རྡུལ་ཕྲན་སྐོར་གྱི་དཀའ་བའི་གནད་ལ་བརྟག་པ།

0
164

ནང་དོན་གནད་བསྡུས།  དཔྱད་རྩོམ་འདིར་བརྗོད་བྱའི་གཙོ་བོ་གསུམ་བཟུང་ཡོད་དེ། དེའང་མདོ་དང་སྦྱར་ནས་རྡུལ་ཕྲན་གྱི་རྣམ་གཞག་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་རྫས་རྡུལ་དང་བསགས་རྡུལ་གྱི་ཁྱད་པར་དང་། རྡུལ་ཕྲ་རབ་དབང་ཤེས་ཀྱི་ཡུལ་དུ་འགྱུར་མིན་སོགས་ལ་དཔྱད་པ་ཞིབ་མོ་བྱས་པའི་ཁུལ་ཡིན། གཞན་དུ་རྡུལ་ཕྲ་རབ་ལ་དབྱིབས་ཡོད་མེད་ཀྱི་གྲུབ་མཐའ་གོང་འོག་བཞེད་པའི་མི་འདྲ་བའི་ཚུལ་བཅས་བརྗོད་ཡོད་དོ།།  

བརྡ་ཆད་གཙོ་བོ། རྡུལ་ཕྲ་རབ།  རྫས་རྡུལ་ཕྲ་རབ། བསགས་རྡུལ་ཕྲ་རབ། དབང་པོ། དབྱིབས།

དེའང་མཛོད་རྩ་བ་ལས།  འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་པ་ལས་འཕྲོས་ཏེ་རྡུལ་ཕྲན་གྱི་དཀའ་བའི་གནས་ཁ་ཤས་དམིགས་ཀྱིས་བསལ་ཏེ་བརྟག་པ་ཅུང་བགྱི་བ་ལ་གཉིས་ཏེ། རྒྱལ་བའི་བཀའ་ལས་གསུངས་ཚུལ་དང་། དེ་དག་གི་མཐའ་དཔྱད་པའོ།།

༡ མདོ་ལས་གསུང་ཚུལ།

དེའང་འདུལ་བ་ལུང་རྣམ་འབྱེད་ལས།  “རྡུལ་ཕྲ་རབ་དྲུག་ལ་རྡུལ་ཕྲ་མོ་གཅིག་གོ། །རྡུལ་ཕྲ་མོ་དྲུག་ལ་ཆུ་རྡུལ་གཅིག་གོ། །ཆུ་རྡུལ་དྲུག་ལ་ལྕགས་རྡུལ་གཅིག་གོ། །ལྕགས་རྡུལ་དྲུག་ལ་རི་བོང་རྡུལ་གཅིག་གོ། །རི་བོང་རྡུལ་དྲུག་ལ་ལུག་རྡུལ་གཅིག་གོ། །ལུག་རྡུལ་དྲུག་ལ་གླང་རྡུལ་གཅིག་གོ། །གླང་རྡུལ་དྲུག་ལ་ཉི་ཟེར་གྱི་རྡུལ་གཅིག་གོ། །ཉི་ཟེར་གྱི་རྡུལ་དྲུག་ལ་སྲོ་མ་གཅིག་གོ། །སྲོ་མ་དྲུག་ལ་ཤིག་གཅིག་གོ། །ཤིག་དྲུག་ལ་ནས་གཅིག་གོ། །ནས་དྲུག་ལ་སོར་གཅིག་གོ། །སོར་དྲུག་ལ་ཁྲུ་གང་ངོ་། །ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། ། ཁྲུ་བཞི་ལ་གཞུའོ།། གཞུ་ལྔ་བརྒྱ་ལ་རྒྱང་གྲགས་ཏེ་དེ་ཕན་ཆད་དགོན་པའོ། །” ཞེས་དང་། མདོ་རྒྱ་ཆེར་རོལ་བ་ལས། “སྲིད་སྒྲུབ་ཀྱིས་སྨྲས་པ། གཞོན་ནུ་རྡུལ་ཕྲ་རབ་ལ་འཇུག་པའི་རྗེས་སུ་སོང་བའི་གྲངས་ལ་ཇི་ལྟར་རྗེས་སུ་འཇུག་པར་བགྱི། བྱང་ཆུབ་སེམས་དཔས་སྨྲས་པ། རྡུལ་ཕྲ་རབ་ཀྱི་རྡུལ་བདུན་ལ་ནི་རྡུལ་ཕྲ་མོ་གཅིག་གོ། །རྡུལ་ཕྲ་མོ་བདུན་ལ་ནི་རྡུལ་ཆུང་ངུ་གཅིག་གོ། །རྡུལ་ཆུང་ངུ་བདུན་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ། །ཉི་ཟེར་གྱི་རྡུལ་བདུན་ལ་ནི་རི་བོང་རྡུལ་གཅིག་གོ། །རི་བོང་རྡུལ་བདུན་ལ་ནི་ལུག་རྡུལ་གཅིག་གོ། །ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་གོ། །གླང་རྡུལ་བདུན་ལ་ནི་སྲོ་མ་གཅིག་གོ། །སྲོ་མ་བདུན་ལ་ནི་ཡུངས་འབྲུ་གཅིག་གོ། །ཡུངས་འབྲུ་བདུན་ལ་ནི་ནས་གཅིག་གོ། །ནས་བདུན་ལ་ནི་སོར་གཅིག་གོ། །སོར་བཅུ་གཉིས་ལ་ནི་མཐོ་གང་ངོ་། །མཐོ་དོ་ལ་ནི་ཁྲུ་གང་ངོ་།། ཁྲུ་བཞི་ལ་ནི་གཞུ་གང་ངོ་།། གཞུ་སྟོང་ལ་ནི་ཡུལ་མ་ག་དྷཱའི་རྒྱང་གྲགས་གཅིག་གོ།། རྒྱང་གྲགས་བཞི་ལ་ནི་དཔག་ཚད་གཅིག་གོ།། ”ཞེས་པ་སོགས་ཀྱི་མཚོན་པའི་མདོ་མང་པོ་ལས་རྡུལ་ཕྲན་གྱི་སྐོར་བྱུང་ཡང་འདིར་མཚོན་ཙམ་ལས་འདྲེན་པར་མི་བྱའོ།།

༢ དེ་དག་གི་མཐའ་དཔྱད་པ།

གཉིས་པ་ལ་རྫས་རྡུལ་དང་གསགས་རྡུལ་གྱི་ཁྱད་པར་ལ་བརྟག་པ། རྡུལ་ཕྲ་རབ་དབང་པོའི་ཡུལ་ཡིན་མིན་ལ་བརྟག་པ། རྡུལ་ཕྲ་རབ་ལ་དབྱིབས་ཡོད་མེད་ལ་བརྟག་པ། དེ་དག་ལས་བྱུང་བའི་དོགས་གནས་འགའ་སྤོང་བ་དང་བཞིའོ། ། དེ་ལས་དང་པོ་རྫས་རྡུལ་དང་བསགས་རྡུལ་གྱི་ཁྱད་པར་འཇོག་ཚུལ་ལ་གཞི་རྩའི་ཆ་ནས་མི་མཐུན་པ་གཉིས་སུ་མཆིས་ཏེ། རྡུལ་ཕྲ་རབ་དུ་མ་ཚོགས་པའི་ཚོགས་སྤྱི་ལ་བསགས་རྡུལ་ཕྲ་རབ་དང་།  ཚོགས་པའི་ཆ་ཤས་སུ་གྱུར་པའི་རྡུལ་ཕྲན་ཡན་གར་བ་ལ་རྫས་རྡུལ་ཕྲ་རབ་དང་།  དེ་ལྟར་སྨྲ་བ་དེ་དག་གིས་རྡུལ་གཞན་དང་ལྷན་དུ་མ་ཚོགས་པའི་ཟླ་མེད་ཡན་གར་དུ་གནས་པའི་རྡུལ་ཕྲན་མེད་པར་འདོད་པ་དང་།  གཞན་དག་དེ་ལས་ལྡོག་ཏེ་རྡུལ་ཕྲན་གཞན་དང་ལྷན་དུ་མ་ཚོགས་པའི་ཟླ་མེད་ཡན་གར་དུ་གནས་པའི་རྡུལ་ཕྲན་དེ་ལ་རྫས་རྡུལ་ཕྲ་རབ་དང་།  རྡུལ་ཕྲན་དུ་མ་ཚོགས་པའི་ཆ་ཤས་སུ་གྱུར་པའི་ཕྲ་རབ་ཀྱི་རྡུལ་དེ་ལ་རྫས་རྡུལ་ཕྲ་རབ་ཏུ་འདོད་ཅིང་།  རྡུལ་གཞན་དང་ལྷན་དུ་མ་ཚོགས་པའི་རྡུལ་ཕྲན་ཡན་གར་དུ་གནས་པ་ཡོད་པར་འདོད་དོ།།

འོ་ན་དེ་གཉིས་ལས་གང་ཞིག་གཞུང་དོན་དངོས་ལ་ཞུགས་པ་ཡིན་ཞེ་ན། ལུགས་ཕྱི་མ་འཐད་ལ་སྔ་མ་མི་འཐད་པའི་ཚུལ་ནི་འཆད་པར་འགྱུར་བ་ལ་བལྟ་བར་བྱའོ།། དེའང་ཇི་ལྟར་ཞེ་ན། འདི་ལྟ་སྟེ།  འདོད་ན་དབང་པོ་མེད་པ་དང་།། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད།། ཅེས་པའི་གཞུང་འདི་གཟུགས་ཅན་གྱི་ཆོས་ལྷན་དུ་སྐྱེ་ཚུལ་བཤད་པའི་སྐབས་སུ་ཁེལ་ཡོད་ལ། དེའང་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་དེའི་ཆ་ཤས་སུ་གྱུར་པའི་མེ་རྡུལ་ཕྲ་མོ་གཅིག་མཚན་གཞིར་བཟུང་སྟེ་དེ་རྡུལ་རྫས་དུ་དང་ལྷན་ཅིག་དུ་སྐྱེ་བ་ཡིན་ཞེས་པའི་དོན་ཡིན་གྱི་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་རགས་པ་དེ་མཚན་གཞིར་བཟུང་སྟེ་དེ་རྡུལ་རྫས་དུ་དང་ལྷན་ཅིག་ཏུ་སྐྱེ་བ་ཡིན་ཞེས་པའི་དོན་ནི་མ་ཡིན་ཏེ། གལ་ཏེ་དེ་ལྟར་ཡིན་ན།  འདོད་པའི་སྒྲ་མེད་པའི་རྡུལ་གཅིག་ལ་མཚོན་ན་རྡུལ་རྫས་དགུ་དང་ལྷན་དུ་སྐྱེ་བར་འགྱུར་ཏེ། རྡུལ་རྫས་བརྒྱད་ཚོགས་པའི་ཚོགས་པ་རང་ཉིད་དང་།  དེའི་བརྩམ་གཞིར་གྱུར་པའི་གཟུགས་སྒྲ་དྲི་རོ་རེག་བྱ་བཞི་དང་། འབྱུང་བ་བཞི་ཡོད་པས་སོ།། གལ་ཏེ་ཚོགས་པ་རང་ཉིད་མི་བགྲང་པས་བརྒྱད་ལྷན་དུ་སྐྱེའོ་ཞེ་ན།  དེ་ལྟ་ན་ལུས་དབང་ལྡན་ལ་རྫས་དགུ་ཞེས་བརྗོད་མི་རིགས་པར་ཐལ་ཏེ། ལུས་དབང་རང་ཉིད་མི་བགྲང་པར་མཚུངས་དགོས་ཤིང་། དེ་ཕུད་པའི་ཤུལ་དུ་དགུ་ལྷན་དུ་སྐྱེ་བ་མེད་པའི་ཕྱིར་རོ།།  གཞན་ཡང་འདོད་ན་དབང་པོ་མེད་པ་དང་།  ཞེས་པའི་སྐབས་སུ་རྫས་རྡུལ་དམིགས་གྱིས་བཀར་ཏེ་རྡུལ་རྫས་བརྒྱད་དང་ལྷན་ཅིག་ཏུ་སྐྱེ་བར་བསྟན་པར་དགོས་པ་མེད་པར་ཐལ་ཏེ། རྫས་རྡུལ་དང་བསགས་རྡུལ་གཉིས་ཀ་རྡུལ་རྫས་བརྒྱད་དང་ལྷན་ཅིག་སྐྱེ་བར་ཁྱད་མེད་པར་འདོད་པའི་ཕྱིར་ཏེ། རྫས་རྡུལ་ཡིན་ན་རྡུལ་གཞན་དང་ཚོགས་པས་ཁྱབ་པར་འདོད་པའི་ཕྱིར་རོ། །

གཞན་ཡང་བསགས་རྡུལ་ཕྲ་རབ་ཆ་བཅས་སུ་འདོད་ན་མི་འཐད་དེ། སློབ་དཔོན་གང་སྤེལ་གྱི་མཛོད་ཀྱི་འགྲེལ་བ་མཚན་ཉིད་རྗེས་འབྲང་ལས། “རྡུལ་ཕྲ་རབ་ལ་གཉིས་ཏེ། རྫས་ཀྱི་རྡུལ་ཕྲ་རབ་དང་གསགས་པའི་རྡུལ་ཕྲ་རབ་བོ།། ”ཞེས་དེ་གཉིས་ཀ་རྡུལ་ཕྲ་རབ་ཡིན་པར་གསུངས་ཤིང་།  རྡུལ་ཕྲ་རབ་ལ་ཆ་མེད་པར་བྱེ་བྲག་བཤད་པ་ཆེན་པོ་ལས་གསུངས་པའི་ཕྱིར་ཏེ། དེ་ཉིད་ལས། “རྡུལ་ཕྲ་རབ་ནི་ཤིན་ཏུ་ཕྲ་བའི་གཟུགས་ཡིན་པར་རིག་པར་བྱ་སྟེ། བཅད་པ་དང་། གཞིག་པ་དང་། གནོད་པ་དང་། འཆང་བ་དང་། འཐེན་དུ་མེད་པ་དང་། རིང་བ་དང་། ཐུང་བ་དང་། ལྷམ་པ་དང་། ཟླུམ་པོ་དང་། ཕྱ་ལེ་བ་དང་།  ཕྱ་ལེ་བ་མ་ཡིན་པ་དང་། མཐོ་བ་དང་དམའ་བ་དག་མ་ཡིན་ཞིང་། ཆ་ཤས་མེད་པ་དང་། བཤིག་ཏུ་མི་རུང་བ་དང་། མཐོང་དུ་མེད་པ་དང་། ཐོས་སུ་མེད་པ་དང་། བསྣམ་པ་དང་། མྱང་དུ་མེད་པ་དང་། རེག་ཏུ་མེད་པས། དེའི་ཕྱིར་རྡུལ་ཕྲ་རབ་ནི་ཤིན་ཏུ་ཕྲ་བའི་གཟུགས་ཡིན་པར་བརྗོད་པར་བྱའོ།།”ཞེས་དང་། མཛོད་རྩ་བ་ལས།  “གཉིས་གཟུང་འགྱུར་ཏེ་རྡུལ་ལ་མེད།།”ཅེས་དང་། དེའི་ཐད་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་ལས།  “རྡུལ་ཕྲ་རབ་ལ་དབྱིབས་མེད་པའི་ཕྱིར་ཞེས་རྡུལ་ཕྲ་རབ་ལ་ཆ་མེད་པར་གསུངས་པ་དང་། ”མཛོད་རང་འགྲེལ་ལས། “ཐམས་ཅད་པས་ཕྲ་བའི་གཟུགས་ནི་བསགས་པའི་རྡུལ་ཕྲ་རབ་ཅེས་བྱ་སྟེ། དེ་ལས་ཆེས་ཆུང་བ་ནི་མི་མངོན་ནོ། ”ཞེས་པ་དང་འགལ་ཏེ།  ཁྱོད་འདོད་པའི་བསགས་རྡུལ་དེ་ལས་ཆེས་ཆུང་བ་མངོན་པའི་ཕྱིར་ཏེ།  རྫས་རྡུལ་ཕྲ་མོ་དེ་དེ་ལས་ཆུང་བའི་ཕྱིར་རོ།།  གཞན་ཡང་རྡུལ་ཕྲན་ཟླ་མེད་ཡན་གར་དུ་གནས་པ་མེད་ཅེས་པའང་མི་འཐད་དེ། མཁས་མཆོག་དབྱིག་གཉེན་གྱི་མཛོད་རང་འགྲེལ་ལས། “གལ་ཏེ་སྤུངས་པའི་དོན་ཕུང་པའི་དོན་ཡིན་ན་ཕུང་པོ་རྣམས་བཏགས་པའི་ཡོད་པར་འགྱུར་ཏེ། རྫས་སུ་མ་འདུས་པ་ཡིན་པའི་ཕྱིར་སྤུངས་པ་དང་གང་ཟག་བཞིན་ནོ་ཞེ་ན། མ་ཡིན་ཏེ། རྫས་ཀྱི་རྡུལ་ཕྲ་རབ་གཅིག་པུ་ཡང་ཕུང་པོ་ཡིན་པའི་ཕྱིར་རོ། ། དེ་ལྟར་ན་གཅིག་པུ་ལ་སྤུངས་པ་ཉིད་མེད་པས་སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ་ཞེས་བརྗོད་པར་མི་བྱའོ།། ”ཞེས་རྫས་རྡུལ་ཕྲ་རབ་གཅིག་པུར་གནས་པ་དང་གཟུགས་ཕུང་ལ་གཟུགས་རྡུལ་སྤུངས་མི་དགོས་པར་གསུངས་པ་དང་།  སློབ་དཔོན་གང་སྤེལ་གྱི་མཚན་ཉིད་རྗེས་འབྲང་ལས་ཀྱང་། “རྫས་ཞེས་བྱ་བ་ལ་སོགས་པ་སྟེ། རྡུལ་ཕྲ་རབ་གཅིག་པུ་ཡང་ཕུང་པོ་ཞེས་བརྗོད་དོ་ཞེས་དང་།” ཡང་དེ་ཉིད་ལས། “གང་གི་ཕྱིར་རྡུལ་ཕྲ་རབ་གཅིག་པུ་ཡང་དེ་དང་དེར་ཕུང་པོ་ཡིན་པའི་ཕྱིར་རོ་ཞེས་ལན་སྨྲས་པ་ཡིན་ནོ།། ཞེས་པའི་དོགས་པ་དང་དོགས་ལེན་འདི་དག་རྫས་རྡུལ་ལ་རྡུལ་གཞན་དང་ཚོགས་པས་ཁྱབ་པར་འདོད་པའི་ལུགས་ལ་ཡོང་བའི་གནས་མེད་ཅིང་སྐབས་མེད་པས་མི་འཐད་ལ། ད་དུང་ཡང་ཁ་གསལ་ལ་གནད་ཟིན་པའི་གཞུང་ཞིག་འདྲེན་པར་བྱ་ན་འདི་ལྟ་སྟེ། དེའང་མཁས་མཆོག་སྨྲི་ཏིའི་བྱང་ཆུབ་སེམས་ཀྱི་འགྲེལ་བའི་རྣམ་བཤད་ལས། “གཟུགས་ཀྱི་མཐའ་མའི་ཆ་ནི་རྡུལ་ཕྲན་ཏེ། ཐོགས་པ་མེད་ཅིང་མདུན་བརྒྱབ་ཀྱི་ཆ་མེད་པའོ།།  དེ་ཡང་གཉིས་ཏེ་བསགས་པའི་རྡུལ་ཕྲ་རབ་དང་རྫས་ཀྱི་རྡུལ་ཕྲ་རབ་བོ།།”ཞེས་རྫས་རྡུལ་དང་བསགས་རྡུལ་ཕྲ་རབ་གཉིས་ཆར་ལ་མདུན་བརྒྱབ་སོགས་ཀྱི་ཆ་མེད་པར་གསལ་བོར་གསུངས་འདུག་པ་སོགས་ལ་ཞིབ་ཏུ་བསམ་པར་རིགས་ཀྱི་གཞན་དུ་གཞུང་ལུགས་ཀྱི་ནམ་མཁའ་མཇལ་བའི་བློ་གྲོས་ཀྱི་མིག་ཟུང་བཙུམ་སྟེ་གཞུང་དོན་ཀྱོག་པོར་སྨྲ་བའི་ལྗགས་ཀྱི་པདྨོ་གང་སར་བརྐྱངས་ན་ཤིན་ཏུ་མི་མཛེས་པར་འདུག་གོ།། དེས་ན་རྫས་རྡུལ་ཕྲ་རབ་དང་བསགས་རྡུལ་ཕྲ་རབ་གཉིས་ཀ་རྡུལ་ཕྲན་ཆ་མེད་ཡིན་པ་གཞིར་བཞག་སྟེ། རྡུལ་ཕྲན་གཞན་དང་འཕྲད་པ་ལ་བསགས་རྡུལ་དང་། མ་འཕྲད་པ་ལ་རྫས་རྡུལ་དུ་འཇོག་དགོས་པའི་ཚུལ་ནི་གཞུང་ལུགས་ཀྱི་འགྲོས་ལ་རྟོན་ཞིང་ཚིག་ནུས་ཕྲ་མོ་མྱོང་ནུས་པའི་བློ་ལྡན་དག་གི་སྤྱོད་ཡུལ་འབའ་ཞིག་ཏུ་འཁུམས་སོ།།

 རྡུལ་ཕྲན་དབང་པོའི་ཡུལ་དུ་འགྱུར་མིན།

གཉིས་པ་རྡུལ་ཕྲ་རབ་དབང་པོའི་ཡུལ་དུ་འགྱུར་རམ་ཅི་ཞེ་ན། འདི་ལ་གཞུང་ལུགས་ཆེན་པོ་དག་ལ་རིང་དུ་མ་འདྲིས་ཤིང་ཐོས་པ་ཕྱོགས་རེ་བ་དག་གིས་བྱེ་བྲག་སྨྲ་བ་དང་མཐུན་པར་གྲུབ་མཐའ་གོང་མས་ཀྱང་རྡུལ་ཕྲ་རབ་དབང་པོའི་ཡུལ་དུ་མི་བཞེད་ཅེས་འཛེར་ཡང་མི་འཐད་པར་གོ་སླ་སྟེ།  དེའང་རེ་ཞིག་རྒྱ་གར་མཁས་པའི་ཁྲོད་ན་བཞེད་པ་མི་འདྲ་བ་གཉིས་སུ་ཡོད་པ་ནི་འདི་ལྟ་སྟེ།  སློབ་དཔོན་ལེགས་ལྡན་འབྱེད་སོགས་ཀྱིས་རྡུལ་ཕྲ་རབ་ལ་རྡུལ་གཞན་དང་ཚོགས་པ་དང་མ་ཚོགས་པ་གཉིས་སུ་ཕྱེས་ཏེ་ཚོགས་པའི་གནས་སྐབས་ཀྱི་རྡུལ་ཕྲ་རབ་དེ་དབང་པོའི་ཡུལ་དུ་འགྱུར་བ་དང་མ་ཚོགས་པའི་གནས་སྐབས་ཀྱི་རྡུལ་ཕྲ་རབ་དེ་དབང་པོའི་ཡུལ་དུ་མི་འགྱུར་པར་འདོད་དེ། སློབ་དཔོན་ཕྱོགས་གླང་གི་དམིགས་པ་བརྟག་པ་ལས། “དབང་ཡུལ་དེའི་ཕྱིར་རྡུལ་ཕྲན་མིན།།”ཞེས་རྡུལ་ཕྲན་དབང་ཡུལ་དུ་བཀག་པ་ལ་སློབ་དཔོན་ལེགས་ལྡན་གྱིས་རྡུལ་ཕྲན་གཞན་དང་མ་ཚོགས་པའི་རྡུལ་ལ་ཟེར་རམ་ཚོགས་པའི་ཆ་ཤས་ཀྱི་རྡུལ་ལ་ཟེར།

དང་པོ་ལྟར་ན་འདོད་པ་ཡིན་ལ།  ཕྱི་མ་ལྟར་ན་རྟགས་མ་གྲུབ་ཅེས་ལན་བཏབ་སྟེ།  དབུ་མ་སྣང་བ་ལས། ཅི་སྟེ་བློ་ཡུལ་རྣམ་གཉིས་ཏེ།། གཅིག་དང་འདུས་པ་ཡིན་སྙམ་ན། །རིགས་པས་ཡོངས་སུ་བརྟགས་པ་ན། །དེ་ནི་གཉི་གར་མི་རིགས་སོ། །དེ་ལ་གཟུགས་རྡུལ་གཅིག་པུ་ནི། །གཟུགས་བློའི་སྤྱོད་ཡུལ་མ་ཡིན་ཏེ། །དེ་སྣང་ཉིད་དུ་མི་འགྱུར་ཕྱིར། །དབང་གཟུགས་སྤྱོད་ཡུལ་མ་ཡིན་བཞིན། །ཕྲ་རབ་གཟུགས་ནི་དུ་མ་དེ། །སེམས་ཀྱི་སྤྱོད་ཡུལ་ཡིན་མི་འདོད། །རྫས་སུ་ཡོད་པ་མ་ཡིན་ཕྱིར། །དཔེར་ན་ཟླ་བ་གཉིས་བཞིན་ནོ། །དེ་ལ་གལ་ཏེ་ཕ་རོལ་པོ། །བསགས་པ་མིན་པའི་གཟུགས་སེམས་ཀྱིས། །སྤྱོད་ཡུལ་མིན་པར་སྒྲུབ་བྱེད་ན། །དེར་ནི་གྲུབ་པ་ཉིད་སྒྲུབ་འགྱུར།།ཅི་སྟེ་བསགས་པའི་གཟུགས་ལ་ནི།། གཏན་ཚིགས་མ་གྲུབ་ཉིད་འགྱུར་ཏེ།། གཟུགས་གཞན་དག་གི་བསགས་པ་ནི།། དེར་སྣང་བློ་ནི་སྐྱེ་ཕྱིར་རོ།། དེ་ནི་དམིགས་ཉིད་ཡིན་འདོད་དེ།། ཞེས་འབྱུང་བ་ལྟར་དང་། རྟོག་གེ་འབར་བ་ལས་ཀྱང་འདི་བཞིན་འབྱུང་ཡང་ཡིག་ཚོགས་ལ་དོགས་པས་མ་དྲངས་སོ།།

ད་དུང་ཤིན་ཏུ་བརྟག་པར་རིགས་པ་ནི་འདི་འདྲ་ཞིག་ཡོད་དེ། དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས། “ལག་སོགས་གཡོ་ན་ཐམས་ཅད་དག།”ཅེས་པ་ནས།“དེ་ཕྱིར་ཚོགས་པ་གཅིག་ཡོད་མིན།།”ཞེས་པའི་བར་གྱིས་ལུས་ཀྱི་ཡན་ལག་ཀུན་ཚོགས་པའི་ཚོགས་པའམ་ཡན་ལག་ཅན་རྫས་སུ་མེད་པར་བསྟན་པ་ན།  གསལ་བྱེད་པ་ན་རེ་དེ་ལྟར་ན་ཚོགས་པ་ནི་རྫས་སུ་མེད་ལ་ཚོགས་པའི་ཆ་ཤས་ཀྱི་རྡུལ་ཕྲ་རབ་ཀྱིས་ཀྱང་སྔར་མ་ཚོགས་པ་བཞིན་དུ་བུམ་སོགས་ཀྱི་བློ་བསྐྱེད་མི་ནུས་ཏེ། སྔར་མ་ཚོགས་པ་བཞིན་དུ་དབང་པོའི་ཡུལ་ལས་འདས་པའི་ཕྱིར་ཞེས་བརྒལ་ཏེ།  རྣམ་འགྲེལ་ལས།“དུ་མ་ཉིད་ན་སྔ་མ་བཞིན།། ཁྱད་མེད་ཕྱིར་དང་ཕྲ་བའི་ཕྱིར།། རྟོགས་མིན་ཞེ་ན།།”ཞེས་པ་ལྟར་རོ།། དེའི་ལན་དུ་དཔལ་ལྡན་ཆོས་གྲགས་ཀྱིས་འདི་ལྟར་གསུངས་ཏེ།  རྣམ་འགྲེལ་ལས།  “ཁྱད་མེད་པར།། མ་གྲུབ་ཁྱད་པར་ཅན་རྣམས་ནི།། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན།།”ཞེས་གསུངས་སོ།། དེའི་དོན་ནི་འདི་ཡིན་ཏེ། སྔར་མ་ཚོགས་པའི་རྡུལ་ཕྲན་དང་ཚོགས་པའི་གནས་སྐབས་ཀྱི་རྡུལ་ཕྲན་གཉིས་ལ་ཁྱད་མེད་པར་མ་གྲུབ་ཏེ།  ཚོགས་པའི་གནས་སྐབས་ཀྱི་རྡུལ་ཕྲན་རྣམས་ནི་དབང་པོའི་ཡུལ་ཡིན་ལ་མ་ཚོགས་པའི་གནས་སྐབས་ཀྱི་རྡུལ་ཕྲན་ནི་དབང་ཡུལ་མིན་པས་སོ་ཞེས་པའི་དོན་ཡིན་ནོ།། དེ་ལྟར་ན་ལུགས་འདིར་རྡུལ་ཕྲ་རབ་ཡིན་ཞིང་དབང་པོའི་ཡུལ་དུ་གྱུར་པ་ཞིག་ཡོད་པར་འདོད་པ་ཡིན་ཏེ། རྣམ་འགྲེལ་རང་འགྲེལ་ལས།“རྡུལ་ཕྲ་རབ་དབང་པོ་ལས་འདས་པ་གང་ཡིན་པ་དེ་དག་ཉིད་ཀྱང་ཕྱིས་མ་ཡིན་གྱི། འོན་ཀྱང་དེ་དག་ལ་བརྟེན་ནས་ཁྱད་པར་ཅན་གཞན་ཉིད་སྐྱེ་བར་འགྱུར་རོ། །ཁྱད་པར་ཅན་དེ་རྣམས། དབང་པོས་གཟུང་ཡིན་དེ་ཕྱིར་ཏེ། །དབང་པོས་གཟུང་བར་བྱ་བ་ཉིད་ཡིན་པའི་ཕྱིར། རྡུལ་ཕྲན་མིན་ཏེ་གཏན་ཚིགས་གཉིས་པ་ཡང་མ་གྲུབ་པ་ཡིན་ནོ།།”ཞེས་དང་། འཇམ་མགོན་མི་ཕམ་པས་ལེགས་བཤད་སྣང་གཏེར་ལས།  “བུམ་སོགས་རྡུལ་ཕྲ་རབ་ཀྱི་ངོ་བོར་གནས་སུ་ཟིན་ཀྱང་མ་ཚོགས་པ་དང་ཚོགས་པའི་གནས་སྐབས་ཀྱི་རྡུལ་ལ་ཁྱ༷ད་མེ༷ད་པར༷་མ༷་གྲུབ༷་སྟེ། ཚོགས་པའི་རྡུལ་ཁྱ༷ད་པ༷ར་ཅ༷ན་རྣམ༷ས་ནི༷་དབ༷ང་པོའི་ཡུལ༷་ཡིན་པ་དེ༷་ཕྱིར༷་སྔར་མ་ཚོགས་པའི་རྡུལ༷་ཕྲན༷་དབང་པོ་ལས་འདས་པ་དེ་མི༷ན་ཏེ། དབང་པོ་སྐྱེད་ནུས་ཀྱི་ཁྱད་པར་དང་ལྡན་པ་ཡིན་ནོ།། དེ་ནི་རྒྱུ་ཚོགས་པའི་མཐུས་ཡིན་གྱི་དབང་པོ་ཕྲ་རབ་རང་གི་ངོ་བོས་མ་ཡིན་ཏེ། སྔར་ས་སོགས་ཚོགས་པ་དང་མ་ཚོགས་པའི་སྐབས་ལ་ཁྱད་ཡོད་པར་བརྗོད་པ་བཞིན་ནོ།།

དེས་ན་ཚོགས་པའི་དུས་ན་རྡུལ་ཕྲ་རབ་ཀྱི་ཐ་སྙད་དུ་མི་བྱ་བར་བུམ་པ་ལ་སོགས་པའི་ཐ་སྙད་དུ་བྱ་བ་ཡིན་ཏེ།     སྣམ་བུ་ལ་སྣལ་མ་ཞེས་མི་བྱ་བ་བཞིན་ནོ།། ”ཞེས་ཚོགས་པའི་ཆ་ཤས་ཀྱི་རྡུལ་ཕྲ་རབ་དབང་པོའི་ཡུལ་དུ་འགྱུར་པ་གསལ་བོར་གསུངས་པ་ལྟར་རོ།། དེར་དགོངས་ཏེ་མདོ་ལས། “རྣམ་པར་ཤེས་པ་ཚོགས་ལྔ་ནི་བསགས་པ་ལ་དམིགས་པ་ཡིན་ནོ།། ”ཞེས་གསུངས་སོ།། ད་དུང་དཔྱད་པར་བྱ་བ་གཞན་ཞིག་ནི་འདི་ལྟ་སྟེ།  ཞི་མཚོའི་དབུ་མ་རྒྱན་ལས། “རྣམ་ཤེས་ལྔ་ཡི་ཁམས་རྣམས་ནི།། བསགས་ལ་དམིགས་པའི་རྣམ་པ་ཅན།། ”ཞེས་པ་འདི་དང་འདིའི་ཐད་ཀྱི་དབུ་མ་རྒྱན་འགྲེལ་སོགས་ལས་རྣམ་ཤེས་ལྔ་ཡིས་བསགས་པ་ལ་དམིགས་པ་གསུངས་པ་བདེན་མོད། འོན་ཀྱང་དེ་ཙམ་གྱིས་རྡུལ་ཕྲན་དབང་ཡུལ་དུ་མི་བཞེད་པའི་རྒྱུ་མཚན་དུ་འདྲེན་པ་ནི་ཅུང་བློ་གྲོས་རྩིང་བའི་རྣམ་འགྱུར་དུ་སེམས་ཏེ། སློབ་དཔོན་ལེགས་ལྡན་གྱིས་ཀྱང་བསགས་པ་ལ་དམིགས་དགོས་པར་གསུངས་པས་དེས་ཀྱང་རྡུལ་ཕྲན་དབང་ཡུལ་དུ་མི་བཞེད་པར་འགྱུར་ནའང་དེ་ལྟར་མ་ཡིན་ཚུལ་གོང་དུ་བསྒྲུབས་ཟིན་པ་ལྟར་དང་། རྣམ་འགྲེལ་དང་ལེགས་བཤད་སྣང་གཏེར་གཉིས་ཆར་ལས་ཀྱང་ཚོགས་པར་དམིགས་པར་གསུངས་པས་དེས་ཀྱང་རྡུལ་ཕྲ་རབ་དབང་ཡུལ་དུ་མི་བཞེད་པར་འདོད་དགོས་ནའང་བཞེད་པར་ཤིན་ཏུ་གསལ་བ་གོང་དུ་དྲངས་ཟིན་པ་ལྟར་རོ།།

སྤྱིར་བསགས་པ་ཞེས་པའི་ཐ་སྙད་འདི་ཚོགས་པ་སྤྱི་དང་དེའི་ཆ་ཤས་ཀྱི་རྡུལ་གཉིས་ཆར་ལ་སྦྱར་བ་ཡོད་པ་གཞུང་ལས་གསལ་བས་དེ་ཙམ་གྱིས་ཅི་ཡང་མི་འགྲུབ་བོ།། དེས་ན་ཞི་མཚོས་ཀྱང་བསགས་པའི་རྡུལ་ཕྲ་རབ་ལ་དམིགས་པར་འདོད་ཅེས་བསྒྲུབས་ན་ལེགས་བཤད་སྣང་གཏེར་སོགས་དང་མཐུན་ཆེ་བར་སྣང་བས་ལེགས་སྙམ་ཡང་དཔྱད་འཚལ་ལོ།།  དམིགས་བརྟག་ལས་རྡུལ་ཕྲ་རབ་དབང་ཡུལ་དུ་བཀག་པ་ནི་མ་ཚོགས་པའི་རྡུལ་ཕྲ་རབ་ལ་གོ་དགོས་སྙམ་ཏེ། རྣམ་འགྲེལ་ལས། “དེ་ཕྱིར་རྡུལ་ཕྲན་མིན།།”ཞེས་པའི་རྡུལ་ཕྲན་ནི་ལེགས་བཤད་སྣང་གཏེར་ལས་མ་ཚོགས་པའི་རྡུལ་ཕྲན་འབའ་ཞིག་ལ་སྦྱར་བའི་ཕྱིར་རོ།། དེ་ལྟར་མ་ཡིན་ན་ཕྱོགས་གླང་ཡབ་སྲས་དགོངས་པ་མི་མཐུན་པར་འགལ་བ་ལྟག་སྤྲོད་དུ་སོང་བར་སྨྲ་དགོས་པས་ཅུང་མི་མཛེས་སོ་སྙམ། གཞན་ཡང་མཁས་མཆོག་སྨྲི་ཏིའི་བྱང་ཆུབ་སེམས་འགྲེལ་ལས། “རྫས་ཀྱི་རྡུལ་ཕྲ་རབ་དེས་མིག་ལ་སོགས་པའི་རྣམ་པར་ཤེས་པ་བསྐྱེད་མི་ནུས་པས། གཟུགས་ཀྱི་རྡུལ་ཕྲན་དབང་ཤེས་མིན།། རྡུལ་ཕྲ་རབ་དབང་པོས་མི་སོད་པའི་ཕྱིར་རོ།། ”ཞེས་རྫས་རྡུལ་ཕྲ་རབ་དམིགས་ཀྱིས་བཀར་ཏེ་དབང་པོའི་ཡུལ་མིན་པར་བསྟན་པས་རྡུལ་ཕྲ་རབ་ལ་དབང་ཡུལ་ཡིན་མིན་ཆ་ཕྱེ་ནས་བཤད་དགོས་པ་གོ་སླའོ།།

དེས་ན་གྲུབ་མཐའ་གོང་འོག་གི་གཞུང་ལ་མ་འདྲིས་པར་འོལ་ཚོད་དང་གཟུ་ལམ་ཁོ་ནས་གཞུང་དོན་ལོག་པར་འགྲེལ་ན་ཤིན་ཏུ་མི་རིགས་སོ།། དེ་ལྟ་ནའང་བྱེ་སྨྲའི་གྲུབ་མཐའི་དབང་དུ་བྱས་ན་རྡུལ་ཕྲ་རབ་དབང་པོའི་ཡུལ་དུ་མི་བཞེད་དེ། དེ་དག་གིས་རྡུལ་ཕྲ་རབ་དབང་པོའི་སྤྱོད་ཡུལ་མ་ཡིན་པ་ཡང་འདུས་པ་དག་གི་ཚེ་མངོན་དུ་གྱུར་པ་ཡིན་ལ། དཔེར་ན་སྐྲ་ཉག་མ་གཅིག་གི་རྡུལ་ཕྲ་རབ་སྤྱོད་ཡུལ་དུ་མི་འགྱུར་ལ། སྐྲ་བཀྲམ་པའི་ཚོགས་པ་སྤྱོད་ཡུལ་དུ་གྱུར་པ་ལྟ་བུའོ། །ཞེས་ཟེར་ཏེ། ཆོས་མངོན་པའི་མཛོད་ཀྱི་བཤད་པ་ལས།  “རྡུལ་ཕྲ་རབ་དབང་པོའི་སྤྱོད་ཡུལ་མ་ཡིན་པ་ཡང་འདུས་པ་དག་ནི་མངོན་སུམ་ཉིད་ཡིན་ཏེ། དཔེར་ན་དེ་དག་གི་འབྲས་བུ་རྩོམ་པ་དང་། མིག་ལ་སོགས་པ་འབྲས་བུ་རྩོམ་པ་དང་། རབ་རིབ་ཅན་རྣམས་ལ་སྐྲ་གྲམ་པའི་ཚོགས་དམིགས་པ་ལྟ་བུ་སྟེ། སྐྲ་ཉག་མ་གཅིག་ནི་རྡུལ་ཕྲ་རབ་བཞིན་དུ་དེ་དག་གི་དབང་པོའི་སྤྱོད་ཡུལ་དུ་མི་འགྱུར་རོ།”ཞེས་དང་། བྱེ་བྲག་བཤད་པ་ཆེན་མོ་ལས།  “མཐོང་དུ་མེད་པ་དང་། ཐོས་སུ་མེད་པ་དང་། བསྣམ་པ་དང་། མྱང་དུ་མེད་པ་དང་། རེག་ཏུ་མེད་པས། དེའི་ཕྱིར་རྡུལ་ཕྲ་རབ་ནི་ཤིན་ཏུ་ཕྲ་བའི་གཟུགས་ཡིན་པར་བརྗོད་དོ།། ཞེས་དང་། ”མཛོད་རང་འགྲེལ་ལས། “དབང་པོའི་རྡུལ་ཕྲ་རབ་བམ་ཡུལ་གྱི་རྡུལ་ཕྲ་རབ་གཅིག་གིས་རྣམ་པར་ཤེས་པ་སྐྱེད་པ་ནི་མེད་དེ།། རྣམ་པར་ཤེས་པ་ཚོགས་ལྔ་པོ་དག་གི་རྟེན་དང་དམིགས་པ་ནི་བསགས་པ་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་རྡུལ་ཕྲ་རབ་ནི་མི་མཐོང་བའི་ཕྱིར་བསྟན་དུ་མེད་པ་ཡིན་ནོ།། ”ཞེས་པ་སོགས་སྒྲུབ་བྱེད་མང་ཡང་ཡིག་ཚོགས་ལ་འཇིགས་པས་རེ་ཞིག་བསྐྱུང་བར་བྱའོ།།

༤ རྡུལ་ཕྲན་ལ་དབྱིབས་ཡོད་མེད།

གསུམ་པ་རྡུལ་ཕྲ་རབ་ལ་དབྱིབས་ཡོད་མེད་ཀྱི་ཐད་ནས་གྲུབ་མཐའ་གོང་འོག་བཞེད་པ་མི་འདྲ་བ་ཆགས་ཡོད་ལ། དེའི་གནད་གང་ཡིན་དང་དེ་ལས་གང་ཞིག་འཐད་ཕྱོགས་སུ་འཛིན་ཞེ་ན།  དང་པོ་མངོན་པ་ཀུན་བཏུས་ལས། “རྡུལ་ཕྲ་རབ་ཀྱི་དབྱིབས་དང་།  རགས་པའི་དབྱིབས། ”ཞེས་རྡུལ་ཕྲ་རབ་ལ་དབྱིབས་ཡོད་པར་གསུངས་ལ། དེ་མཚུངས་སུ་སློབ་དཔོན་ཕྱོགས་གླང་གི་དམིགས་བརྟག་རང་འགྲེལ་ལས། “རྡུལ་ཕྲ་རབ་རྣམས་རྫས་གཞན་ཡིན་དུ་ཟིན་ཀྱང་། ཟླུམ་པོ་ལ་ནི་དབྱེ་བ་མེད་དོ།། ། དེ་ཕྱིར་དེ་རྫས་མེད་ལ་ཡོད། རྣམ་པའི་དབྱེ་བ་ནི་ཀུན་རྫོབ་ཏུ་ཡོད་པ་དག་ཁོ་ན་ལ་ཡོད་ཀྱི་རྡུལ་ཕྲ་མོ་རྣམས་ལ་མ་ཡིན་ནོ། བུམ་པ་ལ་སོགས་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་དོ།། ”ཞེས་རྡུལ་ཕྲ་རབ་ལ་དབྱིབས་ཡོད་པར་གསུངས་ལ།  མངོན་པ་འོག་མ་ལྟར་ན་དེ་ལས་ལྡོག་སྟེ་གསུངས་ཏེ། བྱེ་བྲག་བཤད་མཛོད་ཆེན་མོ་ལས། “རིང་བ་དང་། ཐུང་བ་དང་། ལྷམ་པོ་དང་ཟླུམ་པོ་དང་། ཕྱེ་ལེ་བ་དང་། ཕྱ་ལེ་མ་ཡིན་པ་དང་། མཐོ་བ་དང་། དམའ་བ་མ་ཡིན་ཞིང་། ཞེས་པ་ནས་ཤིན་ཏུ་ཕྲ་བའི་གཟུགས་ཡིན་པ་ཞེས་བརྗོད་དོ།།”ཞེས་དང་། སློབ་དཔོན་གང་བ་སྤེལ་གྱི་མཚན་ཉིད་རྗེས་འབྲང་ལས། “དེ་རྡུལ་ལ་མེད་ཅེས་བྱ་བ་ནི་ཇི་ལྟར་སྔོན་པོ་ལ་སོགས་པའི་གཟུགས་རྡུལ་ཕྲན་གྱི་རྫས་བརྒྱད་ལ་སོགས་པ་ཡོད་པ་དེ་ལྟར་རིང་པོ་ལ་སོགས་པའི་དབྱིབས་ནི་རྡུལ་ཕྲ་རབ་ལ་མེད་དོ།། ”ཞེས་པ་སོགས་ཀྱིས་མཚོན་པའི་གཞུང་མང་ཡང་འདིར་འདྲེན་པའི་ངལ་མི་བྱ་ལ། དེ་ལྟར་བཞེད་པ་མི་མཐུན་པ་གཉིས་སུ་ཆགས་པའི་རྒྱུ་མཚན་ནི་ཁ་དོག་དང་རེག་བྱའི་དབྱིབས་ཁ་དོག་དང་རེག་བྱ་ལས་རྫས་གཅིག་པ་དང་ཐ་དད་དུ་བཞེད་པའི་གནད་ཀྱིས་ཡིན་ཏེ། བྱེ་སྨྲའི་ལུགས་ལ་དབྱིབས་དང་དབྱིབས་ཅན་རྫས་ཐ་དད་དུ་ཁས་བླངས་པས་ཆོས་དེའི་དབྱིབས་དེ་ཆོས་དེ་དང་རྫས་ཐ་དད་པའི་ཆོས་དེའི་ཆ་ཤས་སུ་ཁས་ལེན་པས་རྡུལ་ཕྲན་ཆ་མེད་ལ་དབྱིབས་ཡོད་པར་མི་འདོད་ལ།  མདོ་སྡེ་པ་སོགས་ཀྱིས་ཆོས་དེའི་དབྱིབས་ཆོས་དེའི་བཀོད་པ་ཙམ་ལས་ཆོས་དེ་དང་རྫས་དབྱེར་མེད་དུ་ཁས་ལེན་པས་རྫས་ཆ་སོ་སོར་དབྱེར་མེད་ལ། དེའི་ཕྱིར་ཆ་མེད་ལ་དབྱིབས་ཡོད་པར་ཁས་ལེན་པར་བྱེད་དོ།། འདི་ལྟར་རྡུལ་ཕྲ་རབ་ལ་དབྱིབས་ཡོད་མེད་ཀྱི་ལྟ་གྲུབ་ལ་ཧེ་བག་ཤོར་བའི་རྒྱུ་མཚན་ནི་དབྱིབས་དང་དབྱིབས་ཅན་རྫས་གཅིག་དང་ཐ་དད་དུ་ཁས་ལེན་ཚུལ་མི་མཚུངས་པས་བསྐྱེད་པ་ཡིན་ལ། དེ་དག་གི་རྩོད་པ་དང་རྩོད་ལན་འགྲོ་ཚུལ་ལ་ཞིབ་ཏུ་བསམ་ན་དཀའ་བར་སྣང་ཡང་འདིར་དཔྱད་པར་མི་བྱའོ།།

༥ དོགས་པ་འགའ་ཞིག་སྤོང་བ།

བཞི་པ་ནི་དེ་ལྟར་བརྗོད་པ་ལ་དོགས་པ་འགའ་ཞིག་འབྱུང་བར་རིགས་ཏེ། དེའང་ཇི་ལྟར་ཞེ་ན། རྡུལ་ཕྲན་ཆ་མེད་ཡན་གར་དུ་གནས་པ་འདོད་པ་ནི་མི་རིགས་ཏེ། གཞུང་དང་འགལ་བའི་ཕྱིར་ཏེ།  མཛོད་རང་འགྲེལ་ལས།“རྡུལ་ཕྲ་རབ་ཀྱི་གཟིགས་གཅིག་པུ་ལོགས་ཤིག་ཏུ་འགྱུར་བ་ནི་མེད་ཅེས་དང་། ”རྒྱལ་སྲས་བཀྲ་ཤིས་ཀྱིས། “རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་པུ་ལོགས་ཤིག་ཏུ་གྱུར་པ་ནི་མེད་པ་ཉིད་དོ། །”ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ་ཞེ་ན།  གཞུང་ཚིག་འདི་ལ་འཁྲིལ་ཏེ་ཕྱིན་ཅི་ཕྱིན་དུ་སྨྲ་བ་ཙམ་མཆིས་མོད། འོན་ཏང་དེའི་དོན་ནི་འདི་ལྟ་སྟེ། རྫས་རྡུལ་ཆ་མེད་ཡན་གར་དུ་གནས་པ་དེ་ལ་ད་ལྟ་རང་གི་གོ་ས་ན་གཟུགས་རྡུལ་དུ་མ་སྤུངས་པའི་དོན་མེད་ཀྱང་ཚོགས་པ་ན་ཡོད་ཅེས་པའི་དོན་ཡིན་གྱི་རྡུལ་ཕྲན་ཟླ་མེད་ཡན་གར་དུ་གནས་པ་མེད་པའི་དོན་མ་ཡིན་ཚུལ་གོང་དུ་དྲངས་པའི་ལུང་རིགས་དག་གིས་ཤེས་ཐུབ་པས་བསྐྱར་དུ་ཟློས་པའི་ངལ་བ་སྤངས་སོ།།

ཡང་རྡུལ་གཞན་དང་མ་ཚོགས་པའི་རྡུལ་ཕྲན་ཟླ་མེད་ཡན་གར་དུ་གནས་པ་དེ་གཟུགས་ཀྱི་ཕུང་པོ་ཡིན་ནམ་མིན། ཡིན་ན་གཟུགས་རྡུལ་དུ་མ་སྤུངས་པ་ཡིན་པར་ཐལ།  གཟུགས་ཀྱི་ཕུང་པོ་ཡིན་པའི་ཕྱིར། མིན་ན་མཛོད་རང་འགྲེལ་སོགས་ལས་གཟུགས་ཀྱི་ཕུང་པོ་ཡིན་པར་བསྟན་པ་དང་འགལ་ལོ་ཞེ་ན།》འདི་ནི་མཁས་པའི་དགག་སྒྲུབ་ཀྱི་རོ་འཛིན་གཡོ་སའི་གལ་གནད་ཅིག་ཡིན་ཏེ། ཇི་ལྟར་ཞེ་ན། བྱེ་བྲག་བཤད་མཛོད་ཆེན་མོ་ལས། “གལ་ཏེ་མང་པོའི་ཚིག་བླ་དྭགས་ཕུང་པོའི་ཚིག་བླ་དྭགས་ཡིན་ན། རྡུལ་ཕྲ་རབ་གཅིག་པུ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ཡོད་དམ་ཞེ་ན། ཁ་ཅིག་ན་རེ། རྡུལ་ཕྲ་རབ་གཅིག་ལ་གཟུགས་ཀྱི་ཕུང་པོར་བཞག་པ་མ་ཡིན་ཏེ། གཟུགས་ཀྱི་ཕུང་པོར་བཞག་ན་གདོན་མི་བར་རྡུལ་ཕྲ་རབ་དུ་མ་དགོས་སོ།། ཞེས་དང་། ཡང་ཁ་ཅིག་ན་རེ། རྡུལ་ཕྲན་རེ་རེ་ལ་ཕུང་པོའི་མཚན་ཉིད་ཡོད་པའི་ཕྱིར་སོ་སོར་གཟུགས་ཀྱི་ཕུང་པོའི་མཚན་ཉིད་བཞག་ཏུ་རུང་ངོ་། གལ་ཏེ་རྡུལ་ཕྲ་རབ་གཅིག་ལ་གཟུགས་ཀྱི་ཕུང་པོའི་མཚན་ཉིད་མེད་ན། དུ་མ་ཚོགས་པ་ན་ཡང་ཕུང་པོ་མ་ཡིན་པར་འགྱུར་རོ།།”ཞེས་རྒྱ་གར་མཁས་པའི་ཁྲོད་ནའང་ལུགས་མི་འདྲ་བ་གཉིས་བྱུང་ཡོད་པ་གསལ་བོར་བསྟན་པ་ལྟར། བོད་ལ་མཚོན་ནའང་ས་སྐྱའི་མཁས་པ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་ཆོས་མངོན་པའི་སྤྱི་དོན་ཤེས་བྱ་རབ་གསལ་ལས། རྡུལ་གཞན་དང་མ་ཚོགས་པའི་ཕྲ་རབ་ཀྱི་རྡུལ་དེ་གཟུགས་ཀྱི་ཕུང་པོ་མིན་པར་བཞེད་ལ། དེའི་སྒྲུབ་བྱེད་དུ་དྲངས་པ་ནི་འདི་ལྟ་སྟེ། རང་འགྲེལ་ལས། “འོ་ན་ནི་རྡུལ་ཕྲ་རབ་གཟུགས་མ་ཡིན་པར་འགྱུར་ཏེ་གཟུགས་སུ་མེད་པའི་ཕྱིར།། རྡུལ་ཕྲ་རབ་གཅིག་པུ་ལོགས་ཤིག་ཏུ་འགྱུར་བ་ནི་མེད་པ་ཉིད་དོ།། འདུས་པ་ལ་གནས་པ་དེ་ནི་གཟུགས་སུ་རུང་བ་ཉིད་དོ།། ”ཞེས་དང་། སློབ་དཔོན་གང་སྤེལ་གྱི་ཊཱི་ཀ་ལས།“འདི་ནི་རྫས་རྡུལ་ཕྲ་རབ་ལ་མངོན་པར་འདོད་ཀྱི་འདུས་པའི་རྡུལ་ཕྲ་རབ་ལ་ནི་མིན་ཏེ། དེ་ནི་རྡུལ་རྫས་བརྒྱད་ཡིན་པས་གཟུགས་སུ་མི་རུང་བར་འགལ་ལོ།། དེ་ཉིད་ཀྱི་ཕྱིར་རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་པུ་ལོགས་ཤིག་ཏུ་གྱུར་པ་ནི་མེད་དོ་ཞེས་སྨྲ་སྟེ། ”ཞེས་པ་སོགས་འདྲེན་ནོ།།

ཡང་ཀརྨ་པ་མི་སྐྱོད་རྡོ་རྗེའི་གྲུབ་མཐའི་དཔྱིད་འཇོ་ལས། “རྫས་རྡུལ་ཕྲ་རབ་ཀྱང་ཚོགས་ན་གཟུགས་སུ་རུང་བས་གཟུགས་ཀྱི་ཕུང་པོར་བཞེད་པ་ལྟ་བུའོ།།”དེ་ལྟར་ལུགས་གཉིས་ལས་དང་པོ་འདི་མཁས་པ་ཆེན་པོའི་གསུང་ཡིན་ཡང་གཞུང་གི་དགོངས་པར་འགྲོ་མིན་ལ་བརྟག་རྒྱུ་ཡོད་དེ། མཁས་མཆོག་དབྱིག་གཉེན་ཞབས་ཀྱི་མཛོད་རང་འགྲེལ་ལས། “གལ་ཏེ་སྤུངས་པའི་དོན་ཕུང་པའི་དོན་ཡིན་ན་ཕུང་པོ་རྣམས་བཏགས་པའི་ཡོད་པར་འགྱུར་ཏེ། རྫས་སུ་མ་འདུས་པ་ཡིན་པའི་ཕྱིར་སྤུངས་པ་དང་གང་ཟག་བཞིན་ནོ་ཞེ་ན། མ་ཡིན་ཏེ། རྫས་ཀྱི་རྡུལ་ཕྲ་རབ་གཅིག་པུ་ཡང་ཕུང་པོ་ཡིན་པའི་ཕྱིར་རོ།  དེ་ལྟར་ན་གཅིག་པུ་ལ་སྤུངས་པ་ཉིད་མེད་པས་སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ་ཞེས་བརྗོད་པར་མི་བྱའོ།།”ཞེས་དང་། མཛོད་ཀྱི་འགྲེལ་བཤད་ལས་ཀྱང་། “རྫས་ཀྱི་རྡུལ་ཕྲ་རབ་གཅིག་པུ་ཡང་ཕུང་པོ་ཡིན་པའི་ཕྱིར་རོ།།”ཞེས་དང་། རྒྱས་སྲས་མས། “རྡུལ་ཕྲ་རབ་གཅིག་པོ་ཡང་དུས་གསུམ་གྱིས་བསྡུས་པའི་ཕྱིར་བློས་མངོན་པར་བསྡུས་པའི་སྒོ་ནས་སྤུངས་པ་ཉིད་འཐད་པས། ”ཞེས་པ་སོགས་ཆོས་མངོན་པ་ལ་ཆོས་སྤྱན་དང་ལྡན་པའི་དམ་པ་དུ་མའི་གཞུང་དང་འགའ་བས་མི་འཐད་དོ་སྙམ་མོ། །

འོ་ན་གཟུགས་རྡུལ་ཆ་མེད་དེ་ལ་ཕུང་པའི་དོན་ཇི་ལྟར་ཚང་ཞེ་ན། ཁྱོད་གཟུགས་ཡིན་པ་གང་ཞིག་ལ་ཕུང་པོར་འཇོག་པ་ལ་གཟུགས་དུ་མ་ཚོགས་མི་དགོས་ཏེ། ལྡོག་པ་དུ་མ་སྤུངས་པས་ཀྱང་ཆོག་པའི་ཕྱིར་རོ།། དེ་ལྟར་ཡང་། མཆིམས་མཛོད་ལས། “གལ་ཏེ་ཆོས་དུ་མ་སྤུངས་པ་ཕུང་པོའི་དོན་ཡིན་ན་སྐད་ཅིག་དང་རྡུལ་ཕྲ་མོ་གཅིག་ཕུང་པོ་མ་ཡིན་པར་འགྱུར་ཏེ། དེའི་མཚན་ཉིད་མེད་པའི་ཕྱིར་རོ་ཞེ་ན། དེ་དག་ཀྱང་ལྡོག་པའི་ཆ་དུ་མ་སྤུངས་པའམ། ”ཞེས་པ་དང་། འཇམ་མགོན་མི་ཕམ་གྱི་ཆོས་མངོན་པའི་མཆན་འགྲེལ་ལས། “སྐད་ཅིག་དང་རྡུལ་ལ་བྱ་བའི་ཁུར་ཁྱེར་ནུས་དང་། ཕུང་པོར་ཡོངས་སུ་ཆད་པའི་དོན་ཚང་བས་ཕུང་པོ་ཡིན་ནོ།། ”ཞེས་པའི་ལེགས་པར་བཤད་པ་འདི་ཁོ་བོའི་རྨོངས་བློའི་འཆར་ཚུལ་དང་ཡོངས་སུ་མཐུན་པས་དེ་ཞིག་དེ་ལྟར་དུ་ཁས་ལེན་བསྐྱང་བར་བྱའོ།།

ཡང་ཀུན་མཁྱེན་ཀློང་ཆེན་པའི་ཡིད་བཞིན་མཛོད་འགྲེལ་ལས། བྱེ་སྨྲའི་འདོད་པ་བརྗོད་སྐབས་རྡུལ་ཕྲ་རབ་ཟླུམ་གོང་དུ་བསྟན་པ་ནི་བྱེ་སྨྲ་ཁ་ཅིག་གི་འདོད་པ་ལས་བྱེ་སྨྲ་སྤྱིའི་འདོད་པ་མིན་པར་མངོན་ཏེ། མཆིམས་མཛོད་ལས།“ཁ་ཅིག་རྡུལ་ཕྲ་རབ་ཟླུམ་པོ་ཆ་ཤས་མེད་པ་ཞེས་ཟེར་བ་དེ་ནི་མ་ཡིན་ཏེ། རྡུ་ཕྲ་རབ་ལ་དབྱིབས་མེད་པའི་ཕྱིར་ཏེ། གཉིས་གཟུང་འགྱུར་དེ་རྡུལ་ལ་མེད་ཅེས་འཆད་པར་འགྱུར་བའི་ཕྱིར་རོ།། ”ཞེས་པ་ཚིག་ཉམས་ལ་བལྟས་ན་རྡུལ་ཕྲ་རབ་ལ་དབྱིབས་ཡོད་པར་འདོད་པའི་བྱེ་སྨྲ་ཡོད་པ་འདྲ་སྟེ། དེ་ལྟར་མ་ཡིན་པར་ཁ་ཅིག་འདི་གྲུབ་མཐའ་གོང་མ་ཡིན་ན་གཉིས་གཟུང་འགྱུར་དེ་རྡུལ་ལ་མེད་ཅེས་འཆད་པར་འགྱུར་རོ་ཞེས་པ་འདི་འདྲེན་དོན་པའི་མེད་པའི་ཕྱིར་རོ།། ཡང་གལ་ཏེ་ཕྱོགས་གླང་ཡབ་སྲས་ཀྱིས་རྡུལ་ཕྲ་རབ་དབང་ཡུལ་དུ་བཞེད་ན་ལེགས་ལྡན་གྱིས་དེ་ལ་རྩོད་དོན་མེད་དོ་ཞེ་ན།། དམིགས་བརྟག་ཀྱི་ཚིག་ཟིན་ལྟར་ན་རྡུལ་ཕྲ་རབ་དབང་ཡུལ་མི་བཞེད་པ་ལྟ་བུར་མངོན་པས་དེ་ལ་ལེགས་ལྡན་གྱིས་དྲི་བའི་སྒོ་ནས་བརྟག་པ་བྱས་པ་ཙམ་ཡིན་ནོ་སྙམ།

གཞན་ཡང་རྡུལ་ཕྲན་སྐབས་ལ་དཔྱད་པ་ཕྲན་ཚེགས་མང་དུ་ཡོད་ཀྱང་གལ་ཆེ་ཤོས་དག་བཟུང་སྟེ་གྲགས་ཆེ་བའི་མཁས་པའི་གཞུང་དང་བསྟུན་ཅི་ཐུབ་བྱས་ཀྱི་རང་གར་གཟུ་ལམ་དུ་སྨྲས་པ་ནི་མེད་སྙམ་ཡང་སོ་སྐྱེའི་བློ་ལ་ཡིད་རྟོན་ཆེར་མེད་པས་རང་བཟོའི་ཉེས་པས་གོས་ཡོད་ན་གཟོད་གསོལ་ཞུའོ།།

མཇུག་བསྡུ་བའི་གཏམ། 

ལོ་འདིར་མངོན་པ་མཛོད་རྩ་བ་དཔྱད་གཞི་ཡིག་ཆ་གཙོ་བོར་བཟུང་ཐོག་དེ་འབྲེལ་གྱི་སྤྱི་དོན་དང་མཐའ་དཔྱད་འབྲུ་འགྲེལ་སོགས་ལ་བལྟ་ཀློག་གང་འཚམས་བྱས་པ་དང་བསྟུན་རྡུལ་ཕྲན་ཀྱི་སྐོར་ལ་དམིགས་བསལ་གྱི་བལྟ་ཚུལ་ཁ་ཤས་བྱུང་། དེ་དག་རྒྱ་གཞུང་ཁག་དང་གཤིབ་བརྡུས་བགྱིས་ཏེ་ལོ་མཇུག་རྒྱུགས་ཆེན་གྱི་དོད་དང་སོ་སོའི་སྒེར་གྱི་བསམ་བློའི་གྲུབ་དོན་ཞིག་ཏུ་དམིགས་ནས་བྲིས་པའོ།།

གྲོང་ཚིག་ཕལ་བས་འཛེར་སྐད་མ་ཡིན་གཞུང་ལུགས་རིག་པའི་བརྡ་ཆད་ཡིན།། ལུང་གི་ལྷན་པོ་དགུ་རྩེགས་མ་ཡིན་དཔྱད་པའི་གཏམ་གྱི་ཕྲེང་བ་ཡིན།། མ་ངེས་རིག་པའི་སྟངས་སྟབས་མ་ཡིན་ངེས་པའི་གཞུང་གི་རྗེས་བརྗོད་ཡིན།། ཚམ་ཚོམ་བློ་ཡི་འཆར་སྣང་ཙམ་མིན་ངེས་ཤེས་རིག་པའི་རྐང་རྗེས་ཡིན།།

དེ་ལྟར་གཞུང་ལུགས་ཆུ་གཏེར་རྒྱ་མཚོ་ལས།།
ཉེར་དྲངས་ལེགས་བཤད་རླབས་ཀྱི་ཟེགས་མ་རེ།།
མཆིས་ན་བློ་གསར་པད་ཚལ་རྒྱས་སླད་དང་།།
བློ་མུན་གདུང་བ་སེལ་པའི་རྒྱུར་གྱུར་ཅིག།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།