས་བསྡམས་དགོས་བྱུང་བ་དང་། སྐབས་འགར་དགོན་པའི་མཛད་རིམ་ཆེ་ཁག་ལོ་གསར་ཚེས་གཅིག་གི་འདུ་ཚོགས་དབུས་སུའང་ཕེབས་དཀའ་བའི་གནས་ཚུལ་བྱུང་བ། གཙང་ཁུལ་དགོན་སྡེ་ཁག་ཏུ་སྐོར་བསྐྱོད་གནང་དུས་སུའང་འགན་མི་བཟོད་པའི་སེམས་ཁྲལ་གནང་བ་དང་། དགེ་ཚུལ་གྱི་བསླབ་སྡོམ་ནོད་པའི་ཆེད་དུ་ ༧རྒྱལ་དབང་ལྔ་པ་ཆེན་པོ་མཇལ་བཅར་ཞུས་པ་ཙམ་ལས་གཙང་ནས་དབུས་སུ་རྒྱུ་འགྲུལ་བྱེད་པར་དོགས་ཟོན་གནང་དགོས་པ་སོགས་དཀའ་ངལ་ཆེན་པོའི་འོག་ཏུ་གནས་ཡོད་པ་དང་། ལྷག་པར་རྒྱ་ནག་གོང་མས་གདན་འདྲེན་ཡང་ཡང་ཞུས་ཀྱང་། འབྲུམ་ནད་ཀྱི་རྐྱེན་པས་ཕེབས་ཐབས་མེད་པའི་སྐོར་གསེད་དཀྲོལ་དུ་མ་ཞུ་དགོས་པའི་བརྒྱུད་རིམ་སོགས་གླེང་སྟེ། སྐབས་དེར་འབྲུམ་བུ་དེ་ཐར་རྒྱུ་ཡོད་པའི་ནད་ཅིག་ཡིན་པར་ངོས་ཟིན་ཡོད་ཀྱང་། འབྲུམ་འཛུགས་ཀྱི་རིགས་ལམ་དེ་ད་དུང་རྙེད་མེད་པའི་སྐོར་གླེང་བར་འདོད།

གཅིག །བཀྲ་ཤིས་ལྷུན་པོར་འབྲུམ་ནད་བྱུང་ཚུལ།

བོད་རབ་བྱུང་ ༡༡ པའི་ཤིང་ཕོ་བྱི་བའི་ལོ་སྟེ། ཕྱི་ལོ་ ༡༦༨༤ ལོར་པཎ་ཆེན་རིན་པོ་ཆེ་དགུང་ལོ་ ༢༢ ལ་ཕེབས་པའི་ལོར་གཙང་བཀྲ་ཤིས་ལྷུན་པོའི་དགོན་དུ་འབྲུམ་ནད་ཅན་འགའ་ཞིག་ཉེ་སྐོར་དུ་བྱུང་ནས་འཇིགས་སྣང་དང་། བརྟག་པ་རིམ་གྲོ་བྱས་ཚུལ་ནི། “དེ་ནས་རེ་ཞིག་བཅད་མཚམས་ཀྱི་ཁོངས་ནས་སློབ་སྦྱོང་ལ་འགྲུས་པར་བྱེད་སྐབས་ཉེ་སྐོར་དུ་འབྲུམ་ནད་ཁ་ཤས་བྱུང་འདུག་པ་དང་། བདག་ཉིད་ཀྱིས་མ་ཐར་བར་རྟེན་མཛོད་པ་ནས་གེགས་སེལ་སོགས་ཇི་ལྟར་བསྒྲུབ་དགོས་མཁན་ཆེན་རྒྱལ་བའི་དབང་པོའི་ (༧རྒྱལ་དབང་ལྔ་པ(༡༦༡༧-༡༦༨༢) སྐུ་གཤེགས་ཟིན་ཀྱང་གསང་རྒྱའི་འོག་ཏུ་ཡོད།) སྐུ་ཞབས་སུ་ཞུ་མི་བཏང་འདུག་པར། སྣ་ཚོགས་ཡུམ་གྱི་རྗེས་གནང་ཞིག་ཐོབ་པ་བྱེད་དགོས་ཕེབས་པ་བཞིན་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི(༡༦༡༢-༡༦༨༧) ཞལ་སྔ་ནས་སྤྱན་དྲངས་ཏེ། ཉེར་བཞིའི་ཉིན་བླ་མ་མཆོད་པའི་ཁྲིད་ལུང་གཟབས་བཤད་དང་བཅས་པ་དང་། ཉེར་ལྔའི་ཉིན་སྣ་ཚོགས་ཡུམ་དཀར་མོའི་རྗེས་གནང་ཞུས་རྗེས་བསྙེན་པའང་གང་ལྕོགས་བགྱིས་ཤིང་། མཛོད་པས་ཀྱང་ཆོས་གྲྭ་ཆེན་པོ་འདིས་མཚོན་གཙང་རོང་ཁུལ་གྱི་དགོན་རི་ཁྲོད་ཀྱི་སྡེ་དང་བཅས་པར་འབྲུམ་ནད་ཞི་ཐབས་ལ་དམིགས་པའི་མང་འགྱེད་སོགས་ཀྱི་ཕུ་དུད་བླ་མེད་བགྱིས་འདུག”[1] ཞེས་གསལ་བ་ལྟར་གཙང་ཁུལ་དུ་འབྲུམ་ནད་བྱུང་སྐབས་ ༧གོང་ས་ལྔ་པ་ཆེན་པོར་སྐུ་འཚོ་བཞུགས་ཡོད་པ་གཞིར་བཞག་གིས་ལམ་སྟོན་ཞུས་པས་དུས་འཁོར་སྣ་ཚོགས་ཡུམ་དཀར་མོའི་རྗེས་གནང་དགོས་པའི་བཀའ་ཕེབས་ཚུལ་བཟོས་ཡོད། འདི་ནི་གུས་པས་མཇལ་བའི་པཎ་ཆེན་བློ་བཟང་ཡེ་ཤེས་རང་རྣམ་དུ་གསལ་བའི་འབྲུམ་ནད་སྐོར་གྱི་སྐད་ཆ་ཐོག་མ་དེ་ཡིན།

རབ་བྱུང་བཅུ་གཅིག་པའི་ “ཁྲོ་བོ་ཞེས་པ་ཤིང་མོ་གླང་ (༡༦༨༥ པཎ་ཆེན་རིན་པོ་ཆེ་དགུང་ལོ་ ༢༣) གི་ལོའི་རང་ཞལ་གསར་དུ་བཞད་པའི་དུས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུངས་རྒྱ་མཚོའི་ཚོགས་ལ་མཆོད་གཏོར་དང་མགྲོན་དུ་བོས་པའི་སེར་སྐྱའི་ཚོགས་རྣམས་དགའ་སྟོན་གྱིས་མགུ་བར་བྱས་ཤིང་། འདི་སྐབས་ཀྱང་འབྲུམ་ནད་ཐག་མ་ཆོད་པས་སྤྱི་སྐྱུར་ཆོ་འཕྲུལ་སྨོན་ལམ་སོགས་ཀྱི་ཚོགས་དབུར་འགྲོ་མ་བདེ་ཡང་འདུས་ཚོགས་སྨོན་ལམ་འཕེལ་ཞིང་མང་འགྱེད་སོགས་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱུང་ཞེས་གླེང་།”[2] ཞེས་དེའི་ཕྱི་ལོའང་འབྲུམ་ཐག་ཆོད་མེད།

ཡང་རབ་བྱུང་བཅུ་གཅིག་པ་ “མེ་ཕོ་སྟག་ (༡༦༨༦ པཎ་ཆེན་རིན་པོ་ཆེ་དགུང་ལོ་ ༢༤) ལོ་གསར་དུ་ཚེས་པའི་དགའ་སྟོན། སྤྱི་སྐྱུར། ཆོ་འཕྲུལ་སྨོན་ལམ་སོགས་ཡང་དག་པར་གྲུབ། འདི་དུས་ཀྱང་འབྲུམ་ཐག་མ་ཆོད་པས་མཚམས་ཡུན་རིང་གཤིས་མཚམས་ཁོངས་སུ་སྔར་ནས་རྗེས་གནང་ཐོབ་པའི་ལྷ་འགའ་ཞིག་གི་བསྙེན་སྒྲུབ་དང་། དཀྱིལ་ཁང་གྲྭ་ཚང་གི་ཡིག་ཆ་མངོན་པ་མཛོད་ལུང་རིགས་གཏེར་རྩ་འགྲེལ་དང་བཅས་པ་ཡོངས་རྫོགས་བློར་བཟུང་། གྲྭ་ཚང་ཁག་ནས་གླེང་གྲོགས་འབོད་མ་བདེ་ཡང་དཀའ་བཅུ་པ་གཉིས་དང་བགྲོ་གླེང་ལ་བརྩོན་ཁུལ་བྱས།”[3] ཞེས་གསལ་བ་ལྟར་སྐབས་འདིར་པཎ་ཆེན་རིན་པོ་ཆེ་སློབ་གཉེར་ཤུགས་ཆེར་གནང་བའི་སྐབས་ཡིན་པས་དཔེ་ཁྲིད་དང་། བློར་འཛིན་སོགས་ལ་དེ་ཙམ་དཀའ་ངལ་མེད་ཀྱང་། གླེང་གྲོགས་སམ་རྩོད་ཟླ་འབོད་མ་བདེ་བ་སོགས་མི་གཞན་དང་འབྲེལ་གཏུགས་ཧ་ཅང་དཀའ་མོ་ཆགས་ཡོད་པར་ཤེས་ཐུབ།

རབ་བྱུང་བཅུ་གཉིས་པའི་ས་ཕོ་འབྲུག་ཕྱི་ལོ་ ༡༦༨༨ ལོར་པཎ་ཆེན་རིན་པོ་ཆེ་དགུང་ལོ་ ༢༦ ལོར་ཡང་འབྲུམ་ནད་རྒྱུན་ཆད་མེད་པ་ནི། “མཁན་ཆེན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་བསྟན་འགྲོའི་དཔལ་མགོན་དུ་བསྐལ་བརྒྱར་འཚོ་ཞིང་གཞེས་(དོན་དུ་༸ལྔ་པ་ཆེན་པོ་དགོངས་པ་རྫོགས་ནས་ལོ་དྲུག་འགྲོ་གི་ཡོད།) དགོས་པའི་གསོལ་འདེབས་ཞུ་རྟེན་འབུལ་དཔངས་མཐོ་བ་དང་། ཆོས་སྡེ་ཆེན་པོ་གསུམ་གྱིས་གཙོས་པའི་དབུས་ཁུལ་གྱི་དགོན་སྡེ་ཁག་བདུན་ལ་མང་འགྱེད་བཅས་འབུལ་མི་ཆེད་རྫོང་བྱས། འདི་སྐབས་ཀྱང་འབྲུམ་ཐག་མ་ཆོད་པར་བརྟེན་མཚམས་ཁོངས་སུ་གནས་དགོས་པར་བྱུང་བས་” [4]ཞེས་གསལ།

རབ་བྱུང་བཅུ་གཉིས་པ་ “སྐྱེས་བདག་ཅེས་པ་ལྕགས་མོ་ལུག(༡༦༩༡ པཎ་ཆེན་རིན་པོ་ཆེ་དགུང་ལོ་ ༢༩) ལོ་གསར་དུ་ཚེས་པའི་དགའ་སྟོན་གྱི་གྲལ་དབུར་ཉི་འོད་དུ་ཕྱིན་ནས་བསྐང་གསོ་བ་རྣམས་དང་ལྷན་ཅིག་འདོད་ཁམས་དབང་མོ་འཁོར་དང་བཅས་པར་མཆོད་སྤྲིན་རྒྱས་པར་ཕུལ་ཞིང་། ཐོབ་པའི་རྗེ་བཙུན་མ་སོགས་མགྲོན་རྣམས་དགའ་སྟོན་གྱིས་དགྱེས་པར་བྱས། འདི་སྐབས་བཀའ་འགྱུར་རིན་པོ་ཆེའི་ལུང་ཡང་གེགས་མེད་དུ་གྲུབ་པས་བཀའ་དྲིན་མཚུངས་མེད་སློབ་དཔོན་རྡོ་རྗེ་འཛིན་པ(དཀོན་མཆོག་རྒྱལ་མཚན་) ཆེན་པོར་གསེར་གྱི་མནྡལ་འབུལ་བ་སོགས་སྒོ་གསུམ་འདུད་པའི་སྒོ་ནས་དགྱེས་པར་བསྐྱེད། འབྲུམ་ཐག་ཀྱང་ཧ་ལམ་ཆོད་འདུག་པ་བཅས་”[5] ཞེས་ཧ་ལམ་ཆོད་པའི་རྣམ་པ་བྱུང་སྣང་ཡང་ཆོད་མེད་ཅིང་། མུ་འཐུད་ནས་ལོ་མང་རིང་འབྲུམ་ནད་འདིས་རྙོག་གླེང་བཟོས་ཡོད་པ་རེད། དེང་སང་གི་བཤད་སྟངས་ལྟར་ན་ནད་ཀྱི་རྦ་རླབས་དང་པོ་དང་གཉིས་པ་ཟེར་བ་ལྟར་འགོས་ནད་འཕེལ་འགྲིབ་ཀྱི་སྣང་ཚུལ་འདི་ཡིན།

རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་ལོ། ཕྱི་ལོ་ ༡༦༩༤ ལོར་པཎ་ཆེན་རིན་པོ་ཆེ་དགུང་ལོ་ ༣༢ ཕེབས་པའི་ཟླ་བ་གཉིས་པ་ “འདི་སྐབས་སྡེ་སྲིད་རིན་པོ་ཆེ(༡༦༥༣-༡༧༠༥) ནས་གཙང་ཁུལ་དུ་ཚོགས་མཆོད་གནང་བའི་ཚོགས་དབུར་འགྲོ་དགོས་ཚུལ་གྱི་གསུང་བྲིས་ནན་ཆེ་བྱུང་ཞིང་། འབྲུམ་ནད་ཀྱིས་ཕྱོགས་ཐམས་ཅད་ཁྱབ་གཤིས་ཕྱིན་ན་མི་ལེགས་ཚུལ་གྱི་རྒྱུ་མཚན་ཉེ་འཁོར་བ་རྣམས་དང་སློབ་དཔོན་རྨ་པ་ཆོས་ཁྲིམས་པ་སོགས་ཚང་མ་ནས་ནན་ཆེར་བྱུང་ཡང་དཀོན་མཆོག་གི་བསླུ་བ་མེད་པའི་ཐུགས་རྗེས་སྐྱོན་མི་ཡོང་ངམ་སྙམ་པ་དང་། ལྷག་པར་གསུང་ནན་ཆེ་ཞིང་སྐུ་གལ་ཆེ་བར་མ་ཟད་དགེ་འདུན་གྱི་སྡེ་ཆེན་པོ་འདུས་པའི་ཚོགས་དབུར་འགྲོ་བ་སྐལ་བ་བཟང་སྙམ་སྟེ་འགྲོ་ཐག་བཅད།” [6] ཅེས་པ་ལྟར་དེ་ནས་ལོ་ངོ་གསུམ་ཙམ་གྱི་རྗེས་སུ་སླར་ཡང་ནད་རླབས་འཕྱུར་ཏེ། མཆོད་འབུལ་གྱི་ཚོགས་དབུར་ཕེབས་པ་ལ་ཚང་མས་སེམས་ཁྲལ་ལ་དགོས་པ་ཆགས་ཡོད་པ་ཤེས་ཐུབ། དེ་ལྟ་ནའང་། ནད་རླབས་ཀྱིས་ཕྱོགས་ཐམས་ཅད་ཁྱབ་པའི་སྐབས་འདིར་དགེ་འདུན་འདུས་སྡེ་ཆེན་པོ་ཚོགས་སྟངས་ལ་དཔག་ན་མི་མང་བྱིངས་ནི་ནད་འགོག་དང་། དོགས་ཟོན་དེ་ཙམ་མེད་པར་སྣང་ངོ་། །

གཉིས། པཎ་ཆེན་རིན་པོ་ཆེར་རྒྱ་ནག་གོང་མས་གདན་ཞུ་སྔ་ཕྱི་བྱུང་ཚུལ།

ཕྱི་ལོ་ ༡༦༩༤ ལོ་འདིར་རྒྱ་ནག་གོང་མས་གདན་ཞུ་བྱས་ཀྱང་འབྲུམ་ནད་རྐྱེན་པས་ཕེབས་མ་ཐུབ་པའི་སྐོར་ཞུས་ན། “ཉེར་བཞིའི་ཉིན་འཇམ་དབྱངས་གོང་མ་ཆེན་པོའི་གསེར་ཡིག་པ་ཡེ་ཤེས་དགེ་སློང་དང་། སྤོ་ཤོ་ཁོ་བཅས་དྲུག་ཅུ་སྐོར་འབྱོར་བས་ཟླ་བ་བརྒྱད་པ་རྟིང་མའི་ཚེས་གཉིས་ཀྱི་སྔ་དྲོ་གོང་མ་ཁང་ཞི(Kangxi ༡༦༦༢-༡༧༢༢) ཆེན་པོའི་ཐམ་ཁ་གནང་སྐྱེས་དང་བཅས་པ་བླངས་ཏེ། མི་སྣ་གཉིས་ཀྱིས་མཚོན་དྲག་རིམ་དང་། ལ་ཐགས(ལ་དྭགས་) རྒྱལ་པོའི་སྲས་དཔལ་འཁོར་ཆོས་སྡེའི་མཁན་པོ་བཅས་པར་ངོས་འཕྲད་ཇ་གྲལ་བཏང་ཞིང་། གོང་མའི་ཐམ་ཁ་གཉིས་འདུག་པ་བོད་ཡིག་ཏུ་ཕབ་པར་གཅིག་ལ་སྔར་རྒྱུན་གྱི་འཚམས་འདྲི་དང༌། གཅིག་ལ་སྡེ་སྲིད་རིན་པོ་ཆེར་འཇའ་ས་ཡོད་ཚུལ་ཞིབ་རྒྱས། མི་སྣ་གཉིས་ལ་ངེད་རྒྱ་ནག་ཏུ་ཡོང་དགོས་པའི་བསླབ་སྟོན་ཞིབ་རྒྱས་ཀྱི་བཀའ་ངག་བཅས་འདུག །ཚེས་བརྒྱད་ཀྱི་ཉིན་གོང་མའི་བཀའ་ལན་རྟེན་སྦྲགས་དང་དངོས་པོའི་སྟེར་ཆ་སོགས་ཐོན་ཆས་བསྟབས་པ་དང་བསྟུན་རྒྱ་ནག་ཏུ་ཡོང་དགོས་ཕེབས་སྐོར་ལ། འབྲུམ་པ་མ་ཐར་གཤིས་འབྲུམ་ནད་ལ་འཛེམས་ཏེ་ད་ལྟའང་མཚམས་བཅད་ནས་སྡོད་དགོས་པ་དེའི་རྒྱུ་མཚན་སྙན་འབུལ་ཞུ་དགོས་ཚུལ་མོལ།”[7] ཞེས་གསལ་བ་ལྟར་འདི་ནི་རྒྱ་ནག་གོང་མས་ཐོག་མར་གདན་འདྲེན་ཞུས་པའི་ལོ་དེ་ཡིན་ཞིང་། འདི་ནས་མི་ལོ་དུ་མ་མུ་འཐུད་དུ་གདན་འདྲེན་པ་བཏང་ནའང་། འབྲུམ་ནད་གཙོས་པའི་དགག་བྱ་འགའ་ཞིག་ལ་བརྟེན་ནས་ཕེབས་མ་ཐུབ་པས་མཐར་ཕན་ཚུན་གོ་བརྡ་འཕྲོད་དཀའ་བའི་གནས་སུ་ལྷུང་ཡོད་པ་སོགས་རིམ་གྱིས་མཇལ་ཐུབ།

བོད་རབ་བྱུང་བཅུ་གཉིས་པ་ཤིང་མོ་ཕག་གི་ལོ་སྟེ། ཕྱི་ལོ་༡༦༩༥ པཎ་ཆེན་རིན་པོ་ཆེ་དགུང་ལོ་ ༣༣ ལོར་ “ཟླ་བ་དགུ་པའི་ཚེས་ལྔའི་ཉིན་གོང་མའི་ཐམ་ཁ་གནང་སྐྱེས་ལ་གསེར་སྲང་ཉིས་བརྒྱ་ཙམ་རེ་ཡོད་པའི་ལྕུག་མ་གཉིས། གསེར་སྲང་བཅུ་ཕྲག་བདུན་ལས་གྲུབ་པའི་ལྡོང་མོ། གསེར་སྲང་སོ་དྲུག་ཡོད་པའི་ཐ་ཕག །དངུལ་སྲང་ཉིས་སྟོང་། རྟ་སྒ་འཁོར་གཉིས། བཟང་གོས་ཡུག་བརྒྱའི་རྟེན་བཅས་འདུག་པའི་ཐོག །མི་སྣ་རྣམས་ཀྱིས་འཇམ་དབྱངས་གོང་མ་ཆེན་པོའི་བཀའ་དག་ལ། ངའི་ཕའི(Shunzhi ༡༦༤༣-༡༦༦༡) ཐོག་རྒྱལ་དབང་ཐམས་ཅད་མཁྱེན་པ་ (༧གོང་ས་ལྔ་པ་ཆེན་པོ་) སྤྱན་དྲངས་པས་བསྟན་པ་དང་སེམས་ཅན་ལ་ཕན་པ་དང་རྒྱ་བོད་ལུགས་ལེགས་པ་སོགས་བྱུང་འདུག་པ། ད་སྒོས་ཀྱང་རྒྱལ་དབང་ཐམས་ཅད་མཁྱེན་པ་སྤྱན་འདྲེན་པའི་བབས་འབྲེལ་ཆེ་ཡང་། སྐུ་ན་ཕེབས་ཆེ་བས་སྤྱན་འདྲེན་མ་བདེ་བས་སྦོག་ཐོ་པཎ་ཆེན་གྱིས། བསྟན་པ་དང་སེམས་ཅན་གྱི་དོན་ལ་དགོངས་ནས། རྒྱ་ནག་ལ་ཕེབས་དགོས་ཟེར་བའི་བཀའ་བསྒྱུར་བྱུང་རྗེས། གཞུང་སའི་སྐུ་ཚད་མགྲོན་གཉེར་འབྲི་ལུང་ནས་ཀྱིས། སྡེ་སྲིད་རིན་པོ་ཆེ་དང་རྒྱལ་པོ་ཁྲི་པའི་ཕྱག་ཐམ་རྟེན་སྦྲགས་གཏང་ངོས། སྡེ་སྲིད་རིན་པོ་ཆེའི་ཕེབས་སྒོར་དངོས་གཞི་ཕྱག་ཐམ་དུ་ཞི་འཐུས་ཡོད་ཀྱང་། ངག་མའི་བསླབ་སྟོན་འབུལ་རྒྱུ་ལ། གོང་མ་ཆེན་པོས་རྒྱ་ནག་ཕྱོགས་སུ་སྤྱིར་བསྟན་པ་དང་སེམས་ཅན་གྱི་དོན་དང༌། ཁྱད་པར་ཞྭ་སེར་གྱི་བསྟན་པ་རྒྱས་པའི་སྒོ་འབྱེད་དུ་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་གོང་མའི་དབུ་བླར་བཞེས་པ་བཅས་ཕོ་བྲང་དུ་སྤྱན་འདྲེན་པ་རྨི་ལམ་ལ་བསྒུགས་པ་མངོན་སུམ་ལྟ་བུ་ཡིན་འདུག་པས་ཅིས་ཀྱང་ཕེབས་དགོས་ཚུལ་མི་སྣ་རྣམས་ཀྱི་ལྡེབས་སྐྱོར་ལྟ་བུ་ལབས་བྱུང་བར། མི་སྣ་རྣམས་ལ་དངོས་གཞི་གོང་མ་ཆེན་པོ་ནས་མཆོག་ཏུ་དགྱེས་པའི་བཀའ་ལུང་ཡིན་འདུག་ཀྱང་འབྲུམ་པ་མ་ཐར་བས་འགྲོ་བསྐྱོད་ཅི་ལ་འོང་རུང་། གོང་མའི་ཐམ་ཁ་ལ་བལྟས་ནས་ཞིབ་ཆ་རྗེས་ལ་ཡོང་བྱས་ཤིང་། མགྲོན་གཉེར་ལ་ཡང་ཁོང་མི་སྣ་རྣམས་ལ་ཞུས་པ་བཞིན་དེ་རིགས་བསླབ་སྟོན་སྤང་བླང་ཞུ་ཐུབ་མདོག་མ་ཁ་བས་དགོངས་སེལ་གྱི་ཞུ་ཡིག་འཐུས་པ་ངེད་རང་ནས་བྱེད་བྱས་ཤིང་། ཚེས་བཅུ་བཞིའི་ཉིན་འཇམ་དབྱངས་གོང་མ་ཆེན་པོར་ཞུ་ཡིག་རྟེན་སྦྲགས་རྒྱ་ནག་ཕྱོགས་སུ་འགྲོ་བ་ལ་འབྲུམ་དོགས་ཀྱིས་བག་ཟོན་བྱེད་དགོས་སོགས་རྒྱུ་མཚན་ཞིབ་འཐུས་དང༌། དེ་མཚུངས་མི་སྣ་རྣམས་ལ་ཡང་ངག་མར། དངོས་གཞི་གོང་མ་ཆེན་པོ་ཤིན་ཏུ་དགྱེས་ཤིང་སྤྱན་བསྐྱངས་ཆེ་བའི་བསླབ་སྟོན་ཡིན་འདུག་གཤིས་བཀའ་དང་ལེན་ཞུ་སྤྲོ་ཡང་། སྤྱིར་ཐོས་བསམ་བྱེད་པའི་འཕྲོ་ཡིན་པར་མ་ཟད་འབྲུམ་པའི་ནད་མ་ཐར་པས་འདིར་ཡང་དུས་རྒྱུན་དུ་འབྲུམ་ནད་ལ་བག་ཟོན་གྱིས་བཅད་མཚམས་དམ་ས་དམ་པོར་སྡོད་དགོས་པ་བཅས་དགག་བྱ་ཆེ་བ་དང༌། ཡང་སྒོས་བདག་ལྟ་བུ་ཞིག་གིས་བསྟན་པ་དང་སེམས་ཅན་ལ་ཕན་དཀའ་གཤིས་འགྲོ་འདུག་ངལ་བ་ཙམ་ལས་དགོས་པ་ཆུང་བ་བཅས་སྤྱི་སྒོས་གང་ས་ནས་དགོངས་པ་ཞུ་དགོས་ཀྱི་ཞུ་ཡིག་ཞིབ་འཐུས་ཕུལ་ཡོད་པས། ཁྱེད་རྣམས་ཀྱིས་ཀྱང་གོང་མ་ཆེན་པོའི་སྐུ་ཞབས་སུ་དེ་ལུགས་བཞིན་དགོངས་པ་རྩ་ཡང་བརྩེ་བས་གཟིགས་དགོས་པའི་བསླབ་སྟོན་གང་དྲག་ཞུ་གྲོགས་མཛོད་བྱས། མགྲོན་གཉེར་འབྲི་ལུང་པར་ཡང་སྡེ་སྲིད་རིན་པོ་ཆེའི་ཞུ་ཡིག་ཏུ་ཞིབ་འཐུས་ཕུལ་ཡོད་བ་ལྟར་དགོངས་ཡངས་ཐུགས་རྗེ་ཆེ་དགོས་པའི་བསླབ་སྟོན་ཞུ་གྲོགས་མཛོད་བྱས་ཏེ་མི་སྣ་སོ་སོར་ཐོན་ཆས་བཟང་པོ་བསྟབས།[8] ཞེས་གསལ་ལྟར། གོང་མའི་གདན་ཞུའི་ཡི་གེ་དང་སྦྲགས་སྡེ་སྲིད་ཀྱིས་མགྲོན་གཉེར་འབྲི་ལུང་པ་མངགས་ནས་རྨི་ལམ་སྒུགས་པ་མངོན་འགྱུར་བྱུང་བ་ལྟར་སྤྲོ་སེམས་ཀྱིས་ཕེབས་དགོས་པའི་ངག་ཆ་བསྐུར་ཡོད་པ་གསལ། པཎ་ཆེན་རིན་པོ་ཆེས་གོང་མའི་གདན་ཞུའི་ཡི་གེ་དངོས་ལ་དཔག་པའི་ལན་ཕུལ་རྒྱུ་གསུངས་ཀྱང་། དོན་ལ་འབྲུམ་ནད་མ་ཐར་བས་ཕེབས་རེ་ལར་ནས་མེད་པར་གསུངས་སོ། །

ཕྱི་ལོ་ ༡༦༩༥ ལོའི“ཟླ་བ་བཅུ་པའི་དཀར་ཕྱོགས་བཟང་པོ་དང་པོའི་ཉིན་གཞུང་ས་ནས་མཁན་ཆེན་ཐམས་ཅད་མཁྱེན་པའི་ཐུགས་ཐམ་དང་། སྡེ་སྲིད་རིན་པོ་ཆེ། རྒྱལ་པོ་ཁྲི་པ(བསྟན་འཛིན་ད་ཡན་ ?-༡༧༠༡) བཅས་ནས་རྒྱ་ནག་ཏུ་ལོ་ལྔ་དྲུག་ནས་འགྲོ་བའི་ཁས་ལེན་དགོས་ཚུལ་ཡང་སྐྱར་ཕེབས་བྱུང་བར། འབྲུམ་པ་མ་ཐར་པ་སོགས་ནས་སྔོན་ཞུས་ལས་ལོ་དུས་ཀྱི་ཁས་ལེན་མི་བདེ་བའི་རྒྱུ་མཚན་ཞིབ་འཐུས་སོ་སོར་ཕུལ།”[9] ཞེས་གསལ་བ་ལྟར་གོང་མའི་གདན་འདྲེན་ལ་ངོས་ལེན་མ་མཛད་པས་བོད་གཞུང་གི་མི་སྣ་ཆེ་ཁག་རྣམས་ཀྱིས་གནས་སྐབས་ཕེབས་མ་ཐུབ་ཀྱང་། ལོ་ངོ་ཁ་ཤས་ཀྱི་ནང་དུ་ཕེབས་པར་ཞལ་བཞེས་གནང་དགོས་པའི་ནན་བསྐུལ་བྱས་པར་གསལ་ལོ། །

རབ་བྱུང་བཅུ་གཉིས་པའི“འཛིན་བྱེད་ཅེས་པ་མེ་ཕོ་བྱི(༡༦༩༦ པན་ཆེན་རིན་པོ་ཆེ་དགུང་ལོ་ ༣༤) ལོའི་གནམ་ལོ་གསར་དུ་ཚེས་པའི་དགའ་སྟོན་གྱི་གྲལ་དབུར་འགྲོ་མ་བདེ་ཡང་། ཆོས་སྲུངས་རྒྱ་མཚོར་མཆོད་སྤྲིན་དང་། རྒྱ་ནག་གོང་མའི་མི་སྣ་སོགས་རྒྱ་སོག་བོད་གསུམ་གྱི་མགྲོན་རྣམ་དགའ་སྟོན་གྱི་མགུ་བར་བྱས། རིམ་གྱིས་སྤྱི་སྐྱུར་དང་། ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་མོད་སོགས་ཀྱང་ཚུགས་པར་འདུས་ཚོགས་སྨོན་ལམ་འཕེལ་ཞིང་རྙེད་བཀུར་སྟོབ་མི་ཕུན་སུམ་ཚོགས་པར་བཅས་བྱུང་ཞེས་གླེང་། ཚེས་དྲུག་གི་ཉིན་གོང་མ་རྒྱལ་པོའི་གསེར་ཡིག་གི་སར་དང་མི་སྣ་རྣམས་ལ་ཐོན་ཆས་བཟང་པོ་བསྟབས་ཤིང་། རྒྱ་ནག་ཕོ་བྲང་དུ་ཡོང་དགོས་ཚུལ་བཀའ་དག་བསྒྱུར་བྱུང་བའི་ལན་དུ། ངེད་ལ་ལུང་རྟོགས་ཀྱི་ཡོན་ཏན་ཅི་ཡང་མེད་པར་ཤར་ཕྱོགས་གོང་མའི་རྒྱལ་ཁབ་ཏུ་ཡོང་དགོས་སྩལ་བ་བདག་ཉིད་ལ་གཟིགས་དང་ཤིན་ཏུ་མཐོ་བའི་བཀའ་སྩལ་ཡིན་འདུག་ཀྱང་། འབྲུམ་ནད་ལ་འཛེམ་དགོས་ཀྱི་དགག་བྱ་ཆེ་བ་བཅས་ཁས་ལེན་ཞུ་མི་ནུས་འདུག་པས་། དེ་དོན་ལྟར་ཁྱེད་མི་སྣ་སྦྲེལ་པོས་ཀྱང་ཞུས་གང་ལེགས་ཀྱི་སྒོ་ནས་དགོངས་ཁྲོལ་ཡོང་བའི་གྲོགས་དན་དགོས་ཚུལ་མོལ།”[10] ཞེས་གོང་མའི་ཕོ་བྲང་དུ་ཕེབས་མི་ཐུབ་པའི་རྒྱུ་མཚན་དུ་འབྲུམ་ནད་འཛེམ་དགོས་ཐོག་ཏུ། རང་ཉིད་ལུང་རྟོགས་ཀྱི་ཡོན་ཏན་མེད་ཚུལ་བསྣན་ཡོད།

ཕྱི་ལོ་ ༡༦༩༦ ལོའི་ཟླ་བརྒྱད་པའི་ནང“འདི་སྐབས་ཟི་ལིང་ནས་ཇ་ཚུལ་བསྒྲུབ་མི་རྣམས་འབྱོར་ཞིང༌། ཁོང་ཚོའི་ཟེར་རིགས་ལ་གོང་མ་རྒྱལ་པོས་ངེད་རྒྱ་ནག་ཕོ་བྲང་དུ་ཡོང་དགོས་ཀྱི་བསླབ་སྟོན་གནང་བར་སྦོ་ཤོག་ཐུ་རྒྱལ་པོས་བཀག་པར་བརྟེན་རྒྱ་ནག་ནས་སྦོ་ཤོག་ཐུ་བཅོམ་པ་ཡིན་ཟེར་བ་སོགས་ཀྱི་གླེང་བརྗོད་སྣ་ཚོགས་འདུག་ཅེས་གླེང་བ། བོད་སོག་གཡོ་ཅན་འགའ་ཞིག་གིས་བཅོས་གཏམ་ལ་རི་བོང་ཅལ་སྒྲོགས་ལྟ་བུ་བྱུང་འདྲ་བ་ལས། ངེད་རང་འབྲུམ་པ་མ་ཐར་བའི་རྐྱེན་གྱིས་འགྲོ་མ་བདེ་བ་ཀུན་ཤེས་ལྟར་ཡིན་ཅིང་། དེར་མ་ཟད་དེ་སྐོར་གྱི་མི་སྣ་ཐོག་མར་གནང་བ་ནས་གཟུངས་ [བཟུང?] ཐམས་ཅད་ལ་འབྲུམ་ནད་མ་ཐར་བའི་གཤིས་ཀྱིས་དགོངས་པ་དགོས་ཚུལ་ཞུས་པ་ལས་གཞན་མ་རྒྱུ་མཚན་གང་ཡང་མེད་པ་མི་སྣ་རིམ་ཅན་རྒྱུས་ཆེན་ལས། གཏམ་འཆོལ་ལ་ངེས་པ་ཅི་ཡོད་བྲག་ཅ་ལྟ་བུ་ཡིན་སྙམ་པ་བྱུང༌།”[11] ཅེས་གསལ།

ཕྱི་ལོ་ ༡༦༩༦ ལོའི་ཟླ་བཅུ་གཅིག་པའི་ནང“གོང་མ་རྒྱལ་པོའི་མི་སྣ་དཔོན་ཆུང་དང༌། སྡེ་ཨེམ་ཆི་དགེ་སློང་ཅན། གཞུང་སྐུ་ཚབ་མགྲོན་གཉེར་འབྲི་ལུང་ནས་བཅས་འབྱོར་བས། ཚེས་བཅོ་ལྔའི་ཉིན་གོང་མའི་མི་སྣ་གཉིས་དང་། མགྲོན་གཉེར་འབྲི་ལུང་པ་བཅས་པར་ངོས་འཕྲད་བཏང་ཐོག་ཐམ་ཁ་གནང་སྐྱེས་དང་བཅས་པ་བླངས་ཤིང་། མི་སྣ་གཉིས་ཀྱི་ངག་ནས་སྔ་སོར་ནས་ཆི་ཐོ་ཡོན་སྐབས་རྒྱ་ནག་ལ་ཕེབས་དགོས་པའི་བསླབ་སྟོན་ཞུས་ཀྱང༌། སྐུ་འབྲུམ་གྱི་དོགས་པ་སོགས་ཀྱིས་ཕེབས་མ་བདེ་ཚུལ་མི་སྣ་སྔོན་མས་ཞུས་པར་བརྟེན་གོང་མ་དགོངས་ཚོམ་ཤིན་ཏུ་ཆེ་བ་འདུག །ད་སྒོས་ཁྱེད་ཚོས་རྒྱ་ནག་ལ་ཕེབས་དགོས་པའི་བསླབ་སྟོན་ཞུས་ཕེབས་བྱུང་ཟེར་ཏེ་བཀའ་བསྒྱུར་བྱུང་བར་མི་སྣ་རྣམས་ལ་ཞབས་ཏོག་ཆེར་མི་འདུག་ཀྱང༌། དགུ་གཏོར་གྱི་གཟིགས་མོ་དང་ལོ་གསར་བཅས་ཞག་ཤས་བཞུགས་དགོས་ཤིང་། དེ་ནས་ཐམ་ཁ་ལ་བལྟས་པའི་གསལ་རིམ་འབུལ་བྱེད་བྱས་ངོས་མི་སྣའི་ཟླ་བོ་རྣམས་དང་གཞན་མ་སེར་སྐྱ་ཁ་ཤས་ལ་རྒྱང་འཕྲད་དང་། ཚེས་བཅུ་བདུན་ལ་ཐོར་ཁོ་ཨཱ་ཡུ་ཥའི་མི་སྣ་ངོ་མར་ངོས་འཕྲད་དང་བྱིངས་ལ་རྒྱང་འཕྲད་བཏང་།”[12] ཞེས་གསལ་ལྟར། འབྲུམ་ནད་ཀྱིས་རྐྱེན་པས་རྒྱ་ཡུལ་དུ་ཕེབས་མི་ཐུབ་པའི་གནས་ཚུལ་གསན་པས་གོང་མ་ཆེན་པོ་དགོངས་པ་ཚོམ་པར་མ་ཟད་བཀའ་བསྒྱུར་རམ་བཀའ་བཀྱོན་བཏང་བཞིན་ཡོད་པའི་གནས་ཚུལ་འབྱོར་ཞིང་། དྲག་རིགས་རྣམ་ལ་ངོ་བཅར་ལས་ཕལ་མོ་ཆེ་ནི་རྒྱང་མཇལ་ཙམ་གྱིས་མཐུས་པར་མཛད།

བོད་རབ་བྱུང་བཅུ་གཉིས་པ“དབང་ཕྱུག་ཅེས་པ་མེ་མོ་གླང་ལོ(༡༦༩༧ པན་ཆེན་རིན་པོ་ཆེ་དགུང་ལོ་ ༣༥) གསར་དུ་ཚེས་པའི་དགའ་སྟོན་སྐབས་འབྲུམ་འཛེམ་གྱིས་གྲལ་དབུར་འགྲོ་མ་བདེ་ཡང་འདོད་པ་ཁམས་ཀྱི་དབང་ཕྱུག་མར་མཆོད་གཏོར་གཟབ་རྒྱས་དང་།”[13] ཞེས་གསལ་བ་ལྟར། ད་དུང་ལོ་སར་ཚོགས་དབུས་སུ་ཕེབས་པ་ལའང་འབྲུམ་བུ་དོགས་ཟོན་བྱེད་དགོས་པ་ཆགས་ཡོད།

ལོ་དེའི(༡༦༩༧) ཟླ་དང་པོའི་ཚེས་༡༠ ཉིན། “ཕྱི་ཉིན་གོང་མའི་མི་སྣ་ངོ་མ་དང་། མགྲོན་གཉེར་འབྲི་ལུང་ནས་བཅས་པར་སྣར་ཐང་བརྒྱ་རྩ་ནས་འབྱུང་བའི་སྒྲོལ་ལྗང་གི་རྗེས་གནང་དང་། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཞིག་བསྐུར། ཚེས་བཅུ་གསུམ་ལ་སྡེ་སྲིད་རིན་ཆེན་རྩེ་ནས་ཀྱིས་འདུས་ཚོགས་སུ་མང་ཇ་སོགས་ཀྱི་ཞབས་ཏོག་སྔར་རྒྱུན་བཞིན་མཛད། ཚེས་བཅུ་དྲུག་གི་ཉིན་གོང་མའི་བཀའ་ལན་རྟེན་སྦྲགས་དང་མི་སྣ་རྣམས་འཐོན་ཆས་བཅས་བསྟབས་ཐོག།།མི་སྣ་རྣམས་ལ། ངེད་རང་འབྲུམ་ནད་མ་ཐར་བའི་རྐྱེན་གྱིས་ཕོ་བྲང་དུ་བསྐྱོད་མ་བདེ་བས་མི་སྣ་སྔ་ཕྱིར་དགོངས་པ་ཞུ་དགོས་ཀྱི་གནས་ཚུལ་ཕུལ་པ་མ་གཏོགས། གཞན་ནས་དེ་རིགས་ཀྱི་བཀག་འགོགས་མེད་པས་དགོངས་འཚོམས་མེད་པ་དང་། ད་དུང་འབྲུམ་པ་མ་ཐར་བའི་གཤིས་ཀྱིས་དགོངས་པ་བརྩེ་བསྐྱངས་དགོས་པའི་བསླབ་སྟོན་ཞུ་དགོས་ཚུལ་དང་དེ་མཐུན་མགྲོན་གཉེར་འབྲི་ལུང་ནས་ལ་ཡང་སྡེ་སྲིད་རིན་པོ་ཆེར་ཞུ་དགོས་ཚུལ་མོལ།[14] ཞེས་ “དེ་རིགས་ཀྱི་” ཞེས་པའི་ཚིག་གི་ནུས་པས་བོད་གཞུང་དང་། བྷོ་ཤོག་ཐུ་རྒྱལ་པོ་སོགས་ཀྱིས་བཀའ་འགོག་ཟེར་བའི་ཟི་ལིང་སོགས་སྤྱི་ཚོགས་སུ་ཁྱབ་བཞིན་པའི་སྐད་ཆ་དེ་དག་གཞི་རྩ་མེད་པ་དང་། འབྲུམ་ནད་མ་ཐར་བའི་དཀའ་ངལ་རང་ཡིན་པར་གསལ་བཤད་ནན་ཏན་གནང་ཡོད་པ་གསལ།

བོད་རབ་བྱུང་བཅུ་གཉིས་པའི་ས་མོ་ཡོས(༡༦༩༩ པན་ཆེན་རིན་པོ་ཆེ་དགུང་ལོ་ ༣༧) ལོའི་ཟླ་བཅུ་པའི“ཚེས་བཅོ་བརྒྱད་ནས་བཟུངས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་པ་རེ་སྔ་དྲོའི་ཆ་ལ་བྱ་བའི་རྒྱུན་བཙུགས། འདི་སྐབས་གཞུང་ས་ནས་ཡང་སྐྱར་ཞབས་དྲུང་ཉི་མ་ཐང་པ་ (ངག་དབང་གཞོན་ནུ་) དང་། སྟོད་ལུང་མཁན་ཟུར། མཆོད་དཔོན་པ། ལྷ་བཙུན་ནམ་མཁའ་རྒྱལ་མཚན། འབྲས་སྤུངས་སྤྱི་གཉེར་བཅས་འབྱོར་པས། རྒྱ་ནག་གོང་མ་ཆེན་པོས་སྤེའུ་ཇར་གོ་ཆི་དང་། ཇག་ས་ཇར་གོ་ཆི་གཉིས་གཞུང་དུ་མི་སྣར་ཆེད་མངགས་གནང་འབྱོར་ལ། སྔ་སོར་ཤིང་ཕག་ལོ་གནས་བཅུ་ཐོ་ཡོན་ཆོས་འབྱོར་བླ་མ་དང་། ཕྱག་ན་རྡོ་རྗེ། ཇ་ར་གོ་ཆི་བཅས་བཏང་བས་པཎ་ཆེན་རིན་པོ་ཆེ་གདན་དྲངས་སྐབས་ཕེབས་བཞེད་པ་གཞུང་ནས་བཀག་ཆ་བྱས་ཚུལ་དང་། ད་ལམ་གདན་དྲངས་པར་གཞུང་ནས་ཕེབས་རྫོང་བྱུང་ན་པཎ་ཆེན་རིན་པོ་ཆེར་ཡང་གོང་མ་རང་གིས་དབུས་པའི་རྒྱ་ཞིང་ཆེན་བཅུ་གསུམ། སོག་པོ་ཚོ་ཆེན་བཞི་བཅུ་བཅས་པས་གུས་འདུད་དང་། རྒྱ་བོད་བསྟན་གཞུང་བཟང་པོར་གནས་པར་བྱེད། དེ་མིན་གཞུང་བསྟན་ལ་མི་གནས་པ་སོགས་བཀའ་བབས་ལྕི་བ་འདུག་པས། ཐམས་ཅད་མཁྱེན་པ་སྐུ་གོང་མ་ན་རིམ་གྱི་དམ་ཚིག་དང་། རྒྱ་བོད་བསྟན་གཞུང་ལ་དགོངས་པའི་ཅིས་ཀྱང་ཕེབས་དགོས་ཞེས་རྩེ་ཤོད་ནས་ཐུགས་ཐམ་དང་བཀའ་ཤོག་བཀའ་ངག་བཅས་ཕེབས་པ། དངོས་གཞི་འཇམ་དབྱངས་གོང་མ་ཆེན་པོ་ནས་སྲིད་གསུམ་འགྲོ་བའི་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་རིན་པོ་ཆེར་བདག་རྐྱེན་བཀུར་སྟི་གནང་བཞེད་ཀྱིས་བདག་ཉིད་ལ་སྤྱན་བསྐྱངས་བཟང་པོའི་བཀའ་སྩལ་པ་དང་། རྗེ་བདག་ཉིད་ཆེན་པོའི་བསྟན་པ་རིན་པོ་ཆེའི་ཞབས་འདེགས་དང༌། སྐྱེ་འགྲོའི་བདེ་ཐབས་ལ་ཕན་པ་བྱུང་ན་རང་ཡང་སྨོན། མདོ་སྔགས་ཀྱི་ཡོན་ཏན་དམན་པས་བསྟན་འགྲོའི་ཕན་བདེར་འགྱུར་དཀའ་བར་མ་ཟད་འཇམ་དབྱངས་གོང་མ་ཆེན་པོ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཡིན་གཤིས་གཏམ་ནོར་ཁ་དྲག་གི་ཆེད་བསྙེགས་པ་ལྟ་བུའི་མཐོང་ཕྱོགས་དང་། ཕྲག་དོག་གིས་བརླམས་པ་འགའ་ཞིག་གི་སྙིང་ལ་མི་བཟོད་པ་ཆེན་པོའང་སྐྱེས་དོགས་དང༌། ལྷག་ཏུ་དགེ་བའི་བཤེས་གཉེན་ཁ་རག་པ་ཆེན་པོས། སྙན་གྲགས་བདུད་ཀྱི་ཕྱེ་གཏོར་ཡིན། །རྙེད་བཀུར་འཆིང་བའི་ཞགས་པ་ཡིན། །བསོད་ནམས་དགེ་སྦྱོར་གྱི་བར་ཆོད་ཡིན། །དུག་ལ་སྨན་དུ་མ་ལྟ་ཨང་། །ཞེས་དང༌། རིགས་པའི་དབང་ཕྱུག་གི་ཞལ་ནས། འཇིག་རྟེན་ཆོས་བརྒྱུད་དོན་དུ་གཉེར། །བསྟོད་དང་སྨད་དང་གྲགས་མ་གྲགས། །རྙེད་དང་མ་རྙེད་བདེ་དང་སྡུག །དེ་རྣམས་ལ་ནི་དགའ་མི་དགའི། །རྣམ་པར་རྟོག་པ་ཡོད་རིང་ལ། ཆོས་པ་ཡིན་སྙམ་མ་སེམས་ཤིག །ཅེས་དང་། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱི་ཞལ་ནས། གཏན་གྱི་རང་འགྲོས་མ་ཤེས་ན། །ཇི་ཙམ་གཞན་གྱི་དཔོན་བཅོལ་ཡང་། །དོན་ལ་བླ་མེད་ཀྱི་ཁོལ་པོ་ཡིན། །མིང་སྟོང་སྐམ་པོ་འདི་ཨ་ཙ་མ། །ཞེས་དང༌། རྗེ་བཙུན་རེད་མདའ་བ་ཆེན་པོས། ཆོས་བརྒྱད་རྐྱེན་གྱིས་ནམ་ཡང་མི་གཡོ་བའི། །སེམས་ལ་བརྟན་པ་ཇི་སྲིད་མ་ཐོབ་པར། །གཅིག་པུར་རང་རྒྱུད་འདུལ་བ་མ་གཏོགས་པ། །གཞན་དོན་ཐབས་ཀྱིས་རང་དོན་ཉམས་མི་བགྱིད། །ཅེས་སོགས་གསུངས་པ་བཞིན་རྙེད་བཀུར་སྙན་གྲགས་སོགས་འདོད་པའི་བཤད་ཆོས་དོན་གཉེར་གྱིས་མཚོན་རྣམ་གཡེང་གི་རིགས་བློར་མེད་ཅིང་། འབྲུམ་པ་མ་ཐར་བས་དགོས་བཅས་ཤིང་ཕག་ནས་བཟུངས་རྒྱ་བོད་གཉིས་ཀར་དགོངས་ཁྲོལ་ནན་གྱིས་ཞུས་པ་དང་། འདི་སྐབས་ཀྱང་གཞུང་སར་སྐུ་ཞབས་ཡས་ཕྱིན་དུ་ཞུ་ཡིག་བཅས་དགོངས་ཁྲོལ་ནན་ཆགས་ཞུ་བར་མགྲོན་གཉེར་དཀའ་བཅུ་དོན་གྲུབ་ཚར་གཉིས་རྫོང་སྟ་བྱས་ཀྱང་། གོང་ས་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་ནས་སླར་ཡང་དམ་ཚིག་ལ་བཀར་བའི་བཀའ་ནན་དང༌། སྡེ་སྲིད་རིན་པོ་ཆེ་ནས་ཀྱང་ལྟ་སྣང་དབང་མེད་ལྟ་བུའི་བཀའ་ཚ་ནན་ཆེ་བར། རབ་འབྲིང་ཐ་གསུམ་གྱི་ཞུ་བ་ནན་བཏུད་བྱས་ཀྱང་། སྐུ་ཚབ་རྣམ་པས་ཚ་འཇུན་ཤིན་ཏུ་ཆེ་བ་བཅས་རྒྱུར་འགྲོ་བའི་དུས་ཀྱང་ལྕགས་འབྲུག(༡༧༠༠) ཟླ་བ་གསུམ་པ་ཁོ་ནར་བཀར་ཞིང་། དེ་ལས་འགྱངས་ན་ཡ་ཡུད་འོང་ཐག་ཆོད་གསུང་བ་སོགས་དཔྱད་དཀའ་བའི་རང་བཞིན་དུ་གྱུར་པ་དང་། གཞུང་དགོངས་པ་ཚོམས་པའམ་རྒྱ་བོད་མ་བདེ་བ་ཤར་ནའང་མ་འགབ་དོགས་པ་བཅས་སྐུ་ཚབ་རྣམ་པས་ཕྲ་བཀོད་དང་ཆེ་འགྲོས་སུ་སོང་། དེ་དོན་ལྟར་སྐུ་ཞབས་ཡས་ཕྱིན་གྱི་བཀའ་ལན་དང༌། སྐུ་ཚབ་རྣམས་ལ་མགོན་པོ་ཕྱག་དྲུག་པའི་རྗེས་གནང་། དངོས་པོའི་སྟེར་ཆ་སོགས་བདག་རྐྱེན་བཟང་པོའི་སྒོ་ནས་འོན་པར་བྱས། ཡང་སྐྱར་དགོངས་ཁྲོལ་འོང་རེས་འཇམ་དབྱངས་གོང་མ་ཆེན་པོའི་བསྟན་གཞུང་ལ་རྒྱར་གཡོ་བ་མེད་པའི་ངོས་ནས་དགོངས་ཁྲོལ་བརྩེ་བས་གཟིགས་པ་ཞིག་དང་། དེ་མིན་ལྕགས་འབྲུག་ལོར་གོང་མའི་མཇལ་ཁ་སྐུ་འབུམ་དུ་ཞུས་ཆོག་པ་ཞིག་དང༌། གཞན་ཡང་གཞུང་སར་གང་ཅིའི་མཚམས་སུ་དགོངས་ཚོམས་མེད་པ་ཞུ་རྒྱུ་སོགས་ལ་ཞུ་ཡིག་ལེ་ཚན་དག་མ་དང་བཅས་མི་སྣར་དགོན་པ་བ་བློ་བཟང་བཀྲ་ཤིས་ཆེད་མངགས་ཀྱིས་ཟླ་བཅས་ལ་མགོན་པོ་བར་ཆད་ཀུན་སེལ་གྱི་རྗེས་གནང་བྱས་ཏེ། གཞུང་ནས་རྒྱ་ནག་མི་སྣར་སྟོད་ལུང་མཁན་པོ་ཅན་རྫོང་སྟ་གནང་བ་དང་ལྷན་ཅིག་ཏུ་བཏང་།” [15] ཅེས་གསལ།

གསུམ། པཎ་ཆེན་རིན་པོ་ཆེ་རྒྱ་ནག་ཏུ་མ་ཕེབས་པའི་གནས་ཚུལ་གྱི་རྒྱབ་ལྗོངས།

 དེ་ལྟར་ཐོག་མའི་གདན་ཞུས་བྱས་ནས་ལོ་ལྔའི་ཐོག་སླར་ཡང་རྒྱ་ནག་གོང་མས་ཐ་མའི་གདན་ཞུའི་སྐབས་སུ་ནི། པཎ་ཆེན་རིན་པོ་ཆེ་རྒྱ་ཡུལ་དུ་ཕེབས་ཐུབ་ན་རྒྱ་ཞིང་ཆེན་བཅུ་གསུམ་དང་། ཧོར་ཚོ་པ་བཞི་བཅུ་སོགས་ཀྱིས་གུས་འདུད་ཞུ་རྒྱུ་སོགས་རྒྱ་སོག་གི་གདུལ་བྱ་དང་དཔལ་འབྱོར་གྱིས་འགྲམ་ཆུ་ལྡང་བཅུག་པ་དང་། གལ་ཏེ་ད་དུང་ཕེབས་མ་ཐུབ་ན“གཞུང་བསྟན་ལ་མི་གནས་པ”ཞེས་རྒྱ་བོད་འབྲེལ་བ་ལ་ཕོག་ཐུག་འགྲོ་བ་བཅས་ཞི་དྲག་གཉིས་ཀྱི་སྐད་ཆ་དེ་འབྱོར་ཡོད་པ་རེད། རྒྱ་ནག་གོང་མའི་བཀའ་འཕྲིན་འདིས་ནི་པཎ་ཆེན་རིན་པོ་ཆེ་དངངས་སྐྲག་སྐྱེ་ཡོད་མེད་མི་ཤེས་ཀྱང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་གཞུང་གི་དཔོན་རིགས་ཚོ་ལ་དངངས་སྐྲག་ཚབ་ཆེན་བསླངས་ཡོད་ཅིང་། ༧རྒྱལ་དབང་དྲུག་པའི་མཚན་ཐོག་དང་བཅས་པ་ནས་པཎ་ཆེན་རིན་པོ་ཆེ་ལ་ངེས་པར་ཕེབས་དགོས་པའི་སྐུལ་མ་ཞུ་བཞིན་ཡོད་པ་མ་ཟད། མ་ཕེབས་ན་ནང་ཁུལ་དམ་ཚིག་ཉམས་ཆག་དང་འགྲོ་བའི་མཚམས་ལ་གཏུགས་ཡོད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་པཎ་ཆེན་རིན་པོ་མཛད་དཀའ་ཧ་ཅང་ཆེན་པོ་འཕྲད་པའི་ཐ་མར“རྒྱ་བོད་མ་བདེ་བར་བྱུང་ན་མི་འགབ”པར་དགོངས་ནས་རྗེ་རིན་པོ་ཆེའི་སྐུ་འཁྲུངས་ཡུལ་མདོ་སྨད་སྐུ་འབུམ་དགོན་དུ་གོང་མ་ཆེན་པོ་མཇལ་འཕྲད་ཞུ་ཆོག་པའི་ལན་བསྐུར་འདུག་ཅིང་། འདི་ནི་རྒྱ་ནག་གོང་མས་གདན་ཞུ་བྱས་པའི་བོད་ཀྱི་མི་སྣ་ཞིག་གིས་ཐུག་འཕྲད་ཀྱི་ཆེད་དུ་ཁྱོད་རང་བོད་ཀྱི་ས་ཐོག་ཏུ་ཚུར་ཤོག་ཟེར་ཐུབ་མཁན་ཁོང་ལས་བྱུང་མེད་ངེས་སྙམ།

དེ་ལྟར་རྒྱ་ནག་གོང་མས་མི་སྣ་ཆེད་གཏོང་གིས་ཞི་དྲག་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཐེངས་དུ་མར་གདན་ཞུ་བྱས་ཀྱང་ཞལ་བཞེས་མ་གནང་བ་དང་། དེར་མ་ཟད་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ ༧གོང་ས་ཆེན་པོའི་མཚན་ཐོག་ནས་བཀའ་ཡིག་ཕེབས་པ་སོགས་ཀྱིས་དུས་བཅད་ཀྱིས་རྒྱ་ནག་ཏུ་ཕེབས་པ་ཁས་ལེན་དགོས་ཚུལ་བཀའ་ནན་གནང་ནའང་། གཏན་དུ་ཁས་མི་ལེན་པ་འདི་ཅི་ཞིག་ཡིན་ནམ། འདི་ནི་མཆོག་དམན་དུ་མ་ལ་དོགས་པ་ཟ་མྱོང་བའི་དྲི་བ་ཞིག་ཡིན་པ་མ་ཟད་སྐབས་དེར་རྒྱ་ནག་གོང་མ་ཚུན་ཆད་ཀྱང་ཅིའི་ཕྱིར་ཕེབས་མི་ཐུབ་པའི་སྐོར་ལ་དོགས་པ་རྣམ་རྟོག་མང་པོ་བྱུང་ཞིང་། ལྷག་པར་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བར་ཆད་བྱས་ཡོད་པའི་དོགས་པ་བྱུང་ནས་རྒྱ་ནག་གོང་མས་སྡེ་སྲིད་ལ་བཙིར་ཡོང་བ་དང་། སྡེ་སྲིད་ཀྱིས་༧ལྔ་པ་ཆེན་པོའི་ཕྱག་ཐམ་ཚུན་ཆད་བེད་སྤྱད་ནས་ནུས་ཤུགས་ཡོད་རྒུས་རྒྱ་ནག་ཏུ་ཕེབས་དགོས་པའི་སྐུལ་མ་གནང་བ་སོགས་མི་སྣ་ཆེ་ཁག་བར་དུ་ཡང་དོགས་པ་དང་གླེང་གཞི་ཞིག་ཆགས་ཡོད་པ་མཐོང་རྒྱུ་ཡོད། རྣམ་ཐར་འདི་ཉིད་ལས་གསལ་བ་ལྟར་གྱི་རྒྱ་ནག་ཏུ་མི་ཕེབས་པའི་རྒྱུ་མཚན་འགའ་ཞིག་བཀོད་ཡོད་པ་འདི་ལྟར། འབྲུམ་པ་མ་ཐར་བ་དང་། ཐོས་བསམ་བྱེད་པའི་འཕྲོ་ཡིན་པ། མདོ་སྔགས་ཀྱི་ཡོན་ཏན་དམན་པས་བསྟན་འགྲོའི་ཕན་བདེར་འགྱུར་དཀའ་བ་དང་། དེར་མ་ཟད་འཇམ་དབྱངས་གོང་མ་ཆེན་པོ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཡིན་གཤིས་གཏམ་ནོར་ཁ་དྲག་གི་ཆེད་བསྙེགས་པ་ལྟ་བུའི་མཐོང་ཕྱོགས་དང་། ཕྲག་དོག་གིས་བརླམས་པ་འགའ་ཞིག་གི་སྙིང་ལ་མི་བཟོད་པ་ཆེན་པོའང་སྐྱེས་དོགས་དང༌། ལྷག་ཏུ་དགེ་བའི་བཤེས་གཉེན་ཁ་རག་པ་ཆེན་པོས། སྙན་གྲགས་བདུད་ཀྱི་ཕྱེ་གཏོར་ཡིན། །རྙེད་བཀུར་འཆིང་བའི་ཞགས་པ་ཡིན། །བསོད་ནམས་དགེ་སྦྱོར་གྱི་བར་ཆོད་ཡིན། །དུག་ལ་སྨན་དུ་མ་ལྟ་ཨང་། །ཞེས་རྒྱུ་མཚན་འགའ་ཞིག་བགྲངས་ཡོད་པ་ལས་ཆེས་གལ་གནད་ཐུག་ས་དེ་ནི། འབྲུམ་ནད་ཐར་མེད་པ་དང་། ཚེ་འདི་སྣང་ནི་རྙེད་པ་དང་བཀུར་སྟི་སོགས་ནི་དགེ་སྦྱོར་གྱི་བར་ཆད་ཡིན་པ་དགོངས་པ་འདི་གཉིས་ལ་ཐུག་པར་སེམས།

དེ་ཡང་བདེ་གཤེགས་སྣང་བ་མཐའ་ཡས་མི་ཡི་གཟུགས་སུ་རྣམ་པར་རོལ་བ་པཎ་ཆེན་ཐམས་ཅད་མཁྱེན་པའི་ནམ་མཁའ་ལས་རྒྱ་ཆེ་ཞིང་། རྒྱ་མཚོ་ལས་གཏིང་ཟབ་པའི་གསང་གསུམ་གྱི་དགོངས་པ་དེ་དག་བདག་འདྲ་བས་འདི་དང་འདི་རེད་ཅེས་ཆ་ཤས་ཙམ་ཡང་བརྗོད་པ་མི་ནུས་ཀྱང་། རང་རྣམ་འདི་ཉིད་མཇལ་བའི་ཚོར་སྣང་ཞིག་ཡོང་བ་ནི། ཁོང་ནི་བཀའ་གདམས་པའི་ཕུག་ནོར་བཅུའི་ཡ་གྱལ་བློ་ཕུག་ཆོས་ལ་གཏད་པའི་སྐྱེས་བུ་ཞིག་ལས་ཚེ་འདི་སྣང་གི་དགྲ་འདུལ་གཉེན་སྐྱོང་། ཁེ་གྲགས་སྟོབས་འབྱོར། འཁོར་དང་ཟང་ཟིང་ལ་གཏིང་ནས་ཡིད་ཆད་ཅིང་། རྗེ་བླ་མ་ཙོང་ཁ་པ་ལྟ་བུར་དབེན་པའི་གནས་ཤིག་ཏུ་བྱ་བྲལ་ཏུ་ཕེབས་ཐུབ་ན་ཅི་མ་རུང་སྙམ་པའི་ངེས་འབྱུང་གིས་རྒྱུད་རབ་ཏུ་བྱིན་གྱིས་རློབ་བཞིན་ཡོད་པར་རང་རྣམ་དུ་གསལ་ཏེ། “ལྷག་པར(རྗེ་ཙོང་ཁ་པ)འཁོར་དག་པ་རྣམ་བརྒྱད་དང་བཅས་བྱ་བྲལ་ལ་ཕེབས་པའི་རྣམ་ཐར་ལ་བསམས་ན། བདག་ནི་སྦྱིན་བདག་གྲྭ་རིགས་ལ་སོགས་པ་གཞན་གྱི་དབང་དུ་སོང་བས་ཆགས་མེད་བསོད་སྙོམས་བྱ་བ་སོགས་རང་གང་བདེར་སྤྱོས་པའི་སྐལ་བ་དམན་པ་འདི་ལྟ་བུ་ཤིན་ཏུ་སྐྱོ་སྙམ་ནས། མིག་ནས་མཆི་མ་ཡང་ཡང་འཆོར་པ་བྱུང་ཞིང་།”[16] ཞེས་དང་། གླིང་བཞི་དབང་བསྒྱུར་རྒྱལ་པོའི་དཔལ་ཐོབ་ཀྱང་། །ཆུ་ཤིང་ལྟ་བུར་སྙིང་པོ་མེད་གཟིགས་ནས། །ཡང་དག་རྫོགས་བྱང་བསྒྲུབ་ལ་རབ་གཞོལ་བའི། །རྨད་བྱུང་སྤྱོད་དེར་བདག་ཀྱང་འཇུག་པར་སྤྲོ། །སྡེ་དགོན་བདག་གཟུང་རྙེད་བཀུར་སྙན་གྲགས་ཕྱིར། །བཤད་ཆོས་དོན་གཉེར་ཆོས་མིན་ཆོས་བཏགས་སུ། །གཟིགས་ཏེ་ཆགས་ཞེན་ཀུན་བོར་བྱ་བྲལ་མཛད། །དེ་ལྟ་བསྒྲུབ་སྐལ་དམན་ཡང་ཡིད་ཀྱིས་སྨོན། །”[17] ཞེས་སོགས་གསལ་བ་ལྟར། ངེས་འབྱུང་དང་ཐར་འདོད་ཀྱིས་རྒྱུད་ཡོངས་སུ་ཕྱུག་པའི་སྐྱེས་ཆེན་དམ་པ་དེ་དག་ལ་རྒྱ་བོད་ཧོར་གསུམ་གྱི་གདུལ་བྱ་དང་། རྙེད་བཀུར་སྙན་གྲགས་སོགས་ཚེ་འདི་སྣང་ཟང་ཟིང་གི་ཡོ་ལང་དེ་དག་ཕར་བཞག།། གླིང་བཞིར་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་དཔལ་ཐོབ་ཀྱང་སྙིང་པོ་ཅི་ཡང་མེད་པར་བཞེད་དོ། །

སྤྱིར་ན་བདེ་བཤེགས་སྣང་བ་མཐའ་ཡས་མི་གཟུགས་སུ་བྱོན་པ་ཁོང་ལྟ་བུར་ཆོས་ཀྱི་གོམས་པ་ཤུགས་ཆེར་ཡོད་པ་དང་། དེ་ནས་ལམ་རིམ་དང་བློ་སྦྱོང་ལ་ཐོས་བསམ་བྱས་པའི་ལག་རྗེས་སུ་འཁོར་བ་ངེས་འབྱུང་ཡོད་པ་སྨོས་མེད་ཐོག་ཏུ། སྐབས་དེའི་སྤྱི་ཚོགས་ཧ་ཅང་འཁྲུགས་པོ་དེའི་ནང་དུ་༧གོང་ས་ལྔ་པ་ཆེན་པོ(༡༦༡༧-༡༦༨༢) སྐུ་གཤེགས་པ་ཡུན་རིང་གསང་རྒྱ་བྱས་ནས་དྲུག་པ་ཆེན་པོ(༡༦༨༣-༡༧༠༦) གསེར་ཁྲིར་མངའ་གསོལ་བར་གྱི་རྙོག་གླེང་། ལྷ་བཟང་ཧན(?-༡༧༡༧) ཕྱོགས་གཏོགས་ཀྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ(༡༦༥༣-༡༧༠༥) ཕ་བུ་རྣམས་དཀྲོངས་ནས་བོད་ཀྱི་སྲིད་དབང་འཕྲོག་པ། ཐ་མ་༧རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་རྒྱ་ཡུལ་དུ་སྐྱེལ་བའི་ལམ་བར་དུ་སྐུ་གྲོངས་པ། དེ་རྗེས་ལྷ་བཟང་ཧན་ཕྱོགས་གཏོགས་ཀྱིས་ཡེ་ཤེས་རྒྱ་མཚོ་ཟེར་བ་རྒྱལ་དབང་དྲུག་པ་ངོས་འཛིན་གྱིས་ཁྲིར་བཀོད་པ། དེ་ནས་ཅུན་གར་གྱི་དམག་དཔུང་ཡོང་ནས་པོ་ཏ་ལར་འཛུལ་ཏེ་ལྷ་བཟང་ཧན་བསད་ནས་རྒྱལ་དབང་རྫུན་མ་ཁྲི་ལས་ཕབ་པ། ཆིན་གོང་མས་དམག་དྲངས་ནས་ཅུན་གར་མཐའ་སྤྲོད་བཏང་བ་དང་། བོད་ཀྱི་དཔོན་རིགས་མང་པོ་དམར་བསད་བཏང་བ། རྒྱལ་བ་བསྐལ་བཟང་རྒྱ་མཚོ(༡༧༠༨-༡༧༥༧) ཁྲི་འདོན་དང་མཛད་འཕྲིན་སྐྱོང་བར་ཕོ་ལྷ་བ(༡༦༨༩-༡༧༤༧) སོགས་ནས་བད་ཆད་བཟོས་པ་སོགས་སྐབས་དེར་བོད་ཀྱི་ཆབ་སྲིད་སྐོར་ཧ་ཅང་འཁྲུགས་ཤིང་། བོད་གཞུང་དགའ་ལྡན་ཕོ་བྲང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕྱི་ཡི་སོ་ཁ་སྲུང་སྐྱོབ་མེད་ཅིང་། ༧ལྔ་པ་ཆེན་པོའི་ཞལ་སློབ་ནང་མ་ཀུན་མཁྱེན་འཇམ་དབྱངས་བཞད་པ(༡༦༤༨-༡༧༢༡) དང་། དར་མོ་སྨན་རམས་པ(༡༦༣༨-?) སོགས་མཁས་པ་མང་པོ་ཞིག་ལ་མཐོང་ཆུང་དང་རྡོག་རྫིས་བྱས་ཤིང་། ལྷག་པར་ ༧གོང་ས་ལྔ་པ་ཆེན་པོ་ཞིང་གཤེགས་པའི་གསང་རྒྱ་ཡུན་རིང་བྱས་པ་དང་། ཡང་སྲིད་ངོས་འཛིན་སོགས་ལའང་། པཎ་ཆེན་རིན་པོ་ཆེ་སོགས་ལ་གོ་བསྡུར་ཙམ་ཡང་མ་བྱས་པར་རྟག་པར་བཞུགས་ཡོད་མདོག་གིས་དབུ་སྐོར་ཞུས་པ། བོད་སྤྱིའི་དོན་ཆེན་དེ་དག་རང་ཉིད་ཁོ་ནས་ཐག་བཅོད་བྱས་པ། རྒྱུན་དུ་སྨན་དང་རྩིས་སོགས་ཀྱི་བསྟན་བཅོས་མཛོ་ཁལ་ཙམ་རེ་བྲིས་ནས་བྱང་བདག་རྣམ་རྒྱལ་གྲགས་བཟང(༡༣༩༥-༡༤༧༥) སོགས་དང་མཚུངས་པར་རྒྱལ་པོ་པཎྜིཏ་ཞེས་པའི་མིང་སྐམ་ཞིག་ལ་རེ་བ་བརྒྱབ་ནས། ནག་ཆང་བག་མེད་དུ་ཉོག་པ་སོགས་སྤྱོད་ལམ་རས་སུ་བོར་ནས་ཡོད་ཅིང་། རྒྱུ་མཚན་དེ་དག་ལ་བརྟེན་ནས་ ༧གོང་ས་ལྔ་པ་ཆེན་པོས་རེ་ལྟོས་ཆེན་པོ་བྱས་ནས་སྤྲད་པའི་གཞུང་ས་དགའ་ལྡན་ཕོ་བྲང་འཛིན་སྐྱོང་གི་ལས་འགན་དེ་ཚགས་ཚུད་མ་ཡོང་བར་རྒྱ་སོག་བོད་གསུམ་གྱི་མི་སྣ་དཔུང་ཤེད་ཅན་ཚོས་ཧབ་ཐོབ་རྒྱག་བཞིན་པའི་སྐབས་དང་ཁེལ་ཡོད། ཡོ་འཁྱོམ་དེ་དག་གི་ཁུགས་སོ་རེ་རེ་ན་པོ་ཏ་ལའི་སྒོ་ཆེན་ཕྱི་ནང་དང་། བར་སྐོར་ལམ་གྱི་ཁུག་དཀྱོག་ཀུན་ཏུ་དམག་དང་ཁྲག་གི་ལོ་རྒྱུས་སྐྱི་གཡའ་བ་རེ་རེ་ཡོད་ཅིང་། འཁྲུག་རྩོད་དེ་དག་གི་ནང་དུ་མི་སེར་རྣམས་དམག་ལ་བསྐུལ་བ་དང་། ཁྲལ་ལ་འདེད་པ། གྲུབ་མཐའ་བསྒྱུར་བ། དགོན་པ་གཏོར་བ། ནང་དམེ་བྱེད་པ། བཙོན་དོང་དུ་གཡུག་པ་སོགས་མི་ཡིས་བཟོས་པའི་སྡུག་བསྔལ་མི་བཟད་པའི་དེ་དག་གི་ཐོག་ཏུ། འབྲུམ་བུའམ་རྡོ་རྗེ་ཚེར་མ་ཞེས་མིང་ཡང་ཐད་ཀར་འབོད་མི་ཕོད་པའི་ནད་ཡམས་ཀྱི་རྦ་རླབས་དྲག་ཏུ་འཕྱུར་བ་དེ་དག་ཐམས་ཅད་སྐྱེས་བུ་འདིའི་སྐུ་ཚེ་ནང་དུ་བྱུང་བ་ཤ་སྟག་ཡིན་པས་རྣམ་དཔྱོད་ཀྱི་མིག་ཡོད་མཁན་ཁོང་ལྟ་བུ་ནི་རྒྱ་སོག་གི་གདུལ་བྱ་དང་འབུལ་བ་དེ་དག་ཕར་བཞག་འཇིག་རྟེན་འཁོར་བའི་ཕུན་ཚོགས་ལ་ཞེན་པ་གཏིང་ནས་ལོག་སྟེ། དབེན་པའི་རི་སུལ་ཞིག་ལ་དམིགས་ནས་མིག་འཆིལ་མ་གོར་རེ་ཕོ་བྲང་རྒྱལ་མཚན་མཐོན་པོའི་ཡང་རྩེར་བཞུགས་ཡོད་པར་གསལ་ལོ། །

ངང་ཚུལ་འདི་དག་ལ་དགོངས་ནས་ ༧རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས(༡༧༠༨-༡༧༥༧) མཛད་པའི་འཕགས་བསྟོད་ཕན་བདེའི་ཆར་འབེབས་ལས། གངས་ཅན་རི་ཡིས་བསྐོར་བའི་ཞིང་འདིར་ཐུབ་པའི་བསྟན་སྲོལ་གནས་མོད་ཀྱི། །ཆོས་བྱེད་ཕལ་ཆེར་ཚུལ་ཁྲིམས་གོས་བྲལ་གཅེར་བུར་ངོ་ཚ་སྤངས་ནས་ནི། །ཁྱིམ་པ་རྣམས་ལ་བསྙེན་ཅིང་ངོར་བལྟ་དམ་པས་སྨད་པའི་ལས་ལ་འཇུག ། ཀྱེ་མ་དམ་ཆོས་ཉི་མའི་འོད་ཟེར་རི་བོའི་ཕྲག་ཏུ་ནུབ་ལ་ཉེ། །སྟོབས་དང་ལྡན་རྣམས་རང་འདོད་ལྷུར་ལེན་ཕན་ཚུན་རྩོད་ཅིང་དམའ་ལ་འཚེ། །དམན་པ་རྣམས་ནི་རྟག་ཏུ་འཁོལ་ཞིང་གྱི་ནའི་ཟས་ཀྱང་རྙེད་པར་དཀའ། །མི་བཟད་སྙིགས་མའི་ངང་ཚུལ་འདི་འདྲར་འཕགས་པས་བཏང་སྙོམས་མཛད་ལགས་ན། །སྔོན་གྱི་ཐུགས་དམ་དེ་ཡིས་ཅི་འཚལ་འབངས་རྣམས་སུ་ཞིག་སྐྱབས་ལ་བསྟེན། །ཁྱོད་ཀྱི་མཚན་ཡང་བྱིན་གྱིས་བརླབས་ཏེ་གང་ཐོས་འཇིགས་པ་ཞི་བ་དང༌། །སངས་རྒྱས་གྲངས་མེད་བསྙེན་པའི་ལས་དང་ཁྱོད་མཚན་འཛིན་ཙམ་འབྲས་མཚུངས་ཞེས། །དྲང་སྲོང་བདེན་པའི་ཚིག་གིས་བསྟན་བཞིན་བདག་ཅག་རེ་བས་གསོལ་འདེབས་ན། །མགོན་པོ་གཞན་དུ་གཡེལ་བའི་ཐུགས་སྤངས་ཉམ་ཐག་སེམས་ཅན་སྐྱོབ་ཏུ་གསོལ། །[18] ཞེས་སྐབས་དེའི་སྤྱི་ཚོགས་ཀྱི་སྣང་ཚུལ་ངོ་མ་དེ་རུས་རྐང་ནས་ན་ཟུག་ལྡང་དགོས་པའི་སྐྱོ་བའི་གདུང་འབོད་འདིས་མཚོན་པར་མཛད་དོ། །

དེ་ལྟར་རྒྱུན་དུ་འབྲུམ་ནད་རྦ་རླབས་རེ་རེ་རྒྱུ་མཚམས་སུ་འཆད་རྩོམ་རྩོམ་གསུམ་དང་། ལྷག་པར་བོད་སོག་རྒྱ་གསུམ་གྱི་དད་ལྡན་མི་མང་རྣམས་རབ་བྱུང་དང་དགེ་ཚུལ་སློང་གི་སྡོམ་པ་འབོག་པ་དང་། དབང་ལུང་མན་ངག་གནང་བ་སོགས་ཆོས་སྤྱོད་བཅུའི་ཉམས་ལེན་གནང་ནས་བཞུགས་ཡོད་ཅིང་། སྐབས་འགར་བོད་འབྲུག་བར་དུ་མི་སྣ་ཆད་བརྫངས་ཀྱིས་བར་འདུམ་མཛད་པ་དང་། དགུང་ལོ་མཐོན་པོར་ཕེབས་རྗེས་སུའང་རྒྱ་སོག་གི་དམག་དཔུང་རེ་རེའི་མདུན་དུ་ཁ་དར་མདོམས་རེའི་སྣེ་ན་གསེར་དངུལ་དགུ་ཕྲུག་གི་འབུལ་ཆེན་བཏེགས་བཞིན་བར་འདུམ་ཡང་ཡང་བྱས་ཀྱང་། སུས་ཀྱང་ཁས་ལེན་བྱས་མེད་པ་དང་།  ༧རྒྱལ་དབང་དངོས་རྫུན་གསུམ་གྱི་ཡོངས་འཛིན་མཛད་ནས་རབ་བྱུང་གི་སྡོམ་པ་འབོག་པ་སོགས་ཀུན་སྙོམས་ཉི་མ་ལྟ་བུའི་ཐུགས་བསྐྱེད་ཅིག་གི་འོག་ནས་སེམས་ཅན་ལ་བདེ་ཐབས་དང་། བསྟན་པ་འཕེལ་ཐབས་ཁོ་ན་མཛད་པ་ལས་གང་གིའང་ཕྱོགས་སུ་མ་ལངས་པར་རི་རྒྱལ་བཞིན་དུ་ལྷམ་མེར་བཞུགས་འདུག་གོ།

མཇུག་བསྡུ་བའི་གཏམ།

སྐབས་འདིར་སྔར་ཞུས་པ་ལྟར། ༧གོང་ས་ལྔ་པ་ཆེན་པོ་འབྲུམ་བུའི་སྙུན་གཞི་བཞེས་པ་རང་རྣམ་དུ་གསལ་བ་ལྟར་དང་། དེ་བཞིན་དུ་རྒྱ་ནག་གོང་མ་ཤུན་ཙི(Shunzhi ༡༦༣༨-༡༦༦༡) འབྲུམ་ནད་ཀྱིས་གྲོངས་པ། སོག་པོའི་ཆ་ཧར་ལེགས་ལྡན་རྒྱལ་པོ(༡༥༩༢-༡༦༣༤) སོག་ཡུལ་ནས་བོད་དུ་ཡོང་བའི་ལམ་བར་མཚོ་སྔོན་པོའི་བྱང་ཕྱོགས་ཤ་ར་ཐ་ལ་ཞེས་པར་འབྲུམ་ནད་ཀྱིས་གྲོངས་པ་སོགས་བོད་སོག་རྒྱ་གསུམ་གྱི་ལོ་རྒྱུས་ཀྱི་མི་སྣ་དེ་དག་འབྲུམ་ནད་ཀྱིས་གཙེས་སྟངས་ལ་དཔག་ན་སྤྱི་ཚོགས་བྱིངས་སུ་ནད་ཡམས་ཧ་ཅང་ཚབས་ཆེན་ཡིན་པ་སྨོས་མེད་རེད། ཉི་ཟླ་ལྟར་གྲགས་པའི་མི་སྣ་གཡེར་པོ་ཆེ་དེ་དག་འབྲུམ་བུས་ཕུང་དཀྲུག་བཟོ་སྟངས་ལ་དཔག་ན་པཎ་ཆེན་རིན་པོ་ཆེ་རྒྱ་ཡུལ་དུ་ཕེབས་མི་ཐུབ་པའི་རྒྱུ་མཚན་འབྲུམ་ནད་མ་ཐར་བར་གསུངས་པར་སུས་ཀྱང་ངོས་ལེན་ཐུབ་པ་ཞིག་ཡིན་དགོས་ཀྱང་། བོད་སོག་རྒྱ་གསུམ་ཀའི་དཔོན་རིགས་ཚོས་པཎ་ཆེན་རིན་པོ་ཆེ་ལ་ཨུ་ཚུགས་རབ་ཅིག་བྱས་པས་ཁོང་གི་རི་རྒྱལ་ལྟ་བུའི་བབ་བརླིང་དེ་མེད་ན་རྒྱ་ཡུལ་དུ་བརྫངས་ཟིན་པར་མ་ཟད་སྐབས་དེར་རིམ་སྲུང་ངམ་རིམས་སོན་འགོག་སྨན་སོགས་ཀྱི་ཐབས་ལམ་དམིགས་བསལ་བ་གང་ཡང་དར་མེད་པས་དགག་བྱ་ཆེ་ཞིང་དགོས་པ་ཆུང་བའི་གནས་ཚུལ་འདི་འདྲ་བ་ལ་བརྟེན་ནས་ཆེན་པོ་སུ་འདྲ་ཞིག་གིས་བཤད་ཀྱང་ལར་ནས་ཞལ་བཞེས་མ་གནང་བར་སེམས་སོ། །

གཉན་རིམས་ ༡༩ པའི་རྣམ་པ་གཞན་འགྱུར་ཌལ་ཊ་ Delta ཞེས་པའི་རྦ་རླབས་རབ་ཏུ་འཁྲུགས་པའི་དུས་འདིར་མཇུག་ཡོངས་སུ་གྲུབ་པར་བྱས་ཤིང་། སྐབས་འདིར་སྡེ་སྲིད་ཀྱིས་མཛད་པའི་༧ལྔ་པ་ཆེན་པོའི་རང་རྣམ་འཕྲོ་འཐུད་གསེར་སྙེ་སོགས་འབྲེལ་ཡོད་ཡིག་ཆ་སྐོར་ཞིག་དང་ཞིབ་བསྡུར་དགོས་ངེས་ཀྱང་། ཀློག་འདུན་ཡོངས་སུ་བོར་བས་ཕྱིས་སུ་དོ་སྣང་ཅན་ཚོས་ལྷན་ཐབས་སུ་བསྣན་པར་རིགས་སོ། །

དཔྱད་ཡིག་དང་ཞབས་མཆན། 

[1] འོད་དཀར་ཅན་གྱི་ཕྲེང་བ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རང་རྣམ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། པེ་ཅིང་། ༢༠༡༤ ལོར་སྤར། ཤོག་གྲངས་༡༤༢ན་གསལ།

[2] གོང་མཚུངས། ཤོག་གྲངས་ ༡༤༩ ན་གསལ།

[3] གོང་མཚུངས། ཤོག་གྲངས་ ༡༥༠ ན་གསལ།

[4] གོང་མཚུངས། ཤོག་གྲངས་ ༡༦༦ ན་གསལ།

[5] གོང་མཚུངས། ཤོག་གྲངས་ ༡༨༨ ན་གསལ།

[6] གོང་མཚུངས། ཤོག་གྲངས་ ༢༢༦ ན་གསལ།

[7] གོང་མཚུངས། ཤོག་གྲངས་ ༢༣༡ ན་གསལ།

[8] གོང་མཚུངས། ཤོག་གྲངས་ ༢༣༨ ན་གསལ།

[9] གོང་མཚུངས། ཤོག་གྲངས་ ༢༤༠ ན་གསལ།

[10] གོང་མཚུངས། ཤོག་གྲངས་ ༢༤༣ ན་གསལ།

[11] གོང་མཚུངས། ཤོག་གྲངས་ ༢༥༠ ན་གསལ།

[12] གོང་མཚུངས། ཤོག་ངོས་ ༢༥༢

[13] གོང་མཚུངས། ཤོག་ངོས་ ༢༥༣

[14] གོང་མཚུངས། ཤོག་ངོས་ ༢༥༤

[15] གོང་མཚུངས། ཤོག་ངོས་ ༣༡༡

[16] གོང་མཚུངས། ཤོག་ངོས་ ༡༥༣

[17] གོང་མཚུངས། ཤོག་ངོས་ ༡༥༤

[18] མཆོད་མེ་རྩོམ་རིག་དྲ་བ་ནས་བཤུས། http://www.tb1025.cn/qj/zhitu/2016-10-13/1256.html

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།