བཀའ་བསྟན་འགྱུར་ཞེས་པའི་ཐ་སྙད་ཀྱི་བྱུང་འཕེལ་སྐོར་གླེང་བ།

0
768

གླེང་གཞི། 

བོད་ཀྱི་ཡིག་ཐོག་དཔེ་ཆ་རྣམས་དུས་ཚོད་ནམ་ཞིག་བྱུང་མིན་ཐད་བཤད་སྟངས་སྣ་ཚོགས་བྱུང་བས་གནས་སྐབས་ངེས་ཐག་ཆོད་པ་ཞིག་བཤད་ཐབས་བྲལ། རྒྱུ་མཚན་ནི་བོད་རང་སའི་རིག་གནས་གཙོ་བོར་སྨྲ་བའི་བོན་གྱི་རྗེས་འཇུག་པ་རྣམས་ཀྱིས་སྟོན་པ་གཤེན་རབ་མི་བོ་ཆེ་དང་ཡང་ན་དེ་ལས་སྔ་བའི་དུས་ནས་བོད་ལ་ཡི་གེ་ཡོད་པར་འདོད་ཅིང་། སྟོན་པ་གཤེན་རབ་དགུང་ལོ་ཉེར་དྲུག་སྐབས་སུ་རྒྱ་ཀོང་ཙེ་འཕྲུལ་རྒྱལ་[1]གྱིས་སྦྱིན་བདག་མཛད་དེ་བཀའ་འཁོར་བསྐོར་བ་དང་བསྟུན། བཀའ་བསྡུ་ཐོག་མའང་མཛད་པས་བོན་སྒོ་བཞི་མཛོད་ལྔར་ཕྱེས་ཏེ་ཡི་གེར་བཀོད་པའི་ལོ་རྒྱུས་བཤད་ཡོད་ལ། བོད་རྒྱལ་དྲི་གུམ་བཙན་པོའི་དུས་སུ་རྒྱ་གར་སོགས་ནས་ཆོས་སྤེལ་མི་སྣ་རེ་འགའ་བྱུང་ནས།[2] རྒྱལ་བློན་བར་འགལ་ཟླ་བྱུང་སྟེ་བོན་དཔེ་མང་པོ་རི་བྲག་གི་གསེབ་ཏུ་སྦ་དགོས་བྱུང་ཚུལ་བྲིས་ཡོད།[3]  ཕྱིས་སུ་སྤྱི་ལོ ༡༠༡༧ ལོར་གཤེན་ཆེན་ཀླུ་དགས་ལྷོ་འབྲི་མཚམས་མཐའ་དཀར་ནས་གཏེར་དུ་བཞེས་པའི་དཔེ་ཆ་དག་ནི་སྐབས་དེར་སྦས་པར་འདོད་པས།  གཤེན་གྱི་བསྟན་འཛིན་པ་རྣམས་ཀྱིས་ལྷོ་གཏེར་གྱི་བོན་དཔེ་གཏེར་མ་གཞན་ལས་མཐོང་ཆེ་བར་བལྟ་བའང་གནད་དོན་དེ་ལ་ཐུག་ཡོད།

འོན་ཀྱང་། བོད་ཕྱི་རབས་པའམ་རྒྱ་གར་སོགས་ཕྱི་ནས་དར་བའི་རིག་གནས་གཙོ་བོར་སྨྲ་བ་དམ་པ་ཆོས་ཀྱི་རིང་ལུགས་འཛིན་པ་ཕལ་ཆེ་བས། རྒྱ་གར་ནང་ཆོས་བོད་ལ་མ་དྲངས་པའི་སྔོན་དུ་བོད་ཀྱི་མེས་པོ་རྣམས་ནི་ཅི་ཡང་མི་ཤེས་པའི་སྤྲེའུ་རྔ་མ་ཅན་འབའ་ཞིག་ཡིན་པར་འདོད་ལ། བོད་གངས་ཅན་ལྗོངས་ནི་ཀླ་ཀློ་དང་མུན་ནག  །རྨུ་རྒོད་བཅས་ཀྱི་ཡུལ་གྲུ་ཉིད་དུ་བཤད་དེ་ཐུབ་བསྟན་བོད་དུ་དར་བ་དང་བསྟུན། ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་བཟོ་མཛད་པ་དང་། གསུང་རབ་འབོར་ཆེན་བོད་འགྱུར་བྱས་པ་སོགས་དུས་གཅིག་ཏུ་བྱུང་ཚུལ་བཤད་ཀྱི་ཡོད།

དེའི་སྐོར་ཕྱོགས་གཉིས་ཀྱི་དཔེ་མཚོན་དཔེ་ཆ་གཙོ་བོ་ནི་《མདོ་གཟེར་མིག་》[4]དང་《ཉང་རལ་ཆོས་འབྱུང་》[5]གཉིས་འཇོག་ཆོག་པ་ཡིན།  དོན་དུ་སུ་ཞིག་གིས་བཤད་པ་གནས་ལུགས་དང་ཁེད་ཉེ་བ་ཁ་ཚོན་ཆོད་པོས་སྨྲ་བར་མི་ནུས་མོད། ཆོས་ལུགས་ཀྱི་གྲུབ་མཐའི་ལར་ཞེན་ཙམ་གྱིས་ལོ་རྒྱུས་བློ་བཟོ་བྱེད་པ་ནི་ཡི་རངས་པའི་གནས་སུ་མ་མཐོང་ངོ་། །ཡང་ཕྱོགས་གཅིག་ནས་བལྟས་ན་དུས་རབས་བདུན་པའི་གོང་དུ་བོད་ལ་ཡི་གེ་ཡོད་མེད་ཀྱི་རྩོད་པ་ནི་བན་བོན་ཙམ་མ་ཡིན་པར། བན་ཕྱོགས་ཀྱི་ཡིག་ཆ་མང་པོར་དུས་རབས་བདུན་པའི་གོང་བོད་ལ་ཡི་གེ་ཡོད་པའི་སྐོར་འཁོད་ཡོད། དེ་བཞིན་ད་སྐབས་ཡིག་ཆ་མང་པོའི་ལམ་ནས་དེ་དག་ལ་ལྷན་ཐབས་སུ་སྦྱར་ཆོག་པ་ཇི་སྙེད་ཅིག་སྣང་ཡང་ཐེངས་འདིར་ཞུ་བར་མི་བྱའོ། །

དང་པོ། གཤེན་བསྟན་པའི་ཡིག་ཚངས་ཁྲོད་དུ་བཀའ་དང་བཀའ་བརྟེན་གྱི་ཐ་སྙད་བྱུང་ཚུལ།

དེ་ཡང་བོད་ཀྱི་ཡིག་ཚང་རྣམས་ནི་ཕལ་ཆེ་བ་བཀའ་བསྟན་འགྱུར་གཉིས་སུ་བཀར་ཏེ་དབྱེ་སྲོལ་ཡོད་དེ། ཐུབ་བསྟན་པ་རྣམས་ཀྱིས་བཀའ་འགྱུར་ཞེས་པ་ནི་སྟོན་པ་ཤཱཀྱ་ཐུབ་པའི་གསུང་བོད་འགྱུར་བྱས་པ་རྣམས་ལ་གོ་བར་བྱེད་ཅིང་། བསྟན་འགྱུར་ཞེས་པ་རྒྱ་གར་འཕགས་པའི་ཡུལ་གྱི་ཀླུ་སྒྲུབ་ཡབ་སྲས་སོགས་ནང་པའི་པཎ་གྲུབ་རྣམས་ཀྱིས་མཛད་པའི་བསྟན་བཅོས་དག་ལ་གོ་དགོས། འོན་ཀྱང་། དཔེ་ཚོགས་དེ་དག་ཁྲོད་དུ་བོད་རང་གི་མཁས་པའི་བསྟན་བཅོས་པོ་ཏི་གཅིག་ཀྱང་བསྡུས་མེད།

གཤེན་བསྟན་པའམ་བོན་པོ་རྣམས་ཀྱིས་བཀའ་ཞེས་པ་གོང་དང་མཚུངས་པར་སྟོན་པ་གཤེན་རབ་མི་བོ་ཆེས་གསུངས་པ་རྣམས་ལ་ངོས་འཛིན་བྱེད་ཀྱང་། བཀའ་བརྟེན་ཞེས་པ་བོད་རང་སའི་མཁས་པ་ཕུལ་དུ་ཕྱིན་པ་རྣམས་ཀྱིས་མཛད་པ་འབའ་ཞིག་ལས་ཕྱི་ནས་ནང་འདྲེན་བྱས་པའི་དཔེ་ཆ་ལ་དེ་ཙམ་གཙིགས་སུ་མི་བཟུང་བས། ཡིག་ཚང་སྔ་གྲས་རྣམས་སུ་ཐ་སྙད་ཀྱི་ཆ་ནས་ཀྱང་བཀའ་དང་བཀའ་བརྟེན་ཞེས་སྦྱར་བ་ལས་བཀའ་འགྱུར་དང་བསྟན་འགྱུར་ཞེས་པའི་མིང་འདོགས་སྲོལ་མེད། དེ་ལྟར་ན་ཡང་བོན་དཔེ་ཁག་ཅིག་ལ་འགྱུར་ཞེས་པའི་ཐ་སྙད་ཀྱང་ཐོགས་པར་སྣང་སྟེ། དཔེར་ན། བོན་གྱི་རྫོགས་ཆེན་དཔེ་ཆ་《ཡེ་ཁྲི་མཐའ་སེལ་》དུ་“བཀའ་འགྱུར་སྔགས་ཀྱི་བོད་ལུགས་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ་”[6]ཞེས་གསལ་བ་ལྟར། ནམ་རྒྱུན་དཔེ་ཆ་དེའི་རིགས་ལ་རྒྱ་གར་བོན་སྐོར་ཞེས་བསྙད་ཅིང“འགྱུར་”ཞེས་པའི་ཐ་སྙད་ཀྱང་ཐོགས་ཀྱི་ཡོད།

འོན་ཀྱང་། དཔེ་ཆ་དེའི་རིགས་ཀྱི་རྩོམ་པ་པོ་རྒྱ་གར་བ་ཡིན་པའི་ཁས་ལེན་བྱས་པ་ནི་མ་ཡིན་ཏེ། གཤེན་བསྟན་པ་རྣམས་ཀྱི་ཡིག་ཆ་ཁག་ཏུ་སྔར་སྟོན་པ་གཤེན་རབ་ཞལ་བཞུགས་དུས་དང་། དེ་རྗེས་རྒྱལ་ཚབ་མུ་ཆོའི་སློབ་མ་ལེགས་ཏང་རྨོངས་པོ། བོད་རྒྱལ་མུ་ཁྲི་བཙན་པོ་བཅས་ཀྱི་དུས་སྐབས་རྒྱ་གར་ནག་སོགས་སུ་བོན་དར་ཞིང་བོན་དཔེ་རང་རང་སོ་སོའི་སྐད་དུ་བསྒྱུར་བ་ལ། ཕྱིས་སུ་ཁྲི་སྲོང་ལྡེ་བཙན་སྐུ་དུས་སློབ་དཔོན་བཻ་རོ་ཙ་ན་སོགས་ཀྱིས་ཕྱིར་བོད་སྐད་དུ་བསྒྱུར་ཏེ་དར་བ་ལ་རྒྱ་གར་བོན་སྐོར་ཞེས་ཐ་སྙད་བཏགས་ཡོད།

བོད་རིག་པའི་ཞིབ་འཇུག་ཁྲོད་དུ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་དང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་སོགས་མཁས་པ་རྒན་རབས་མང་པོ་ཞིག་གིས་བཀའ་བསྟན་འགྱུར་གྱི་སྐོར་ཞིབ་འཇུག་མཛད་འདུག་ལ། ཕྱི་གླིང་བའི་ཁྲོད་དུའང་ཞིབ་འཇུག་དཔྱད་རྩོམ་བྲིས་པ་དང་བོད་ཀྱི་མཁས་པས་མཛད་པའི་དཀར་ཆག་དབྱིན་ཡིག་ཏུ་བསྒྱུར་པ་སོགས་ཅི་རིགས་གནང་ཡོད། དེ་དག་ལས་ནོར་ཝེ་ཨོ་སི་ལོ་གཙུག་ལག་སློབ་གྲྭ་ཆེན་མོའི་བོན་གྱི་མཁས་དབང་ཕེར་ཁི་ཝེར་ནི་མཆོག་གིས་བོན་གྱི་བཀའ་བརྟེན་འགྱུར་ཞེས་པའི་ཐ་སྙད་དུས་རབས་བཅོ་ལྔ་པའི་ནང་བྱུང་བར་འདོད་པ་[7]དཔྱད་གཞིའི་ཡིག་ཆ་ཁག་དང་མཐུན་ཐབས་མེད་ཀྱང་། མཁར་རྨེའུ་བསམ་གཏན་མཆོག་གིས“ང་ཚོས་མེ་སྟོན་ཤེས་རབ་འོད་ཟེར་(༡༠༥༨-༡༡༣༢)གྱིས་བརྩམས་པའི་དཔེ་ཆའི་ནང་དུ་འཁོད་པ་ལྟར། བཀའ་ཞེས་པ་ནི་གཤེན་རབ་མི་བོ་ཆེའི་གསུང་ལ་ཟེར་ཞིང་། བཀའ་བརྟེན་ཞེས་པ་ནི་བཀའ་གཞིར་བཞག་ནས་བརྩམས་པའི་དཔེ་ཆར་གོ་བ་ཡིན”[8]ཞེས་དང་། ཡང“མ་གཞི་བཀའ་ཞེས་པ་སྟོན་པ་གཤེན་རབ་ཀྱི་གསུང་ལ་ཟེར་བའི་ཐ་སྙད་དེ་ཉིད་ཆོས་པ་ལ་ལད་མོ་བྱས་པ་ལས་བྱུང་བ་ལྟ་བུ་ཞིག་ཡིན”[9]ཞེས་གསུངས་འདུག

ང་ཚོས་བོན་གྱི་ཡིག་ཆ་དག་ལ་ཞིབ་འཇུག་བྱས་པ་ལྟར་ན་བཀའ་དང་བཀའ་བརྟེན་ཞེས་པའི་ཐ་སྙད་བྱུང་སྔ་ཤོས་མེ་སྟོན་ཤེས་རབ་འོད་ཟེར་གྱི་གསུང་རྩོམ་མ་ཡིན་ཏེ། མེ་སྟོན་ཤེར་འོད་ཀྱི་སྔོན་དུ་རྨེའུ་མཁས་པ་དཔལ་ཆེན་གྱིས་མཛད་པའི་《ཁམས་འགྲེལ་》དུ་ཡང་“རྗོད་པར་བྱེད་པའི་ཚིག་གི་བདག་ཉིད་ཀྱི་བོན་ཡང་བཀའ་དང་བཀའ་ལ་བརྟེན་པ་གཉིས་སུ་འདུས་”[10]ཞེས་བཀའ་དང་བཀའ་བརྟེན་གྱི་ཐ་སྙད་བྱུང་ཡོད༑ ཁོང་ནི་སྤྱི་ལོ་ ༡༠༥༢ ལོར་འཁྲུངས་ཤིང་སྤྱི་ལོ་ ༡༡༠༦ ལོར་སྐུ་གཤེགས་པ་དང་རྨེའུ་སྨྲ་སེང་བཅུ་གསུམ་གྱི་གྲས་ཡིན།

དེ་ལྟར་ན་ཡང་དཔེ་ཆ་དེ་ཉིད་ཀྱང་ཐ་སྙད་དེ་གཉིས་ཆེས་བྱུང་སྔ་ཤོས་མ་ཡིན་ཏེ། མིག་སྔར་གུས་པས་མཐོང་བའི་དཔྱད་གཞིའི་ཡིག་ཆ་དག་ལ་ཞིབ་འཇུག་བྱས་པ་ལྟར་ན། བཀའ་དང་བཀའ་བརྟེན་ནམ་ཡང་ན་བཀའ་བསྟན་འགྱུར་ཞེས་པའི་ཐ་སྙད་ཆེས་བྱུང་སྔ་ཤོས་ནི་《མདོ་འདུས་》དང《མདོ་གཟེར་མིག་》 《ཡེ་ཁྲི་མཐའ་སེལ་》སོགས་མིན་ནམ་སྙམ། དེ་ཡང་《ཡེ་ཁྲི་མཐའ་སེལ་》ལས་བཀའ་འགྱུར་ཞེས་པའི་ཐ་སྙད་བྱུང་ཚུལ་གོང་དུ་ཞུས་ཟིན་པ་ལྟར་ལགས་ཤིང་། དཔེ་ཆ་འདི་ཉིད་བྱུང་བའི་ལོ་ཚིགས་གསལ་པོ་མ་མཐོང་ཡང་། དུས་རབས་བཅུ་པ་དང་བཅུ་གཅིག་ནང་གི་དཔེ་ཆ་ཡིན་པ་གསལ་ཐག་ཆོད་པོས་བཤད་ཆོག་ཅིང་།[11]《མདོ་འདུས་》ཀྱི་ནང་དུ་སྟོན་པ་མྱ་ངན་འདས་མ་ཐག་ཏུ་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་གིས་གསས་ཁང་དཀར་ནག་བཀྲ་གསལ་དུ་སྟོན་པའི་གསུང་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་བཀའ་བསྡུ་མཛད་པས། དེ་ལ་བཀའ་ཞེས་ཐ་སྙད་བཏགས་པ་དང་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་གིས་བཀའ་ཡི་དགོངས་དོན་བཀྲལ་ནས་ལོ་གསུམ་གྱི་རིང་བོན་བཤད་ཉན་གྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་བཀའ་བརྟེན་ཞེས་ཐ་སྙད་སྦྱར་ཚུལ་འཁོད་འདུག[12] དཔེ་ཆ་འདིའི་མིང་ཆ་ཚང་ལ《མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ་བཞུགས་སོ》ཞེས་འཁོད་ཡོད་ལ། སྟོན་པ་གཤེན་རབ་ཀྱི་མཛད་རྣམ་མདོ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས་བསྡུས་པ་ཡིན༑ དཔེ་ཆ་འདི་ཁྲི་སྲོང་ལྡེའུ་བཙན(༧༤༢-༧༩༦)གྱི་དུས་སུ་བོན་གཤེན་སྙ་ཆེན་ལི་ཤུ་སྟག་རིང་གིས་གཡུང་དྲུང་ལྷ་ཡི་སྐད་ནས་བོད་སྐད་དུ་བསྒྱུར་ཅིང་། སྤྱི་ལོ་༩༦༡ ལོར་བལ་པོའི་མི་གསུམ་གྱིས་བསམ་གཡས་ནས་རྐུས་པའི་དཔེ་ཆ་ཞིག་ཡིན།

《མདོ་གཟེར་མིག》ཅེས་པ་ནི་བོད་རིག་པའི་ཁྱབ་ཁོངས་སུ་ཞིབ་འཇུག་མཛད་མཁན་མང་ཙམ་ཡོད་པར་སྣང་ལ། དུས་རབས་བཅུ་གཅིག་ཡར་སྔོན་གྱི་དཔེ་ཆ་ཡིན་པ་དུས་རབས་བཅུ་གཅིག་ནང་བྱོན་པའི་མཁས་པ་འགས《མདོ་གཟེར་མིག》ལས་ལུང་དྲངས་འདུག་པ་སོགས་ཀྱིས་ར་འཕྲོད་ཐུབ་ཚུལ《མདའ་དང་འཕང་》[13]དུ་དཔྱད་གླེང་བྱས་ཡོད༑ དཔེ་ཆ་འདིར་ཚིག་དོན་གང་ཐད་ནས་དམིགས་བསལ་གྱི་ཁྱད་ཆོས་འབུར་དུ་ཐོན་པ་མང་པོ་ཡོད་ལ་ནང་དོན་ཁག་ཅིག་ཏུན་ཧོང་གཏེར་ཡིག་དང་འདྲ་པོ་ཡོད་པར་བཤད༑ གང་ལྟར་དཔེ་ཆ་འདིར“དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ལ་བྱོན། གསུང་རབ་འབུམ་དང་ཁྲི་ཡི་ཞལ་ཕྱེས་ནས། སྒོ་བཞི་མཛོད་དང་ལྔ་ཡི་བོན་སྡེ་ལ། བོན་གྱི་འཁོར་ལོ་བཙུགས་ནས་སྐལ་ལྡན་ཡོ་ཡིས་མཉན”[14]ཞེས་དང་། “དེ་ལྟར་ལོ་གཅིག་གསས་ཁང་དཀར་ནག་བཀྲ་གསལ་དུ། སློབ་དཔོན་མུ་ཆོ་ལྡེམ་དྲུག་གིས་ལུང་ལ་རིག་པས་ཕྱེས་ཞིང་བོན་གྱི་འཁོར་ལོ་བསྐོར།”[15]ཞེས།  《མདོ་འདུས་》དང་མཚུངས་པར་སྟོན་པ་མྱ་ངན་ལས་འདས་རྗེས། སྔར་གསས་ཁང་དཀར་ནག་བཀྲ་གསལ་དུ་སྒོ་བཞི་མཛོད་དང་ལྔ་ཡི་བོན་སྒོ་གཏན་ལ་ཕབས་པ་རྣམས་ཞལ་ཕྱེས་ཏེ། སློབ་དཔོན་མུ་ཆོ་ལྡེམ་དྲུག་གིས་ལུང་དང་རིག་པས་འགྲེལ་བཤད་མཛད་པ་ན“སྟོན་པའི་བཀའ་ལ་སློབ་དཔོན་བཀའ་ཡིས་བརྟེན་ནས་མང་པོར་ཕྱེས་ཡིན་ཡོངས་སུ་རྒྱ་ཆེར་བྲིས། འབྱོར་བའི་ལོ་ཙཱ་བ་སྦྱངས་ནས། ཕྱོགས་མཚམས་ཀུན་ཏུ་བསྒྱུར་ཞིང་སྤེལ། བཀའ་དང་བཀའ་ལས་བརྟེན་ནས། གཡུང་དྲུང་གདན་ཐོག་ཏུ། སློབ་དཔོན་མུ་ཆོས་ལོ་གཅིག་འཁོར་ལོ་བསྐོར་”[16]ཞེས། སྟོན་པས་གསུང་པ་རྣམས་ལ་བཀའ་དང་སློབ་དཔོན་མུ་ཆོས་གསུང་པ་བཀའ་བརྟེན་ཞེས་བཏགས་ཡོད།

ལུང་འདི་ཕྱིས་སུ་བོན་གྱི《བསྟན་འབྱུང་》[17]ཁག་ཏུ་ཚིག་ཟུར་མི་འདྲ་བ་རེ་འགའ་ཙམ་ལས་ཕལ་ཆེ་བའི་ནང་དུ་དྲངས་འདུག་པ་མ་ཟད། འདི་ལ་བརྟེན་ནས་བོན་གྱི་མཁས་པ་ཆེན་མོ་ཀུན་མཁྱེན་ཉི་མ་བསྟན་འཛིན་(༡༨༡༣-༡༨༧༠)གྱིས་མཛད་པའི་《ཤེར་ཕྱིན་སྐབས་དང་པོའི་རྣམ་བཤད་དཀའ་གནད་གསལ་སྒྲོན་》[18]ནང་དུའང་། བཀའ་བརྟེན་གྱི་ཐོག་མ་མུ་ཆོས་གསུང་པའི་བཀའ་བརྟེན་རྣམས་ཡིན་ཞེས་གསུང་མཛད་ཡོད།

གཉིས་པ། ཐུབ་བསྟན་པའི་ཡིག་ཚངས་ཁྲོད་དུ་བཀའ་དང་བསྟན་བཅོས་ཀྱི་ཐ་སྙད་བྱུང་ཚུལ།

བོད་བརྒྱུད་ཐུབ་བསྟན་པའི་དཔྱད་ཡིག་ཁག་ལས་བཀའ་བསྟན་འགྱུར་གྱི་དཀར་ཆག་ཐོག་མ་ནི་《དཀར་ཆག་ལྡན་དཀར་མ་》དང་《འཕང་ཐང་མ་》 《མཆིམས་ཕུ་མ་》གསུམ་ཡིན་པར་སྨྲ་ཡང་། མིག་སྔར་ང་ཚོའི་མཇལ་ཡུལ་དུ་བཞུགས་པའི་《དཀར་ཆག་འཕང་ཐང་མ་》དང་《དཀར་ཆག་ལྡན་དཀར་མ་》གཉིས་ཀྱི་ནང་དུ་བཀའ་བསྟན་འགྱུར་དུ་གྲགས་པའི་དཔེ་ཐོ་འབོར་ཆེན་བཀོད་པ་ལས། བཀའ་བསྟན་འགྱུར་ཞེས་པའི་ཐ་སྙད་ནི་ཟུར་ཙམ་ཡང་མི་གསལ།

འོན་ཀྱང་། “བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་གཙུག་ལག་ལ། བཀའ་ཡང་དག་པའི་ཚད་མ་”[19]ཞེས་པ་ལྟ་བུ་དང་བོད་འགྱུར་གསུང་རབ་ཡོད་དོ་ཅོག་ལ་བསྟན་བཅོས་ཞེས་གང་བྱུང་དུ་བཀོལ་བ་རེ་འགའ་ལས། བཀའ་དང་བསྟན་བཅོས་གཉིས་སོ་སོར་ཕྱེས་པའམ་ཡང་ན་བཀའ་དང་བསྟན་བཅོས་ཀྱི་དབྱེ་མཚམས་ཡོད་པ་ལྟ་བུ་ནི་མ་མཐོང་། གུས་པའི་མཐོང་ཚོད་ལྟར་ན་བོད་ཀྱི་ཐུབ་བསྟན་རིང་ལུགས་པའི་དཔེ་ཆའི་ཁྲོད་དུ་བཀའ་དང་བསྟན་བཅོས་ཞེས་སྡེ་ཚན་སོ་སོར་བཀར་བ་ནི་དུས་རབས་བཅུ་གཅིག་ནང་ཐོན་པའི་《བཀའ་ཆེམས་ཀ་ཁོལ་མ་》དང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(༡༠༥༩-༡༡༠༩)ཀྱིས་མཛད་པའི་《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་དོན་བསྡུས།》 དུས་རབས་བཅུ་གཉིས་པའི་ནང་བྱོན་པའི་མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཆོས་འབྱུང་རྒྱས་པ་》གསུམ་ཆེས་ཐོག་མ་མིན་ནམ་སྙམ། འོན་ཀྱང་། རྔོག་ལོའི་《ཤེར་ཕྱིན་》དུ་བཀའ་དང་བསྟན་བཅོས་ཞེས་ཐ་སྙད་ཙམ་ལས་གཞན་གང་ཡང་མ་འཁོད་ལ་དེའི་སྐོར་འོག་ཏུ་གླེང་བར་བྱ།

《བཀའ་ཆེམས་ཀ་ཁོལ་མ་》ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་དེ་ཕྱིས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་སྤྱི་ལོ་༡༠༤༩ ལོར་ར་ས་འཕྲུལ་སྣང་གཙུག་ལག་ཁང་ནས་གཏེར་དུ་བཞེས་པར་གྲགས༑ དཔེ་ཆ་འདི་རུ་གོང་དུ་《མདོ་གཟེར་མིག་》གི་ནང་དོན་དང་ཆ་འདྲ་བར་སྟོན་པ་ཤཱཀྱ་ཐུབ་པ་སྐུ་གཤེགས་ནས་མི་ལོ་བརྒྱ་ཡི་མཚམས་སུ། ཡངས་པ་ཅན་གྱི་གྲོང་ཁྱེར་དུ་དགེ་སློང་ལྔ་བརྒྱ་ལྷན་གཅིག་ཚོགས་ཏེ་བཀའ་འཁོར་དང་པོའི་དགོངས་དོན་བཀྲལ་ནས་བམ་པོ་སུམ་བརྒྱ་ཅན་གྱི་《བྱེ་བྲག་བཤད་མཛོད་ཆེན་མོ་》ཞེས་པའི་བསྟན་བཅོས་བརྩམས་པས་བསྟན་བཅོས་ཆེས་སྔ་བ་དེ་ཡིན་ཞེས་བཤད་འདུག་[20]ཅིང་། མཁས་པ་ལྡེའུ་མཆོག་གིས་“སྤྱིར་ཡང་དག་པའི་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད། བདེན་པ་གཉིས་སམ། ལུང་དང་རྟོགས་པའམ་བཀའ་དང་བསྟན་བཅོས་གཉིས་སུ་འདུས་སྐད་”[21]ཅེས་གསུངས་ཡོད།

སངས་རྒྱས་ཀྱི་བསྟན་པའམ་དམ་པའི་ཆོས་བདེན་པ་གཉིས་དང་ལུང་རྟོགས་གཉིས་སུ་འདུས་པར་བཤད་པ་ནི་ཐུབ་བསྟན་པའི་རིང་ལུགས་འཛིན་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་དགོངས་ཚུལ་ཞིག་ཡིན་པ་འདྲ། བོན་ལུགས་ལ་མཁན་ཆེན་ཉི་མ་བསྟན་འཛིན་[22]སོགས་ཀྱིས་དེ་ལ་མཐའ་གཅིག་ཏུ་དགག་པ་སྐྱོན་མཛད་ཡོད། འོན་ཀྱང་། དཔེ་ཆ་འདི་གཉིས་སུ་བཀའ་དང་བསྟན་བཅོས་ཞེས་འབྱུང་བ་ལས་བཀའ་འགྱུར་དང་བསྟན་འགྱུར་ཞེས་པ་ད་དུང་བྱུང་མེད་ལ། མཁས་པ་ལྡེའུ་མཆོག་གིས་ཐུབ་པའི་བསྟན་པ་བདེན་པ་གཉིས་དང་ལུང་རྟོགས་གཉིས་སུ་འདུས་པར་གསུང་པ་རྣམས་ལུང་ཁུངས་གཙིགས་ཆེ་བ་མང་པོ་དྲངས་འདུག་ཀྱང་། བཀའ་དང་བསྟན་བཅོས་གཉིས་སུ་ཕྱེ་བའི་ལུང་གི་རྒྱབ་ལྗོངས་《ལྷ་བུ་དམ་པས་ཞུས་པའི་མདོ་》ཞེས་པ་ཙམ་ལས་གཞན་ཚིག་དངོས་སུ་གསལ་བའི་དཔེ་ཆ་གཅིག་ཀྱང་འདྲེན་རྒྱུ་རྙེད་མེད།

《ལྷ་བུ་དམ་པས་ཞུས་པའི་མདོ་》ལས“ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་ཆོས་གཉིས་སུ་འདུས། །ལེགས་པར་གསུང་དང་དེའི་དགོངས་འགྲེལ་དང་། །དེའི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །”[23]ཞེས་ཚིག་རྐང་བཞི་དྲངས་པའི་ཁྲོད་དུ་བཀའ་དང་བསྟན་ཆོས་ཞེས་པའི་ཐ་སྙད་འབྱུང་ཞིང་ལུང་འདི་ཕྱིས་སུ་ཐུབ་བསྟན་པའི་དཔེ་ཆ་མང་པོ་ཞིག་ལ་བཀོད་འདུག །《ལྷ་བུ་དམ་པས་ཞུས་པའི་མདོ་》ཞེས་པའི་དཔེ་ཆ་དེ་དོན་དུ་ག་འདྲ་ཞིག་ཡིན་མིན་དངོས་སུ་མ་མཇལ་བས་བཤད་ཐབས་བྲལ་ཡང་། 《མཁས་པ་ལྡེའུའི་ཆོས་འབྱུང་》དང་《ཆོས་འབྱུང་མཁས་པའི་དགའ་སྟོན་》སོགས་སུ་ལྷ་བུ་དམ་པའམ་ལྷ་བུ་དམ་པ་ཏོག་དཀར་ནི་སྟོན་པ་ཤཱཀྱ་ཐུབ་པ་དང་། འདས་པའི་སྟོན་པ་འོད་སྲུང་བར་དུ་འཁྲུངས་པའི་སངས་རྒྱས་ཤིག་ཡིན་ཚུལ་བཤད་ཡོད་ལ་སྟོན་པ་ཤཱཀྱའི་སྐྱེས་རབས་ཀྱི་ཁོངས་སུ་བསྡུས་ཡོད།

དེ་ལྟར་ན་ཡང་ལྷ་བུ་དམ་པ་དང་བོན་གྱི་བར་ལ་འབྲེལ་བ་ཡོད་མེད་གང་ཡང་གླེང་མེད་མོད། བོན་གྱི་དཔེ་རྙིང་《རྩ་རྒྱུད་ཉི་ཟེར་སྒྲོན་མ་》ཞེས་པའི་ནང་དུ་ལྷ་བུ་དམ་པ་ཏོག་དཀར་བོན་དང་འབྲེལ་བ་ཡོད་ཚུལ་འཁོད་ཡོད།[24] དཔེ་ཆ་འདི་དུས་རབས་ནམ་ཞིག་བྱུང་མིན་གསལ་པོ་མ་ངེས་ཀྱང་དུས་རབས་བཅུ་བཞིའི་སྔོན་གྱི་དཔེ་ཆ་ཡིན་པ་ཚོད་དཔག་བྱེད་ཆོག  །དེ་ལྟར་ན་ཡང་དཔེ་ཆ་འདི་ནི་དེའི་སྐོར་འཁོད་པའི་བོན་དཔེ་ཆེས་སྔ་བ་དེ་མ་ཡིན་ཏེ།  《སེམས་ལུང་གསལ་བའི་སྒྲོན་མེ་》ཞེས་པ་ལས་ཀྱང“སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་ཕྱིར། །ལོག་པ་འདུལ་ཕྱིར་རྒྱལ་པོའི་སྲས་བཞི་བཞག །”[25]ཅེས་གསལ་ཞིང་། དཔེ་ཆ་དེ་ཡི་འགྲེལ་བར་[26]རྒྱལ་པོའི་སྲས་བཞི་ཞེས་པ་དེ་གཙུག་ལག་སྲིད་པའི་བུ་བཞི་ཞེས་བཀྲལ་ཡོད་ལ། དེའི་ཁྲོད་དུ་གཅིག་ནི་ལྷ་བུ་དམ་པ་ཏོག་དཀར་ཞེས་པ་དེ་ཡིན་ཚུལ་བསྟན་ཡོད༑ དཔེ་ཆ་འདི་གཉིས་ཀྱང་དུས་ཚོད་ནམ་ཞིག་ལ་མཛད་མིན་དང་མཛད་པ་པོ་སུ་ཡིན་མིན་ད་དུང་གསལ་པོ་བཤད་མ་ཕོད་ཀྱང་། སྤྱི་ལོ་ ༡༡༩༨ ལོར་འཁྲུངས་ཤིང་སྤྱི་ལོ་ ༡༢༦༣ ལོར་སྐུ་གཤེགས་པའི་བོན་གྱི་མཁས་པ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་དཔེ་ཆའི་ནང་དུ་[27]《སེམས་ལུང་གསལ་སྒྲོན་》ལས་ལུང་དྲངས་ཚུལ་ལ་དཔྱད་ན། དཔེ་ཆ་དེ་ཉིད་དུས་རབས་བཅུ་གསུམ་པའི་སྔོན་ནས་ཡོད་པ་ར་འཕྲོད་ཐུབ་པ་མ་ཟད། བླ་མ་གྱེར་མི་ཉི་འོད་ཀྱིས་གཏེར་ནས་བཏོན་ཞིང་རྨ་སྟོན་སྲོལ་འཛིན་ལ་རྒྱུད་པ་《གཏན་ཚིགས་ངེས་པའི་གལ་མདོ་ཏན་ཏྲ་ཉི་མའི་འཁོར་ལོ་》[28]ཞེས་པ་ལས་ཀྱང་དེ་བཞིན་འཁོད་ཡོད༑ མཁར་རྨེའུ་བསམ་གཏན་མཆོག་གིས་བླ་མ་གྱེར་མི་ཉི་འོད་ནི་སྙན་རྒྱུད་ཅེས་པའི་རྟོག་པ་ཉམས་ཤར་གྱི་བོན་སྲོལ་འབྱེད་མཁན་ཐོག་མ་དེ་ཡིན་ཚུལ་བཤད་ཅིང་དུས་རབས་བཅུ་གཉིས་ནང་བྱོན་ཚུལ་གསུངས་འདུག[29]

དེས་ན་ང་ཚོས་འདིར་ལྷ་བུ་དམ་པ་ཏོག་དཀར་ཞེས་པ་དེ་བོན་དང་འབྲེལ་བ་ཇི་ལྟར་ཡོད་པ་《སེམས་ལུང་གསལ་སྒྲོན་》གྱི་ནང་དོན་ཅུང་ཙམ་བཀོད་ན། དེ་ཡང་སྟོན་པ་གཤེན་རབ་ཀྱི་བསྟན་པ་རྫོགས་རྗེས་གསུང་གི་བསྟན་པའི་ནང་དུ། ཁོང་གི་སྤྲུལ་སྐུ་གཙུག་ལག་སྲིད་པའི་བུ་བཞི་ཡིས་ཡུལ་ལུང་བཞི་ལ་བདུད་བཞི་བཏུལ་ནས་བསྟན་པ་སྤེལ་ཚུལ་བཤད་ཡོད་པ་དང་། ལྷ་བུ་དམ་པ་ཏོག་དཀར་རྒྱ་གར་ཡུལ་དུ་རྒྱལ་པོ་ཤག་གི་གདུང་ལས་ཟས་གཙང་གི་སྲས་སུ་འཁྲུངས་ཏེ་བདུད་ང་མེན་ཆོས་པོ་ཞེས་པ་འདུལ་ཚུལ་དེ་ལགས།[30] དུས་རབས་བཅུ་བཞིའི་ནང་འཁྲུངས་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོས(༡༣༦༠-༡༤༠༦)སྙན་རྒྱུད་དུ་ཕབས་པར་གྲགས་པའི《མདོ་དྲི་མེད་གཟི་བརྗིད་》དུ“ལྷའི་བུ་དམ་པ་ཏོག་དཀར་ཁྱོད། །འདི་ནས་འཛམ་གླིང་ལྷོ་ཕྱོགས་ཀྱི། །རྒྱ་གར་ཝ་ར་ན་སི་རུ། །རྒྱལ་པོ་ཤག་གི་སྲས་སུ་འཁྲུངས། །ང་མིན་ཆོས་པོས་བསྒྱུར་བ་ཡི། །བོན་ལས་འཆོས་པའི་ལོག་བསླུ་ལ། །ཡང་དག་ཆོས་ཞེས་བྱ་བ་བསྒྱུར། །མིའི་ལོ་བརྒྱད་བརྒྱ་ཉི་ཤུ་ན། །རབ་འབྱམས་བཀའ་ཡི་འཁོར་ལོ་བསྐོར། །”[31]ཞེས་ལྷའི་བུ་དམ་པ་ཏོག་དཀར་སྐོར་གྱི་ནང་དོན་དེ་སླར་ཡང་བྱུང་བས། དེའི་རྗེས་སུ་བྱུང་བའི་བོན་གྱི་བསྟན་འབྱུང་མང་པོའི་ནང་དུ་ལུང་དེ་ཉིད་དྲངས་ཏེ་སྟོན་པ་ཤཱཀྱ་ཐུབ་པ་ནི་ལྷ་བུ་དམ་པ་ཏོག་དཀར་ཡིན་པའི་ལྟ་བ་རྒྱུན་འཁྱོངས་བྱས་འདུག[32]

འོན་ཀྱང་། བཤད་སྟངས་འདི་དག་དང་ཅུང་ཟད་མི་འདྲ་བ་ཞིག་ནི་《སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་》རུ“མཚལ་རི་ལྷའི་འདུན་ས་རུ་གཤེན་རབ་གསང་བ་འདུས་པའི་ཐུགས་སུ་བསྙུངས་ཏེ། ལྷ་བུ་ཏོག་དཀར་པོ་བྱ་བ་རུ་སྤྲུལ་ནས་མིའི་ཡུལ་དུ་བསྟན་པ་གཤེགས་ནས། རྒྱ་གར་གྱི་ཡུལ་དུ་བདུད་ལྷ་སྦྱིན་ནག་པོ་བཏུལ། ཆོས་ཀྱི་མཚན་གསོལ་ལོ། ཤཱཀྱ་ཐུབ་པའོ། །ཡབ་ནི་ཟས་གཙང་མའོ། ། ཡུམ་ནི་སྒྱུ་མ་ལྷ་མོ་ཡིད་མཛེས་མའོ། །གྲོང་ཁྱེར་ནི་སེར་སྐྱ་བྱ་བའོ། །”[33]ཞེས་བདུད་ཀྱི་མིང་ལ་ལྷ་སྦྱིན་ཞེས་འབོད་ཚུལ་འཁོད་ཡོད་པ་ནི་སྔར་ལས་ཅུང་ཟད་ཁ་གསལ་དུ་ཕྱིན་ཡོད།

བོན་ལུགས་ཀྱི་དཔེ་ཆའི་ནང་དུ་གསལ་བའི་ལྟ་བ་འདིས་ཕྱོགས་གཅིག་ནས་བན་བོན་བར་ལ་མཐུན་ལམ་གྱི་གསེར་ཟམ་ཞིག་བཙུག་ཡོད་པ་ཕུད། ངོ་མཚར་བ་ཞིག་ལ་བན་ཕྱོགས་ཀྱི་དཔེ་ཆ་《བཀའ་ཆེམས་བཀའ་ཁོལ་མ་》ཡི་ནང་དུའང་འདི་དང་ཆ་འདྲ་བའི་ནང་དོན་ཞིག་ཡོང་གི་འདུག་པ་འདིར་ལུང་ཆ་ཚང་དྲངས་།  “བོན་སྟོན་པ་གཤེན་རབས་མི་བོ་ཆེ་དེ་ཡང་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་སྔོན་བསྐལ་པ་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས་སུ་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ཤར་ནས་གནས་ཏེ་ནུབ་པའི་ཤུལ་དུ། ཤཱཀྱ་ཐུབ་པའི་བསྟན་པ་མ་ཤར་བའི་བར་སྐབས་དེར་ཆོས་ཀྱི་བསྟན་པ་གང་ཡང་མེད་པར། སེམས་ཅན་ཉོན་མོངས་ཤིང་སྡུག་བསྔལ་བ་ལ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེའི་ཐུགས་རྗེས། ནུབ་ཕྱོགས་ཞང་ཞུང་གི་ཡུལ་དུ་སྟོན་པ་གཤེན་རབས་མི་བོར་སྐུ་སྤྲུལ་ནས། འཁོར་གཡུང་དྲུང་སེམས་དཔའ་སེམས་ཅན་ཀྱིས་བསྐོར་ནས། འཛམ་བུའི་གླིང་པའི་སེམས་ཅན་རྣམས་ལ་ཕན་པ་ཡུན་རིང་དུ་བཏགས་པས། དེས་ན་གང་ལ་གང་འདུལ་དེ་ལ་དེ་སྟོན་པ། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་བྱུང་ངོ་། །”[34]ཞེས་གསལ་བ་དེའོ། །

ལུང་འདིས་སྟོན་པ་ཤཱཀྱ་ཐུབ་པ་མ་འཁྲུངས་པའི་སྔོན་ལ་ཞང་ཞུང་གི་ཡུལ་དུ་སྟོན་པ་གཤེན་རབ་བྱ་བ་ཞིག་འཁྲུངས་མྱོང་བ་དང་། སྟོན་པ་གཤེན་རབ་མི་བོ་ཆེ་ནི་སྟོན་པ་ཤཱཀྱ་ཐུབ་པའི་སྐྱེ་བ་སྔོན་མ་ཡིན་ཚུལ་གསལ་པོར་བསྟན་པ་དེ་ལགས།[35] ཕྱོགས་གཅིག་ནས་བལྟས་ན་འདི་ཡང་ངོ་མཚར་དགོས་པ་ཞིག་མ་ཡིན་ཏེ།  《བཀའ་ཆེམས་ཀ་ཁོལ་མ་》རུ་རྒྱ་གར་བའི་བཤད་སྟངས་ལ་ཤན་ཞུགས་པ་མང་པོ་ཡོད་ཀྱང་འདི་དང་ཆ་འདྲ་བར་སྲིད་པ་ཆགས་རབས་དང་ནང་བཅུད་སྒོང་སྐྱེས་ཀྱི་ལྟ་བ། རྒྱལ་རབས་བྱུང་ཚུལ། བོན་ཤེས་པ་ཅན་བཅུ་གཉིས་སོགས་བོན་གྱི་དཔེ་རྙིང་དག་ལས་བྱུང་བའི་ནང་དོན་མང་པོ་ཞིག་འཁོད་ཡོད་པ་མ་ཟད།  《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་》སོགས་ཐུབ་བསྟན་པའི་དཔེ་ཆ་སྔ་གྲས་ཇི་སྙེད་གཅིག་ཏུ་འདི་ལྟ་བུའི་སྣང་ཚུལ་ཧ་ཅང་མང་ཞིང་། གྲུབ་མཐའི་ངོས་ནས་བཤད་ན་བོད་དུ་དར་བའི་ཐུབ་པའི་བསྟན་པ་སྔ་ཤོས་རྙིང་མ་པས་ཀྱང་རྒྱ་གར་ཡུལ་དུ་གྲགས་མ་མྱོང་བའི་ཐེག་པ་རིམ་དགུ་དང་རྫོགས་པ་ཆེན་མོ་སོགས་འདོད་པ་ལྟ་བུ་སྟེ། ལྟ་གྲུབ་ཀྱི་ཐད་ནས་བོན་དང་གཅིག་མཚུངས་སུ་གནས་པ་མང་པོ་མཐོང་རྒྱུ་ཡོད་པས་སོ། །

གོང་དུ་ལུང་དྲངས་པ་བཞིན་《བཀའ་ཆེམས་ཀ་ཁོལ་མ་》དང་《མཁས་པ་ལྡེའུ་ཆོས་འབྱུང་》གཉིས་སུ་བཀའ་དང་བསྟན་བཅོས་ཞེས་པ་ཙམ་ལས། བཀའ་དང་བསྟན་འགྱུར་ཞེས་པའི་འགྱུར་གྱི་ཐ་སྙད་ནི་དེའི་རྗེས་སུ་བྱུང་བའི་ཆོས་འབྱུང་དེབ་ཐེར་[36]དག་ལས་བྱུང་བ་མ་གཏོགས་དཔེ་ཆ་སྔ་གྲས་དག་ཏུ་བྱུང་མེད༑ བུ་སྟོན་རིན་པོ་ཆེས(༡༢༩༠-༡༣༦༤)མཛད་པའི་《བུ་སྟོན་ཆོས་འབྱུང་》དུ་བསྟན་འགྱུར་ཞེས་པའི་ཐ་སྙད་བྱུང་ཡོད་ཀྱང་བཀའ་དང་བསྟན་བཅོས་ཞེས་རྣམ་བཞག་བྱས་ཡོད་པ་ལས་བཀའ་འགྱུར་དང་བསྟན་འགྱུར་ཞེས་དབྱེ་བ་བཀར་མེད།[37] དཔེ་ཆ་འདི་དག་ལ་བལྟས་ན་བསྟན་འགྱུར་གྱི་དོད་དུ་བསྟན་བཅོས་ཞེས་བྲིས་འདུག་ཀྱང་བསྟན་འགྱུར་དང་བསྟན་བཅོས་གཉིས་དོན་གཅིག་ཡིན་མིན་དཔྱད་དགོས་པར་སྣང་བས་དེའི་སྐོར་གུས་པས་གཞན་དུ་ཞིབ་པར་གླེང་ཡོད།

ནམ་རྒྱུན་བཀའ་དང་བཀའ་བརྟེན་ནམ་བཀའ་བསྟན་འགྱུར་ཞེས་པའི་ཐ་སྙད་འདི་བསྟན་འབྱུང་དང་ཆོས་འབྱུང་དག་ལས་འབྱུང་གི་ཡོད་ཀྱང་། གཙོ་བོ་《ཕར་ཕྱིན་》གྱི་གཞུང་རྣམས་སུ་རྣམ་བཞག་ཞིབ་ཕྲ་ཡོང་གི་ཡོད༑ མིག་སྔར་ཞིབ་འཇུག་དཔྱད་འབྲས་ལྟར་ན་བོད་རང་གི་མཁས་པས་《ཕར་ཕྱིན་》གྱི་གཞུང་འགྲེལ་བྲིས་པ་ཐོག་མ་རྔོག་བློ་ལྡན་ཤེས་རབ་(༡༠༥༩-༡༡༠༩)ཡིན་པར་གྲགས༑ ཁོང་གིས་མཛད་པའི་《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་དོན་བསྡུས་》ཞེས་པའི་ནང་དུ་“ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བདག་ཉིད་སྟོན་པའི་རང་བཞིན་གྱི་ཕྱིན་ཅི་མ་ལོག་པའི་ཡོན་ཏན་ཤེས་པས་དེའི་བཀའ་འམ་དེ་ལ་བརྟེན་པའི་བསྟན་བཅོས་ལ་ཁྱད་པར་མེད་པར་འཇུག་པའོ།།”[38]ཞེས། བོན་གྱི་དཔེ་ཆ་དག་དང་འདྲ་བར་བཀའ་དང་བཀའ་ལ་བརྟེན་པ་གཉིས་སུ་ཕྱེས་ནས་གསུང་ཡོད།

དེ་ཡང་བོན་གྱི་མཁས་པ་གྲགས་ཅན་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་“རྒྱལ་པོས་བཀའ་བཅད་པ་དང་འདྲ་བར། སངས་རྒྱས་ཡས་དབབ་ཀྱི་བཀའ་ཡིན་པས་བཀའོ། །”[39]ཞེས་བཀའ་ཡི་སྒྲ་དོན་ནི་རྒྱལ་པོའི་བཀའ་དང་འདྲ་བར་སྦྱར་ནས་བཤད་ཡོད་ལ། སྤ་བསྟན་རྒྱལ་བཟང་པོས་མཛད་པའི་《བསྟན་འབྱུང་དར་རྒྱས་གསལ་སྒྲོན་》ལས་ཀྱང“སྟོན་པས་གསུངས་པ་དེ་བརྩན་པར་གྱུར་པས་ན་བཀའ་སྟེ། མདོ་ལས། སྔོན་གྱི་སྟོན་པ་ཇི་སྙེད་མན་ཆད་ནས། །ད་ལྟའི་སྟོན་པ་བདག་ཉིད་ཡན་ཆད་དུ། །ལུང་འདི་མ་ནོར་ངེས་པས་བརྩན་པར་ཟུངས། །”[40]ཞེས་གསུངས་འདུག་པ་ལྟར། བོན་གྱི་དཔེ་ཆ་རྣམས་སུ་བཀའ་ཞེས་པའི་དོན་ནི་བོད་རང་གི་སྐད་ཆའི་བབས་དང་མཐུན་ཞིང་འགྲེལ་ཆགས་པ་ཞིག་བཤད་ཡོད་པ་དང་། བཀའ་བརྟེན་ཞེས་པ་དེ་ལ་བརྟེན་ནས་བྲིས་པའི་གཞུང་ཞིག་ལ་གོ་དགོས།

རྒྱལ་མོ་འབྲུག་པའི་《བཀའ་བསྟེན་གྱི་པར་གཞི་ཁག་དང་བསྟན་འགྱུར་དཔེ་བསྡུར་མའི་སྐོར་གླེང་བ་》ཞེས་པའི་དཔྱད་རྩོམ་དུ། བཀའ་ཡི“སྒྲ་དོན་ནི་སཾ་སྐྲྀ་ཏའམ་ལེགས་སྦྱར་གྱི་སྐད་དོད་ལ་སུ་བྷཱ་ཥི་ཏ་ཞེས་བྱ་སྟེ། སུ་བྱ་བ་ནི་དོན་ལྔ་ལ་འཇུག་པ་ལས་འདིར་ལེགས་པའི་དོན་དང་བྷཱ་ཥི་ཏ་བྱ་བ་གསུངས་པའི་དོན་ལ་འཇུག་པས་ན་ལེགས་པར་གསུངས་པ་ཞེས་གྲུབ། བོད་སྔ་རབས་པ་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་རབ་བླ་ན་མེད་པའི་ཆ་ནས་རྒྱལ་བའི་བཀའ་ཞེས་རང་སྐད་ཀྱི་བླ་མེད་ཞེ་ཚིག་སྦྱར་ཏེ་བརྗོད་པ་ཡིན”[41])ཞེས། རྒྱ་གར་རང་དུ་སྟོན་པ་ཤཱཀྱ་ཐུབ་པའི་གསུང་རྣམས་བོད་ཀྱི་སྐད་ལ་ལེགས་གསུང་གི་དོན་ཡོད་པ་ལ་བོད་སྔ་རབས་པས། བོད་རང་གིས་སྔར་ནས་བཀོལ་མྱོང་བའི་ཐ་སྙད་སྦྱར་ཏེ་བཀའ་ཞེས་བཏགས་ཚུལ་བཤད་པ་དང་དེའི་དགོངས་འགྲེལ་རྣམས་ལ་བསྟན་འགྱུར་ཞེས་བཏགས་པ་མ་གཏོགས། རྒྱ་ནག་སོགས་མི་རིགས་གཞན་དུ་སྟོན་པ་ཤཱཀྱའི་གསུང་དང་དེའི་དགོངས་བཅུད་བླངས་པའི་ལོ་པཎ་རྣམས་ཀྱི་གསུང་ལ། སྡེ་སྣོད་གསུམ་(三藏)མམ་སྡེ་སྣོད་ཆེན་མོ་(大藏经)ཞེས་འདོགས་ཚུལ་གསུངས་[42]པ་ནི་མཁས་པའི་གཏམ་དུ་སྣང་བས། ང་ཚོས་འདིར་གསལ་ཐག་ཆོད་པར་བཤད་ཐུབ་པ་ནི་མཁར་རྨེའུ་བསམ་གཏན་ལགས་ཀྱིས་གསུང་པ་ལྟར། བོན་གྱིས་ཆོས་ལ་ལད་མོ་བྱས་པ་ཞིག་མ་ཡིན་པར། ཐོག་མར་བོན་ལུགས་ཀྱི་དཔེ་ཆ་དག་ཏུ་སྟོན་པའི་བཀའ་ལ་སློབ་དཔོན་བཀའ་ཡིས་བརྟེན་པ་སྟེ། བཀའ་དང་བཀའ་ལ་བརྟེན་པའི་བོན་གཉིས་སུ་ཕྱེས་པ་ལ་ལད་མོ་བྱས་ནས་བཀའ་དང་བཀའ་ལ་བརྟེན་པའི་བསྟན་བཅོས་གཉིས་ཀྱི་རྣམ་བཞག་བྱས་པ་དང་། ཕྱིས་སུ་དུས་རབས་བཅུ་བཞིའི་ནང་དུ་སླེབས་སྐབས་བཀའ་འགྱུར་དང་བསྟན་འགྱུར་ཞེས་རྒྱ་གར་གྱི་བསྟན་བཅོས་བོད་དུ་འགྱུར་བ་ཡིན་པས་ན་“འགྱུར་”ཞེས་པའི་ཚིག་གྲོགས་ཞིག་བསྣན་ཡོད་པ་དེ་ལགས།

མཐའ་བསྡོམས།

མཁར་རྨེའུ་བསམ་གཏན་ལགས་ཀྱིས་“ལར་བོད་དུ་དུས་རབས་བཅུ་གཅིག་པའི་སྐབས་ནས་བཟུང་ཆོས་ལུགས་ཀྱི་གཞུང་ལུགས་དཔེ་ཆར་རྣམ་དབྱེ་འབྱེད་པའི་སྲོལ་ཞིག་དར་མགོ་ཡོད་ནའང་། ཏྲེ་སྟོན་གྱི་དུས་སུ་བོན་ལ་ནི་དེ་ལྟའི་སྲོལ་ཞིག་དར་མེད་པ་འདྲ། བོན་གཞུང་ལ་རྣམ་དབྱེ་འབྱེད་པའི་དུས་ནི་སྤྱི་ལོ་ ༡༧༥༡ ཡས་མས་སུ་ཡིན་འདུག་”[43]ཅེས་གསུངས་ནས། བོན་གྱི་གསུང་རབ་རྣམས་བཀའ་དང་བཀའ་བརྟེན་གཉིས་སུ་འབྱེད་པ་ནི་ཏྲི་སྟོན་རྒྱལ་མཚན་དཔལ་གྱི་དུས་སྐབས་སུ་ད་དུང་བྱུང་མེད་པས། དེ་ནི་ཐུབ་བསྟན་པ་ལ་ལད་མོ་བྱས་ནས་བྱུང་བ་ཞིག་ཏུ་འདོད་ཀྱང་། ཏྲི་སྟོན་རྒྱལ་མཚན་དཔལ་གྱིས་མཛད་པའི་«བོན་སྒོ་གསལ་བྱེད་»དུ“རྗོད་བྱེད་ཚིག་གི་བོན་ཐམས་ཅད་བཀའ་དང་བཀའ་བརྟེན་གཉིས་སུ་འདུས་སོ། །མདོ་ལས། བཀའ་དང་བཀའ་ལ་བརྟེན་ནས་ཞེས་སོ། །དེ་ལ་བཀའ་ཡི་མཚན་ཉིད། སངས་རྒྱས་ཀྱི་བདག་རྐྱེན་ལས་བྱུང་པའི་བློ་དང་མཐུན་པའི་ཐེག་པ”[44]ཞེས་སོགས་གསལ་བ་ལྟར། བཀའ་དང་བཀའ་བརྟེན་གཉིས་ཀྱི་ཐ་སྙད་བྱུང་བ་མ་ཟད་མཚན་ཉིད་དང་མཚན་གཞི་ཡང་སོ་སོར་བཞག་སྟེ་རྣམ་བཞག་ཞིབ་ཕྲ་མཛད་འདུག་པས། སྐུ་ཞབས་མཁར་རྨེའུ་ལགས་ཀྱི་གསུང་འདི་ལ་ཡིད་རྟོན་ཕེལ་བ་གང་ཡང་མེད་པ་མ་ཟད། ང་ཚོས་ལེགས་པར་བརྟག་ན་ཏྲི་སྟོན་རྒྱལ་མཚན་དཔལ་གྱི་སྔོན་དུ། དུས་རབས་བཅུ་པ་དང་བཅུ་གཅིག་སྔོན་གྱི་བོན་དཔེ་«མདོ་འདུས་»དང་«མདོ་གཟེར་མིག་»སོགས་སུའང་བཀའ་དང་བཀའ་བརྟེན་གྱི་ཐ་སྙད་བྱུང་ཡོད་པ་གོང་དུ་ཞུས་ཟིན་པ་ལྟར་ལགས༑

འོན་ཀྱང་། ཐུབ་བསྟན་པའི་ཡིག་ཆ་དག་ལས་བཀའ་དང་བསྟན་བཅོས་ཀྱི་ཐ་སྙད་བྱུང་སྔ་ཤོས་ནི་«བཀའ་ཆེམས་ཀ་ཁོལ་མ་»དང་རྔོག་ལོའི་«ཕར་ཕྱིན་» མཁས་པ་ལྡེའུས་མཛད་པའི་«རྒྱ་བོད་ཆོས་འབྱུང་རྒྱས་པ་»སོགས་ཡིན་ཞིང་དཔེ་ཆ་དེ་དག་ནི་དུས་རབས་བཅུ་གཅིག་དང་བཅུ་གཉིས་ནང་གི་དཔེ་ཆ་ཡིན་ལ། དཔེ་ཆ་དེ་དག་གི་གཙོ་བོའི་ཁུངས་བཅོལ་ས་«ལྷ་བུ་དམ་པས་ཞུས་པའི་མདོ་»ཞེས་པ་ལ་བྱས་ཡོད༑ བན་བོན་གཉིས་ཀའི་ཡིག་ཚང་དུ་ལྷ་བུ་དམ་པའི་སྐོར་ཅུང་ཟད་གསལ་པོར་སྣང་བ་ལ་བརྟག་ན་ལྷ་བུ་དམ་པ་ནི་བོན་དང་འབྲེལ་བའི་མི་སྣ་གལ་ཆེན་ཞིག་ཡིན༑

ལྷག་དོན་དུ་རྔོག་ལོའི་«ཕར་ཕྱིན་»སོགས་ཐུབ་བསྟན་པའི་དཔེ་ཆ་སྔ་གྲས་ཁག་ཅིག་ཏུ་དེང་དུས་ལྟར་བཀའ་དང་བསྟན་བཅོས་ཞེས་དབྱེ་མཚམས་གསལ་པོ་བཟོས་པའམ། ཡང་ན་བཀའ་འགྱུར་དང་བསྟན་འགྱུར་ཞེས་པའི་ཐ་སྙད་དེ་ཉིད་འབྱུང་གི་མེད་དེ། བཀའ་དང་བཀའ་ལ་བརྟེན་པའི་བསྟན་བཅོས་ཞེས་གཤེན་བསྟན་པ་དག་དང་ཧ་ཅང་འདྲ་མཚུངས་སུ་ཡོད་དོ། །དེ་ལྟར་ན་བོན་གྱི་བཀའ་དང་བཀའ་བརྟེན་ཁྲོད་ཀྱི་«ཡེ་ཁྲི་མཐའ་སེལ་»སོགས་ཁག་ཅིག་ལ་འགྱུར་ཞེས་ཐོབ་ཀྱང་། ཡོད་ཚད་ལ་བཀའ་འགྱུར་དང་བརྟེན་འགྱུར་ཞེས་པ་ནི་ཐུབ་བསྟན་པ་ཡི་ཤུགས་རྐྱེན་ཐེབས་པ་ལས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཧ་ཅང་རྙེད་དཀའ་བར་སེམས༑ «ཡེ་ཁྲི་མཐའ་སེལ་»སོགས་བཀའ་ཡི་ཁོངས་སུ་གཏོགས་པ་རེ་འགའ་རྒྱ་གར་དང་སྐད་རིགས་གཞན་ནས་འགྱུར་བར་གྲགས་པས་བཀའ་འགྱུར་ཞེས་ཐ་སྙད་སྦྱར་ཆོག་ལ། «བཀའ་ཆེམས་ཀ་ཁོལ་མ་»སོགས་ལས་གསལ་བ་ལྟར་སྟོན་པ་ཤཱཀྱ་ཐུབ་པ་སྟོན་པ་གཤེན་རབ་ཀྱི་བསྟན་པའི་རྒྱུན་སྐྱོང་མཁན་ནམ་སྐྱེས་རབས་ཕྱི་མ་ཡིན་པས། གཤེན་བསྟན་པ་དག་གིས་སྟོན་པ་ཤཱཀྱའི་གསུང་ཕལ་ཆེ་བ་བཀའ་བརྟེན་གྱི་ཁོངས་སུ་བསྡུ་ཆོག་པར་འདོད་ཅིང་དེ་ལ་བརྟེན་འགྱུར་ཞེས་གདགས་སུ་རུང་བ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ལགས།

དཔྱད་ཡིག་དང་ཞབས་མཆན། 

[1] རྒྱ་ཀོང་ཙེ་འཕྲུལ་རྒྱལ་སྐོར་གུས་པས་སྤྱི་ལོ་ 2019 ལོར་«རྒྱ་ཀོང་ཙེ་དང་ཐང་ཐའེ་ཙུང་། ཀོང་ཏཱ་ཡུད། ཁུང་ཙེ་སོགས་ཀྱི་སྐོར་དཔྱད་ཞིབ།»ཞེས་པ་ཞིག་བྲིས་ཏེ་རྒྱལ་གཤེན་བོན་དྲར་བཀོད་ཡོད་ཅིང་ད་ལྟར་བར་ཀློག་གྲངས་འབུམ་གཅིག་དང་ཁྲི་ལྔ་ལྷག་ཟིན་འདུག དྲ་གནས། http://gyalshenbondra.com

[2] «བོན་བསྟན་རིག་གནས་སྐོར་གྱི་དཔྱད་བརྗོད་ཁྱུང་རུའི་འོད་སྣང་།» སྟོང་སྐོར་ཚེ་རིང་ཐར་གྱིས་བརྩམས། བླ་མ་བཀྲ་ཤིས་བསྒྱུར། 2018 ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P:5780བར་གསལ་བའི་“ཐུབ་པའི་བསྟན་པ་བོད་དུ་དར་བའི་ལོ་ཚིགས་སྔོན་དུ་སྣུར་ཆོག”ཅེས་པ་དང་། 2018ལོའི་«གཉའ་ཁྲི་བཙན་པོ།»ལོ་དེབ། P:81—119བར་དུ་གསལ་བའི་“གྲི་གུམ་བཙན་པོའི་སྐབས་སུ་ནང་ཆོས་བོད་དུ་དར་ཚུལ་སྐོར་གླེང་བ།” ཤེས་རབ་གོ་ཆས་བརྩམས། བཅས་ལ་གཟིགས།

[3] «གཏེར་གྱི་ཁ་བྱང་།» སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་བརྩམས། “བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།“ པོད་ལྔ་པ། ཁྲི་བསོད་བསྟན་གྱིས་བསྒྲིགས། 2018 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:302 “གྲི་གུམ་བཙན་པོའི་སྐབས་སུ་བོན་གཏེར་སྦས་ཚུལ་དང་གཤེན་ཀླུ་དགའི་བོན་གཏེར།”ཞེས་གསལ།

[4] «མདོ་གཟེར་མིག» དྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་བཞེས། “སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ།” པོད་༢༩།  2017 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

[5] «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།» ཉང་ཉི་མ་འོད་ཟེར་གྱིས་བརྩམས། “གངས་ཅན་རིག་མཛོད།” པོད་༥། 2010 ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

[6]《ཡེ་ཁྲི་མཐའ་སེལ།》 “སྒོ་བཞི་མཛོད་ལྔའི་ཡང་བཅུད།” པོད་༤༩། 2014 ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:230

[7] «བོན་བསྟན་རིག་གནས་སྐོར་གྱི་དཔྱད་བརྗོད་ཁྱུང་རུའི་འོད་སྣང་།» གོང་མཚུངས། P:250

[8] «མདའ་དང་འཕང་།» གོང་མཚུངས། P:269

[9] «མདའ་དང་འཕང་།» གོང་མཚུངས། P:269

[10] «ཁམས་ཆེན་པོ་བརྒྱད་ཀྱི་ཊཱིཀྐ» མཁས་པ་དཔལ་ཆེན་གྱིས་བརྩམས། “སྒོ་བཞི་མཛོད་ལྔའི་ཡང་བཅུད།” པོད་༤༠། 2014 ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:82

[11] 《ཡེ་ཁྲི་མཐའ་སེལ།》གོང་མཚུངས། P:230

[12] «མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ་བཞུགས་སོ།།» ཨ་ཙ་ར་མི་གསུམ་གྱིས་གཏེར་བཞེས། “སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ།” པོད་༣༡། 2017 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:124 “ད་ནི་བོན་རྣམས་བསྡུ་བར་མཛད། །བཀའ་དང་རྗེས་སུ་བརྟེན་པའི་བོན། །བོན་རྣམས་ཐམས་ཅད་དེ་རུ་འདུས། །བཀའ་དང་བཀའ་རྗེས་སུ་བསྟན་པའི་བོན། །བཀའ་ནི་སྟོན་པས་གསུང་པ་སྟེ། །བདེ་བར་གཤེགས་པའི་བཀའ་ཞེས་བྱ། །”ཞེས་དང་། P:125 “མུ་ཆོ་ལྡེམ་དྲུག་སྟོན་པའི་རྒྱལ་ཚབ་གྱིས། །བོན་གྱི་འཁོར་ལོ་ལོ་གསུམ་ཀློག་བཤད་མཛོད། །”ཞེས་དང་། “མུ་ཆོ་ལྡེམ་དྲུག་བསྟན་པའི་ཀློག་བཤད་མཛད་དེ་ལོ་གསུམ་བཞུགས།”ཞེས་གསལ།

[13] «མདའ་དང་འཕང་།» གོང་མཚུངས། P:379 “«འདུལ་བ་ཀུན་ལས་བཏུས་པའི་གཞུང་།»ཞེས་པའི་ནང་དུ་མེ་སྟོན་ཤེས་རབ་འོད་ཟེར་གྱིས་«གཟེར་མིག་»ལེའུ་བཅུ་དྲུག་ལས་དུམ་མཚམས་ཇི་སྙེད་ཅིག་དྲངས་གནང་མཛད་ཡོད་ནའང་«གཟེར་མིག་»དང་འབྲེལ་བའི་མཚན་དང་དོན་གང་ཡང་མ་གསུང་པར་སྟབས་བདེའི་སྒོ་ནས་‘སྟོན་པས་གསུངས་’ཞེས་བྲིས་གནང་མཛད་འདུག”ཅེས་གསལ།

[14] «མདོ་གཟེར་མིག» གོང་མཚུངས། P:356

[15] «མདོ་གཟེར་མིག» གོང་མཚུངས། P:357

[16] «མདོ་གཟེར་མིག» གོང་མཚུངས། P:358

[17] «བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན།» སྤ་བསྟན་རྒྱལ་བཟང་པོས་བརྩམས། “བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།“ པོད་ལྔ་པ། ཁྲི་བསོད་བསྟན་གྱིས་བསྒྲིགས། 2018 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:27 “མདོ་ལས། སྟོན་པའི་བཀའ་ལ་སློབ་དཔོན་བཀའ་ཡིས་བརྟེན།།”ཞེས་གསལ་བ་ལྟ་བུའོ།།

[18] «ཤེར་ཕྱིན་སྐབས་དང་པོའི་རྣམ་བཤད་དཀའ་གནད་གསལ་སྒྲོན།» མཁན་ཆེན་ཉི་མ་བསྟན་འཛིན་གྱིས་བརྩམས། “སྒོ་བཞི་མཛོད་ལྔའི་ཡང་བཅུད།” པོད་༨། 2013 ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:14—15 “གསུམ་པ་ནི། གདུང་སོབ་མུ་ཆོས་གསུངས་པའི་རྣམས་ཡིན་ནོ།། དེ་ནི་བཀའ་ཡི་མིང་བཏགས་པ་ཙམ་ལས། བཀའ་བརྟེན་དངོས་ཡིན་ཏེ། ་་་་་་བཀའ་དང་བཀའ་བརྟེན་གྱི་གཞི་མཐུན་མི་སྲིད་པ་གང་ཞིག  དེ་དག་བཀའ་བརྟེན་གྱི་ཐོག་མ་ཡིན་པའི་ཕྱིར་ཏེ། མདོ་ལས། སྟོན་པའི་བཀའ་ལ་སློབ་དཔོན་བཀའ་ཡི་རྟེན། །ཞེས་གསུངས་སོ།།”ཞེས་གསལ།

[19] 《ཕོ་བྲང་སྟོང་ཐང་ལྷན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་བཞུགས།》“བསྟན་འགྱུར(དཔེ་བསྡུར་མ)།” པོད་༡༡༦། 2005 ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། P:823

[20] «བཀའ་ཆེམས་བཀའ་ཁོལ་མ།» ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གཏེར་བཞེས། 2015 ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P:22 “དེ་མི་ནུབ་པའི་རྒྱལ་མཚན་དུ་ལོ་བརྒྱ་ན་གྲོང་ཁྱེར་ཡངས་པ་ཅན་དུ་དགེ་སློང་ལྔ་བརྒྱ་སྡེ་སྣོད་གསུམ་གྱི་དོན་བཀའ་འཁོར་ལོ་དང་པོ་དགོངས་པ། བསྟན་བཅོས་ཀྱི་བྱེ་བྲག་ཏུ་བཤད་མཚོ་ཆེན་པོ་བམ་པོ་སུམ་བརྒྱ་བ་བརྩམས་སོ། །བསྟན་བཅོས་ལ་སྔ་བ་དེ་ཡིན་ནོ། །”ཞེས་གསལ།

[21] «མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ།» མཁས་པ་ལྡེའུས་བརྩམས། 2010 ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། P:1

[22] «ཤེར་ཕྱིན་སྐབས་དང་པོའི་རྣམ་བཤད་དཀའ་གནད་གསལ་སྒྲོན།» གོང་མཚུངས། P:6 “གཞན་སྡེ་ཁ་ཅིག་ན་རེ། སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་བོན་ཅན། གཡུང་དྲུང་གི་བོན་མ་ཡིན་པར་ཐལ། ལུང་རྟོགས་གང་རུང་མ་ཡིན་པའི་ཕྱིར། ཞེ་ན། མ་ཁྱབ་སྟེ། གཡུང་དྲུང་ཁྲི་སྐོས་མཆོད་རྟེན་བོན་ཅན། དེ་ཐལ། དེའི་ཕྱིར།”ཞེས་གསུང་།

[23] «མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ།» གོང་མཚུངས། P:2—3

[24] «རྩ་རྒྱུད་ཉི་ཟེར་སྒྲོན་མ།» བྲ་བོ་སྒོམ་ཉག་གིས་གཏེར་བཞེས། “བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།“ པོད་ལྔ་པ། ཁྲི་བསོད་བསྟན་གྱིས་བསྒྲིགས། 2018 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:150 “སྟོན་པ་སུམ་ཅུ་རྩ་གསུམ་ལྷ་ཡི་ཡུལ་དུ་བྱོན་ནས། སྟོན་པ་ཉིད་ཀྱིས་གསུང་ལས་སྤྲུལ་པ། ལྷའི་བུ་ནོར་བུ་ཏོག་དཀར་ཞེས་བྱ་བ་ལ། འགྲོ་བ་འདུལ་བའི་བོན་ལུང་ཕོག་སྟེ།”ཞེས་དང་། P:151 “རྒྱ་གར་གྱི་ཡུལ་ནས་དམུའི་རྒྱལ་རིགས་ལྔ་ལས། ཤག་གར་གསས་ཀྱི་གདུང་རྒྱུད། ་་་ཡབ་རྒྱལ་པོ་ཟས་གཙང་མ། ཡུམ་དངོས་གྲུབ་ལྷ་བཞེངས་མཛེས་བྱ་བའི་སྲས་སུ་འཁྲུངས། ་་་་གཡུང་དྲུང་བོན་ལས་ཆོས་སུ་མིང་བཏགས་ནས། ཏོག་གཟུངས་ཆེན་མོའི་མདོ་རྒྱ་གར་གྱི་སྐད་དུ་བསྒྱུར།”ཞེས་གསལ།

[25] «སེམས་ལུང་གསལ་བའི་སྒྲོན་མེ་དང་ས་ལམ་དོན་གསལ་སྒྲོན་མ།» གཤེན་ནམ་མཁའི་སྣང་བ་མདོག་ཅན་གྱིས་བརྩམས། 2018 ལོར་ཡ་ཡ་རིག་གནས་ལས་སྒྲུབ་ཁང་། P:7

[26] «སེམས་ལུང་གསལ་བའི་སྒྲོན་མེ་དང་ས་ལམ་དོན་གསལ་སྒྲོན་མ།» གོང་མཚུངས། P:59 “སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་ཕྱིར་ཞེས་བྱ་བ་ནི། འདིས་གཙུག་ལག་སྲིད་པའི་བུ་བཞི་ཅི་ལྟར་ལུགས་སྟོན་ཏེ། སྟོན་པ་འདའ་བ་ཡང་དུས་དང་ཐབས་ཀྱིས་འདའ་བ་བྱུང་སྟེ། སྟོན་པ་འདས་ཀྱང་སྤྲུལ་པའི་སྲས་བཞི་བཞག་པས་སོ། །”ཞེས་གསལ།

[27] «ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག» འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་བརྩམས། “སྒོ་བཞི་མཛོད་ལྔའི་ཡང་བཅུད།” པོད་༣༨། 2014 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:68 “སེམས་ལུང་ལས། སེམས་སྐྱེད་སྔོན་དུ་མ་སྐྱོལ་ཞིང་པས་རྒྱུ་བརྗེད་འདྲ། །སེམས་བསྐྱེད་དོན་དང་ལྡན་པའི་གཤེན་རབ་ནི། །མཁའ་ལ་ཆར་འབབ་རྒྱ་མཚོའི་རུ་མ་འདྲ། །”ཞེས་གསལ།

[28] «གཏན་ཚིགས་ངེས་པའི་གལ་མདོ་ཏན་ཏྲ་ཉི་མའི་འཁོར་ལོ།» “སྒོ་བཞི་མཛོད་ལྔའི་ཡང་བཅུད།” པོད་༢༣། 2013 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:89 “སྲིད་པའི་བུ་བཞི་གཡུང་དྲུང་བོན་དུ་ངེས། །གདུལ་བྱ་ཐ་དད་འདུལ་བྱེད་དེ་བཞིན་བསྟན། །ངོ་བོ་གཅིག་ལ་སྐྱོན་ཡོན་སྒྲོ་འདོགས་བླུན། །”ཞེས་གསལ།

[29] འདིའི་སྐོར་གུས་པས་བྲིས་པའི་དཔྱད་རྩོམ་«སྙན་རྒྱུད་བླ་མ་དང་གེ་སར་སྒྲུང་པའི་བར་གྱི་གསང་བ་ལ་བཏབ་པའི་སྔོན་འགྲོའི་དཔྱད་གླེང་།»ཞེས་པར་གཟིགས་རོགས།

[30] «སེམས་ལུང་གསལ་བའི་སྒྲོན་མེ་དང་ས་ལམ་དོན་གསལ་སྒྲོན་མ།» གོང་མཚུངས། P:64 “དེ་ནས་ཤཱཀྱའི་སྲས་པོས་བདུད་དེ་ཐུལ་བས། ཤཱཀྱ་ཐུབ་པར་མཚན་གསོལ་ཏེ། གཡུང་དྲུང་གི་བོན་ལས་དམ་པའི་ཆོས་སུ་སྒྲ་མཚན་དུ་བསྒྱུར་ནས། ཏོག་དཀར་པོ་ལས་སོགས་མདོ་སྡེ་བཞི་བཅུ་རྩ་གཉིས། འདུལ་བ་རྒྱུད་དྲུག  མངོན་པ་སྡེ་བཞི། བྱ་བྱེད་བླ་ན་མེད་པ་དོན་གྱི་རྒྱུད་བཞི། དེ་ལ་སོགས་པ་མང་དུ་སྤེལ་ནས། གཤེན་རབ་ཀྱི་བསྟན་པ་སྡེ་གཉིས་ཀྱང་གཅིག་དར་ན་གཅིག་ལྡེབས་པའི་ཚུལ་གྱིས་ཕྱི་བར་མ་བྱོན་དུ་འགྲོ་དོན་འགྲོ་བ་འདྲེན་པའོ། །”ཞེས་གསལ།

[31] «མདོ་དྲི་མེད་གཟི་བརྗིད།» སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད། པོད་༡༢། 2000 ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། P:508

[32] «གླེང་གཞི་བསྟན་པའི་བྱུང་ཁུངས།» ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས། “བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།“ པོད་༦། ཁྲི་བསོད་བསྟན་གྱིས་བསྒྲིགས། 2018 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:91 “འཕགས་པ་མི་ཕམ་མགོན་པོ་དང་། ལྷ་སྲས་དོན་གྲུང་དང་། དམ་པ་ཏོག་དཀར་དང་། ཤཱཀྱ་ཐུབ་༠་རྣམས་ནི་ངོ་བོ་གཅིག་པའོ།།”ཞེས་དང་། «བསྟན་པ་སྤྱི་ཡི་བྱུང་ཁུངས་ཡིད་བཞིན་ནོར་བུ་འདོད་པ་འཇོ་བའི་གཏེར་མཛོད།» ཀུན་གྲོལ་གྲགས་པས་བརྩམས། གོང་མཚུངས། P:189 “གཤེན་རབ་གསུང་ལས་སྤྲུལ་པ་སྟེ། །ལྷ་བུ་དམ་པ་ཏོག་དཀར་ཁྱོད། །འདི་ནས་འཛམ་གླིང་ལྷོ་ཕྱོགས་ཀྱི། །རྒྱ་གར་ཝ་ར་ན་སི་རུ། །རྒྱལ་པོ་ཤཱཀྱའི་རིགས་སུ་འཁྲུངས། །ང་མིན་ཆོས་པོས་བསྒྱུར་བ་ཡི། །བོན་ལ་འཆོས་པའི་ཆོས་ལོག་ལ། །ཡང་དག་ཆོས་ཞེས་བྱ་བ་བསྒྱུར། །”ཞེས་གསལ་བ་དང་། ཡང་«ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།» ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། “ཀུན་མཁྱེན་ཤར་རྫའི་གསུང་འབུམ།” པོད་༥། 2016 ལོར་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་། P:62 “གཤེན་ལོ་བརྒྱད་ཅུ་རྩ་གཉིས་འགྲོ་དོན་མཛད་དེ། མཐར་མི་རྟག་པའི་ཚུལ་བསྟན་ནས་མྱ་ངན་ལས་འདས། དེའི་འོག་ཏུ་གདུང་འཚོབ་ཐུབ་པ་གཉིས་བྱོན་པ་ལ། ཐུབ་པ་ནི་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཅུ་ཐུབ་དུས་ན། རྒྱ་གར་དུ་བདུད་ང་མིན་ཆོས་པོའི་ལོག་ཆོས་ཡང་དག་པའི་ཆོས་སུ་བསྒྱུར་བའི་ཕྱིར།”ཞེས་སོགས་གསལ་བ་ལྟ་བུའོ།།

[33] «འཕྲུལ་ངག་གཡུང་དྲུང་བོན་གྱི་ལུང་བསྟན་གྱི་མདོ་སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་དབུ་ཕྱོགས་བཞུགས་བསྷོ།།» ཁོད་པོ་བློ་གྲོས་ཐོག་མེད་ཀྱིས་གཏེར་བཞེས། “ཤར་ཕྱོགས་རྒྱལ་མོ་ཚ་བརོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས།” པོད་༡། 2017 ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:162

[34] «བཀའ་ཆེམས་བཀའ་ཁོལ་མ།» གོང་མཚུངས། P:165

[35] བོན་གྱི་དཔེ་ཆ་རྣམས་སུ་བཀའ་དང་བཀའ་བརྟེན་གྱི་ཁྱད་པར་འབྱེད་སྐབས་སྟོན་པ་ཤཱཀྱའི་གསུང་ཁག་ཅིག་བཀའ་ཡི་ཁོངས་སུ་གཏོགས་པ་དང་ཕལ་ཆེ་བ་ནི་བཀའ་བརྟེན་གྱི་གྲས་སུ་ཚུད་ཚུལ་གསུང་ཡོད་པ་ རྒྱུ་མཚན་གཙོ་བོ་འདི་ལ་ཐུགས་ཡོད། བཤད་སྟངས་འདི་ནི་ད་ལྟའི་ཐུབ་བསྟན་འཛིན་པ་རྣམས་ཀྱི་ངོས་ནས་མཚོན་ན་བློ་ངོར་མི་ཤོང་བའི་གཏམ་འབའ་ཞིག་ཏུ་ཟད་ཀྱང་། མཐུན་ལམ་གཙོ་བོར་སྨྲ་མཁན་ཞིག་གི་ངོས་ནས་མཚོན་ན་གསེར་ཟམ་ཆེན་པོ་ཞིག་ཡིན་པར་སྨྲ་ཆོག་གོ། །

[36]  «དེབ་ཐར་སྔོན་པོ།» འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། 1984 ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P:44 “དིང་སང་བསྟན་འགྱུར་ན་ཆུད་པའི་ལང་ཀར་གཤེགས་པའི་འགྲེལ་པ་གཉིས་འདུག”ཅེས་གསལ་བ་ལྟ་བུའོ།།

[37] «བུ་སྟོན་ཆོས་འབྱུང་།» བུ་སྟོན་རིན་ཆེན་གྲུབ་ཀྱིས་བརྩམས། 2018 ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P:325 “འཕགས་པ་འཇམ་དཔལ་གྱི་སྨོན་ལམ་ཉི་མ་རྒྱལ་མཚན་གྱི་འགྱུར། འདི་བསྟན་འགྱུར་དུ་མ་ཆུད།”ཞེས་གསལ་བ་ལྟ་བུའོ།།

[38] 《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་དོན་བསྡུས》རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བརྩམས།

[39] «བསྟན་པ་བོན་གྱི་ཀླད་དོན།» སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་བརྩམས། “བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།“ པོད་༥། ཁྲི་བསོད་བསྟན་གྱིས་བསྒྲིགས། 2018 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:212

[40] «བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན།» གོང་མཚུངས། P:25

[41] «རྒྱལ་མོ་འབྲུག་པའི་ཆེད་རྩོམ་ཕྱོགས་བསྒྲིགས།» རྒྱལ་མོ་འབྲུག་པས་བརྩམས། 2016 ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། P:113

[42] «རྒྱལ་མོ་འབྲུག་པའི་ཆེད་རྩོམ་ཕྱོགས་བསྒྲིགས།» གོང་མཚུངས། P:114 “བཀའ་བསྟན་འགྱུར་ཞེས་པ་ནི་རང་རེའི་བོད་པ་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་རབ་དང་དེའི་དགོངས་འགྲེལ་བསྟན་བཅོས་བཞུགས་སོ་ཅོག་བོད་རང་སྐད་དུ་འགྱུར་ཡོད་པ་རྣམས་ཀྱི་མཚན་དུ་གཏགས་པ་མ་གཏོགས། རྒྱ་རིགས་སོགས་མི་རིགས་གཞན་པའི་སྐད་དུ་སྡེ་སྣོད་གསུམ་(三藏)མམ་སྡེ་སྣོད་ཆེན་མོ་(大藏经)ཞེས་འབོད། སྡེ་སྣོད་ཅེས་པ་ལེགས་སྦྱར་སྐད་དུ་པི་ཊ་ཀ་ཞེས་འབྱུང་།”ཞེས་གསལ།

[43] «བོན་སྒོ་གསལ་བྱེད།» ཏྲི་སྟོན་རྒྱལ་མཚན་དཔལ་གྱིས་བརྩམས། “བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།“ པོད་ལྔ་པ། ཁྲི་བསོད་བསྟན་གྱིས་བསྒྲིགས། 2018 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:63

[44] «བོན་སྒོ་གསལ་བྱེད།» ཏྲི་སྟོན་རྒྱལ་མཚན་དཔལ་གྱིས་བརྩམས། “བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།“ པོད་ལྔ་པ། ཁྲི་བསོད་བསྟན་གྱིས་བསྒྲིགས། 2018 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:63

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།