སྟོང་པ་ཉིད་བཅུ་དྲུག་དང་དེའི་འཕེལ་རིམ་ལ་དཔྱད་པ།

0
323

ནང་དོན་གནད་བསྡུས། འདིར་སྟོང་པ་ཉིད་བཅུ་དྲུག་གསུངས་པའི་མདོ་ཚན་གང་ཡོད་དང་། མདོ་དང་བསྟན་བཅོས་ལས་སྟོང་པ་ཉིད་བཅུ་དྲུག་བསྟན་ཚུལ་འདྲ་མིན། སྟོང་གཞི་འཇོག་ཚུལ་མི་མཐུན་པ་གང་ཡོད། སྟོང་པ་ཉིད་བཅུ་དྲུག་གི་འཕེལ་རིམ་ལ་རང་བློས་ནུས་ཚོད་ཀྱིས་དཔྱད་བསྡུར་བྱས་ཡོད།

གནད་ཚིག  སྟོང་པ་ཉིད་བཅོ་བརྒྱད། མདོ་ཚན་བཞི། སྟོང་གཞི། སྟོང་པ་ཉིད་བཅུ་དྲུག འཕེལ་རིམ།

སྔོན་གླེང་།

སྤྱིར་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ནི་བརྗོད་པ་སྒྲ་རྟོག་གི་ཡུལ་ལས་འདས་ཏེ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས “རིགས་ཀྱི་བུ་དོན་དམ་པར་ནི་བརྗོད་དུ་མེད་པ་སྟེ་ཞི་བའོ།། འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པའོ།།”[1]ཞེས་གསུངས་པ་ལྟར་ལགས་མོད། “རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་དེ་དག་ཕན་གནོད་དང་དངོས་སུ་འབྲེལ་བ་ཡིན་པའི་ཆ་ནས་ཡོད་པ་དང་། དེ་ལྟ་ནའང་དོན་སྟེང་ནས་ཡོད་པ་དེ་རིགས་པས་ཁེགས་པས་ཡོད་པ་མིན་ལ། ཡོད་ཙམ་དེ་རིགས་པས་ཁེགས་པ་མ་ཡིན་པས་ཡུལ་ཅན་ཐ་སྙད་ལ་བརྟེན་ནས་འབྱུང་བའམ། ཐ་སྙད་ལ་བརྟེན་ནས་གྲུབ་པ། ཐ་སྙད་ཀྱི་དབང་གིས་ཡོད་པ་དེ་འོས་མེད་ཀྱིས་གྲུབ་པ་ཡིན་ནོ།།”[2]ཞེས་བླ་མ་དམ་པའི་མན་ངག་ལས་[3] གོ་བ་འོལ་སྤྱི་ཙམ་ཆགས་ངེས་ལ། སྟོང་པ་ཉིད་ལ་རབ་དབྱེ་དུ་མ་ཡོད་པ་ལས་སྟོང་པ་ཉིད་བཅུ་དྲུག་གི་སྐོར་གནད་དམ་པར་མཐོང་། ཡིན་ནའང་བོད་རང་གི་ཡིག་ལམ་ནས་ཉམས་ཞིབ་གནང་མཁན་བྱུང་མི་འདུག་ན། ཁོ་བོས་ཡིག་ཚང་རིག་པའི་ཐབས་ལམ་སྤྱད་ནས་སྟོང་པ་ཉིད་བཅུ་དྲུག་དང་དེའི་འཕེལ་རིམ་དེང་རབས་དཔྱད་རྩོམ་གྱི་རྣམ་པའི་ཐོག་ནས་བྲི་བའི་ཁུར་བྱེད། དེ་ནི་གཡམ་རྒྱུགས་ཙམ་མིན་པར་གོ་ལ་གཅིག་གྱུར་གྱི་དུས་སྐབས་འདིར་ང་ཚོའི་རིག་གནས་ཕུན་སུམ་ཚོགས་པ་འདི་སྲུང་འཛིན་བྱེད་པ་ལ་ཅིས་ཀྱང་དགོས་གལ་ཆེ་བའི་ཕྱིར་བྲི་བར་འདོད་དོ།།

གཅིག མདོ་ཁུངས།

སྤྱིར་སྟོང་པ་ཉིད་ཀྱི་དོན་རྒྱས་པར་གསུངས་པ་ནི་ཤེས་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་འདི་ཉིད་ཡིན་ཞིང། སྟོང་པ་ཉིད་བཅོ་བརྒྱད་ཀྱང་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བཀའ་བསྩལ་ཡོད་ལ། དེ་ལས་མདོ་རྙིང་ཤོས་ནི་སྟོང་ཕྲག་ཉི་ཤུ་ལྔ་པ་ཡིན་པར་སེམས།

༡ ཤེས་ཕྱིན།

སྟོང་ཕྲག་ཉི་ཤུ་ལྔ་པ་ལས་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བསྟན་ཅིང་རྒྱས་བཤད་གཅིག་[4]མ་གཏོགས་མ་བྱུང་།  དེ་བཞིན་ཁྲི་བརྒྱད་སྟོང་པ་[5]དང་།  སྟོང་ཕྲག་བརྒྱ་པ།[6]  ཤེས་རབ་ཁྲི་པ་[7]བཅས་མདོ་ཚན་བཞི་ནས་བསྟན།

༢ ཤེས་རབ་སྣ་ཚོགས།

ཤེས་ཕྱིན་ལྔ་བཅུ་པའི་མདོ་[8]དང་།(ཐ་སྙད་༡)  ཤེས་ཕྱིན་ཀཽ་ཤི་ཀ[9](ཐ་སྙད་༡)  ཤེས་ཕྱིན་མཚན་བརྒྱ་རྩ་བརྒྱད་པ།[10](ཐ་སྙད་༡)  ཤེས་ཕྱིན་ལག་ན་རྡོ་རྗེས་ཞུས་པའི་མདོ་[11](ཐ་སྙད་༡) བཅས་མདོ་ཚན་བཞི་ནས་བསྟན།

༣ མདོ་སྡེ།

འཕགས་པ་ཡང་དག་པར་སྤྱོད་པའི་ཚུལ་བསྟན་པའི་མདོ་[12] (ཐ་སྙད་༡) སྟེ། མདོ་ཚན་གཅིག་ནས་བསྟན།

༤ རྒྱུད་འབུམ།

དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ།[13](ཐ་སྙད་1)  རྣམ་པར་རྒྱལ་མའི་གཟུངས་རྟོག་པ་[14](ཐ་སྙད་༡) བཅས་མདོ་ཚན་གཉིས་རྣམས་བསྡོམས་པའི་མདོ་ཚན་བཅུ་གཅིག་ནས་སྟོང་པ་ཉིད་བཅོ་བརྒྱད་བསྟན་ཏོ།།

(གཙོ་བོ་མཉེན་ཉེས་ཀུན་གསལ་མེ་ལོང་[ADARSHAH] ལ་བརྟེན་ནས་འཚོལ་ཞིབ་བྱས་པ་ཡིན།)

གཉིས། མདོ་དང་བསྟན་བཅོས་ཀྱི་བསྟན་ཚུལ།

སྟོང་པ་ཉིད་བཅོ་བརྒྱད་བཤད་པའི་མདོ་ཚན་བཅུ་གཅིག་ཡོད་ཅིང་། མདོ་ཚན་བཞི་དང་བསྟན་བཅོས་གསུམ་ལས་བསྟན་ཚུལ་ཐུན་མོང་མ་ཡིན་པ་རེ་བྱུང་བས། དེ་དག་མདོར་བསྡུས་ཙམ་འགོད་ན།

 མདོའི་བསྟན་ཚུལ།

༡ སྟོང་ཕྲག་ཉི་ཤུ་ལྔ་པ་ལས“རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟ་སྟེ།”ཞེས་སྟོང་ཉིད་བཅོ་བརྒྱད་མདོར་བསྟན་ནས། རྒྱས་བཤད་སྐབས་སུ་དངོས་པོ་མེད་པ་སྟོང་པ་ཉིད་དང་ངོ་བོ་ཉིད་སྟོང་པ་ཉིད་གཉིས་དོར་ནས།“དེ་ལ་མི་རྟག་མི་འཇིག་པའི་ཕྱིར”ཞེས་རྒྱུ་མཚན་གཉིས་གཉིས་ཀྱིས་སྟོང་གཞི་བཅུ་དྲུག་གི་སྟེང་དུ་སྟོང་པ་ཉིད་བཅུ་དྲུག་གཏན་ལ་ཕབ་ལ། “རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་། དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་།།”ཞེས་སླར་ཡང་སྟོང་ཉིད་བཞི་བཀའ་བསྩལ།(འབུམ་ཉི་ཁྲི་དང་མཐུན།)

༢ ཁྲི་བརྒྱད་སྟོང་པ་ལས“རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ།”ཞེས་སྟོང་པ་ཉིད་བཅོ་བརྒྱད་མདོར་བསྟན་ནས། རྒྱས་བཤད་སྐབས་སུ“ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར”ཞེས་རྒྱུ་མཚན་གཉིས་གཉིས་ཀྱིས་སྟོང་གཞི་བཅོ་བརྒྱད་ཀྱི་སྟེང་དུ་སྟོང་པ་ཉིད་བཅོ་བརྒྱད་གཏན་ལ་ཕབ་ལ། “རབ་འབྱོར་གཞན་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི། དངོས་པོ་ནི་དངོས་པོས་སྟོང་། དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་། ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱིས་སྟོང་། གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་པ་སྟེ།”ཞེས་སྟོང་ཉིད་མཐའ་མ་སླར་ཡང་རྒྱས་པར་བཀའ་བསྩལ།

༣ ཤེས་རབ་ཁྲི་པ་ལས་ཤ་ར་དྭ་ཏིའི་བུ་ལ“སྟོང་པ་ཉིད་བཅྭ་བརྒྱད་གང་ཞེ་ན”(ཤེས་ཕྱིན་ཀཽ་ཤི་ཀ་ནའང“སྟོང་པ་ཉིད་བཅྭ་བརྒྱད་དེ།”ཞེས་གསལ།) ཞེས་སྟོང་ཉིད་བཅོ་བརྒྱད་མདོར་བསྟན་ནས། རྒྱས་བཤད་སྐབས་སུ་ཆོས་ཐམས་ཅད་སྟོང་པ་ཉིད་དང་རང་གི་མཚན་ཉིད་སྟོང་པ་ཉིད་གཉིས་ལྡོག་པ་དང་ངོ་བོ་ཉིད་སྟོང་པ་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་གཉིས་ཀྱི་སྟོང་གཞི་གཅིག་ཏུ་བྱས་ནས་གཏན་ལ་ཕབ་ལ། “ཤ་ར་དྭ་ཏིའི་བུ་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་།།དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་།།ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་།།གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་།།”ཞེས་སླར་ཡང་སྟོང་ཉིད་བཞི་བཀའ་བསྩལ།

༤ དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པར་ནང་སྟོང་ནས་བཞི་པའི་བར་ཏིང་ངེ་འཛིན་དང་། ལྔ་པ་ནས་བརྒྱད་པའི་བར་བརྩོན་འགྲུས། དགུ་པ་ནས་དོར་མེད་བར་དགའ་བ་ཡང་དག རང་བཞིན་དང་ཆོས་ཀུན་གཉིས་ཤིན་སྦྱངས། རང་མཚན་དང་མི་དམིགས་པ་གཉིས་ཆོས་རྣམ་འབྱེད། དངོས་མེད་དང་ངོ་བོ་གཉིས་དྲན་པ་ཡང་དག ཕྱི་མ་བཏང་སྙོམས་དེ་བྱང་ཆུབ་ཡན་ལག་བདུན་དང་སྦྱར་ནས་བཀའ་བསྩལ་ཏོ།།

བསྟན་བཅོས་ཀྱི་བསྟན་ཚུལ།

༡ མངོན་རྟོགས་རྒྱན་ལས།[15]  “དེ་དག་བརྒྱད་དང་བདུན་དང་ནི།།ལྔ་དང་[བཅུ་དྲུག་]ཅེས་བསྒྲགས་སོ།།”ཞེས་སྟོང་ཕྲག་ཉི་ཤུ་ལྔ་པའི་རྒྱས་བཤད་ཀྱི་དབང་དུ་བྱས་པའི་སྟོང་པ་ཉིད་བཅུ་དྲུག་དང་། དེ་འགོག་བདེན་གྱི་རྣམ་པ་དང་སྦྱར་ནས་བསྟན། སྦྱར་ཚུལ་ནི། ཉི་ཁྲི་སྣང་པ་ལས།[16] “དེ་ལྟར་རིམ་པ་ཇི་ལྟ་བ་བཞིན་དུ་གསུམ་དང་། བརྒྱད་དང་། གཅིག་དང་། གསུམ་དང་གཅིག་སྟེ། འགོག་པའི་བདེན་པ་ལ་བརྟེན་པའི་རྣམ་པ་བཅུ་དྲུག་བཤད”ཅེས་གསུངས་སོ།།

༢ དབུས་མཐའ་རྣམ་འབྱེད་ལས།[17] “གང་ཟག་དང་ནི་ཆོས་རྣམས་ཀྱི།། དངོས་པོ་མེད་འདིར་སྟོང་པ་ཉིད།།”ཅེས་སྟོང་ཉིད་བཅུ་དྲུག་གི་གྲངས་འདྲེན་པ་ན་མི་དམིགས་པ་སྟོང་པ་ཉིད་དོར་ནས་དངོས་པོ་མེད་པ་སྟོང་པ་ཉིད་བགྲང་བ་དང། བཞི་ལྔ་གཉིས་ལྡོག་སྟེ་སྟོང་པ་ཉིད་ཀྱི་ཡུལ་རང་བཞིན་བསྒོམ་པའི་དགོས་པ་གསུམ་གྱི་སྒོ་ནས་བསྟན།

༣ ཉི་ཁྲི་སྣང་པ་ལས།[18] “དེ་ལ་སྟོང་པ་ཉིད་རྣམ་པ་ཉི་ཤུ་ནི་འདི་ཡིན་ཏེ།”ཞེས་སྟོང་ཕྲག་ཉི་ཤུ་ལྔ་པའི་རྒྱས་བཤད་ཀྱི་དབང་དུ་བྱས་པའི་སྟོང་པ་ཉིད་བཅུ་དྲུག་དང་། སླར་ཡང་སྟོང་པ་ཉིད་བཞི་གསུངས་པ་བསྡོམས་པས་ཉི་ཤུར་འགྱུར་བ་ལ་དགོངས་ནས་བསྟན་ཏོ།།

སྟོང་གཞི།

ཤེས་ཕྱིན་གྱི་མདོ་ཚན་བཞི་ལས་རྒྱས་བཤད་མཛད་ཡོད་ནའང་འདིར་སྟོང་ཕྲག་ཉི་ཤུ་ལྔ་པ་ཁུངས་བཙན་པར་བྱས་ནས་དགོད་པར་བྱ།

༡ སྟོང་གཞི་ནི་“ནང་གི་ཆོས་ཞེས་བྱ་བ”[“མིག་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར”]འཇོག  ༢ སྟོང་གཞི་ནི“ཕྱིའི་ཆོས་ཞེས་བྱ་བ”[“ཕྱིའི་སྐྱེ་མཆེད་དྲུག”]འཇོག  ༣ སྟོང་གཞི་ནི“ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག”འཇོག  ༤ སྟོང་གཞི་ནི“ཆོས་རྣམས་ཀྱི་སྟོང་པ་ཉིད”འཇོག  ༥ སྟོང་གཞི་ནི“ཤར་ཕྱོགས་ནས་ཕྱོགས་མཚམས་རྣམས”ཞེས་ཕྱོགས་བཅུ་འཇོག  ༦ སྟོང་གཞི་ནི“མྱང་ངན་ལས་འདས་པ”འཇོག  ༧ སྟོང་གཞི་ནི“འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས”འཇོག  ༨ སྟོང་གཞི་ནི“གང་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མེད་པ”འཇོག  ༩ སྟོང་གཞི་ནི“གང་ལ་མཐའ་མི་དམིགས་པ”[“རྟག་པ་དང་ཆད་པའི་མཐའ་ཡོད་པ་མ་ཡིན་པ”]འཇོག  ༡༠ སྟོང་གཞི་ནི“གང་ལ་ཐོག་མ་མི་དམིགས་ཤིང་། ཐ་མ་ཡང་མི་དམིགས་པ”[“འཁོར་བ”]འཇོག  ༡༡ སྟོང་གཞི་ནི“གང་ལ་གང་ཡང་དོར་བ་མེད་པ”[“སྦྱིན་པ་ལ་སོགས་པའི་དགེ་བ་གང་ཡིན་པ”]འཇོག  ༡༢ སྟོང་གཞི་ནི“ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ”འཇོག  ༡༣ སྟོང་གཞི་ནི“ཆོས་ཐམས་ཅད་ཅེས་བྱ་བ”འཇོག  ༡༤ སྟོང་གཞི་ནི“གཟུགས་ནི་འཇིག་པའི་མཚན་ཉིད་ནས་རྣམ་པར་ཤེས་པ་ནི་རྣམ་པར་རིག་པའི་མཚན་ཉིད”ཅེས་ཆོས་རྣམས་ཀྱི་རང་བཞིན་འཇོག  ༡༥ སྟོང་གཞི་ནི“གང་ལ་འདས་པ་མི་དམིགས་པ་དང་། མ་འོངས་པ་མི་དམིགས་པ་དང་། ད་ལྟར་བྱུང་བའི་གནས་མི་དམིགས་པ”འཇོག  ༡༦ སྟོང་གཞི་ནི“འདུས་པའི་ངོ་བོ་ཉིད་མེད”པ་འཇོག་གོ།

ཁྲི་བརྒྱད་སྟོང་པར་བཅུ་དྲུག་པའི་སྟོང་གཞིར“གང་ལ་དངོས་པོ་འགའ་ཡང་མི་དམིགས་པ”འཇོག བཅུ་བདུན་པའི་སྟོང་གཞིར“གང་ལ་ངོ་བོ་ཉིད་གང་ཡང་མི་དམིགས་པ”འཇོག་གོ།

མདོར་བསྡུས་པའི་སྟོང་པ་ཉིད་ཀྱི་སྟོང་གཞི་ལ།  ༡ སྟོང་གཞི་ནི“ཕུང་པོ་ལྔ”འཇོག  ༢ སྟོང་གཞི་ནི“འདུས་མ་བྱས”འཇོག  ༣ སྟོང་གཞི་ནི“ངོ་བོ་ཉིད་མ་ནོར་བ”འཇོག  ༤ སྟོང་གཞི་ནི“ཆོས་ཀྱི་གནས་ཉིད”འཇོག་གོ།

(ཁ་གསལ་དུ་གཏོང་ཡོད་པ་དག་ནི་གངས་ལྗོངས་དབུ་མའི་བྱེད་པོ་རྗེ་བཙུན་རེད་མདའ་བའི་གསུང་ལས་[19] དྲངས།)

སྟོང་གཞིའི་ཁྱད་པར་ངོས་འཛིན།

སྟོང་གཞི་འཇོག་ཚུལ་མི་མཐུན་པ་ནི་ཤེས་རབ་ཁྲི་པ་དང་དབུས་མཐའ་ལས་གཞན་མ་བྱུང་པ་འདྲ།

ཤེས་རབ་ཁྲི་པ།

༩ སྟོང་གཞི་ལ་“ཆོས་གང་ལ་སྐྱེ་བ་ཤིན་ཏུ་མི་དམིགས་པ་”ཞེས་བཀའ་བསྩལ།  ༡༠ སྟོང་གཞི་ལ“ཆོས་གང་ལ་འོང་པ་མི་དམིགས་པ”ཞེས་བཀའ་བསྩལ།  ༡༤ སྟོང་གཞི་ལ“གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བ”ཞེས་བཀའ་བསྩལ།  ༡༥ སྟོང་གཞི་ལ“ཆོས་ཐམས་ཅད་མི་དམིགས་པ་གང་ཡིན་པའོ”ཞེས་བཀའ་བསྩལ།  ༡༦ སྟོང་གཞི་ལ“འདུས་པ་ལས་བྱུང་བའི་ངོ་བོ་ཉིད་འགའ་ཡང་མེད་པ”ཞེས་བཀའ་བསྩལ་ཏོ།།

༡ དབུས་མཐའ་རྣམ་འབྱེད།

༣ སྟོང་གཞིར“དེ་ཡི་ལུས”[“དེ་གཉིས་ཀྱི་གནས་གང་ཡིན་པ་སྟེ་ཁོག་པ”](འགྲེལ་པ)འཇོག ༤ སྟོང་གཞིར“སྟོང་པ་ཉིད།། དེ་ཡང་གང་གིས”མཐོང་པ་[“ནང་གི་སྐྱེ་མཆེད་ལ་སོགས་པ་དེ་ཡང་གང་གིས་སྟོང་པར་མཐོང་ཞེ་ན། སྟོང་པ་ཉིད་ཤེས་པ”](འགྲེལ་པ)འཇོག  ༥ སྟོང་གཞིར“གནས་ཀྱི་གཞི”[“སྣོད་ཀྱི་འཇིག་རྟེན”](འགྲེལ་པ)འཇོག  ༦ སྟོང་གཞིར“ཇི་ལྟར་མཐོང་”བ་[“ནང་གི་སྐྱེ་མཆེད་ལ་སོགས་པ་ཡང་སྟོང་པ་ཉིད་ཤེས་པ་དེས་ཇི་ལྟར་མཐོང་བ་དེ། འདིར་དོན་དམ་པའོ་སྙམ་པའི་རྣམ་པ”](འགྲེལ་བཤད)འཇོག  ༧ ༨ སྟོང་གཞིར“དགེ་གཉིས”[“ལམ་དང་མྱ་ངན་ལས་འདས་པ”](འགྲེལ་བཤད)འཇོག  ༩ སྟོང་གཞིར“རྟག་ཏུ་སེམས་ཅན་ཕན”པ་འཇོག  ༡༡ སྟོང་གཞིར“དགེ་བ་མི་ཟད་”པ་[“ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་མི་གཏོང་ཞིང་མི་དོར་བ་གང་ཡིན་པ”](འགྲེལ་པ)འཇོག  ༡༢ སྟོང་གཞིར“རིགས”[“རང་བཞིན་ཏེ་ངོ་བོ་ཉིད་ཀྱི་”རིགས](འགྲེལ་པ)འཇོག  ༡༣ སྟོང་གཞིར“མཚན་དང་དཔེ་བྱད་”འཇོག  ༡༥ སྟོང་གཞིར“གང་ཟག་དང་ནི་ཆོས་རྣམས་ཀྱི།།དངོས་པོ་མེད”པ་འཇོག  ༡༦ “དེ་དངོས་མེད་པ”[“དངོས་པོ་མེད་པ་དེའི་དངོས་པོ་ཡོད་པ”](འགྲེལ་པ)འཇོག་གོ།

(ཁ་གསལ་དུ་གཏོང་ཡོད་པ་དག་ནི་དབུས་མཐའི་འགྲེལ་པ་དང་འགྲེལ་བཤད་གཉིས་ལས་[20] དྲངས།)

འཕེལ་རིམ།

སྤྱིར་སྟོང་པ་ཉིད་ཀྱི་འཕེལ་རིམ་བཤད་པ་ལ་ཐེག་ཆེན་མདོ་སྤྱིའི་དར་རིམ་དང་། ཁྱད་པར་དུ་ཤེས་ཕྱིན་གྱི་མདོ་དར་རིམ་གལ་ཆེ་ཞིང། ཐེག་ཆེན་མདོའི་དར་རིམ་ནི་མྱ་ངན་མེད་ཀྱི་རྡོ་བརྐོས་བཀའ་གཙིགས་(B.C251) དང་། “རྒྱ་ནག་ཏུ་ཐེག་ཆེན་མདོ་བསྒྱུར་བའི་དུས་སྐབས་དང་སྒོ་བསྟུན་ནས་ཚོད་དཔག་བྱེད་རྒྱུ་དེ་གནད་ལ་ཁེལ་བའི་དཔྱད་ཞིབ་ཅིག་ཡིན”[21]པར་བཤད་ལ། ཐེག་ཆེན་མདོ་བསྒྱུར་བའི་ཐོག་མ་ནི།  ༡༦༧-༡༨༩ བར་གྱི་རྒྱ་ནག་གོང་མའི་སྐབས་སུ་ནུབ་ལུང་གི་ཀུ་ཥཱ་ཎ་ནས་ཕེབས་པའི་ལོ་ཆེན་འཇིག་རྟེན་བདེ་བ་(支婁迦谶) ཡིན། ཁོང་གི་འགྱུར་ཆོས་ལ། ལམ་གཤེགས་ཤེར་ཕྱིན།(道行般若経.[བརྒྱད་སྟོང་པ] ༡༧༩ ལོར་བསྒྱུར།)  དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མདོ།(佛說首楞嚴三昧経.179 ལོར་བསྒྱུར། ད་ལྟ་རྩ་བརླག་ཏུ་ཕྱིན་ཡང་དུས་རབས་དང་པོའི་གོང་རོལ་དུ་དར་བར་ཚོད་དཔག་ནུས། བོད་དུ་རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་ཞུ་ཆེན་རཏྣ་རཀྵི་ཏས་[དུས་རབས་བརྒྱད་པ]བསྒྱུར།)  ད་ལྟ་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་མདོ།(般舟三昧経.179ལོར་བསྒྱུར། དུས་རབས་དང་པོའི་མཇུག་ཏུ་དར། བོད་དུ་རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་ཞུ་ཆེན་རཏྣ་རཀྵི་ཏས་[དུས་རབས་བརྒྱད་པ]བསྒྱུར།)  དེ་བཞིན་གཤེགས་པ་མི་འཁྲུགས་པའི་ཞིང་གི་བཀོད་པ།(阿閦仏國經.༡༦༨-༡༧༢ བར་ལ་བསྒྱུར། ཆེས་མདོ་སྔ་ཤོས།)  མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པ།(真陀羅所問如來三昧経.༡༦༨-༡༧༢ བར་ལ་བསྒྱུར། བོད་དུ་ཞུ་ཆེན་དཔལ་གྱི་ལྷུན་པོ་དང་སྐ་བ་དཔལ་བརྩེགས་[དུས་རབས་བརྒྱད་པ]ཀྱིས་བསྒྱུར།)  མ་སྐྱེས་དགྲའི་འགྱོད་པ་བསལ་བ།(阿阇世王経. ༡༦༨-༡༧༢ བར་ལ་བསྒྱུར། བོད་དུ་ཨཱ་ཙཱརྱ་མཉྫུ་ཤྲཱི་གརྦྷ་དང་རཏྣ་རཀྵི་ཏས་[དུས་རབས་བརྒྱད་པ]བསྒྱུར།)  འོད་སྲུང་གི་ལེའུ། (阿閦佛.དཀོན་བརྩེགས་ཀྱི་ཆ་ཤས་ཤིག བོད་དུ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི། ལོ་ཆེན་ཡེ་ཤེས་སྡེས་[དུས་རབས་བརྒྱད་པ] བསྒྱུར།) བཅས་ཚུད་ཡོད་དོ།།

ཤེས་ཕྱིན་གྱི་མདོ་དར་རིམ་ནི་ད་ལྟའི་ཆར་སྤྱིར་བཏང་ཡོངས་གྲགས་སུ་ཁས་ལེན་བྱེད་པ་སྟེ་མཁས་པ་ཀོང་རྩེ་(E.Conze) ཡིས་བཞེད་ཚུལ་[22]ཡིན། ཁོང་གིས་དར་རིམ་བཞི་བཤད་[23]དེ།

༡ གཞི་རྩའི་ཤེར་ཕྱིན། (B.C100-100)

འཕགས་པ་བརྒྱད་སྟོང་པ།(ཕྱིས་སུ་408ལོར་ལོ་ཆེན་གཞོན་ནུའི་སྲོག་[鸠摩羅什]དང་། ༦༦༠-༦༦༣ བར་ལ་ལོ་ཆེན་ཧྱན་ཙང་[玄奘]སོགས་རྒྱ་ནག་སྐད་དུ་ཐེངས་མང་བསྒྱུར་ཡོད། བོད་དུ་རྒྱ་གར་གྱི་མཁན་པོ་སུ་བྷཱ་ཥི་ཏ་དང་ལོ་ཆེན་རིན་ཆེན་བཟང་པོས་[༩༥༨ -༡༠༥༥]ཡུལ་དབུས་ཀྱི་འགྲེལ་པ་དང་མཐུན་པར་བསྒྱུར་ཀྱང་ཕྱི་མོ་ད་ཡོད་ལེགས་སྦྱར་མ་[དུས་རབས་བདུན་པ་ནས་བརྒྱད་པའི་བར་དར]ཡིན།)ཡིན

༢ རྒྱས་སྤྲོས་ཅན་གྱི་ཤེར་ཕྱིན། (༡༠༠-༣༠༠)

སྟོང་ཕྲག་ཉི་ཤུ་ལྔ་པ་དང་།(287ལོར་ལོ་ཙཱ་བ་ཆོས་འཚོ་[竺法護]དང་། 291ལོར་ལོ་ཙཱ་བ་ཐར་པ་ལེན་[無羅叉]གྱིས་རྒྱ་ནག་སྐད་དུ་བསྒྱུར། བོད་དུ་ལོ་ཆེན་ཡེ་ཤེས་སྡེ་(དུས་རབས་བརྒྱད་པ) སོགས་ཀྱིས་བསྒྱུར།)  ཁྲི་བརྒྱད་སྟོང་པ།(ཧྱན་ཙང་གིས་རྒྱ་ནག་སྐད་དུ་བསྒྱུར། བོད་དུ་ལོ་ཆེན་ཡེ་ཤེས་སྡེ་[དུས་རབས་བརྒྱད་པ]སོགས་ཀྱིས་བསྒྱུར།) སྟོང་ཕྲག་བརྒྱ་པ་(ཧྱན་ཙང་གིས་རྒྱ་ནག་སྐད་དུ་བསྒྱུར། བོད་དུ་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་(༡༠༥༩-༡༡༠༩) ཀྱིས་བསྒྱུར།

༣ རང་བཙན་ཅན་གྱི་ཤེར་ཕྱིན། (༣༠༠-༥༠༠)

རྡོར་གཅོད་དང།(ལོ་ཆེན་ཧྱན་ཙང་སོགས་ལོ་ཙཱ་བ་མང་པོས་རྒྱ་ནག་སྐད་དུ་བསྒྱུར། བོད་དུ་རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ་དྷི་དང་། ལོ་ཆེན་ཡེ་ཤེས་སྡེས་[དུས་རབས་བརྒྱད་པ]བསྒྱུར།) ཤེར་སྙིང་(ལོ་ཆེན་གཞོན་ནུའི་སྲོག་སོགས་ལོ་ཙཱ་བ་མང་པོས་རྒྱ་ནག་སྐད་དུ་བསྒྱུར། བོད་དུ་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་རིན་ཆེན་སྡེས་[དུས་རབས་བརྒྱད་པ]བསྒྱུར།) བཅས་ཡིན།

༤ སྔགས་དང་འབྲེལ་བའི་ཤེར་ཕྱིན།(༦༠༠-༡༢༠༠)

ཚུལ་བརྒྱ་ལྔ་བཅུ་པ་(ལོ་ཆེན་ཧྱན་ཙང་སོགས་ལོ་ཙཱ་བ་མང་པོས་རྒྱ་ནག་སྐད་དུ་བསྒྱུར་ཅིང་། ཉི་ཧོང་གསང་སྔགས་ཀྱི་ཆོས་བརྒྱུད་པར་ཤིན་ཏུ་འགྲོ་དོན་ཆེ། བོད་དུ་འགྱུར་བྱང་མེད་པ་ཞིག་བཞུགས།) ཡིན་ནོ།།

མཁས་པ་ཤི་ཛི་ཏ་ནིས་བཞེད་པ་[24] ལྟར་གྱི་གཞི་རྩའི་ཐེག་ཆེན་མདོ་མི་འཁྲུགས་པའི་ཞིང་བཀོད་(འོད་དཔག་མེད་ཀྱི་ཞིང་བཀོད་མདོ། སེང་གེས་ཞུས་པའི་མདོ། རྡོར་གཅོད་བཅས་ཀྱང་ཡིན།) ཀྱི་དུས་སྐབས་སྟོང་པ་ཉིད་ཀྱི་ལྟ་གྲུབ་དར་མེད་མོད། བགྲེས་མོས་ཞུས་པའི་མདོར་(老女人経) སྟོང་པ་ཉིད་དངོས་སུ་བསྟན་ཡོད་དེ། དེབ་སྔོན་གསར་མར་དྲངས་པ་ལས། “སྲིང་མོ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཚོགས་པའི་དབང་གིས་བྱུང་། ཚོགས་པ་དང་བྲལ་བས་འགགས་ཏེ། འདི་ལ་ཆོས་གང་ཡང་གང་ནས་ཀྱང་མི་འོང་བའམ། གང་དུ་ཡང་འགྲོ་བ་མེད་དོ།།” [25]ཞེས་དང་། དེ་བཞིན་ཡང་དག་པར་ལྡན་པའི་ལུང་(雜阿含経) དང་། གཅིག་ལས་འཕྲོས་པའི་ལུང་།(增一阿含経) དོན་དམ་པ་སྟོང་པ་ཉིད་ཀྱི་མདོར་(勝義空経) ཡང་བསྟན། དེ་དག་རྨང་གཞིར་བཞག་ནས་འཕགས་པ་བརྒྱད་སྟོང་པའི་ལེའུ་དང་པོ་དང་གཉིས་པ།  དེ་རྗེས་ཁ་སྣོན་བྱས་པའི་ལེའུ་སོ་གཅིག་པ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་འགྲེལ་བརྗོད་ཞིབ་རྒྱས་མཛད།

དེ་རྗེས་རྒྱས་སྤྲོས་ཅན་གྱི་ཤེར་ཕྱིན་གྱི་དུས་སྐབས་སུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་བསྡུ་བསྒྲིགས་བྱས་པའམ། དེའི་རྗེས་དང་། ལོ་ཙཱ་བ་ཆོས་འཚོའི་གོང་གི་ ༡༥༠-༢༨༧ བར་དུ་དར་བའི་སྟོང་ཕྲག་ཉི་ཤུ་ལྔ་པར་སྟོང་ཉིད་བཅོ་བརྒྱད་ལན་གྲངས་དུ་མར་བསྟན། དེ་བཞིན་ཁྲི་བརྒྱད་སྟོང་པ་དང་། (༡༥༠ – ༣༠༠ བར་དུ་དར།)  སྟོང་ཕྲག་བརྒྱ་པ།(བརྗོད་བྱ་ཉི་ཁྲི་དང་མཐུན་པ་གང་ཞིག་ལ་ཚིག་གིས་སྤྲོས་པ་རྒྱས་པར་ཕྱིན་ཡོད་པས་ ༢༨༧-༣༠༠ བར་དུ་དར་བར་ཚོད་དཔག་ནུས།)  ཤེས་རབ་ཁྲི་པ་(ལོ་ཆེན་ཧྱན་ཙང་གི་འགྱུར་ཏུ་ཤེས་རབ་ཁྲི་པ་ཚུད་མེད་པས་ ༦༦༤ རྗེས་སུ་དར་བར་སྙམ།) བཅས་སུ་སྟོང་པ་ཉིད་བཅོ་བརྒྱད་ཀྱི་ལྟ་གྲུབ་དར།

སྟོང་པ་ཉིད་བཅུ་དྲུག་གི་ཐ་སྙད་མངོན་རྟོགས་རྒྱན་དུ་གསལ་ལ། རྒྱན་ནི་དུས་རབས་ལྔ་པའི་སྨད་ལ་ཆ་འཇོག་བྱེད་དགོས་[26]པས། དུས་རབས་ལྔ་པར་སྟོང་པ་ཉིད་བཅུ་དྲུག་གི་ལྟ་གྲུབ་དང་། དེ་འགོག་བདེན་གྱི་རྣམ་པ་དང་བྱང་ཆུབ་ཡན་ལག་བདུན་དང་སྦྱར་ནས་ཆེས་ཆེར་དར། (དེ་ནི་སྟོང་ཕྲག་ཉི་ཤུ་ལྔ་པའི་རྒྱས་བཤད་ཀྱི་དབང་དུ་བྱས་པར་སེམས།)

དུས་རབས་དྲུག་པའི་དཀྱིལ་ཏེ་འཕགས་པ་གྲོལ་སྡེས་སྟོང་ཕྲག་ཉི་ཤུ་ལྔ་པའི་རྒྱས་བཤད་ཀྱི་དབང་དུ་བྱས་པའི་སྟོང་པ་ཉིད་བཅུ་དྲུག་དང་། སླར་ཡང་སྟོང་པ་ཉིད་བཞི་གསུངས་པ་བསྡོམས་པས་ཉི་ཤུར་གྱུར་བ་ལ་དགོངས་ནས། སྟོང་པ་ཉིད་ཉི་ཤུའི་ལྟ་གྲུབ་དར་བར་མཛད་དོ།།

མཇུག་བསྡུ་བ།

མདོར་བསྡུས་ན། ཕྱི་ལོ་སྔོན་གྱི་དུས་རབས་དང་པོ་ནས་དུས་རབས་དང་པོ་ཙམ་གྱི་བར་དུ་སྟོང་པ་ཉིད་ཀྱི་ལྟ་གྲུབ་དར་བ་དང་། དུས་རབས་དང་པོ་ནས་གསུམ་པའི་བར་དུ་སྟོང་པ་ཉིད་བཅོ་བརྒྱད་ཀྱི་ལྟ་གྲུབ་དར། དུས་རབས་ལྔ་པར་སྟོང་པ་ཉིད་བཅུ་དྲུག་གི་ལྟ་གྲུབ་དར། དུས་རབས་དྲུག་པར་སྟོང་པ་ཉིད་བཅོ་བརྒྱད་ཀྱི་ལྟ་གྲུབ་ཆེས་ཆེར་དར་ལ། མདོ་དང་བསྟན་བཅོས་ཕལ་ཆེར་ལས་གསུངས་པ་ནི་གཞི་སོ་སོ་ལ་བདེན་ཞེན་ཤས་ཆེ་བའི་དབང་དུ་བྱས་པ་དང་། དབུས་མཐའ་རྣམ་འབྱེད་ལས་གསུངས་པ་ནི་གང་ཟག་གཅིག་གི་བསྒོམ་རིམ་གྱི་དབང་དུ་བྱས་པ་ཡིན་ཏེ། ཇི་སྐད་དུ“གང་ཟག་གཅིག་གི་དབང་དུ་བྱས་པ་དང་། གཞི་སོ་སོ་ལ་བདེན་ཞེན་ཤས་ཆེ་བའི་གང་ཟག་སོ་སོའི་དབང་དུ་བྱས་པ་གཉིས་ཀ་ཤེས་པར་བྱའོ།།”[27]ཞེས་གསུངས་སོ།། །།

དཔྱད་ཡིག་དང་ཞབས་མཆན། 

[1] སྟོན་པ་སངས་རྒྱས་བཅོམ་ལྡན་འདས།(B.C625-544)《འཕགས་པ་དཀོན་མཆོག་སྤྲིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།》ལོ་ཙཱ་བ་རིན་ཆེན་མཚོ་དང་ཆོས་ཉིད་ཚུལ་ཁྲིམས་(དུས་རབས་བརྒྱད་པ) ཀྱིས་བསྒྱུར། [སྡེ་བཀའ།] མདོ་མང་། ཝ 99མདུན།

[2] རྒྱལ་བ་བསྟན་འཛིན་རྒྱ་མཚོ།(1935—)《དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཁྲིད།》ཤོག་གྲངས། 112

[3] ཡང་རྩ་ཤེ་བཀའ་ཁྲིད་(59) ལས། “ཕུང་པོ་ལ་བརྟེན་ནས་བདག་གོ་སྙམ་པའི་བློ་སྐྱེས་ཀྱང་ཕུང་པོའི་གསེབ་ནས་སམ། ཕུང་པོའི་སྟེང་ནས་བདག་ཡིན་པའི་ཆ་ཅུང་ཟད་ཙམ་ཡང་མེད་པ་ཡིན། དེ་ལྟ་ན་ཡང་ཐག་ཁྲའི་སྟེང་དུ་སྦྲུལ་དུ་བློས་བཏགས་པ་དེར་དུས་གཞན་ཞིག་ཏུ་བློ་གཞན་ཞིག་གིས་བལྟས་པ་ན་དེ་ནི་སྦྲུལ་མིན་པར། ཐག་ཁྲ་ཡིན་པར་ངེས་ཏེ་ཐག་ཁྲ་སྦྲུལ་ཡིན་པ་ལ་ཐ་སྙད་ཚད་མ་གཞན་གྱིས་གནོད་པ་དང་། དེ་ལྟར་གནོད་པའི་ཆ་ནས་དོན་དེ་སྦྲུལ་མ་ཡིན་པ་དང་། དེར་སྦྲུལ་དུ་འཛིན་པའི་བློ་དེ་ལོག་ཤེས་སུ་གྲུབ་པ་ཡིན། ཕུང་པོ་ལ་བརྟེན་ནས་བདག་གོ་ཞེས་བཏགས་པ་ན། ཐག་ཁྲའི་སྟེང་ནས་སྦྲུལ་ཡིན་པའི་ཆ་ཅུང་ཟད་ཙམ་ཡང་མེད་པ་ལྟར། ཕུང་པོའི་གསེབ་ནས་བདག་ཡིན་པའི་ཆ་ཅུང་ཟད་ཙམ་ཡང་མེད་པ་གཅིག་པ་ཡིན་ནའང་། ཐག་ཁྲ་སྦྲུལ་ཡིན་པ་ལ་ཐ་སྙད་ཚད་མ་གཞན་གྱིས་གནོད་པ་ལྟར། ཕུང་པོ་ལ་བརྟེན་ནས་བདག་གོ་ཞེས་བཏགས་པ་དེར་ཐ་སྙད་ཚད་མ་གཞན་ཞིག་གིས་གནོད་རྒྱུ་མེད་པར་བརྟེན། ཐ་སྙད་པའི་བློ་ཞིག་གིས་ཕུང་པོ་ལ་བརྟེན་ནས་བདག་གོ་ཞེས་བཏགས་པ་ཙམ་ཞིག་གིས་བདག་ཡོད་པར་འཇོག་པ་ཡིན།”ཞེས་བཀའ་བསྩལ་ཏོ།།

[4] སྟོན་པ་སངས་རྒྱས་བཅོམ་ལྡན་འདས།(B.C625-544)《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ།》(150-287 བར་དུ་དར།) ལོ་ཆེན་ཡེ་ཤེས་སྡེ་(དུས་རབས་བརྒྱད་པ) སོགས་ཀྱིས་བསྒྱུར། [སྡེ་བཀའ།] ཉི་ཁྲི། ཀ 221མདུན-223རྒྱབ།

[5] སྟོན་པ་སངས་རྒྱས་བཅོམ་ལྡན་འདས།(B.C625—544)《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།》(150—300བར་དུ་དར།) ལོ་ཆེན་ཡེ་ཤེས་སྡེ་(དུས་རབས་བརྒྱད་པ) སོགས་ཀྱིས་བསྒྱུར། [སྡེ་བཀའ།] ཁྲི་བརྒྱད་པ། ཀ 143རྒྱབ-146རྒྱབ།

[6] སྟོན་པ་སངས་རྒྱས་བཅོམ་ལྡན་འདས།(B.C 625-544)《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ།》(287—300བར་དུ་དར།) ལོ་རྒྱུས་སྔ་མ་དག་ལས་སློབ་དཔོན་ཐོན་མིས་(619—) བསྒྱུར་པར་བཤད་ལ། ཉང་ཁམས་པ་གོ་ཆ། བཻ་རོ་ཙ་ན། ལྕེ་ཁྱི་འབྲུག ཞང་ཡེ་ཤེས་སྡེ་(དུས་རབས་བརྒྱད་པ) ལ་སོགས་པའི་འགྱུར་བྱང་དྲུག་ཡོད་པར་གྲགས། འདི་ནི་འགྱུར་རྙིང་གཞིར་བཟུང་ནས་རྔོག་ལོ་ཆེན་པོས་(1059—1109) བལ་པོ་ཕམ་ཐིང་གཙུག་ལག་ཁང་གི་འབུམ་ལ་གཏུགས་ཏེ་དག་པར་མཛད་པ་དེའོ།། [སྡེ་བཀའ།] འབུམ། ག 161རྒྱབ—164རྒྱབ

[7] སྟོན་པ་སངས་རྒྱས་བཅོམ་ལྡན་འདས།(B.C625-544)《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།》(664རྗེས་སུ་དར་བར་སྙམ།) རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་ཝརྨ། ལོ་ཆེན་ཡེ་ཤེས་སྡེས་(དུས་རབས་བརྒྱད་པ) བསྒྱུར། [སྡེ་བཀའ།] ཁྲི་བརྒྱད་པ། ག 9རྒྱབ-11རྒྱབ།

[8] སྟོན་པ་སངས་རྒྱས་བཅོམ་ལྡན་འདས།(B.C625-544)《འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ།》འགྱུར་བྱང་མེད། [སྡེ་བཀའ།] སྣ་ཚོགས། ཀ 140རྒྱབ།

[9] སྟོན་པ་སངས་རྒྱས་བཅོམ་ལྡན་འདས།(B.C625-544)《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀོོ་ཤི་ཀ》འགྱུར་བྱང་མེད། [སྡེ་བཀའ།] སྣ་ཚོགས། ཀ 143མདུན།

[10] སྟོན་པ་སངས་རྒྱས་བཅོམ་ལྡན་འདས།(B.C625-544)《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ།》འགྱུར་བྱང་མེད། [སྡེ་བཀའ།] སྣ་ཚོགས། ཀ 174རྒྱབ།

[11] སྟོན་པ་སངས་རྒྱས་བཅོམ་ལྡན་འདས།(B.C625-544)《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལག་ན་རྡོ་རྗེའི་མདོ་ཐེག་པ་ཆེན་པོ།》འགྱུར་བྱང་མེད། [སྡེ་བཀའ།] སྣ་ཚོགས། ཀ 178རྒྱབ།

[12] སྟོན་པ་སངས་རྒྱས་བཅོམ་ལྡན་འདས།(B.C625-544)《འཕགས་པ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།》(རྒྱ་ནག་འགྱུར།) འགྱུར་བྱང་མེད། [སྡེ་བཀའ།] མདོ་སྡེ། འ 201མདུན།

[13] སྟོན་པ་སངས་རྒྱས་བཅོམ་ལྡན་འདས།(B.C625-544)《དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ།》(600-1200 བར་དུ་དར།) ཁ་ཆེའི་པཎྜི་ཏ་ཨཱ་ཀ་ར་སིདྡྷི་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་(1011—1064) བསྒྱུར། [སྡེ་བཀའ།] རྒྱུད་འབུམ། ཆ 21མདུན།

[14] སྟོན་པ་སངས་རྒྱས་བཅོམ་ལྡན་འདས།(B.C625-544)《དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ཞེས་བྱ་བའི་རྟོག་པ།》ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་(དུས་རབས་བཅུ་གསུམ་པ) གྱིས་བསྒྱུར། [སྡེ་བཀའ།] རྒྱུད་འབུམ། ཕ 249མདུན།

[15] འཕགས་པ་བྱམས་པ་མགོན་པོ།(དུས་རབས་གསུམ་བཞི།)《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན།》པཎྜི་ཏ་གོ་མི་འཆི་མེད་དང་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་(1059-1110) ཀྱིས་བསྒྱུར། [སྡེ་བསྟན།] ཤེར་ཕྱིན། ཀ 6རྒྱབ།

[16] འཕགས་པ་གྲོལ་སྡེ།(དུས་རབས་དྲུག་པའི་དཀྱིལ།)《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་ཚུལ་གྱི་མངོན་པར་རྒྱན་གྱི་འགྲེལ་པ།》པཎྜི་ཏ་གོ་མི་འཆི་མེད་དང་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་(1059-1110) ཀྱིས་བསྒྱུར། [སྡེ་བསྟན།] ཤེར་ཕྱིན། ཀ 124མདུན།

[17] འཕགས་པ་བྱམས་པ་མགོན་པོ།(དུས་རབས་གསུམ་བཞི།)《དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིག་ལེའུ་བྱས་པ།》(དུས་རབས་བཞི་པ།) རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི། ལོ་ཆེན་ཡེ་ཤེས་སྡེས་(དུས་རབས་བརྒྱད་པ) བསྒྱུར། [སྡེ་བསྟན།] སེམས་ཙམ། ཕི 41མདུན།

[18] འཕགས་པ་གྲོལ་སྡེ།(དུས་རབས་དྲུག་པའི་དཀྱིལ།)《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་ཚུལ་གྱི་མངོན་པར་རྒྱན་གྱི་འགྲེལ་པ།》པཎྜི་ཏ་གོ་མི་འཆི་མེད་དང་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་(1059-1110) ཀྱིས་བསྒྱུར། [སྡེ་བསྟན།] ཤེར་ཕྱིན། ཀ 71མདུན།

[19] རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས།(1349-1412)《དབུ་མ་ལ་འཇུག་པའི་རྣམ་བཤད་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མ།》གསུང་འབུམ། [པོད་ལྔ་པ།] ཤོག་གྲངས། 276—294

[20] སློབ་དཔོན་དབྱིག་གཉེན།(དུས་རབས་བཞི་པ།)《དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ།》རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི། ལོ་ཆེན་ཡེ་ཤེས་སྡེས་(དུས་རབས་བརྒྱད་པ) བསྒྱུར། [སྡེ་བསྟན།] སེམས་ཙམ། བི 4རྒྱབ—5རྒྱབ།

སློབ་དཔོན་བློ་བརྟན།(475-575བར།)《དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད།》རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི། ལོ་ཆེན་ཡེ་ཤེས་སྡེས་(དུས་རབས་བརྒྱད་པ) བསྒྱུར། [སྡེ་བསྟན།] སེམས་ཙམ། བི 215མདུན—218མདུན།

[21] མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་།(1942- )《རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ།》གསུང་འབུམ། [པོད་ལྔ་པ།] སྟོད་ཆ། ཤོག་གྲངས། 358

[22] ཤེར་ཕྱིན་གྱི་རྩོམ་རིག(The Composition of the Astasahasrika 1978ལོར་སྤེལ།)

[23] མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་།(1942- )《རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ།》གསུང་འབུམ། [པོད་ལྔ་པ།] སྟོད་ཆ། ཤོག་གྲངས། 416

[24] གནའ་རབས་ཀྱི་ཐེག་ཆེན་གྱི་གྲུབ་རིམ།(初期大乘仏教成立過程 1974ལོར་སྤེལ།)

[25] མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་།(1942- )《རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ།》གསུང་འབུམ། [པོད་ལྔ་པ།] སྟོད་ཆ། ཤོག་གྲངས། 423

[26] མངོན་རྟོགས་རྒྱན་དུ་མདོ་སྡེ་རྒྱན་དང་དབུས་མཐའ་དང་རྒྱུད་བླ་ནས་ཁུངས་མང་པོ་བླངས་ཡོད་པས་དེ་དག་གི་རྗེས་དང་། འཕགས་པ་གྲོལ་སྡེ་གོང་ཏེ་དུས་རབས་ལྔ་པའི་སྨད་ལ་ཚོད་དཔག་བྱེད་ནུས།

[27] རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།(1357-1419)《བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ།》གསུང་འབུམ། [དགའ་ལྡན་ཤིང་པར།] མ 241མདུན།

དཔྱད་གཞིའི་ཡིག་ཆ།

1 བདག་ཉིད་ཆེན་པོ།(1935— ) 《དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཁྲིད།》 འཚེ་མེད་ཞི་བདེའི་དཔེ་ཚོགས།(སྤྱིའི་པོད་ཕྲེང་རེ་གཉིས་པ) དེབ། [བསྐྱར་དཔར།]

2 《  སྡེ་དགེ་བཀའ་འགྱུར།》 [བཀའ་བར་པ—མཐའ་མ] 1729 ལོར་ལི་ཐང་མཚལ་དཔར་དང་ལྷོ་རྫོང་བཀའ་འགྱུར་སོགས་ཕྱི་མོར་བཟུང་ནས་སི་ཏུ་ཆོས་ཀྱི་འབྱུང་གནས་(1700—1774) མཆོག་གིས་ཞུ་ཆེན་མཛད་དེ་དཔར་བཏབ། སྣ་རིང་ཤིང་པར།

3  《  སྡེ་དགེ་བསྟན་འགྱུར། 》[ཤེར་ཕྱིན—དབུ་མ] 1724 ལོར་སི་ཏུའི་བསྟན་འགྱུར་བྲིས་མ་དང་སྒ་ཨ་གཉན་དམ་པའི་བསྟན་འགྱུར་བྲིས་མ་སོགས་ཕྱི་མོར་བཟུང་ནས་ཞུ་ཆེན་པ་ཚུལ་ཁྲིམས་རིན་ཆེན་(1697—1774) གྱིས་ཞུ་ཆེན་མཛད་དེ་དཔར་བཏབ། སྣ་རིང་ཤིང་པར།

4 རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས།(1349-1412) 《རེད་མདའ་བ་གཞོན་ནུ་བློ་གྲོས་ཞབས་ཀྱི་གསུང་འབུམ།》  བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་། 2015 ལོའི་དཔར་ཐེངས་དང་པོ། དེབ། ཁྲོཾ་ཐར་འཇམ་བློས་བསྒྲིགས། [པོད་ལྔ་པ] དཔེ་རྟགས། lSBN 978—7—80589—618—2

5 རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།(1357-1419) 《རྗེ་ཙོང་ཁ་པའི་གསུང་འབུམ།》  གཞིས་ཀ་བྲག་དཀར་ནང་སོས་དཔར་སྐྲུན་བྱས། དུས་རབས་བཅོ་ལྔའི་དཔར་ཐེངས་གཉིས་པ། ད་ལྟ་དགའ་ལྡན་ཟུར་ཆུའི་ཁང་ཚན་དུ་བཞུགས། སྣ་རིང་ཤིང་པར། མ

6 མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་།(1942— ) 《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ》  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013 ལོའི་དཔར་ཐེངས་དང་པོ། ངང་ཚང་འབུམ་སྐྱབས་ཀྱིས་བསྒྲིགས་། དེབ། [པོད་ལྔ་པ] སྟོད་སྨད། དཔེ་རྟགས། lSBN 978—7—5409—5448—2

7 སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས།(1700—1774) 《སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་བཀའ་འབུམ》   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་དཔར་ཐེངས་དང་པོ། ཀརྨ་རྒྱལ་མཚན་གྱིས་བསྒྲིགས། དེབ། [པོད་ཏ་པ] དཔེ་རྟགས། lSBN 978—7—5409—5052—1

8 མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས།(1927—1997) 《དུང་དཀར་ཚིག་མཛོད་ཆེན་མོ།》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012 ལོའི་དཔར་ཐེངས་གཉིས་པ། འཕྲིན་ལས་རྒྱ་མཚོ་སོགས་ཀྱིས་བསྒྲིགས། དེབ། དཔེ་རྟགས། lSBN 978—7—80253—190—1/K•216

9 ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པ།(1957— )《རྒྱལ་མོ་འབྲུག་པའི་ཆེད་རྩོམ་ཕྱོགས་བསྒྲིགས།》 ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་། 2016 ལོའི་དཔར་ཐེངས་གཉིས་པ། དེབ། དཔེ་རྟགས། lSBN 978—7—80253—906—8/K.461

10 སྐྱེས་སར་ཀླུ་སྒྲུབ།(1976ཡས་མས— )《ནཱལནྡཱ་ཞིབ་འཇུག》བོད་ཀྱི་དཔེ་མཛོད་ཁང་།  2009 ལོར་པར་སྐྲུན་བྱས། དེབ། [བསྐྱར་དཔར།]

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།